Nitartha Digital Library
Tibetan
ཁམས་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་གིས་གཙོས་ཡུལ་དགོན་བདུན་གྱི་བྱུང་རིམ་རགས་ཙམ་བཀོད་པ་ལྷའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།།


   
  expand section
  collapse section
   
   
   
༣༽ སྟོང་འཁོར་རིགས་གསུམ་མགོན་པོའི་གནས་རིའི་སྐོར་བསྡུས་ཙམ་བཤད་པ།
   
   


 
previous༣༽ སྟོང་འཁོར་རིགས་གསུམ་མགོན་པོའི་གནས་རིའི་སྐོར་བསྡུས་ཙམ་བཤད་པ། next

༣༽ སྟོང་འཁོར་རིགས་གསུམ་མགོན་པོའི་གནས་རིའི་སྐོར་བསྡུས་ཙམ་བཤད་པ།

གཉིས་པ་ནི། སྐུ་བསྭོ་ཐོག་རྒྱལ་བའི་དབེན་གནས་ཞེས་མཆོག་དམན་ཀུན་ལ་ཉི་ཟླ་ལྟར་གྲགས་པའི་བར་ཁམས་སྟོང་འཁོར་ཡུལ་གྱི་གནས་མཆོག་འདི་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ནི། ཐོག་མར་གནས་སྒོ་འབྱེད་པ་པོ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་གཡུ་སྒྲ་སྙིང་པོ་ཡིན། དེ་ཡང་ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ནས་སློབ་མ་གཡུ་སྒྲ་སྙིང་པོ་དང་མཉམ་དུ་འདིར་ཕེབས་པའི་ཚེ་གཡུ་སྒྲ་སྙིང་པོས་གནས་སྒོ་ཕྱེ། བཻ་རོ་ཙ་ནས་གཡུ་སྒྲ་སྙིང་པོ་ལ་མ་འོངས་པ་ན་ཕྱོགས་འདིའི་འགྲོ་བ་རྣམས་ལུགས་གཉིས་ཀྱི་སྒོ་ནས་སྐྱོང་བའི་བདག་པོར་འགྱུར་བར་ལུང་བསྟན་མཛད། དཔོན་སློབ་གཉིས་ཀ་ཡུན་རིང་དུ་འདིར་བཞུགས་ནས་གནས་འདི་བྱ་བྲལ་བ་དང་གྲུབ་པ་ཐོབ་པ་སྟོང་གི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པར་མཛད། བཻ་རོའི་སྒྲུབ་ཕུག་ཆོས་གོས་འགེལ་ས་དང་བཅས་པ་ཡོད། སྤྱན་རས་གཟིགས་ཀྱི་གནས་ཀྱི་སྐོར་ལམ་ནང་དུ་ཕ་བོང་ཆེན་པོ་ཞིག་གི་ངོས་སུ་བྱ་ཆེན་པོ་ཞིག་གི་སྒྲོ་རྗེས་དང༌། ཕ་བོང་གི་འོག་ཏུ་རི་བོང་གི་རྣ་བ་གཉིས་དང་བཅས་མགོ་བོའི་རྗེས་གསལ་པོ་ད་ལྟར་ཡང་མཇལ་དུ་ཡོད་པ༌འདི་ནི། བཻ་རོ་དང་གཡུ་སྒྲ་གཉིས་ཀྱིས་གནས་ཀྱི་སྐོར་ལམ་གསར་དུ་བཏོད་པའི་ཚེ་གྲུབ་པའི་རྟགས་མཚན་གསལ་བར་བསྟན་པའི་རྗེས་ཡིན་འདུག