Nitartha Digital Library
Tibetan
རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་འབུམ།


   
   
   
  expand section
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་ལྷ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གསོལ་མཆོད་འདོད་དོན་མྱུར་འགྲུབ།
   
   


 
previousསྐུ་ལྷ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གསོལ་མཆོད་འདོད་དོན་མྱུར་འགྲུབ།next

སྐུ་ལྷ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གསོལ་མཆོད་འདོད་དོན་མྱུར་འགྲུབ།

༄། །སྐུ་ལྷ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གསོལ་མཆོད་འདོད་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །བླ་མ་དང་དབྱེར་མ་མཆིས་པ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་ལྷ་གཉན་ཆེན་པོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་ལ་གསོལ་མཆོད་བྱེད་པར་འདོད་པས་གཙང་སྦྲའི་སྤྱོད་པ་ལ་གནས་བཞིན་གཞི་བདག་གི་མཆོད་གཏོར་དང་། སྲོག་ཆགས་ཀྱི་གཟུགས་བརྙན། ཕྱེ་མར། འབྲུ་སྣ། དར་ཚོན། སྐྱེམས་ཕུད་སོགས་ཉེ་བར་བཤམས་ཏེ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་མཆོད་རྫས་རྣམས་འབྲུ་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ་རོལ་མོའི་བྱིན་དབབ་ནས། ཀྱཻ་སྔོན་གྱི་ཐ་ཚིག་གཉན་པོ་ལ། །ཉེ་བར་དགོངས་ཤིག་ལྷ་ཆེན་པོ། །ཁྱོད་ནི་པདྨའི་བཀའ་སྡོད་དེ། །གསང་མཚན་རྡོ་རྗེ་གཡུང་དྲུང་རྩལ། །བདག་ཅག་རིག་འཛིན་སྒྲུབ་པ་པོས། །དད་དམ་དབང་གིས་སྤྱན་འདྲེན་ནོ། །ཏིང་འཛིན་སྤྲུལ་པའི་ཞིང་ཁམས་འདིར། །འབོད་པའི་ཚེ་ན་སྐུ་བསྐྱོད་འཚལ། །བཙུན་མོ་སྲས་དང་བློན་འབངས་བཅས། །བཀའ་ལ་འདུད་པའི་ཚོགས་བཅས་གཤེགས། །མཐའ་དམག་དུས་ཀྱི་རྒུད་པ་དང་། །འབྱུང་བའི་གཡོ་འཁྲུགས་བཟློག་ཕྱིར་གཤེགས། །སངས་རྒྱས་བསྟན་པ་རྒྱས་པ་དང་། །དགེ་འདུན་སྡེ་རྣམས་སྤེལ་ཕྱིར་གཤེགས། །རིན་ཆེན་མཛེས་པའི་གདན་ཁྲི་ལ། །དགྱེས་པར་བཞུགས་ནས་མཆོད་སྤྲིན་བཞེས། །བཛྲ་ས་མ་ཡ་ཛ། པདྨ་ཀ་མ་ལ་ཡེ་སྟཾ། ཀྱཻ ཀླུ་གཉན་བཤོས་པའི་མཐུ་བོ་ཆེ། །ལྷ་ཡི་དགེ་བསྙེན་ཆེན་པོ་དགོངས། །ཁྱེད་ནི་སྙིགས་མའི་འགྲོ་བ་ལ། །ལྷག་པར་བརྩེ་ཕྱིར་ཕྱག་འཚལ་ཞིང་། །མཐུན་རྫས་ནམ་མཁའི་ཁམས་བཀང་ནས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །དཀར་དམར་སྤེལ་བའི་ཨརྒྷཾ་དང་། དྲི་གཙང་ཞབས་བསིལ་བདུད་རྩིའི་མཚོ། །ལྷ་ཡི་མེ་ཏོག་མཛེས་འབར་བ། །བདུག་པའི་སྤྲིན་གྱི་བླ་རེ་བཅས། །འཇིག་རྟེན་སྣང་བྱེད་སྒྲོན་མེ་དང་། རོ་མཆོག་བརྒྱ་ལྡན་བཟའ་བའི་ཚོགས། །ཡིད་འོང་སྙན་པའི་རོལ་མོའི་སྒྲ། །གླུ་བྲོ་གར་དང་བཅས་ཏེ་འབུལ། །གཞན་ཡང་དབང་བོ་དགྱེས་བསྐྱེད་པའི། །ལྷ་མིའི་དཔལ་འཛིན་མིག་ཡངས་མ། །ཅང་ཤེས་ངང་བ་གཡུ་རྡོག་ཅན། །མྱུར་བའི་ཤུག་ལྡན་དྲེའུ་སྔོ། །གཡག་ལུག་ར་སོགས་རྐང་འགྲོའི་རིགས། །སྲོགས་ཆགས་རྣམ་མང་ཚོགས་ཀྱང་འབུལ། །བདག་ཅག་རྨོངས་དང་གཞན་དབང་གིས། །ཁྱོད་ཀྱི་ཐུགས་དང་འགལ་གྱུར་པའི། །སྒོ་གསུམ་ནོངས་པ་ཅི་མཆིས་པ། །སྙིང་ནས་མཐོལ་བཤགས་བཟོད་པར་བཞེས། །གྲིབ་དང་མི་གཙང་རོ་བག་སོགས། །ཁྱོད་ལ་གནོད་པའི་ཉེས་གྲིབ་ཀུན། །སྒྲིབ་མེད་ཆོས་དབྱིངས་དག་པའི་མཁར། །རང་བཞིན་མེད་པར་དག་གྱུར་ཅིག །ཀྱཻ དགེ་བསྙེན་ལྕམ་དྲལ་དགོངས་སུ་གསོལ། །སྔོན་ཚེ་པདྨ་ཐོད་ཕྲེང་དང་། །རིག་འཛིན་གྲུབ་ཐོབ་ཡབ་སྲས་ཀྱིས། །བསྒོས་པའི་གཡར་དམ་དྲན་མཛོད་ལ། །དམགས་འཁྲུགས་ནད་རིམས་མུ་གེ་སོགས། །འཇིག་རྟེན་རྒུད་པ་ཀུན་བསལ་ནས། །ཆར་ཆུ་དུས་འབེབས་ལོ་ལེགས་སོགས། །སྐྱེ་དགུའི་བདེ་བ་ཀུན་སྒྲུབ་མཛོད། །ཁྱད་པར་ཕྱོགས་འདིའི་སྐྱེ་བོ་ཀུན། །ཆོས་ལྡན་འབྱོར་བས་འཚོ་བ་དང་། །ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་གྱིས། །འཛིན་པའི་ཆོས་གྲྭ་འཕེལ་རྒྱས་མཛོད། །བསྟན་ལ་གནོད་པའི་དགྲ་བགེགས་རྣམས། །མཐུ་སྟོབས་དྲག་པོས་སྒྲོལ་བ་དང་། །བསྟན་པ་རིན་ཆེན་སྲིད་མཐའི་བར། །བསྲུང་བའི་ཐུགས་དམ་མ་གཡེལ་ཅིག །དེ་ལྟར་མཆོད་གསོལ་བགྱིས་པའི་མཐུས། །བསྟན་དང་བསྟན་འཛིན་སྡེ་དང་བཅས། །དབྱར་མཚོ་བཞིན་དུ་འཕེལ་བ་དང་། །བསྟན་སྲུང་མཐུ་དཔུང་བཙན་གྱུར་ཅིག །སརྦ་བྷུ་ཏ་གཙྪ། ཅེས་མགྲོན་རང་གནས་སུ་གཤེགས་གསོལ་བྱ། ཞེས་པའང་སྔ་མོ་ཞིག་ནས་རུ་དམ་ཨོ་རྒྱན་བསམ་བསྟན་ཆོས་གླིང་གི་མཁན་ཐོག་པ་པདྨ་དམ་ཆོས་བཟང་པོ་ནས་འདི་འདྲ་ཞིག་དགོས་ཞེས་ལྷ་རྫས་དང་བཅས་བསྐུལ་བ། རེ་ཞིག་བཏང་སྙོམས་སུ་ལུས་ཐོག སླར་ཡང་རྟེན་འབྲེལ་འགའ་ཞིག་གིས་ཉེ་བར་བསྐུལ་ནས་དགོན་སྡེ་འདི་ཉིད་ཀྱི་གཙུག་ལག་ཁང་གསར་བཞེང་གི་སྐབས་སུ་བཙུན་པ་གཞན་ཕན་མཐའ་ཡས་སུ་འབོད་པས་ཤར་མར་སྤེལ་བ་དགེ། ། །ན་མོ་ཧཱུཾ། སྐབས་འགའ་ཞིག་ཏུ་བསངས་གྲངས་མང་བོ་བསོགས་དགོས་ཚེ། བསངས་ཁང་དུ་མའམ་གཅིག་ཡིན་ཡང་རུང་སྟེ། བསངས་རྫས་ཐམས་ཅད་ལྷན་གཅིག་ཏུ་བསྡུས་ནས་བསངས་གཡོག་བསངས་ཁང་གི་གྲངས་དང་མཉན་པས་བསངས་རྫས་ཐབས་སུ་འདེབས་པས་གྲངས་བཟུང་བར་བྱའོ། །དེ་ཡང་ཐོག་མར་བསངས་གཞུང་གང་རུང་སྔོན་དུ་བཏང་སྟེ་གྲངས་ཅི་ནུས་བསགས་མཐར་བསངས་རྫས་ཁ་བསབ་ལ་ཆབ་བྲན་ནས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨོཾ་ཨཱ་ཧཱུཾ་གིས་སྦྱང་སྤེལ་བསྒྱུར་ཏེ། བྷཱུཾ་འབྱུང་ལྔ་རྣམ་དག་ཡུམ་ལྔའི་མཁར། ཡེ་ཤེས་ལྔ་ལྡན་བསངས་མཆོད་འདི། །ཕུལ་བས་ཕུང་ལྔའི་སྒྲིབ་ཚོགས་ཀུན། །བསངས་ནས་སྐུ་ལྔ་མངོན་གྱུར་ཤོག །ཅེས་གྲངས་བསགས་ཏེ་མཇུག་ཆོག་རྣམས་གཞུང་གང་ཡིན་ལྟར་བྱའོ། །ཞེས་པའང་རང་ཉིད་ལ་འདི་འདྲའི་དགོས་པ་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་བཙུན་པ་གཞན་ཕན་མཐའ་ཡས་པས་བྲིས་པ་དགེ། །།


previousསྐུ་ལྷ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གསོལ་མཆོད་འདོད་དོན་མྱུར་འགྲུབ།next