Nitartha Digital Library
Tibetan
ཁམས་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་གིས་གཙོས་ཡུལ་དགོན་བདུན་གྱི་བྱུང་རིམ་རགས་ཙམ་བཀོད་པ་ལྷའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།།


   
  expand section
  collapse section
   
༡༽ སྟོང་འཁོར་ཡུལ་གྱི་དགོན་སྡེ་ཁག་དང་ཡུལ་བ་གཉིས་ཀྱི་བྱུང་རིམ་མདོ་ཙམ་བཤད་པ།
   
   
   
   


 
previous༡༽ སྟོང་འཁོར་ཡུལ་གྱི་དགོན་སྡེ་ཁག་དང་ཡུལ་བ་གཉིས་ཀྱི་བྱུང་རིམ་མདོ་ཙམ་བཤད་པ། next

༡༽ སྟོང་འཁོར་ཡུལ་གྱི་དགོན་སྡེ་ཁག་དང་ཡུལ་བ་གཉིས་ཀྱི་བྱུང་རིམ་མདོ་ཙམ་བཤད་པ།

དང་པོ་ནི། ཇི་སྐད་དུ། སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ། །བར་དུ་དབུས་གཙང་རུ་བཞི་ཡུར་བ་འདྲ། །སྨད་དུ་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ། །ཀུན་ཀྱང་ཆུ་ཡི་རྒྱ་མཚོར་གྱུར་པའི་ནང༌། །ཀོང་གི་ཆུ་བརླག་ཅེས་པའི་ཟོམ་བྱེ་བས། །རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། །ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས། །བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད། །ཅེས་པ་ལྟར། སྔོན་ཐོག་མར་བོད་ཡུལ་འདི་ཆུ་ཡིས་གང་ནས་ཡོད་འདུག་ལ། དེ་ནས་ཀོང་པོའི་མཐིལ་གྱི་བྲག་རི་ལ་གཤིན་རྗེའི་ཁ་གདངས་པ་ལྟ་བུའི་ཁུང་བུ་ཞིག་བྱེ་བ་ནས་བཟུང་ཆུ་རྣམས་ལྷོ་ཕྱོགས་རྒྱ་གར་དུ་བབས་ཏེ་རིམ་བཞིན་ཡུལ་གྱི་རྣམ་པ་དོད། དེ་ནས་སྟོད་མངའ་རིས་སྐོར་གསུམ་ཤྭ་རྐྱང་རི་དྭགས་གླིང༌། བར་དབུས་གཙང་རུ་བཞི་སྟག་གཟིག་སོགས་གཅན་གཟན་གླིང༌། སྨད་མདོ་ཁམས་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་དུ་སོང་བ་སོགས་དང་པོར་མི་མ་ཡིན་གྱི་གནས་སུ་གྱུར་ནའང་། བར་སྐབས་ཤིག་ནས་འཕགས་པས་སྤྲུལ་པའི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་འཕགས་མས་སྤྲུལ་པའི་བྲག་སྲིན་མོ་གཉིས་འཚོགས་པ་ལས་རིགས་དྲུག་ནས་ཚེ་འཕོས་པའི་སྤྱོད་ཚུལ་མི་འདྲ་བའི་ཕྲུ་གུ་དྲུག་བྱུང་སྟེ་ཆོལ་ཁ་གསུམ་གྱི་མིའི་འགྲོ་བ་རིམ་གྱིས་ཆགས། ཡིན་ནའང་བར་ཁམས་སྟོང་འཁོར་གྱི་ཡུལ་འདིར་ད་དུང་མི་གྲོང་གི་མིང་ཡང་མེད་པར་རི་ཀླུང་ཐམས་ཅད་དུ་རི་དྭགས་དང་གཅན་གཟན་གྱི་ཡུལ་འབྲོག་དགོན་པར་གྱུར་ནས་ཡུན་རིང་ཙམ་འགོར། ནམ་ཞིག་ན་ཤར་ཕྱོགས་ནས་རྔོན་པ་སྤུན་གཉིས་ཕྱོགས་འདིར་རྔོན་བྱེད་པར་འོངས་ཏེ། ད་ལྟའི་རྦག་གདོང་ནས་བལྟས་ཚེ་ཟླ་ཆུའི་ཕ་རོལ་ཉ་ཁྲི་ཕྱོགས་སུ་སྤང་ཐང་སྟེང་ཤྭ་བ་ཡོད་པས་མདའ་འཕངས་ཏེ་བསད། དེར་ཕྱིན་ཏེ་ཤྭ་བ་བཤས། ཤ་བཙོས། ཚ་འབོག་བརྒྱབ། ཕྱི་ལོར་ཡང་དེ་གཉིས་རྔོན་བྱེད་པར་འོངས་པས་སྔར་གྱི་ས་དེར་ཡང་ཤྭ་བ་ཡོད་པས་བསད། དེར་བལྟ་རུ་ཕྱིན་པས་མདའ་ཟུག་ལུགས་མི་འདྲ་བས་བསད་པ་དང༌། སྔ་ལོར་ནས་ཀྱི་ས་བོན་འཐོར་བ་རྣམས་ཕུན་སུམ་ཚོགས་པ་སྐྱེས་ལུགས་དང༌། ས་ལ་བཀྲ་ཤིས་པའི་མཚོན་བྱེད་ཀྱང་ཚང་བ་བཅས་ལ་བརྟེན་ནས་བུ་སྤུན་གཉིས་དེར་འཚོ་བ་རོལ་ནས་གཏན་སྡོད་བྱེད་པར་གྲོས་མཐུན་བྱུང་སྟེ། དེ་དག་གིས་ཞབས་ཚང་དང་གོང་ཚང་གཉིས་ཆགས་པ་སོགས་རིམ་གྱིས་ཉ་ཁྲི་གྲོང་འདི་བྱུང༌། དེ་ནི་སྟོང་འཁོར་ཡུལ་དུ་མི་གྲོང་བྱུང་བའི་ཐོག་མ་ཡིན་ནོ། །ཉ་ཁྲི་ཞེས་གྲགས་པ་ནི་ས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་བྱེད་ཚང་བའི་གསེར་ཉའི་སྟེང་ཆགས་པས་དེ་ལྟར་གྲགས། དེ་ནི་སྟོང་འཁོར་གྱི་ས་ཆ་ལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་བར་གྱི་ཆར་གཏོགས། དེ་ནས་བཟུང་སྟོད་སྨད་ཀྱི་མི་གྲོང་རྣམས་རིམ་གྱིས་འཕེལ། འདི་དག་ནི་ཡུལ་དེར་བལྟམས་པའི་མཁས་དབང་བློ་བཟང་ཕུན་ཚོགས་སམ་ཡོངས་འཛིན་ལམ་བསྟན་སོགས་ཀྱི་གསུང་རྒྱུན་ལ་གྲགས་པ་དང༌། ཕྱོགས་འདིའི་ཆོས་འབྱུང་དང་ཡང་མཐུན་ནོ། །དེ་དག་ལ་བསམ་གཞིགས་བྱས་པར་བརྟེན་སྟོང་འཁོར་ཞེས་པའི་རྗེས་གྲུབ་ཀྱིས་མིང་ཞིག་བྱུང་བ་ཡིན་ནམ་སྙམ། འོན་ཀྱང་ད་ལྟར། སྟོང་འཁོར། སྟོང་སྐོར། སྟོང་བསྐོར་ཞེས་མིང་འབྲི་ཚུལ་མི་འདྲ་བ་གསུམ་ཙམ་སྣང༌། དེང་སང་ཁ་ཅིག་དེ་དག་ལ་དགག་སྒྲུབ་བྱེད་པར་སྣང་ཡང་། དེ་དག་ལ་གཅིག་འཐད་གཅིག་མི་འཐད་ཀྱི་དགག་སྒྲུབ་བྱེད་པ་མི་རུང་སྟེ། ཤེས་བྱ་གཅིག་ལ་མིང་དུ་མས་བརྗོད་རུང་བ་དང་། དཔེར་ན་ཉི་མ་དང་ཟླ་བ་རེ་རེ་ལ་མངོན་བརྗོད་ཀྱི་མིང་དུ་མས་བརྗོད་རུང་བ་ལྟ་བུ་ཡིན་པས་སོ། མི་མེད་ལུང་སྟོང་དུ་པདྨོར་བུང་བའི་ཚོགས་འདུས་པ་བཞིན་ཕྱོགས་ཕྱོགས་ནས་མང་དུ་འཁོར་ཡོང་བ་དེ་ལ་དགོངས་ནས་རྒྱལ་མཆོག་གསུམ་པ། རྒྱལ་མཆོག་ལྔ་པ་ཆེན་པོ། ཀློང་རྡོལ་ངག་དབང་བློ་བཟང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཐུའུ་བཀྭན་ཆོས་ཀྱི་ཉི་མ། དུང་དཀར་བློ་བཟང་འཕྲིན་ལས། ཞབས་དྲུང་མང་ཆེ་བ། མཁན་ཟུར་བློ་བཟང་ཆོས་གྲགས། མཁན་ཟུར་བློ་བཟང་འཇམ་དཔལ་སོགས་ཀྱིས་གསུང་འབུམ་ཕྱག་བྲིས་རྣམས་སུ་སྟོང་འཁོར་ཞེས་བྲིས་པ་མང་བས། ཕྲན་རང་གིས་རྨོངས་འཆར་ལ་དེ་འགངས་ཆེ་སྙམ་ནས་འདིར་ཡང་དེ་བཞིན་བྲིས་ཡོད། ཡུལ་སྡེ་མང་བའི་ཆ་ནས་སྟོང་སྡེ་ཞེས་པའི་ཚབ་ལ་བསམས་ནས་སྟོང་སྐོར་ཞེས་འབྲི་བ་ཡིན་སྙམ། ཞབས་དྲུང་དྲུག་པའི་གསུང་འབུམ་གྱི་མཛད་བྱང་དང་། བྲག་དཀར་པཎྜི་ཏའི་གསུང་འབུམ་ནང་དུ་སྟོང་བསྐོར་ཞེས་རེ་འགར་འབྱུང་བ་ནི། མཐའ་ནས་ཡུལ་སྡེ་མང་པོས་བསྐོར་བའི་ཆ་ནས་ཡིན་ནམ་སྙམ། དེ་དག་ནི་དཔྱད་གཞི་ཙམ་མོ།།

གནའ་དུས་ཐོག་མར་ཁུ་རི་ཆུ་དང་སེ་མདའ་གཉིས་བར་གྲོང་ཚོ་སུམ་ཅུ་སོ་བདུན་ཙམ་གོ་ཚོད་ལ་ཡོད་ཀྱང་། ད་ལྟར་འཕོ་འགྱུར་བྱུང་སྟེ་ཉེར་དྲུག་ཙམ་ལས་ལྷག་མེད། ཞབས་དྲུང་གཉིས་པ་སྐུ་བལྟམས་ས་ཝ་ཏི་འབུར། གསུམ་པའི་སྐུ་རྒྱབ་ཀྱི་ཁྱིམ་གཞིས་སྟག་བཟང་འབུར། མཁན་རབས་དང་པོ་གྲུབ་པའི་དབང་ཕྱུག་བློ་བཟང་ཚུལ་ཁྲིམས་འཁྲུངས་ཡུལ་དྲི་རོ་མདའ། བེ་རི་རྒྱལ་པོ་ལ་དམག་དྲངས་སྐབས་གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་ཞག་བཞུགས་གནང་མྱོང་ཟེར་ས་ཟུར་སྒང༌། ཙོ། གླ། ད་ཉི། རྦག བེ་དེ། ཆུ་སྔོན་འབུར། རྦ་ལ་ཕུག་ཟེར་བ་རྣམས་གྲོང་ཤུལ་ཙམ་དང་མིང་ཙམ་ལ་ཐུག འདིའི་ནང་གི་སྟག་བཟང་འབུར་ཟེར་བ་དེ་ཁྱིམ་གཞིས་གཅིག་ཁོ་ན་ལས་མེད་པ་རྒྱལ་བ་རྒྱ་མཚོའི་སྐུ་རྒྱབ་ཚང་ཡིན་པས་དང་པོར་ཏྲེ་ཤོད་སྟག་བཟང་ནས་འདིར་སྤོས། རྗེས་སུ་ཀ་སྐོར་གྲོང་དུ་ཡར་སྤོས་ཟེར། མི་གྲོང་གི་གྲངས་ཀ་སོ་བདུན་ནས་ཉེར་དྲུག་ཏུ་མར་ལྷུང་བ་འདི་ལ་དཔྱད་ཚེ་གྲོང་རྡལ་གཅིག་ནས་གཅིག་ཏུ་གནས་སྤོ་བྱེད་པ་རེ་ཟུང་ཡོད་ཀྱང་། དོན་དངོས་ལ་མི་འབོར་ཇེ་ཉུང་ལ་འགྲོ་བཞིན་པའི་འཕོ་འགྱུར་ཞིག་ཡིན་པ་མངོན་གསལ་རེད། ཡུལ་འདིའི་མི་གྲོང་ཇེ་ཉུང་ལ་སོང་བ་འདི་དང༌། ཕ་མའི་བུ་ཕྲུག་ཀྱང་སྔར་ལས་ཇེ་ཉུང་ལ་འགྲོ་ཡོད་པ་དག་ལ་བསམས་ཚེ་ད་གཟོད་གཞི་ནས་༸གོང་ས་མཆོག་གིས་བཀའ་སློབ་ཅིག་ཏུ་སྔོན་བོད་མི་ས་ཡ་དྲུག་ཟེར་ཡང་ད་ལྟར་གྲངས་ཀ་དེར་མ་སླེབས་པ་དང༌། སྔོན་འབྲོམ་སྟོན་པས་མི་བརྩིས་ཆེན་པོ་མཛད་ཚེ་ལས་ཀྱང་ད་ལྟར་ལྡབ་འགྱུར་དུ་ཉུང་བར་གསུངས་པ་འདི་དག་ལས་ངེས་པ་གཏིང་ནས་རྙེད་ཐུབ། འདི་ཡང་གངས་ཅན་བོད་མིའི་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱེད་དགོས་གསུངས།

བོད་ཡུལ་སྤྱི་ལ་ཡང་ནང་ཆོས་མ་དར་སྔོན་དུ་བོན་ཆོས་དར་ཁྱབ་ཆེན་པོ་བྱུང་ཡོད་པ་བཞིན། ཡུལ་འདིར་ཡང་རྗེ་ཟླ་བ་རྒྱལ་མཚན་གྱིས་ཞྭ་སེར་ལུགས་བཟང་མ་བཙུགས་གོང་དུ་གཤེན་རབ་མི་བོ་ཆེའི་ལུགས་སྲོལ་བོན་ཆོས་དར་ཁྱབ་ཆེན་པོ་བྱུང་ཡོད་དེ། སྒང་བཞི་གཤོང་བརྒྱད་ལ་བོན་དགོན་རེ་ཁྱོན་བཅུ་གཉིས་ཡོད་པ་ཀུན་ལ་རླུང་ལྟར་གྲགས་པར་མ་ཟད་ཡིག་རྙིང་ལ་ཡང་སྣང་བ་དང༌། དེ་སོ་སོའི་ཤུལ་ཡང་འགའ་ཞིག་ངོས་འཛིན་དུ་ཡོད། བོན་ཁང་སྒང་ཚང་གི་ཤུལ་ནི་ད་ལྟར་ཡང་མིང་མ་ཡལ་བར་དུར་ཁྲོད་དུ་གྱུར་ནས་ཡོད། དེ་མིན་རྣམས་ཀྱི་ཤུལ་ཡང་བོན་པོ་ཁྲ་ལེ། འབྲུ་ཡག་དགོན་པ་ནང༌། མཁར་སྲུང་ཕ་ར་དགོན། ཞབས་རྡོ་གླུ་ཡི་སྒང༌། སྒོ་མང་ཁང་བརྩེགས་ཐོག་རྣམས་ཡིན་ཞེས་ད་ལྟར་ཡང་ཟེར་སྲོལ་འདུག་པས་སོ། །ཟེར་སྒྲོས་ལ་བོན་ཁང་སྒང་ཚང་གིས་དུང་བརྡ་གཏོང་ཚེ་ཐམས་ཅད་ཀྱིས་དུང་བརྡ་བཏང་བ་གཅིག་ནས་གཅིག་ཏུ་རིམ་བཞིན་གོ་བས་ཚོགས་ཚོད་གཅིག་ལྟ་བུར་བྱེད་དགོས་པ་དང༌། འདིར་བོན་དགོན་ཡོངས་ཀྱི་སྤྱི་དཔོན་ནམ་གཙོ་བོ་ལྟ་བུ་བོན་ཁང་སྒང་ཚང་ཡིན་པ་དང་། དེའི་ཡུལ་བ་ལྟ་བུ་གླུ་མདའི་གྲོང་འདི་ཡིན་ཟེར།

བོན་ལ་བོན་དཀར་དང་བོན་ནག་མང་དུ་ཡོད་པ་ཟེར་སྲོལ་འདུག་པའི་ནང་ནས་འདིར་ཡོད་པ་ནི། བོན་དཀར་ཟེར་བ་དེ་ཡིན་སྙམ། གང་ཡིན་ཞེ་ན། འདིའི་སློབ་དཔོན་གྱིས་ཤཱཀྱའི་དགེ་སློང་རྗེ་ཟླ་བ་རྒྱལ་མཚན་དང་པོར་བལྟམས་ཚེ་བདག་ཉིད་ཆེན་པོ་ཞིག་ཏུ་འགྱུར་བའི་ལུང་བསྟན་ཁྱད་པར་ཅན་གནང་ལུགས་དང༌། ཐ་མར་བསྐྱེད་བསྲིངས་ནས་དབེན་གནས་བཏབ་སྐབས་གུས་བཀུར་ཆེན་པོས་གནས་གཡར་བྱེད་ལུགས་དག་ལ་བརྟེན་ནས་སོ། །དེ་ལྟར་ཆོས་ལུགས་ཇི་བཞིན་མ་བྱུང་བའི་དབང་གིས་མི་རྣམས་ཀྱང་ཕན་ཚུན་འཚེ་བའི་སྤྱོད་པ་ཅན་ཤ་སྟག་ཡིན་སྙམ། གང་ཞེ་ན། གནའ་ཤུལ་གྱི་གྲོང་ཚོ་རྣམས་ཆུ་ལམ་སོགས་ཀྱི་ཆ་རྐྱེན་ལ་མ་གཞིགས་པར་རི་ཟུར་དང་རི་འབུར་སོགས་མཐོ་སྒང་ཁོ་ན་ལ་ཆགས་ཚུལ་ལ་བསམ་གཞིགས་བྱས་ན་དགྲ་ཇག་ལ་དོགས་ཟོན་གྱི་བྱ་བ་ཞིག་ཡིན་པར་གོར་མ་ཆག་གོ །དེ་ལྟར་བོན་ཆོས་དར་ནས་ཡུན་རིང་དུ་སོང་མཚམས་དུས་རབས་བཅོ་ལྔ་པའི་སྨད་ཙམ་ལ་ཞྭ་སེར་ལུགས་བཟང་འཛུགས་པའི་དུས་ལ་བབ་པ་ན། རྗེ་ཟླ་བ་རྒྱལ་མཚན་གྱིས་བོན་གྱི་སློབ་དཔོན་ལ་གནས་གཡར་ཞུས་ཚེ་མ་བསྒྲིགས་ལྷུན་འགྲུབ་ཀྱི་རྟེན་འབྲེལ་ཞིག་རང་འགྲིག་བྱུང་བ་ནས་རིམ་བཞིན་སྟོང་འཁོར་དགོན་འདི་ཕྱག་བཏབ། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཞི་པ་མདོ་རྒྱུད་རྒྱ་མཚོས་ལྷ་འབངས་རྒྱ་བསྐྱེད་མཛད་པ་ནས་བཟུང་རིམ་གྱིས་ཁམས་སྟོང་འཁོར་དང་ཟི་ལིང་སྟོང་འཁོར་ཏེ་སྟོང་འཁོར་ཕན་ཚུན་གཉིས་དང་ཁམས་སྟོང་འཁོར་ལ་ཡུལ་དགོན་སྡེ་བདུན་ཞེས་ཆགས་ཡོད་ལ། དེ་ཡང་སྟོང་འཁོར་དགོན་ཕྱག་བཏབ་ཚུལ་གོང་དུ་བཀོད་ཟིན།

སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཞི་པ་གྲོང་འཇུག་མདོ་རྒྱུད་རྒྱ་མཚོས་ལྷ་འབངས་རྒྱ་བསྐྱེད་མཛད་ཚུལ་ནི། མདོ་སྨད་ཆོས་འབྱུང་ལྡེབ་གྲངས་ ༡༨༣ ལ། ཟླ་བ་རྒྱལ་མཚན་གྱིས་བྱང་ཕྱོགས་སུ་འབྲོག་སྡེ་ཆེན་པོ་ཞིག་འབྱུང༌། དེ་ངའི་གདུལ་བྱར་འགྱུར་ཞེས་ལུང་བསྟན་ཡོད་པ་ལྟར། ཞབས་དྲུང་དང་པོ་ནས་ལྔ་པའི་བར་སྐུ་ན་རིམ་རྣམས་ཁམས་ཕྱོགས་རྐྱང་པ་མ་ཡིན་པར་ཨ་མདོ་ཕྱོགས་སུའང་མཛད་འཕྲིན་ཧ་ཅང་རྒྱས་པ་དང༌། ཁྱད་པར་མདོ་རྒྱུད་རྒྱ་མཚོ་ལ་གུ་ཤྲཱི་ཧན་གྱིས་མདོ་མཁར་ས་ཆ་གནང་ནས་དགོན་པ་འདེབས་བཅུག་པ་དང༌། མཆོད་གཞིས་མང་པོ་ཕུལ་བ་ལ་བརྟེན་ཞབས་དྲུང་གི་ལྷ་སྡེ་རྒྱ་བསྐྱེད་བྱུང་སྟེ། ཁམས་སྟོང་འཁོར་དང་ཟི་ལིང་སྟོང་འཁོར་ཞེས་པ་གཉིས་སུ་བྱུང་བ་ནི་མདོ་སྨད་ཆོས་འབྱུང་ལྡེབ་གྲངས་ ༡༨༦ ལ་གསལ་བ་དང༌། ཁམས་སྟོང་འཁོར་ལ་ཡང་སྟོང་འཁོར་ཡུལ་དགོན་སྡེ་བདུན་ཞེས་བྱུང་བ་ཞབས་དྲུང་རྒྱལ་བ་རྒྱ་མཚོས་མ་འོངས་མཁྱེན་པའི་ལུང་བསྟན་ལས་ཤེས་སོ།།

སྡེ་བདུན་ནི། མ་དགོན་སྟོང་འཁོར་བཀྲ་ཤིས་ལྷུན་པོ་འམ་གསང་ཆེན་རྡོ་རྗེ་གླིང་། བུ་དགོན་ལ་ལུ་གུ་དགོན་ཆོས་སྡེ་བཀྲ་ཤིས་འཁྱིལ། སྙི་བཀྲ་ཤིས་དར་རྒྱས་གླིང༌། ཟིལ་གནོན་བཀྲ་ཤིས་ཆོས་འཁོར་གླིང༌། གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་བཅས་བཞི་དང་། དེ་དག་གི་ལྷ་སྡེ་ནི་ཟླ་ཆུའི་རྒྱུད་དུ་ཆགས་པའི་སྟོང་འཁོར་ཟླ་ཁོག་དང་། སྙི་ཆུའི་རྒྱུད་དུ་ཆགས་པའི་སྟོང་འཁོར་སྙི་ཁོག་གཉིས་ཏེ་དགོན་པ་ལྔ་དང་ཡུལ་བ་གཉིས་བཅས་བདུན་པོ་དེ་ཡིན། འདི་ལ་ཉི་ཁོག་ཅེས་འབྲི་བའང་ཡོད། དུས་འགྱུར་སྔོན་ལ་སྟོང་འཁོར་རྒྱལ་ཚབ་སྟེ་སྟོང་འཁོར་ཚང་གི་སྐུ་ཚབ་ཀྱང་དེར་ཕེབས་སྲོལ་ཡོད། ད་ལྟའི་ཆར་སྟོང་འཁོར་ཟླ་ཁོག་ལ་གྲོང་ཚོ་ཉེར་དྲུག་སྟེ། གཟིག་གདོང༌གྲོང་སྡེ། ལམ་གོང་འབུར་གྲོང་སྡེ། ཀ་སྐོར་གྲོང་སྡེ། མཁར་སྲུང༌གྲོང་སྡེ། འབུམ་མདོ་གྲོང་སྡེ། རྦ་ལ་མདའ་གྲོང་སྡེ། གསུམ་རིས་གྲོང་སྡེ། འབྲུ་ཡག་གྲོང་སྡེ། བསྭོ་ཐོག་མདའ་གྲོང་སྡེ། གུག་ར་གྲོང་སྡེ། གླུ་མདའ་གྲོང་སྡེ། ཐ་ཐོག་གྲོང་སྡེ། ཙེ་ངོས་གྲོང་སྡེ། ལ་མཐོ་གྲོང་སྡེ། མྱང་རི་གྲོང་སྡེ། སྒོ་མང་གྲོང་སྡེ། འོག་ཟླ་གྲོང་སྡེ། རྡོ་དོ་གྲོང་སྡེ། སེ་མདའ་གྲོང་སྡེ། བྱི་རི་མདའ་གྲོང་སྡེ། ཞབས་རྡོ་གྲོང་སྡེ། རྦ་མདའ་གྲོང་སྡེ། ཙེ་ར་གྲོང་སྡེ། ཉ་ཁྲི་གྲོང་སྡེ། རྨོག་རི་གྲོང་སྡེ། བུད་ཐོག་ཐང་བཅས་ཡིན།

སྟོང་འཁོར་སྙི་ཁོག་ལ་གྲོང་ཚོ་ཉེར་དགུ་ཙམ་ཡོད། དེ་དག་ནི། ཟོ་གྲོང་སྡེ། ཡ་སྐ་གྲོང་སྡེ། གྲ་མདའ་གྲོང་སྡེ། ཝེ་ཝན་གྲོང་སྡེ། དགུ་རྫོབ་གྲོང་སྡེ། བྲག་ལུང་ཡ་གྲོང་། བྲག་ལུང་གྲོང་སྡེ། ཡུལ་ཆུང་གྲོང་སྡེ། ཡུལ་ཆེན་གྲོང་སྡེ། ཟིལ་མདའ་གྲོང་སྡེ། འུག་ཚང་གྲོང་སྡེ། སྲུབ་ཆེན་གྲོང་སྡེ། མ་ལེ་ཤིང་གྲོང་སྡེ། ཆུ་བཟང་གྲོང་སྡེ། ཕོ་མདའ་གྲོང་སྡེ། འཁྲེབ་གྲོང་སྡེ། གཞི་ཆེན་མདའ་གྲོང་སྡེ། བུ་རི་སྡེ་མཚོ་གྲོང་སྡེ། ཥུ་རྒྱ་གྲོང་སྡེ། མི་ཡས་གྲོང་སྡེ། བྲག་སྒང་གྲོང་སྡེ། དགའ་སྟེང་གྲོང་སྡེ། མདོ་བཞིར་གྲོང་སྡེ། བསུ་རི་གྲོང་སྡེ། མཚོ་འགོ་གྲོང་སྡེ། མི་སྟེང་གྲོང་སྡེ། པང་ཟུར་གྲོང་སྡེ། རྒྱུ་སྡུབ་གྲོང་སྡེ། རྒྱ་མདའ་གྲོང་སྡེ་བཅས་ཡིན། གྲོང་སྡེ་དེ་དག་གི་མིང་ཙམ་ལས་བྱུང་རབས་ལོ་རྒྱུས་སོགས་འདྲི་རྩད་བྱས་ཀྱང་རྙེད་སོན་མ་བྱུང་བས་རེ་ཞིག་བཞག །མ་དགོན་སྟོང་འཁོར་དགོན་གྱི་ལོ་རྒྱུས་ནི་གོང་དུ་སོང་ཟིན། འདིར་བུ་དགོན་རྣམས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་ན།

ལུ་གུ་དགོན།

ལུ་གུ་ཆོས་སྡེ་བཀྲ་ཤིས་འཁྱིལ་ནི་དང་པོ་བདག་པོ་བྱེད་མཁན་གྱི་ཐོག་མའི་བླ་རབས་ཤིག་གི་མིང་ལ་བོན་པོ་རཏྣའི་མཚན་ཅན་ཞེས་ཡིག་རྙིང་ལས་བྱུང་ཡང་ཕྱག་འདེབས་པ་པོ་ཡིན་མིན་བཤད་སྲོལ་གཉིས་མཆིས། མིན་པའི་ལུགས་ལའང་དེ་མ་ཡིན་པར་འདི་ཡིན་ཟེར་བ་མི་སྣང༌། བོན་པོ་རཏྣའི་མཚན་ཅན་ཁོང་ཡང་དང་པོར་བོན་ཆོས་དང་དེ་ནས་རྙིང་ཆོས་སློབ་མཁན་ཞིག་ཡིན་པའི་ངག་རྒྱུན་ལ་དཔྱད་ན། དགོན་འདི་ཡང་དང་པོར་བོན་དགོན་ཞིག་དང་དེ་ནས་རྙིང་དགོན་ཞིག་ཏུ་གྱུར་པ་ཨེ་ཡིན་སྙམ།

སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་གསུམ་པ་རྒྱལ་བ་རྒྱ་མཚོའི་ལུང་བསྟན་ལྟར། སྐུ་ཕྲེང་བཞི་པ་མདོ་རྒྱུད་རྒྱ་མཚོ་དང་དཔོན་པོ་ཧ་ར་དཀའ་བཅུ་གཉིས་ཀྱི་སྐུ་རིང་སྟོང་འཁོར་གྱི་ས་ཆ་དང་སྡེ་འབངས་རྒྱ་བསྐྱེད་བྱུང་ནས་ཟླ་སྙི་གཉིས་ལ་མངའ་དབང་བསྒྱུར་སྐབས་འདི་ཡང་ཞབས་དྲུང་གི་མངའ་འོག་ཏུ་ཚུད། འོན་ཀྱང་ད་དུང་འདིར་གྲྭ་བཙུན་འདྲེས་མ་སྡོད་པ་སོགས་ཀྱིས་རྐྱེན་པས་བསྟན་པ་ཉམས་དམས་ནས་ཡོད་ཚེ་སྟོང་འཁོར་ཞབས་དྲུང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོས་དགེ་ལྡན་པར་བསྒྱུར་བ་དང༌། སྒྲིགས་ཁྲིམས་ལ་དམ་བསྒྲགས་དང་བཅའ་ཡིག་འཇོག་པར་མཛད། ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་སྟོང་འཁོར་དགོན་ཆེན་དུ་ཆོས་གྲྭའམ་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས་པ་དེ་ནས་བཟུང་མི་དྲུག་རེ་སྟོང་འཁོར་དགོན་དུ་གྲྭ་སར་ཕེབས་དགོས་པའི་སྲོལ་བྱུང་། དེའི་ཁུངས་འདྲ་བར་ཆོས་གྲྭ་འདེབས་སྐབས་དཔེ་ཆ་བ་རེ་ལ་ཤོག་ཀ་ལི་རེ་ཕུལ་བས་ལུ་གུ་དགོན་གྱི་གྲྭ་པ་རྣམས་ལ་ད་ལྟར་ཡང་ཡོད་ཟེར། མ་ཟད་སྟོང་འཁོར་དགོན་ནས་སེར་སྨད་གྲྭ་ཚང་དུ་གྲྭ་སར་ཕེབས་སྲོལ་ཡོད་པ་བཞིན། དགོན་འདི་ནས་ཀྱང་སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་ཀྱི་རབས་འབྱམས་པ་སོགས་ཀྱི་མཚན་གནས་བཞེས་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་ལ། དགོན་འདིའི་སྲུང་མ་ནི་སེར་སྨད་གྲྭ་ཚང་ནས་བརྒྱུད་པའི་ཐ་འོག་ཆོས་རྒྱལ་ཆེན་མོ་ཡིན། ཞབས་དྲུང་ལྔ་པའི་སྐབས་ནས་ད་བར་ཞབས་དྲུང་རིམ་བྱོན་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་དམ་ཟབ་ཆགས་ཡོད། ནགས་གཙང་བསྟན་པ་རབ་རྒྱས་དགོན་འདིར་ཕེབས་ནས་དུས་འཁོར་གྱི་དབང་བསྐུར་བའི་དབང་ཡོན་གྱིས་ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད། དུས་འགྱུར་མ་བྱུང་སྔོན་ལ་དབུ་ཆོས་རྣམ་གསུམ་སྟོང་འཁོར་ཞབས་དྲུང་གིས་བསྐོ་བཞག་མཛད་སྲོལ་ཡོད་པར་མ་ཟད། དགོན་བདག་ཀྱང་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་རྣམས་ཡིན། འདིའི་གདུལ་བྱའི་ཞིང་ཡུལ་ལམ་ལྷ་སྡེ་ལ་སྟོད་སྲིབ་རི་གྲོང་གསུམ་སྟེ། སེ་མདའ་དང་། རྡོ་དོ། ཟུར་སྒང་བཅས་ཀྱི་གྲོང་ཚོ་གསུམ་ཡོད་དོ།།

སྙི་བཀྲ་ཤིས་དར་རྒྱས་གླིང་།

སྙི་བཀྲ་ཤིས་དར་རྒྱས་གླིང་ནི། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཞི་པ་མདོ་རྒྱུད་རྒྱ་མཚོས་དུས་རབས་བཅུ་བདུན་པའི་ནང་ཕྱག་བཏབ། དེ་ཡང་ཐོག་མར་ཞབས་དྲུང་རིན་པོ་ཆེ་དེ་ཉིད་ཀྱིས་མགོན་པོ་ཕྱག་དྲུག་པ་བསྒྲུབས་པའི་སྤྱིལ་བུ་ཞིག་ཡོད་པའི་ཤུལ་དུ་མགོན་ཁང་ཞིག་བཞེངས། ཁ་རྒྱུན་དུ་སྒྲུབ་སྒྲུབ་བསྟེན་བསྟེན་གྱི་སྲུང་མ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དང་། མ་བསྒྲུབས་རང་འཁོར་གྱི་སྲུང་མ་དཔལ་ལྡན་དམག་ཟོར་མ་ཞེས་ཡོད་པ་ལྟར་དགོན་འདིའི་སྲུང་མ་ནི། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་དང་། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་ཡིན། མགོན་ཁང་གི་ཕྱི་ལོགས་སུ་གཙུག་ལག་ཁང་དང་། འདུ་ཁང་ཆེན་མོ། ཇོ་ཁང་། ཆོས་གྲྭ་དང་བླ་མའི་གཟིམས་ཤག་བཅས་ལེགས་པར་བཞེངས། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བདུན་པ་བློ་བཟང་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་ཆོས་གྲྭའམ་མཚན་ཉིད་གསར་འཛུགས་མཛད།

དགོན་འདི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་པ་མིན་ཡང༌། ཆོས་འབྱུང་ལོ་རྒྱུས་འགའ་རེར་དགོན་འདི་ཧོར་དགོན་སྡེ་བཅུ་གསུམ་གྱི་གྲས་སུ་བགྲང་བ་ཡོད་པ་ནི། ཆོས་རྗེ་འདི་གཉིས་རྒྱལ་མཆོག་ལྔ་པའི་དངོས་སློབ་ཡིན་སྟབས། ཞབས་དྲུང་གིས་ཧོར་ཆོས་རྗེ་ལ་ཕུལ་བས་དེའི་གྲས་སུ་རྩིས་པར་གྲགས།

དགོན་འདིའི་བདག་པོ་ནི་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་ཡིན་ལ། དུས་འགྱུར་སྔོན་དུ་དགོན་འདིའི་ལས་སྣེ་རྣམས་སྟོང་འཁོར་ཚང་གིས་བསྐོ་བཞག་མཛད་སྲོལ་ཡོད་ཅིང་། ཞབས་དྲུང་བཅུ་གཅིག་པའི་སྐུ་རིང་ལའང་དགོན་འདིའི་མཁན་པོ་ཁོང་ཉིད་ཀྱིས་བསྐོ་བཞག་མཛད་བཞིན་ཡོད། སྨོན་ལམ་སྐབས་སྐྱེས་རབས་སོ་བཞི་པའི་བཀའ་ཆོས་དང་། སྒྲུབ་མཆོད་སྐབས་རྡོ་རྗེ་སློབ་དཔོན། ཆོས་གྲྭར་འཛིན་གྲྭ་སོ་སོར་བརྩི་བཞག གསོ་སྦྱོང་སྐབས་སོ་ཐར་གྱི་མདོ་གསུང་བ་སོགས་དགོན་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་མཁན་པོས་སྐྱོང་དགོས། དེ་ཡང་མཁན་པོའི་འོས་ཆོས་ནི། བཀའ་པོད་ལྔ་གའི་རང་ལུགས་ཚང་མ་བློ་རྒྱུགས་དང་དམ་བཅའ་རྫོགས་པ། འཇིགས་བྱེད་བསྙེན་ཆེན་ལ་བཞུགས་པ། གཅོད་ཀྱི་སྒོ་ནས་ཆུ་མིག་བརྒྱ་རྩ་འགྲིམས་པ། འཕོ་བ་སྦྱངས་པ་སོགས་གྲུབ་པའི་རྗེས་སུ་མཁན་ཁྲིར་ཕེབས་ཆོག་པ་ཡིན།

སྔོན་དུས་སུ་དགོན་པ་འདིར་ཕྲ་ཡུལ་རིག་གྲོལ་རྒྱ་མཚོ་ཞུ་བའི་གྲགས་སྙན་འབར་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་བྱུང་། ཁོང་གིས་ནམ་མཁའ་ནས་ཐོག་རྒྱག་པ་སྐུ་གཟན་གྱིས་བཟུང་བ་དང་། རྡེའུ་བཅུད་ལེན་དང་། ས་བཅུད་ལེན། མེ་ཏོག་བཅུད་ལེན་སོགས་མང་དུ་མཛད། གཞན་ཡང་གཤིན་པོའི་རུས་པ་ལ་སཱ་ཙྪ་བཏབ་སྟེ་རབ་གནས་མཛད་སྐབས་ཤར་གྱི་རི་བོ་དང་ནུབ་ཀྱི་རི་བོའི་རྩེ་གཉིས་ནས་འཇའ་ཚོན་སྣ་ལྔ་ཤར་ཏེ་སྣེ་གཉིས་སཱ་ཙྪའི་སྟེང་ལ་ཟུག་པ་སོགས་ངོ་མཚར་བའི་རྣམ་ཐར་ཤིན་ཏུ་མང་། དེའི་གསུང་རྩོམ་ལ་སེང་གདོང་གཏོར་སྒྲུབ་པོད་གཅིག་དང་། ལྷ་མོའི་གཡང་སྒྲུབ། མགོན་དཀར་གཡང་སྒྲུབ། ལྕམ་སྲིང་སྒྲུབ་ཐབས་དང་དེའི་གཡང་སྒྲུབ། མི་འཁྲུགས་པའི་ཆོ་ག་ལྷ་སྒོ་མ། གཅོད་སྐོར་གྱི་གསུང་པོད་གཅིག མཁའ་འགྲོའི་བརྡ་ཡིག་གི་ཆོས་སྐོར་པོད་བཅུ་ཕྲག་འགའ། རྒྱལ་པོ་སྐུ་ལྔའི་གཡང་སྒྲུབ། ཚེ་སྒྲུབ་ཆོ་ག་སོགས་ཤིན་ཏུ་མང་པོ་ཡོད།

ནང་རྟེན་ལ། སྤྱི་ལོ་ ༡༦༦༥ ལོར་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་རྒྱ་ནག་གོང་མ་བདེ་སྐྱིད་རྒྱལ་པོའི་དབུ་བླར་ཕེབས་ཏེ་ལོ་ངོ་གཅིག་ཙམ་བཞུགས་ནས་ཕྱིར་འབྱོན་ཁར་ཆན་ཞི་མཉྫུ་ཤྲཱི་ཞེས་པའི་ཆོ་ལོ་དང་གསེར་གྱི་ཐམ་ཀ་དང་། ཙནྡན་ཇོ་བོའི་སྐུ་སོགས་རིན་ཐང་བྲལ་བའི་གནང་སྐྱེས་མང་དུ་ཕུལ་པ་དག་ལས་ཙནྡན་ཇོ་བོའི་སྐུ་དེ་དགོན་འདིའི་རྟེན་གྱི་གཙོ་བོར་བཞུགས། གཞན་ཡང་གསེར་སྐུ་དང་། ལི་སྐུ། ཞལ་ཐང་། བཀའ་བསྟན། ཤེར་ཕྱིན་འབུམ་པ་དངུལ་བྲིས་མ་གསུམ། རྗེ་ཡབ་སྲས་སོགས་ཀྱི་གསུང་འབུམ་དང་། སྟོང་འཁོར་ཞབས་དྲུང་གི་གསུང་འབུམ་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་བཞུགས།