དེ་ཡང་གཡུ་སྒྲས་རི་བོང་དུ་སྤྲུལ་ཏེ་ཕེབས་པ་ལ་བཻ་རོས་གླག་ཏུ་སྤྲུལ་ནས་དེད་པས་རྗེས་ཟིན་པ་ན་རི་བོང་ཕ་བོང་གི་གམ་དུ་བྲོས་པ་གླག་གིས་ཀྱང་དེར་བདས་པའི་རྗེས་ཡིན་གསུངས། དེའི་སྔོན་ནས་གུ་རུ་རིན་པོ་ཆེས་འགྲོ་བ་འདྲེན་པའི་དོན་དུ་གཏེར་གནས་བརྒྱ་དང་བརྒྱད་དུ་ཟབ་གཏེར་བརྒྱ་དང་བརྒྱད་མཛད་པ་དང༌། གནས་ཆེན་བརྒྱ་དང་བརྒྱད་དུ་སྤྲུལ་པ་གྲངས་མེད་འགྱེད་དེ་བྱིན་རླབས་མཛད་པའི་གྲས་ཡིན་པ་དང༌། ཕྱིས་སུ་མགོན་པོའི་གྲུབ་བརྙེས་དྷི་རི་ཆོས་གྲགས་ཁྱི་ཐུལ་བ། སློབ་དཔོན་དགའ་རབ་རྡོ་རྗེ། ལྷ་ལུང་དཔལ་གྱི་རྡོ་རྗེ། ཀུན་གཟིགས་༸པཎ་ཆེན་བཅུ་པ་མཆོག ༸ཞབས་དྲུང་རིམ་བྱོན། ཡོངས་འཛིན་གླིང་རིན་པོ་ཆེའི་སྐུ་ཕྲེང་གཉིས་པ་ལྡན་ཆོས་འཁོར་སྤྲུལ་སྐུ། ལམ་བྲག་རིན་པོ་ཆེ་རིམ་བྱོན། བྲག་དཀར་པཎྜི་ཏ། མཁར་གསར་རིན་པོ་ཆེ་རིམ་བྱོན། མཁན་ཆེན་འཇིགས་མེད་ཕུན་ཚོགས། ར་འཕྲོ་མཁན་པོ་ལེགས་བཤད་རྒྱ་མཚོ་སོགས་དངོས་སུ་ཞབས་བཅགས་མཛད་མྱོང་བ་དང༌། ལྷག་པར་ཡོངས་གྲགས་ལྟར་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་བཀུམས་ནས་ཁམས་ཕྱོགས་སུ་བྲོས་པའི་སྐབས་སུ་གནས་ཆེན་འདིའི་འཇམ་དབྱངས་རིའི་མཐོ་ཞིང་ངོས་གཟར་བའི་བྲག་དཀྱིལ་ཆེས་ཤིན་ཏུ་བགྲོད་དཀའ་བའི་བྲག་ཕུག་ཏུ་འཚོ་གནས་མཛད་དེ་སྒོམ་སྒྲུབ་དང༌མཆོད་རྟེན་བཞེངས་གནང་མཛད། དེ་ཡང་རྗེས་སུ་འཐོར་བཤིག་ཏུ་གྱུར་ནས་སྨད་ཙམ་ད་ལྟའང་ལུས་ཡོད་པ་མཇལ་ཐུབ། བྲག་ཕུག་དེར་བགྲོད་དཀའ་བས་ཉེ་ཆར་བགྲོད་ཐུབ་པ་སུ་ཡང་བྱུང་མྱོང་མེད། དེའི་དབང་གིས་མཆོད་རྟེན་དེ་ད་དུང་ཡང་བསྐྱར་གསོ་བྱེད་མ་ཐུབ་པར་འཐོར་བཤིག་ཏུ་ལུས་ནས་ཡོད། དེ་ནི་ལྷ་ལུང་དཔལ་རྡོར་གྱིས་སྒྲིབ་སྦྱང་ཆེད་གནས་ཆེན་བརྒྱ་དང་བརྒྱད་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པའི་གྲས་ཡིན། རྗེ་ཟླ་བ་རྒྱལ་མཚན་གྲྭ་ས་ནས་ཕྱིར་ཕེབས་མཛད་དེ་གནས་འདིའི་ཕྱག་རྡོར་རི་ངོས་ཀྱི་བྲག་ཕུག་ཏུ་སྒྲུབ་པ་ཉམས་ལེན་ཡུན་རིང་དུ་གནང་བས་ད་ལྟའང་ཟླ་བའི་ཕུག་པ་ཞེས་གྲགས་ནས་ཡོད། མ་ཟད་ཞབས་དྲུང་དང་པོ་རྗེ་ཟླ་བ་རྒྱལ་མཚན་གྱིས་སྟོང་འཁོར་དགོན་ཕྱག་མ་བཏབ་སྔོན་དུ་གནས་འདིའི་མདུན་གྱི་སྨན་ཆུ་ནད་རིམས་ཀུན་སེལ་ནས་གུ་རུའི་སྐུ་རྒྱུ་རྡོ་ལས་གྲུབ་པ། སྐུ་དབྱིབས་ཤིན་ཏུ་ལེགས་པ། སྐུ་ཚད་མཐོ་གང་ཙམ་ཡོད་པ། སྤུས་ཚད་ངོ་མཚར་བ། ཕྱག་མཚན་ཁ་ཊྭཱཾ་ག་མེད་པ་ཞིག་གཏེར་ནས་བཞེས་ཏེ། ཐུགས་ལ་ཕྱག་འདེབས་འགྱུར་གྱི་དགོན་གནས་དེ་གསར་རྙིང་གང་ལེགས་ཞིབ་བརྟག་གི་རྟེན་འབྲེལ་དུ་ལེགས་པར་དགོངས་སོ། །ཞབས་དྲུང་ཟླ་བ་རྒྱལ་མཚན་མ་ཟད་སྐུ་སྐྱེ་རྗེས་མ་རྣམས་ཀྱིས་ཀྱང་འདིར་རི་ཁྲོད་བཏབ་ནས་སྒྲུབ་པ་ཉམས་བཞེས་མཛད་ཡོད། ཞབས་དྲུང་གོང་མ་ལྔ་པ་ཆེན་པོ་འདིར་ཕྱག་དང་པོ་ཕེབས་སྐབས་སྐུ་འཁོར་རྣམས་ཀྱིས་སྐུ་གོང་མ་ཐམས་ཅད་ཀྱིས་འདིར་ཞབས་རྗེས་སོགས་གྲུབ་རྟགས་རེ་བསྟན་པས་ཁྱོད་ཀྱིས་ཀྱང་བསྟན་དགོས་ཚུལ་ཞུས་པས། ཞབས་དྲུང་གིས། སློབ་དཔོན་རིན་པོ་ཆེ་དང༌རྗེ་རིན་པོ་ཆེ་དག་གིས་བོད་ལུང་ཁོག་རྡོ་ལུས་པ་མེད་པར་ཞབས་རྗེས་འཇོག་ཐུབ་པ་ལ་ཅིའི་ཕྱིར་མ་བཞག་ཅེས་བཀའ་བཀྱོན་དང་བཅས་ཞབས་སར་བརྡབས་ཏེ་ཞབས་རྗེས་འཇོག་མྱོང་། ཞབས་དྲུང་དགུ་པས་གནས་འདིར་བདེ་མཆོག་བསྙེན་སྒྲུབ་དང༌། འཕོ་སྦྱངས་སྐབས་ལྟས་དང་རྟེན་འབྲེལ་ངོ་མཚར་བ་བྱུང༌། ཞབས་དྲུང་གོང་མ་ལྔ་པ་ཆེན་པོ་དང༌། གཏེར་ཆེན་ཆོས་རྒྱལ་གླིང་པ་སོགས་ཀྱིས་ཀྱང་ཟབ་གཏེར་བཞེས་ཏེ་སྒྲུབ་གནས་སུ་བྱིན་གྱིས་བརླབས་པར་ཞབས་དྲུང་དྲུག་པའི་གནས་ཡིག་ཏུ་འཁོད་ཡོད། སྤྱི་ལོ་ ༡༩༨༦ ཟླ་ ༨ ཚེས་ ༢༡ ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཡོངས་འཛིན་དང་བཅས་ཆེད་དུ་གཉེར་ནས་གནས་འདིར་ཞིབ་གཟིགས་སུ་ཕེབས། གནས་དང་། རྣམ་འདྲེན་ལྔ་པའི་སྐུ་བརྙན་ཞིག་གསོ་ལེགས་གྲུབ་བྱུང་བ་ལ་བརྟན་བཞུགས་རབ་གནས། བསང་མཆོད་སོགས་མཛད། མང་ཚོགས་ལ་གནས་རི་སྲུང་སྐྱོབ་དགོས་པའི་བཀའ་སློབ་ནན་ཏན་ཆེན་པོས་གསུངས། ཡོངས་འཛིན་རྒྱ་ཡག་རིན་པོ་ཆེས། དུང་དཀར་རིགས་གསུམ་མགོན་པོ། །བཀྲ་ཤིས་གནས་ལ་ཆགས་ཡོད། །པཎ་ཆེན་སྣང་བ་མཐའ་ཡས། །མི་འཇིགས་གདན་ལ་བཞུགས་ཡོད། །ཅེས་པ་ལྗགས་རྩོམ་གནང༌། དེ་ལྟར་རྣམ་གཉིས་ཀྱིས་གནས་འདིར་བྱིན་རླབས་ཀྱི་མེ་ཏོག་གཏོར་མྱོང༌། ཡང་དེ་གའི་དགུན་དུས་སུ་མཁན་པོ་འཇིགས་མེད་ཕུན་ཚོགས་དང་། མཁས་དབང་ཚུལ་ཁྲིམས་བློ་གྲོས་སོགས་སྐུ་འཁོར་རྣམས་བསྟན་འགྲོའི་དོན་ཆེན་བསྒྲུབ་སླད་དུ་ཞབས་བསྐྱོད་གནང་ནས་གནས་དེའི་ནོར་བུ་ཁུག་ཏུ་ཞག་ཁ་ཤས་བཞུགས་འཇགས་བསྐྱངས། ཞབས་དྲུང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་ཐུབ་བསྟན་འཇིགས་མེད་དཔལ་བཟང་པོ་དང་སྤྱན་གཟིགས་གནས་ཀྱི་སྒྲུབ་ཕུག་ཆེན་པོའི་བྱམས་ཁང་སྟེང་མཇལ་འཕྲད་ཟབ་རྒྱས་གནང་། ཐུགས་ཡིད་གཅིག་ཏུ་གྱུར། སྐལ་ལྡན་གྱི་ཕོ་མོ་རྒན་གཞོན་དུ་མར་དགེ་བསྙེན་དང༌། དགེ་ཚུལ་སློང་བསྒྲུབས་པ་སོགས་བསྟན་འགྲོར་སྨན་པའི་ཐབས་ཚུལ་མཛད། ཁྱད་པར་འཇམ་དབྱངས་རིའི་གཤིན་རྗེ་ཚེ་བདག་སྒྲུབ་ཕུག་ནས་ཟབ་གཏེར་བཞེས་པའི་ལོ་རྒྱུས་ཡོད། གླིང་གེ་སར་གྱིས་བདུད་འདུལ་བ་ལ་རྗེས་དྲན་ཞུས་པ་སོགས་སོ་སྐྱེ་རང་ག་བའི་བློ་ལ་མི་ཤོང་བ་ལྟ་བུའི་མཛད་རྣམ་བསྐྱངས་ཡོད། བྱ་ལོར་ཁོང་ཉིད་འཁོར་བཅས་ལྕོག་རི་དགོན་དུ་ཕེབས་ཞོར་ལན་གཉིས་པར་ཕྱག་ཕེབས་གནང༌། གནས་བར་མའི་རྩེར་ཐུགས་ངལ་བསོ་ཞིང་ཐུགས་སྨོན་གང་རྒྱས་མཛད། དེ་ལྟར་གནས་འདིར་བྱིན་རླབས་ཀྱི་གྲུ་ཆར་སྔ་ཕྱི་ལན་གྲངས་དུ་མར་ཕབ་ཡོད། གནས་འདི་སྟོང་འཁོར་དགོན་རང་གིས་གནའ་ནས་ད་བར་རི་རྒྱ་ཀླུང་རྒྱ་བསྡམས་པ་དང༌། གནས་གྱི་སྐོར་ལམ་ནང་ནས་ཤིང་གཅོད་མི་དང་བྱི་བ་རི་དྭགས་གསད་མི་ཞེས་ལྷ་ལ་བཀའ་བསྒོ་གཉེར་གཏད་མཛད་པ་སོགས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བདག་གཉེར་བྱས་ཡོད། གནའ་དུས་སུ་གནས་སྲུང་གཅིག་དང་གནས་ཀྱི་རི་ཁྲོད་སྐུ་གཉེར་གཅིག་སྟེ་གྲྭ་པ་གཉིས་རེ་འཇོག་སྲོལ་ཡོད་པ་དང༌། དེང་སང་གནས་སྲུང་གྲྭ་པ་གཅིག་རྒྱུན་སྡོད་བྱས་ཡོད། ལོ་རེའི་ཕག་ཟླའི་བཅུ་གསུམ་དང༌། དྲུག་པའི་ཚེས་བཞི་ལ་གྲྭ་མང་བསང་མཆོད་དུ་ཕེབས་ནས་མནོལ་བསང་སོགས་ཕུལ་དགོས་པ་དང༌། ཁྱད་པར་དྲུག་པའི་ཚེས་གསུམ་བཞིའི་སྐོར་ལ་ཡུལ་དགོན་མང་མ་འཛོམ་སར་བླ་མ་ཕར་ཕྱིན་ཚང་གིས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་གཙང་སྦྲའི་ཐད་ནས་ཁྲིམས་གཏམ་ཕུལ་བའི་ཐོག་གང་ཕྱོགས་ལ་ལྟ་རྟོག་མཛད་སྲོལ་ཡོད། དཀར་མཛེས་རྫོང་གིས་ས་ཁམས་བརྟག་དཔྱད་ལ་ཁ་གཡར་ཏེ་གནས་ཀྱི་ཀླུ་ཡི་བང་མཛོད་སོགས་ལ་གཏོར་བཤིག་ཤུགས་ཆེན་ཞིག་གི་གྲབས་གཤོམ་བྱས་ཀྱང་བསྭོ་ཐོག་མདའ་དང་གུག་ར་བ་མི་མང་གིས་དཔུང་ཤུགས་དང༌། སྔོན་པཎ་ཆེན་རིན་པོ་ཆེ་གནས་འདིར་གདན་འདྲེན་ཞུས་ཐུབ་པ་ལ་བརྟེན་གནོད་རྐྱེན་མ་ཐེབས་སོ།། གནས་འདིའི་སྐོར་རྒྱས་པ་མཁྱེན་འདོད་ན། གཏེར་སྟོན་ཆོས་རྒྱལ་གླིང་པས་གཏེར་ནས་དྲངས་པའི་གནས་ཡིག་དང་། རིགས་གསུམ་མགོན་པོའི་གནས་ཡིག་གསལ་བྱེད་མེ་ལོང་། ཞབས་དྲུང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོས་མཛད་པའི་གནས་ཡིག ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་མཛད་པའི་གནས་ཡིག མ་ཎི་པ་ཙནྡྲ་དྷྭ་ཛ་འམ་སྐུ་ཕྲེང་དང་པོ་སྟོང་འཁོར་ཟླ་བ་རྒྱལ་མཚན་གྱིས་མཛད་པའི་སྟོང་འཁོར་གནས་ཡིག་བཅས་སུ་གཟིགས་པར་འཚལ།