ཙནྡན་ཇོ་བོར་གྲགས་པའི་ཐུབ་དབང་གི་སྐུ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་དགུང་ལོ་སོ་བརྒྱད་པ་ལ་རང་གི་ཡུམ་སྒྱུ་མ་ལྷ་མཛེས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས་པ་དེའི་དོན་མཛད་པ་དང་། གཞན་ཡང་སུམ་ཅུ་རྩ་གསུམ་གྱི་ལྷ་སྐལ་པ་དང་ལྡན་པ་རྣམས་རྗེས་སུ་བཟུང་བའི་ཆེད་དུ་ལྷ་ཡུལ་དུ་གཤེགས་སྐབས། རྒྱལ་པོ་ཨུ་ཏྲ་ཡ་ནས་སྟོན་པའི་ཞལ་མ་མཇལ་བར་ཡུན་རིང་སོང་བས་ཡིད་གདུངས་པས། སྟོན་པའི་སྐུ་ཚབ་ཏུ་ཙནྡན་གཽ་ཤིརྵ་ལས་སྟོན་པ་རང་དང་འདྲ་བའི་སྐུ་བརྙན་འདི་བཞེངས་པར་གྲགས་ལ། སྟོན་པ་ལྷ་ཡུལ་ནས་སླར་ཕེབས་ཏེ་སྐུ་དངོས་དང་མཇལ་སྐབས་སྐུ་འདིས་དབུ་གུག་གུག་ལན་གསུམ་གྱིས་སྐུ་ཁམས་འདྲི་བའི་ཚུལ་མཛད། སྟོན་པས་སྐུ་བརྙན་འདིའི་དབུ་ལ་ཕྱག་གཡས་པ་བརྐྱངས་ཏེ་བཞག་ནས་སངས་རྒྱས་དངོས་དང་འདྲ་བའི་བསྔགས་པ་མཛད་ཅིང་། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱ་ཕྲག་བཅུ་འདས་ནས། །ཤར་ཕྱོགས་ཙི་ནའི་ཡུལ་དུ་ཁྱོད། །བསྟན་དང་འགྲོ་ཕན་དོན་ལ་བཞུད། །ཅེས་ལུང་བསྟན་པ་ལྟར། རྒྱ་ནག་བྱང་ཕྱོགས་སུ་ཆིན་རྒྱལ་ཁབ་སྔོན་མས་སྲིད་དབང་བཟུང་བའི་སྐབས་ཀྱི་གོང་མ་གསུམ་པ་ཞོན་ཀྲའོ་རྟིས་ཧྥུ་ཅན་གྱིས་རྒྱ་གར་ནས་སྐུ་བརྙན་འདི་དང་སྟོན་པའི་རིང་བསྲེལ་ཤཱ་རི་རམ་ཆེ་བ་སོགས་རྒྱ་ནག་ཏུ་གདན་དྲངས་ཞེས་འཁོད་པའི་སྐུ་དེ་འདི་ཡིན་ཞེས་ཡུལ་འདིའི་རྒན་རབས་པ་དག་གི་ངག་རྒྱུན་ལ་རླུང་ལྟར་གྲགས། འདིའི་སྐོར་ཞིབ་པ་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་ཙནྡན་ཇོ་བོའི་ལོ་རྒྱུས་དང་། དུང་དཀར་ཚིག་མཛོད་དང་། དུང་དཀར་གྲུབ་མཐའ་སོགས་ལ་གཟིགས།

རྒྱའི་གཞུང་འགྲེལ་ཡིག་ཆ་ཞིག་ཏུ་ཙནྡན་ཇོ་བོའི་སྐུ་འདི་དུས་འགྱུར་སྐབས་འཐོར་བཤིག་ཏུ་སོང་བས། ཕྱག་ཞབས་ཇོ་བོའི་གཟུངས་དང་། དབུ་ཐུབ་དབང་གི་གཟུངས་སུ་ཕུལ་ཚུལ་འཁོད་འདུག་ཀྱང་། གཟུངས་སུ་ཕུལ་ཟིན་པ་མི་བདེན་ཏེ། འཐོར་གྲུམ་རྣམས་དུས་འགྱུར་རྗེས་སུ་ཁང་གསར་ཚང་སོགས་ཀྱིས་དགོན་པར་ཕྱིར་ཕུལ་གནང་བ་ལྟར། སྟོང་འཁོར་ཟླ་ཁོག་ནས་ལྷ་བཟོ་བློ་བཟང་བསྟན་འཛིན་ལ་ཕྱེ་མར་བཏགས་པའི་རིན་པོ་ཆེ་སྣ་ལྔས་བཤིག་གསོ་བྱེད་དུ་བཅུག་ཡོད་ལ། དེང་བྱམས་ཁང་གི་རྟེན་གཙོར་བྱིན་རླབས་ཀྱི་གཟི་འོད་འཕྲོ་བཞིན་བཞུགས་པ་འདི་ཡིན།

དགོན་པ་འདིའི་སློབ་གཉེར་གནང་སའི་གཞུང་ནི། ཡོངས་སུ་གྲགས་པའི་ཡིག་ཆ་ཆེན་མོ་བཞིའི་ཡ་གྱལ་མཁས་གྲུབ་བསྟན་དར་བའི་གསུང་ཡིན། ལོ་རེར་སྨོན་ལམ་གྱི་སྐབས་སུ་སློབ་གཉེར་བ་རྣམས་ཀྱིས་སོ་སོའི་སྐབས་བབ་ཀྱི་གཞུང་གི་རྩོད་པའི་དམ་བཅའ་འཇོག་པ་དང་། བཀའ་པོད་ལྔའི་རང་ལུགས་བློ་རྒྱུགས་སྤྲོད་དགོས། དེ་ཡང་འཛིན་གྲྭ་དང་པོ་བསྡུས་ཆུང་ལོ་གསུམ། འཛིན་གྲྭ་གཉིས་པ་བསྡུས་ཆེན་ལོ་གསུམ། ཕར་ཕྱིན་སྐབས་དང་པོ་ལ་འཛིན་གྲྭ་གཉིས། སྐབས་གཉིས་པ་ནས་སྐབས་བཞི་པའི་བར་འཛིན་གྲྭ་གཉིས། སྐབས་ལྔ་པ་ནས་སྐབས་བརྒྱད་པའི་བར་འཛིན་གྲྭ་གཉིས། དབུ་མ་འཛིན་གྲྭ་གཅིག འདུལ་བ་འཛིན་གྲྭ་གཅིག མཛོད་འཛིན་གྲྭ་གཅིག་བཅས་འཛིན་གྲྭ་རེ་ལ་ལོ་གསུམ་རེ་བཞུགས་དགོས།

ཆོས་ཐོག་གི་སྐོར་ལ། བོད་ཟླ་དང་པོའི་ཚེས་གཅིག་ནས་བཅུ་བདུན་བར་སྨོན་ལམ་ཆེན་མོ། གཉིས་པའི་ཚེས་བཅུ་གསུམ་ནས་གསུམ་པའི་བཅུ་གསུམ་བར་དཔྱིད་ཆོས། བཞི་པའི་ཚེས་གཅིག་ནས་བཅོ་ལྔ་བར་ལམ་རིམ་ཚོགས་ལངས། ཚེས་བཅོ་ལྔ་ནས་ཉེར་དགུ་བར་འཇིགས་བྱེད་དང་གསང་འདུས་སྒྲུབ་མཆོད། དྲུག་པའི་ཚེས་བཅོ་ལྔ་ནས་བདུན་པའི་མཇུག་བར་དབྱར་གནས། བརྒྱད་པའི་ཚེས་ཉེར་བཞི་ནས་དགུ་པའི་བཅུ་གསུམ་བར་སྟོན་ཆོས། གཞན་ཡང་ལྷ་མོའི་གཏོར་སྒྲུབ། མགོན་པོའི་གཏོར་སྒྲུབ་བཅས་ཡོད། བཅུ་པའི་ཚེས་ཉེར་ལྔ་ནས་ཉེར་དགུ་བར་ལྔ་མཆོད་ཆེན་མོ། ད་དུང་སེང་གདོང་མའི་སྒྲུབ་མཆོད་གཏོར་བརྒྱག་བཅས་ཡོད། བཅུ་གཅིག་པའི་ཚེས་བཅོ་ལྔ་ནས་ཉེར་གཉིས་བར་ལྕགས་མཁར་བ་རྣམས་ལྕགས་མཁར་གྱི་སྔོན་འགྲོའི་བསྙེན་མཚམས་ལ་བཞུགས་དགོས། ཚེས་ཉེར་གཉིས་ནས་ཉེར་དགུ་བར་ལྕགས་མཁར་དངོས་གཞི། དེའི་རིང་རྟ་མགྲིན་གཏོར་སྒྲུབ་ཀྱང་ཡོད། བཅུ་གཉིས་པའི་ཚེས་བཅུ་ནས་ཉེར་ལྔ་བར་གར་འཆམ། ཚེས་ཉེར་ལྔ་ནས་ཉེར་དགུ་བར་དགུ་གཏོར་བཅས་ཡོད་དོ།།

འབོས་ཆེན་དང་གཞི་ཆེན་དགོན་གཉིས་ཀྱི་གདུལ་བྱར་གཏོགས་པ་རྣམས་ཕུད། དེ་མིན་སྟོད་གྲ་མདའ་ནས་སྨད་རྒྱ་མདའི་བར་གྱི་ཡུལ་སྡེ་རྣམས་དགོན་འདིའི་གདུལ་བྱའི་ཞིང་ཡུལ་ལམ་ལྷ་སྡེ་ཡིན།

ཟིལ་གནོན་འབོས་ཆེན་དགོན།

ཟིལ་གནོན་བཀྲ་ཤིས་ཆོས་གླིང་ཞེས་པའི་གསང་སྔགས་རྙིང་མའི་དགོན་པ་འདི་ནི། རྒྱལ་དབང་ལྔ་བ་ཆེན་པོའི་དུས་སུ་སྙི་ཆུའི་ཕ་རོལ་གྱི་གཞི་ཆེན་ལུང་བའི་ནང་གི་འབོས་ཆེན་ཟེར་བའི་ལུང་ཆུང་ཞིག་གི་ནང་དུ་གསང་སྔགས་རྙིང་མ་བའི་བླ་མ་ཤེས་རབ་བློ་ལྡན་ཟེར་བ་ཞིག་གིས་ལོ་མང་པོར་ཉམས་ལེན་མཛད་ནས་བཞུགས་སའི་རི་ཁྲོད་ཅིག་ཡོད་པ་ལ་འབོས་ཆེན་རི་ཁྲོད་ཟེར། ཁོང་དང་ཁོང་གི་ཚ་བོ་པད་མ་བསྟན་འཛིན་གཉིས་ཀྱིས་རི་ཁྲོད་དེ་རྒྱ་བསྐྱེད་ནས་དགོན་པ་ཞིག་ཏུ་བསྒྱུར་བ་ལ་འབོས་ཆེན་དགོན་ཟེར། སྐབས་དེར་རྫོགས་ཆེན་པད་མ་རིག་འཛིན་གྱིས་རྒྱལ་དབང་ལྔ་པའི་བཀའ་ལྟར་ཁམས་ཕྱོགས་སུ་གསང་སྔགས་རྙིང་མ་བའི་བསྟན་པ་སྤེལ་དུ་ཕེབས་ནས་རྫོགས་ཆེན་དགོན་ཕྱག་བཏབ་པ་ན། འབོས་ཆེན་ཤེས་རབ་བློ་ལྡན་ཞལ་མཇལ་དུ་ཕྱིན་པ་དང་དེ་ནས་བཟུང་འབོས་ཆེན་དགོན་པ་དེ་རྫོགས་ཆེན་དགོན་པའི་དགོན་ལག་ཏུ་གྱུར་པ་དང་། རྫོགས་ཆེན་རིན་པོ་ཆེས་དེ་ལ་གཟིགས་སྐྱོང་གནང་བར་ཞལ་བཞེས་མཛད། དེར་མ་ཟད་འབོས་ཆེན་ཤེས་རབ་བློ་ལྡན་རྫོགས་ཆེན་པད་མ་རིག་འཛིན་གྱི་ཞལ་མཇལ་བར་ཕེབས་པའི་ལམ་ནས་སྔ་གཞུག་ལྟར་མཇལ་དར་དཀར་པོ། སེར་པོ། སྔོན་པོ་གསུམ་ཐོབ་པ་རིམ་བཞིན་ཕུལ་བས་ཐུགས་དགྱེས་ནས་དེ་རིགས་གསུམ་མགོན་པོའི་བླ་དར་ཡིན་པས་རིགས་གསུམ་མགོན་པོའི་ཆོས་བརྒྱུད་འཛིན་མཁན་རྒྱུན་མི་ཆད་པའི་རྟེན་འབྲེལ་ཡིན་པར་གསུངས། དེ་གཉིས་ཀྱི་རྗེས་སྐྱོང་བ་བསྟན་འཛིན་དར་རྒྱས་ཟེར་བ་ཞིག་གིས་ལུང་བསྟན་ཞིག་ལ་བརྟེན་ནས་ད་ལྟའི་ཟིལ་ལུང་པ་འདི་ལ་སྤོར་བས་ཟིལ་གནོན་དགོན་ཡང་ཟེར། འདིར་སྤོར་པའི་ས་རིན་དུ་འབོས་ཆེན་བླ་བྲང་གིས་ས་འདིའི་མངའ་བདག་སྟོང་འཁོར་ཚང་ལ་ལོ་གཉིས་གསུམ་རེ་ནས་རྟ་རེ་སྤྲོད་དགོས། སྟོང་འཁོར་སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་བཀའ་ཤོག་དམར་མདོག་མ་ཟེར་བ་ཞིག་ཀྱང་བཞག་ཡོད་པར་གྲགས། བསྟན་འཛིན་དར་རྒྱས་ཀྱི་རིང་ལ་འབོས་ཆེན་དགོན་འདི་དར་རྒྱས་ཆེ་བས་མཚན་ལའང་སྙི་བླ་བསྟན་འཛིན་དར་རྒྱས་ཐོགས། དེའི་རྗེས་སུ་དགོན་པ་འདིར་སྤྲུལ་སྐུ་ངོས་འཛིན་རྒྱུའི་འགོ་ཚུགས་ཏེ་ཁོང་གི་ཡང་སྲིད་འཇིགས་མེད་དཔའ་བོ་རྡོ་རྗེ་ཟེར་བ་རྫོགས་ཆེན་སྤྲུལ་སྐུས་ཐུགས་ཐག་བཅད། སྤྲུལ་སྐུ་འདི་བྲག་དམར་རྩེ་ལུ་རྒོད་ཚང་གི་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང་མཉམ་དུ་ལྷ་ལྡན་དང་ཙ་རི་ལ་གནས་མཇལ་དུ་ཕེབས་རྗེས་དཀར་མཛེས་ཟླ་ཐང་མའི་ཚ་ཚ་ཞང་གི་འབུམ་ཐང་དགོན་དང་། གསེར་རྟ་རྫོང་ཡར་ལུང་ཞང་གི་སྐྱིད་ལྷུང་དགོན་གཉིས་བཏབ་པ་འབོས་ཆེན་དགོན་གྱི་དགོན་ལག་ཏུ་གྱུར་པ་བཅས་ལ་འབོས་ཆེན་དགོན་ཁག་གསུམ་ཟེར། འཇིགས་མེད་དཔའ་བོ་རྡོ་རྗེ་ལའང་ཡོངས་གྲགས་སུ་འབོས་ཆེན་སྐྱབས་མགོན་ནམ་སྐྱ་ཆེན་ཚང་ཟེར། དེའི་ཡང་སྲིད་རྡོ་ཁོག་སྐྱེས་མཆོག་ཚང་དུ་འཁྲུངས། དེས་དགོན་པ་འདིར་སངས་རྒྱས་མཉམ་སྦྱོར་གྱི་སྒྲུབ་མཆོད་དང་བཤད་གྲྭ་བཙུགས། སྐྱབས་འགྲོའི་འགྲེལ་བ་ལྡེབ་དྲུག་ཅུ་ལྷག་ཅན་ཞིག་དང་བཅས་པ་བརྩམས། ཡོངས་གྲགས་སུ་འབོས་ཆེན་སྐྱེས་མཆོག་སྤྲུལ་སྐུ་ཟེར། དེར་ཡང་སྲིད་གཉིས་ཏེ་སྐྱེས་མཆོག་ཡོན་ཏན་རྒྱ་མཚོ་དང་ཐུབ་བསྟན་ཤེས་རབ་འོད་ཟེར། སྔ་མ་སྐྱིད་ལྷུང་དགོན་ནས་ཁྲི་སར་བཀོད། མཆོད་རྟེན་ཆེན་པོ་ཞིག་བཞེངས་ཤིང་ཚེས་བཅུ་གསར་དུ་བཙུགས། ཕྱི་མས་འབོས་ཆེན་ནས་དབྱར་གནས་བཙུགས། ཁང་བརྩེགས་མཆོད་རྟེན་དང་། འདུ་ཁང་སྟེང་ཞི་ཁྲོའི་ལྷ་གྲངས་ཡོངས་རྫོགས། གུ་རུ་གཙོ་འཁོར། གསེར་ཁང་བཅས་བཞེངས། དགོན་པ་མང་པོ་དང་། མཚོ་སྔོན་པོ། མགོ་ལོག རྨ་སྟོད་སོགས་སུ་དབང་ལུང་ཁྲིད་གསུམ་དང་དགེ་ཚུལ་སློང་གི་སྡོམ་པ་མང་པོ་གནང་བས་སྙན་གྲགས་ཆེ། ཁོང་གཉིས་ཞལ་བཞུགས་དུས་འབོས་ཆེན་དགོན་ཁག་གསུམ་ག་ལ་ཕེབས་སྐྱོད་དང་གཟིགས་སྐྱོང་གནང་ཞིང་གསུམ་གས་བསྟན་པའི་བདག་པོར་ཁས་ལེན།

དགོན་འདིའི་ནང་རྟེན་ལ། བཀའ་འགྱུར་གསེར་བྲིས་མ། འཕགས་པ་བརྒྱད་སྟོང་པ་གསེར་བྲིས་མ། རྗེ་བཙུན་བྱམས་པའི་གསེར་སྐུ། སྒྲོལ་མའི་གསེར་སྐུ། གསེར་གྱི་བཀའ་གདམས་མཆོད་རྟེན། གུ་རུ་གཙོ་འཁོར་གསུམ་གྱི་གསེར་སྐུ། གནས་བརྟན་བཅུ་དྲུག་གི་གསེར་སྐུ་སོགས་ཁྱོན་བསྡོམས་གསེར་སྐུ་བརྒྱ་ལྷག་ཙམ་དང་། གཞན་ཡང་གསུང་རྟེན་ཧ་ཅང་མང་པོ་དང་། ད་ལྟར་ཡང་མཇལ་དུ་ཡོད་པ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཞི་པ་མདོ་རྒྱུད་རྒྱ་མཚོས་གནང་བའི་ཚོགས་ཟངས་ཆེན་པོ་ཞིག་ལ་སོགས་པའི་རིན་ཐང་བྲལ་བའི་གནའ་རྫས་མང་དུ་བཞུགས།

དགོན་པའི་དུས་མཆོད་ནི་ཚེས་བཅུ་དང་། སྒྲུབ་མཆོད། རབ་གནས། དབྱར་གནས། སྨྱུང་གནས། བསང་མཆོད་བཅས་རྙིང་མ་པ་ཀུན་དང་མཐུན།

དགོན་པ་འདི་དང་མཆོད་ཡོན་གྱི་འབྲེལ་བ་ཡོད་པའི་ལྷ་སྡེ་ནི་སྟོང་འཁོར་སྙི་ཁོག་དང་། སྟོང་འཁོར་ཟླ་སྟོད། གསེར་རྟ་བཅས་ན་ཡོད།

གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་།

སྔ་འགྱུར་རྙིང་མའི་དགོན་སྡེ་ཆེན་པོ་དྲུག་གི་ཡ་གྱལ་དཔལ་རྒྱལ་བ་ཀཿཐོག་པའི་གུར་དཀར་མོའི་ཁྱོན་ཆེན་བཞིའམ་བསྟན་པའི་རྒྱལ་མཚན་བསྒྲེངས་པའི་དགོན་ཆེན་བཞིའི་ནང་ཚན་གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་ནི། ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོས་བོད་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་སྤྱི་ལོ་ ༡༦༦༤ ལོར་བཏབ་པའི་སྔ་འགྱུར་རྙིང་མའི་དགོན་པ་ཞིག་ཡིན། ཁོང་དང་པོར་གླང་བཞག་ལུང་ནང་གི་རི་ཁྲོད་དུ་བཞུགས། ཉིན་ཞིག་ལ་ར་མ་བྲག་དཀར་མཇལ་དུ་ཕེབས་པའི་གཞི་ཆེན་མདར་སླེབས་ཚེ་ནམ་ལངས་པ་ན་གཞི་ཆེན་ནང་དུ་ཕེབས། དེར་ཀུན་ཤེས་སྒོམ་ཆེན་རལ་པ་ཅན་བཞུགས་པ་ལ་མཇལ། དེས་འདིར་བཞུགས་ན་རྟེན་འབྲེལ་ལེགས་གསུངས། གཞན་ཡང་རྟེན་འབྲེལ་གྱི་ཆེད་དུ་སྒོམ་ཆེན་པས་མདའ་ཞིག་འཕངས་པ་ད་ལྟའི་གསེར་ཁང་ཡོད་སར་ལྷུང་བས་གཟིམ་ཆུང་དེར་བཞེངས། དེ་ནས་རིམ་གྱིས་དགོན་པ་ཆགས་ཟེར།

ནང་རྟེན་གྱི་སྐོར་ལ། མངའ་བདག་ཉང་ཉི་མ་འོད་ཟེར་གྱི་སྲས་ཆུང་བས་ཁྱེར་འོང་བའི་བཀའ་བརྒྱད་ཀྱི་ལི་སྐུ་གཏེར་མ་ཁྲུ་གང་བ། གུ་རུ་ཟ་ཧོར་མ། དུས་གསུམ་སངས་རྒྱས། བདེ་གཤེགས་སོ་ལྔ། ལྷ་མོ་དབྱངས་ཅན་མ། གུ་རུ་གཙོ་འཁོར་ལྔ། ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་རྒྱུ་གསེར་ཟངས་ལས་གྲུབ་པའི་ནང་རྟེན་རྩ་ཆེན་ཤིན་ཏུ་མང་། གནའ་དུས་སུ་སྟོང་འཁོར་ཞབས་དྲུང་མདོ་རྒྱུད་རྒྱ་མཚོས་གནང་བར་གྲགས་པའི་ཐུབ་པ་ཚུལ་ཁྲིམས་མ་ཞེས་པའི་རྟེན་ཁྱད་པར་ཅན་ཞིག་ཀྱང་ཡོད།

ཆོས་ཐོག་སྐོར་ལ། ཟླ་དང་པོའི་ཚེས་བརྒྱད་ནས་བཅོ་ལྔའི་བར་ཐུགས་རྗེ་ཆེན་པོའི་སྒྲུབ་མཆོད། གསུམ་པའི་ཚེས་བཅུ་གཉིས་ནས་བཅོ་ལྔ་བར་སྨན་བླའི་སྒྲུབ་མཆོད། བཞི་པའི་ཚེས་གཅིག་ནས་བཅུ་གཉིས་བར་ཚེས་བཅུ། དྲུག་པའི་ཚེས་བཅོ་ལྔ་ནས་བདུན་པའི་ཉེར་དགུ་བར་དབྱར་གནས། བརྒྱད་པའི་ཚེས་ཉེར་གཉིས་ནས་ཉེར་ལྔ་བར་གསོལ་ཁ་བསྐང་གསོ། བཅུ་པའི་ཚེས་བཅོ་ལྔ་ནས་བཅུ་གཉིས་པའི་ཚེས་བཅོ་ལྔ་བར་གྲྭ་མང་འདུ་ཁང་ནང་འཚོགས་ཏེ་ངག་བཅད་མཚམས་སྒྲུབ་གནང་། བཅུ་གཉིས་པའི་ཚེས་བཅུ་དགུ་ནས་ཉེར་དགུ་བར་དགའ་སྟོན་ཆེན་མོ་ཡིན།

རིག་འཛིན་མིང་ཅན་ཉག་ཁོག་ཏུ་ཕེབས་ནས་ཉག་དཔོན་མགོན་པོ་རྣམ་རྒྱལ་ལ་འཕྲུལ་བསྟན་ཏེ་དད་པ་ལ་བཀོད་པས། དེ་ལ་གཏང་རག་གི་ཚུལ་དུ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་ཀྱིས་གཞི་ཆེན་མདའ་ཚང་། མཚོ་འགོ་ཚང་། དགའ་སྟོན་གདོང་ཚང་། ཀུན་ཤེས་ཚང་། རྒྱལ་རོང་ཚང་། མཁར་ཚང་། གྲོང་སྨད་ཚང་བཅས་དུད་ཚང་བདུན་མཆོད་སྒམ་ཁུར་མིར་ཕུལ་ཟེར།

གཞི་ཆེན་དབོན་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་ནི། གསར་རྙིང་རིས་མེད་ཀྱི་བླ་སྤྲུལ་མང་པོའི་ཡབ་ཡུམ་གྱི་མཚན་དང༌། འཁྲུངས་ཡུལ། ལོ་རྟགས་སོགས་ལུང་བསྟན་རྩེ་མཐུན་བྱུང་བ་ལྟར་སྐུ་འཁྲུངས། ཆུང་ངུའི་དུས་ནས་གཞི་ཆེན་དགོན་དུ་གདན་འདྲེན་ཞུས། གཞི་ཆེན་རྒྱལ་སྲས་ཉི་ཟླ་བཟང་པོ་དང་བཻ་རོ་མ་འདས་སྤྲུལ་སྐུ་བློ་བཟང་དྲི་མེད་བསྟན་འཛིན་རྣམ་གཉིས་ནས་ཁྲུས་གསོལ་དང་ན་བཟའ་གསོལ་རྗེས་ཁྲི་འདོན་ཟབ་རྒྱས་བྱས། ཀཿཐོག་གཞི་ཆེན་གྱི་མ་དགོན་གསུམ་དང་བུ་དགོན་ཉེར་གཅིག་གི་བསྟན་པའི་རྒྱལ་མཚན་ཕྱག་ཏུ་གཏད། ཨ་ཁུ་རྒྱ་རོང་པ་སྐལ་བཟང་རྒྱ་མཚོ་ཞེས་དབོན་སྤྲུལ་སྐུ་གོང་མའི་ཞལ་སློབ། བླ་མའི་མཚན་ཁོ་ན་ལོ་གསུམ་དུ་བགྲང་པས་དོན་བརྒྱུད་ཀྱི་རྟོགས་པ་འཕོས་ཤིང་དགོངས་པའི་ཀློང་མཛོད་རྡོལ་བ་དེ་ཉིད་ཡོངས་འཛིན་དུ་བསྐོས། རྒྱལ་སྲས་ཉི་ཟླ་བཟང་པོའི་མདུན་ནས་བདུད་ཀློང་དང་འདོད་འཇོའི་བུམ་བཟང་སོགས་ཀྱི་དབང་ལུང་མཐའ་ཡས་པ་གསན་ཞིང་རྒྱལ་ཚབ་ཏུ་མངའ་གསོལ། ཤུགས་ཆུང་སྤྲུལ་སྐུ་ཚུལ་ལོ་རིགས་བདག་ཏུ་བཀུར་ཞིང༌། བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་ཐོག་མའི་ཆོས་འབྲེལ་དུ་གནང་བ་ནས་བཟུང་བཀའ་གདམས་གོང་མའི་རྣམ་ཐར་ལྷུར་བླངས་ཏེ་བླ་ཆེན་གྱི་ཆེ་ཚུགས་སྤངས། འབུལ་སྡུད་ཀྱི་བྱ་བ་བོར། འཚོ་བ་ངན་ངོན་ལ་བརྟེན། འདོད་ཆུང་ཆོག་ཤེས་ཀྱི་ནོར་དང་མི་འབྲལ། ཞི་དུལ་བག་ཡོད་ཀྱི་བཅས་པ་མི་ལྷོད་པར་ཆུང་ངུའི་དུས་ཀྱི་གྲུབ་ཐོབ་ཀྱི་སྤྱོད་པའང་མི་མངོན་པའི་ཚུལ་དུ་སྦས་སོ། །དུས་འགྱུར་སྐབས་གཞུང་ལུགས་ཐོས་བསམ་གནང་བའི་དགོངས་པ་བཞིན་རྒྱ་གར་ཤར་ཕྱོགས་སྦག་སར་ཁུལ་དུ་སེར་འབྲས་དགའ་གསུམ་གཙོ་བོར་བྱས་པའི་བཙན་བྱོལ་ཡོངས་ཀྱི་སློབ་གཉེར་ལྟེ་གནས་ཐོས་བསམ་ཐར་འདོད་གླིང་དུ་བཞུགས་ནས་སློབ་གཉེར་མཛད། ༸འཕགས་མཆོག་མིག་མི་འཛུམ་པ་བཅུ་བཞི་པ་ཆེན་པོའི་མདུན་ནས་དགེ་སློང་གི་སྡོམ་པ་མནོས་ཤིང་ཕམ་ལྷག་གི་སྐྱོན་གྱིས་མ་གོས་པའི་འདུལ་བ་འཛིན་པའི་མཆོག་ཏུ་བསྔགས་ཏེ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་སྤྲུལ་སྐུའི་གོ་གནས་གནང༌། རིམ་བཞིན་སྒོ་མང་གྲྭ་ཚང་སྤྲུལ་སྐུའི་མཚན་ཐོབ་ཀྱང་བཟུང༌ནའང་། མཁས་ཚུལ་གྱི་ཁེངས་པ་མི་ངོམ། བླ་ཆེན་གྱི་མིང་ལ་མི་ཞེན། བསགས་སྲུང་གི་ཐབས་ལ་མི་བརྩོན། ཆེན་པོའི་ངོ་འཛིན་མི་བྱེད། ལྟོ་སྐྱ་གོས་ཧྲུལ་གྱིས་རྒྱ་ཆེ་བ་མདོ་དང་ཟབ་མོ་སྔགས་ཀྱི་གཞུང་ལུགས་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་སྦྱང་བརྩོན་ལྷོད་མེད་བགྱིས་ཏེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། མཁས་བཙུན་བཟང་པོའི་སྙན་པ་ཕྱོགས་བཅུར་རྒྱས་ཤིང་གྲྭ་ས་སེར་འབྲས་དགའ་གསུམ་གྱིདགེ་བའི་བཤེས་གཉེན་ཀུན་གྱིས་གཙུག་གི་ནོར་བུར་བཀུར། ༸ལྷ་མིའི་རྣམ་འདྲེན་འཇིག་རྟེན་དབང་ཕྱུག་བཅུ་བཞི་པ་ཆེན་པོས་ཀྱང་བསྔགས་བརྗོད་ནོར་བུའི་ཕྲེང་བ་བར་མེད་དུ་བསྩལ་བ་དང༌། ཁྱད་པར་རྡོ་རྗེ་གླིང་འབྲུག་གསང་སྔགས་ཆོས་གླིང་དུ་འཇམ་དཔལ་མཚན་བརྗོད་ཀྱི་བཤད་ཁྲིད་བཀའ་དྲིན་སྩོལ་སྐབས་དབོན་སྤྲུལ་རིན་པོ་ཆེ་ནི་གསར་རྙིང་རིས་སུ་མ་ཆད་པའི་གཞུང་ལུགས་ལ་བྱང་ཆུབ་པའི་མཁས་པ་ཆེན་པོ་ཡིན་པས་ཁོང་ལྟ་བུ་འདི་ན་བཞུགས་སྐབས་འཆད་ཉན་ཡག་པོ་བྱེད་དགོས་གསུངས་པ་དང་། གཞན་དུ་དབོན་སྤྲུལ་རིན་པོ་ཆེ་ནི་ངའི་དམ་གཙང་གི་སློབ་མ་ཡིན་ལ་བླ་མ་ཡང་ཡིན། གྲོགས་པོ་ཡང་ཡིན། ངེས་པ་དོན་གྱི་དགེ་བཤེས་ཟེར་བ་དེ་ཁོང་རེད་གསུངས། རྒྱལ་བ་ཀརྨ་པས་བཀའ་བརྒྱུད་མཐོ་སློབ་ན་ལེནྡྲའི་དབུ་འཛིན་མཁན་པོར་གདན་འདྲེན་ཞུས་པ་དང༌། བདུད་འཇོམས་རིན་པོ་ཆེས་སྔ་འགྱུར་རྙིང་མའི་བཤད་གྲྭར་བཞུགས་སུ་གསོལ་བ་དང། གྲུབ་དབང་པདྨ་ནོར་བུས་རྣམ་གྲོལ་གླིང་གི་མཁན་པོར་ཕེབས་པར་བསྐུལ་བ་དང༌། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ཞེ་ཆེན་བཤད་གྲྭའི་མཁན་པོ་དང་རབ་འབྱམས་རིན་པོ་ཆེའི་ཡོངས་འཛིན་དུ་བཞུགས་པར་གསོལ་བ་སོགས་གངས་ལྗོངས་ཆོས་བརྒྱུད་ཆེན་པོ་བཞིའི་དབུ་འཛིན་ཕལ་མོ་ཆེས་སོ་སོའི་བསྟན་པའི་མཛེས་རྒྱན་དུ་མངའ་གསོལ་མཛད་ནའང་རྒྱལ་དབང་འབྲུག་ཆེན་རིན་པོ་ཆེའི་ཡོངས་འཛིན་དུ་བཞུགས་པ་དང་ཁོང་གི་མཆེད་གྲོགས་བཻ་རོ་སྤྲུལ་སྐུའི་ཆོས་དམ་དབང་བཞག་གིས་ནན་ཞུའི་དམ་ཚིག་གཉན་པོ་དང༌། ཁོང་རིན་པོ་ཆེའི་འཆད་རྩོད་དུས་ཚོད་གཞན་དབང་ཅན་དུ་གྱུར་པས་གང་དུ་ཡང་མ་ཕེབས་པར་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེར་རྒྱུན་དུ་བཞུགས་པར་མཛད། ཤིང་གླང་ ༡༩༨༥ ལོར་བོད་ཡུལ་དུ་ཕྱིར་ཕེབས་ནས་བསྟན་དགོན་ཡོངས་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་དགོན་མ་ལག་ཐམས་ཅད་ལ་དབང་ལུང་ཁྲིད་དང་གདམས་པ་མང་པོ་གནང་ཞིང་བཤད་སྒྲུབ་ཀྱི་བསྟན་པ་སླར་གསོ་མཛད། འབུལ་བའི་དངོས་པོ་ཐམས་ཅད་དགོན་པ་སོ་སོར་ཕྱིར་གནང་ཞིང༌། ས་གནས་སོ་སོའི་ནོར་ཕྱུགས་འབུལ་བ་ཡོད་ཚད་ཚེ་ཐར་བཏང་ཞིང་ཡུལ་སྡེའི་ཉམས་ཆུང་ཚོར་གནང་སྦྱིན་བསྩལ། ཁྱད་པར་རང་དགོན་སླར་གསོའི་ཆེད་དུ་དངོས་རྫས་ཕོན་ཆེན་བཏང་སྟེ་རང་ཉིད་བྱ་བྲལ་ཁོ་ནའི་སྤྱོད་པས་འཚོ་བར་མཛད། སྟོང་འཁོར་དགོན་པས་སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་ལ་རབ་བྱུང་གི་སྡོམ་པ་འབོག་པར་བསྐུལ་བར། བདག་འདྲ་བ་དམ་པ་འདིའི་མཁན་པོར་མི་འོས་ཀྱང་། ཐུགས་འདུན་དང་། བཀའ་བཟློག་མི་ཕོད་གསུངས་ནས་ཞལ་གྱིས་བཞེས་ཏེ་རབ་བྱུང་གི་སྡོམ་པ་གནང་། མཚན་ལ་ངག་དབང་བློ་བཟང་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཞེས་གསོལ་ཞིང་། འབྲལ་སྤང་གི་ཚུལ་དུ་ཐུབ་དབང་གི་སྐུ་རྩ་ཆེན་ཞིག་ཀྱང་གནང་།