སྨྲས་པ།

དམ་པ་དུ་མའི་སྒྲུབ་གནས་བྱིན་ཆགས་ཤིག །

རིན་ཆེན་གཏེར་ཁ་ཕོན་ཆེའི་བང་མཛོད་ཅིག །

སྐལ་ལྡན་ཕྱག་བསྐོར་ཟམ་མི་ཆད་པ་ཞིག །

ཉམ་ཐག་ནད་པའི་སྲོག་སྐྱོབ་འདི་ཀོ་རྨད།།

དེ་ལྟར་གནས་རིའི་སྐོར་རོབ་ཙམ་ཞུས་ཟིན་པའི་ཞར་ལ་གནས་དེར་ཆགས་པའི་ཇོ་མོ་དགོན་གྱི་སྐོར་ཅུང་ཙམ་བརྗོད་ན། དེ་ཡང་སྟོང་འཁོར་གནས་ནང་ཇོ་མོ་དགོན་ནི། བྲག་དཀར་བླ་མ་བྱམས་པ་རབ་བརྟན་བྱང་ཆུབ་ཆོས་རྒྱལ་གྱིས་སྟོང་འཁོར་བསྭོ་ཐོག་གནས་ཀྱི་ཉེ་འདབས་དབེན་ལུང་ནང་དུ་ཕྱག་བཏབ། དེར་རྐུན་ཇག་ཧ་ཅང་མང་སྟབས་གཟིག་གདོང་གི་ཉེ་འདབས་གད་ཙི་ལ་སྤོས། དུས་འགྱུར་སྐབས་སྤྱི་བྱིངས་ལྟར་དགོན་དེ་ཡང་ཐོར་ཞིག་ཏུ་སོང་། སླར་སྤྱི་ལོ་ ༡༩༩༠ ལོར་སྐུ་བསྭོ་ཐོག་རྒྱལ་བའི་དབེན་གནས་སུ་སྤོས་ནས་རིམ་བཞིན་འདུ་ཁང་དང་སྡོད་ཤག་སོགས་གསར་བསྐྲུན་བྱས་ཤིང། བྲག་དཀར་རིན་པོ་ཆེ་བསྟན་འཛིན་བློ་བཟང་སྙན་གྲགས་ལ་སོགས་པའི་ཐུགས་རྗེ་བཀའ་དྲིན་གྱི་འོག་ནས་ད་ཆར་དགེ་ཚུལ་མ་ཇེ་མང་དུ་སོང་བ་རྣམས་ཀྱིས་ཡི་གེ་འབྲི་ཀློག་ནས་བཟུང་སུམ་རྟགས་དག་གསུམ་དང་། རྒྱལ་བའི་གསུང་རབ་ཀུན་གྱི་གནད་བསྡུས་པ་ལམ་རིམ་སོགས་ལ་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད།

དུས་མཆོད་སྐོར་ལ། ཟླ་དང་པོའི་ནང་སྨན་བླ་མདོ་ཆོག་ཉིན་བདུན། ཟླ་གསུམ་པའི་ནང་བླ་མ་མཆོད་པའི་ཚོགས་མཆོད་ཉིན་བདུན། ཟླ་བཞི་པའི་ནང་སྨན་བླ་ཉིན་བདུན། རེ་འགར་ཟླ་ཕྱེད་བར་ཚོགས། ཟླ་བརྒྱད་པའི་ནང་བདེ་མཆོག་གི་ཆོ་ག་ཉིན་འགའ་ཚོགས། མདོར་ན་ལོ་གཅིག་གི་ཟླ་རེའི་ཚེས་བརྒྱད་དང་བཅོ་ལྔ། ཉེར་གཉིས། ཉེར་དགུ་བཅས་ལ་ཚོགས་འཁོར་རྒྱུན་དུ་ཚོགས་བཞིན་པ་སོགས་ཀྱིས་བྲག་དཀར་རིན་པོ་ཆེའི་ཕྱག་བཞེས་རྣམས་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད།


previous༣༽ སྟོང་འཁོར་རིགས་གསུམ་མགོན་པོའི་གནས་རིའི་སྐོར་བསྡུས་ཙམ་བཤད་པ། next