གཞི་ཆེན་བཻ་རོ་རིན་པོ་ཆེ་ནི། དགུང་ལོ་བརྒྱད་ཀྱི་སྟེང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ལོ་ཙཱ་བ་བཻ་རོ་ཙ་ནའི་སྐྱེ་ཕྲེང་དུ་ངོས་འཛིན་མཛད། དུས་འགྱུར་སྐབས་འཕགས་ཡུལ་སོགས་སུ་ཕེབས། འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་བདག་རྒྱལ་བ་འབྲུག་ཆེན་རིན་པོ་ཆེ་འཇིགས་མེད་པདྨ་དབང་ཆེན་རིགས་སྲས་སུ་འཁྲུངས། བལ་ཡུལ་དུ་ཕེབས་ནས་བཽདྷའི་ཉེ་འཁྲིས་སུ་སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་བཏབ་སྟེ། གཞི་ཆེན་དགོན་གྱི་ཐུན་མོང་མ་ཡིན་པའི་ཚེས་བཅུ་སྒྲུབ་མཆོད་སོགས་ཆོ་ག་ཆོས་སྤྱོད། བཅའ་འབུད་རྡུང་གསུམ། གར་ཐིག་དབྱངས་གསུམ་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་མི་ཉམས་རྒྱུན་འཛིན་གནང་བཞིན་འཚོ་ཞིང་གཞེས་པའོ།།

གཞི་ཆེན་དགོན་འདི་ལ་དེ་དག་གིས་མཚོན་བླ་མ་སྤྲུལ་པའི་སྐུ་མང་དུ་ཡོད་ལ། བུ་དགོན་ཡང་ཉི་ཤུ་ལྷག་ཙམ་ཡོད་པར་གྲགས། མ་ཟད་གཞི་ཆེན་དགོན་འདི་ནས་ཕྱིས་སུ་མཆེད་པའི་འབུམ་བརྩེགས་དགོན་ཞེས་པ་བསླབ་པ་སློབ་གཉེར་གནང་ཡུལ་གྱི་དགོན་སྡེ་ཞིག་ཀྱང་གསེར་རྟའི་ཕྱོགས་སུ་ཡོད།

སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཞི་པ་ལ་༸གོང་ས་ལྔ་པ་ཆེན་པོ་དང་། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་སོགས་ཀྱིས་ཟི་ལིང་ཕྱོགས་ནས་མདོ་མཁར་སོགས་ས་ཆ་མང་པོ་ཆབ་འོག་ཏུ་གནང་རྗེས་ཟི་ལིང་སྟོང་འཁོར་དགའ་ལྡན་ཆོས་འཁོར་གླིང་བཏབ་པ་ནས་བཟུང་སྐུ་ཕྲེང་ལྔ་པའི་བར་ཁམས་སྟོང་འཁོར་དང་ཟི་ལིང་སྟོང་འཁོར་ཕན་ཚུན་གཉིས་ཀའི་བླ་མར་གྱུར་ཅིང་། ལྔ་པའི་ཡང་སྲིད་དུ་འདིར་འཇམ་དཔལ་དགེ་འདུན་རྒྱ་མཚོ་དང༌། ཟི་ལིང་དུ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་བཅས་སྐུ་སྐྱེ་གཉིས་འཁྲུངས་པ་ནས་ད་བར་བླ་མ་རེ་རེས་སྡེ་འབངས་སོ་སོར་སྐྱོང་བར་མཛད། ཡུལ་ཕྱོགས་འདིར་ཡང་དགོན་ཁག་ལྔ་ཡོད་པ་ལས་སྟོང་འཁོར་མ་དགོན་གསང་ཆེན་རྡོ་རྗེ་གླིང་དང་། བུ་དགོན་སྙི་བཀྲ་ཤིས་དར་རྒྱས་གླིང་དང་། ལུ་གུ་ཆོས་སྡེ་བཀྲ་ཤིས་འཁྱིལ་བཅས་གསུམ་ནི་གནའ་ནས་སྟོང་འཁོར་ཞབས་དྲུང་རིམ་བྱོན་གྱིས་སྒྲིགས་གཞི་དང་ལས་སྣེ་བསྐོ་འཇོག་ཚུན་ཆད་ལ་གཟིགས་སྐྱོང་གནང་སྲོལ་ཡོད།

དགོན་ལག་བཞིའི་ལོ་རྒྱུས་ཉུང་ངུ་འདི་གནའ་དུས་ཡི་གེར་འཁོད་པ་མདོར་བསྡུས་ཙམ་རེ་ལས་མི་སྣང་བས། ཕྲན་རང་ཆེད་དུ་གཉེར་ནས་དགོན་གནས་དེ་དང་དེར་སོང་སྟེ་བརྩད་གཅོད་སྐབས་དགེ་སློང་འགའ་རེའི་ངག་རྒྱུན་ལས་བཤུས་སོ།།


previous༡༽ སྟོང་འཁོར་ཡུལ་གྱི་དགོན་སྡེ་ཁག་དང་ཡུལ་བ་གཉིས་ཀྱི་བྱུང་རིམ་མདོ་ཙམ་བཤད་པ། next