Nitartha Digital Library
Tibetan
ཁམས་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་གིས་གཙོས་ཡུལ་དགོན་བདུན་གྱི་བྱུང་རིམ་རགས་ཙམ་བཀོད་པ་ལྷའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།།


   
  expand section
  collapse section
   
   
   
   
༤༽ དཔོན་རབས་རིམ་བྱོན་གྱི་སྐོར་དང་འབྲེལ་ཏེ་དེ་དག་གི་སྐབས་སུ་འཕོ་འགྱུར་ཇི་ལྟར་བྱུང་ཚུལ་སྐོར་བཤད་པ།
   


 
previous༤༽ དཔོན་རབས་རིམ་བྱོན་གྱི་སྐོར་དང་འབྲེལ་ཏེ་དེ་དག་གི་སྐབས་སུ་འཕོ་འགྱུར་ཇི་ལྟར་བྱུང་ཚུལ་སྐོར་བཤད་པ། next

༤༽ དཔོན་རབས་རིམ་བྱོན་གྱི་སྐོར་དང་འབྲེལ་ཏེ་དེ་དག་གི་སྐབས་སུ་འཕོ་འགྱུར་ཇི་ལྟར་བྱུང་ཚུལ་སྐོར་བཤད་པ།

གསུམ་པ་དཔོན་རབས་རིམ་བྱོན་གྱི་སྐོར་དང་འབྲེལ་ཏེ་དེ་དག་གི་སྐབས་སུ་འཕོ་འགྱུར་ཇི་ལྟར་བྱུང་ཚུལ་སྐོར་བཤད་པ་ནི། ཡུལ་འདིར་སྔོན་གྱི་དཔོན་རབས་ཇི་ལྟར་བྱོན་ཚུལ་སྐོར་ཆ་ཚང་ཞིག་ཡི་གེར་འཁོད་པ་མི་སྣང་བས་རང་སྟོབས་ཀྱིས་འབྲི་བར་མི་སྤོབས་ཀྱང༌། ཡིག་རྙིང་འགའ་རེ་ལས་ཐོར་བུ་ཕྱོགས་བསྡུས་ཀྱིས་གཞིར་བྱས། ངག་རྒྱུན་ཁུངས་ཐུབ་ངེས་འགའ་རེས་ཁ་སྐོང་དང་བཅས་ཞིབ་འཇུག་གིས་གོང་འོག་བསྒྲིགས་ནས་འདིར་ཅུང་ཙམ་འགོད་པ་ལ། ཡུལ་འདིར་མི་གྲོང་ཐོག་མར་ཆགས་པ་ནས་བཟུང་དཔོན་པོ་བྱུང་མོད་ཀྱང་། དེ་དག་གི་ལོ་རྒྱུས་མི་སྣང་བས་རེ་ཞིག་བཞག །རྗེ་ཟླ་བ་རྒྱལ་མཚན་དབུས་ཕྱོགས་གྲྭ་ས་ནས་ཕྱིར་ཕེབས་མཛད་རྗེས་བོན་ཁང་སྒང་གི་སློབ་དཔོན་ལ་གནས་གཡར་ཞུས་པས་གཡར་ཁང་རི་སུལ་དབེན་གནས་འདེབས་ཡུལ་དུ་ཕུལ་བ་དང༌། བོན་དགོན་ཡོངས་ཀྱི་སྤྱི་དཔོན་ལྟ་བུ་བོན་ཁང་སྒང་ཚང་ཡིན་པར་གསུངས་པ་སོགས་ལ་དཔག་ན། སྐབས་དེར་ཡུལ་འདིའི་སྤྱི་དཔོན་ལྟ་བུ་བོན་གྱི་སློབ་དཔོན་དེ་ཡིན་ནམ་སྙམ། བོན་ཁང་སྒང་ཚང་གིས་དབེན་གནས་གདབ་ཡུལ་ཕུལ་སྐབས་གོང་གསལ་རྣམ་ཐར་ལྟར་རྟེན་འབྲེལ་ལེགས་འགྲིགས་བྱུང་བའི་དུས་དེ་ནས་བཟུང་ཡུལ་འདིའི་མི་རྣམས་རྗེ་ཟླ་བ་རྒྱལ་མཚན་གྱི་ཆབ་འབངས་སུ་འདུ་བའི་འགོ་བརྩམས། ཞབས་དྲུང་བཞི་པའི་སྐུ་དུས་ཤིག་ལ་ཨ་མདོའི་ཕྱོགས་ནས་སྔོན་རོང་བུ་ལོང་བའི་ཕའི་བརྒྱུད་པ་ཚ་བ་དང་ཨ་སྐྱ་ཟེར་བའི་དཔོན་གཉིས་ཡུལ་འདི་དབང་བསྒྱུར་འདོད་ཀྱིས་རིམ་བཞིན་འཁོར་ཏེ། རྗེ་ཟླ་བ་རྒྱལ་མཚན་དང་སྐུ་བརྒྱུད་གཅིག་སྟབས་དེའི་དཔོན་བརྒྱུད་ལ་འཚོ་ཐབས་ཀྱིས་བསྡད། འོན་ཀྱང་ཕན་ཚུན་ཀུན་སྲིད་དབང་ལ་མོས་པས་གཞི་རྩ་དེས་ཚ་བ་དང་ཨ་སྐྱ་ཟེར་བའི་དཔོན་གཉིས་དང༌། གཉུག་མར་གནས་པའི་དཔོན་བརྒྱུད་དག་ནང་མ་འཆམས་པར་རྩོད་གླེང་གི་གཞི་ཇེ་ཆེར་སོང༌། མཐར་ནང་ཁུལ་དུ་ཟིང་འཁྲུགས་མང་ཙམ་བསླངས་པ་ལ། ཞབས་དྲུང་བཞི་པས་ཟི་ལིང་དང་མཚོ་སྔོན་ཕྱོགས་ནས་རྩོད་གླེང་དང་འཐབ་འཛིང་མི་རིགས་ཚུལ་གྱི་ཕྱག་བྲིས་ལན་འགར་བཏང་གནང་མཛད་ཀྱང་ཕན་འབྲས་མ་བྱུང་བ་ལ་འདི་ཕྱོགས་སུ་དངོས་ཕེབས་ཀྱིས་འདུམ་འགྲིག་མཛད་དགོས་བྱུང༌། ཁོང་ཡང་རྒྱུན་བཞུགས་ལྟ་བུ་མཛད་ས་ཟི་ལིང་ཕྱོགས་སུ་ཡིན་ཡང་སྐབས་དེར་བསྟན་འགྲོའི་དོན་ཆེན་ཐུགས་ལ་དགོངས་ཏེ་ལོ་ཁ་ཤས་བར་ཁམས་སྟོང་འཁོར་དུ་བཞུགས་འཇགས་བསྐྱངས། དེའི་ཚེ་སྙི་བའི་སྟོད་གྲ་མདའ་ནས་སྨད་རྒྱ་མདའི་བར་གྱི་དཔོན་གཡོག་ཚང་མས་འགོ་གཏད་ཞུས་ཏེ་བཀྲ་ཤིས་དར་རྒྱས་གླིང་ཕྱག་བཏབ། དེ་ནས་བཟུང་སྙི་བ་སྟོད་སྨད་ཚང་མ་ཞབས་དྲུང་འདིའི་ཆབ་འབངས་སུ་འདུས། ཆོས་སྲིད་ལ་རང་དབང་བདག་ཐོབ་འབད་མེད་དུ་བྱུང༌། སྙི་སྐུ་ཚབ་ཅེས་པ་མངགས་སྲོལ་ཆགས། འདིའི་སྙི་བ་ལ་སྟོང་འཁོར་སྙི་བ་ཞེས་གྲགས། འདིར་བཞུགས་སྐབས་སུ་ཚ་བ་དང་ཨ་སྐྱ་གཉིས་ཀྱི་བརྒྱུད་པ་དཔོན་པོ་ཧ་ར་བཀའ་བཅུ་དང༌། རབ་འབྱམས་པ་སྦྱིན་པ་རྒྱ་མཚོ་ཟེར་བ་བྱུང་ཡོད་ལ། འདིར་བཞུགས་ནས་ལོ་ཤས་སོང་རྗེས་ཤར་ཕྱོགས་ནས་གདན་འདྲེན་པ་བྱུང་བས་ཧ་ར་དཀའ་བཅུ་བླ་བྲང་གཟིམ་ཆུང་དུ་སྐུ་ཚབ་ལ་བཞག སྦྱིན་པ་རྒྱ་མཚོ་ཞབས་ཕྱི་ལ་ཁྲིད་དེ་ཤར་ཕྱོགས་སུ་ཆིབས་བསྒྱུར་གནང༌། དེའི་ཚེ་གུ་ཤྲཱི་ཧན་གྱིས་ལྷ་ལྡན་ནས་ཞབས་དྲུང་ལ་མདོ་མཁར་དགོན་གསར་དུ་མཚོ་ཁའི་སྒར་གྱི་གཞི་མ་རྣམས་གསར་སྤོ་མཛད་དགོས་པའི་བཀའ་ཤོག་བསྩལ་དོན་བཞིན་སྦྱིན་པ་རྒྱ་མཚོས་དེར་གཙོ་འགན་བཞེས་ནས་ཞབས་དྲུང་དམུ་དགེར་ལོ་དྲུག་བཞུགས་རིང་ལེགས་གྲུབ་མཛད་རྗེས་ཞབས་དྲུང་གདན་ཞུས་བྱས་ནས་རབ་གནས་ཀྱི་དགའ་སྟོན་རྒྱ་ཆེར་སྤེལ། ཞབས་དྲུང་གིས་སྐུ་ཚབ་འཇོག་དོན་ལྟར་དཔོན་པོ་ཧ་ར་བཀའ་བཅུས་ཁམས་སྟོང་འཁོར་དུ་ཆོས་སྲིད་ཟུང་གི་གཙོ་འགན་བཞེས་ཤིང་། སྟོབས་ཤུགས་ནུས་གསུམ་འཛོམས་པའི་ཐོག་ནས་ཡུལ་དགོན་སྡེ་བདུན་བདག་པོ་བྱས་ཡོད། དེ་ནི་སྟོང་འཁོར་ཡུལ་སྤྱི་ལ་དབང་བའི་དཔོན་པོར་གྱུར་ཡོད་པར་མངོན་དེ། ཧོར་ནམ་མཁའ་རྒྱལ་མཚན་གྱིས་སྟོད་རྫ་ཁོག་མན་ཆད་ནས་སྨད་རྟའུ་ཡན་ཆད་མངའ་འོག་ཏུ་བསྡུས་ཀྱང་སྟོང་འཁོར་དེའི་མངའ་འོག་ཏུ་མ་འདུས་པར་ལུས། སྐབས་ཤིག་ལ་ཧོར་ནམ་མཁའ་རྒྱལ་མཚན་གྱིས་སྟོང་འཁོར་མངའ་འབངས་སུ་བསྡུ་དགོས་སྙམ་ནས་དམག་ཚོགས་བསྡུས་ནས་སྟོང་འཁོར་དམག་གིས་དབང་དུ་བསྡུ་བའི་གྲབས་གཤོམ་བྱེད་སྐབས། འདིའི་སྐུ་གཉེར་ཞིག་གི་མནལ་ལམ་དུ་མི་ཁྲབ་ཅན་ཞིག་གིས་གློ་སྙིང་ཞིག་ཁྱེར་ནས་མཆོད་སྟེགས་སྟེང་འཕངས་པ་རྨིས་པས་ཕྱི་ཉིན་ལ་ཁྲག་ཏིང་ཕོར་གང་མངོན་སུམ་དུ་ཡོད། དེའི་ནུབ་ཏུ་དཔོན་དེ་སྐུ་གཤེགས་པའི་ལོ་རྒྱུས་སྔོན་གྱི་ཡིག་རྙིང་ལ་འཁོད་ཡོད་པ་དང༌། ཧ་ར་དཀའ་བཅུ་རང་ཉིད་ཀྱང་དཔའ་མཛངས་ལྡན་པའི་དབང་གིས་སྟོང་འཁོར་གྱི་ས་ཆའི་རྒྱ་ཁྱོན་ཆེན་པོར་བསྐྱེད་ནས་རང་དབང་བདག་ཐོབ་གཙང་མ་བྱུང་ཡོད། ཏོ་ལོ་ཐང་ས་འབུར་གྱི་སྟེང་དང༌། ཁུ་རིའི་ལ་རྒན་དང༌། ཟླའི་ཐང་དཀར་མ་དང༌། རྒྱུ་མཚེར་ཞིང་ཁ་སོགས་ཕྱོགས་བཞིར་ཁམས་སྟོང་འཁོར་གྱི་ས་མཚམས་ཡིན་པའི་རྡོ་རིང་རྒྱ་བོད་གཉིས་ཀྱི་ཡི་གེར་ཡོད་པ་དག་བསླངས་པར་མཛད། དེ་ནི་ལོ་རྒྱུས་ཡིག་རྙིང་ལས་བྱུང་བར་མ་ཟད་ཕར་ཕྱིན་འཛིན་གྲྭའི་ཁྲིམས་གཏམ་དུ་གནའ་ནས་ད་བར་སྐྱ་སེར་གཉིས་ཀྱི་རྣ་ལམ་དུ་བསྒྲགས་དང་སྒྲོག་བཞིན་པ་འདི་རེད། དེ་ལྟར་དཔོན་པོ་ཧ་ར་དཀའ་བཅུ་ཟེར་བ་ནི་ཡུལ་འདིའི་དཔོན་རབས་སྔ་རྗེས་བར་གསུམ་ལས་ཆབ་སྲིད་མངའ་ཐང་དཔུང་སྟོབས་གང་ཐད་ནས་མི་དམན་པ་ཞིག་ཏུ་གྱུར། ཞབས་དྲུང་བཞི་པ་མྱ་ངན་ལས་འདས་རྗེས་སུ་ཧ་ར་དཀའ་བཅུ་དང་སྦྱིན་པ་རྒྱ་མཚོ་གཉིས་ཀྱིས་ཞབས་དྲུང་ལྔ་པ་སྐུ་བདག་དང་གོང་མའི་གསེར་ཁྲིར་མངའ་གསོལ་མཛད། ཁྱད་པར་ཞབས་དྲུང་ལྔ་པ་སྐུ་ན་ཕྲ་བའི་སྐབས་སུ་སྐུ་མདུན་དུ་གསོལ་དཔོན་གྱི་ཚུལ་དུ་བཞུགས་ནས་ཞབས་ཕྱི་ལེགས་བསྒྲུབས། ཧ་ར་དཀའ་བཅུ་འདས་རྗེས་ཞབས་དྲུང་ཡང་འདིར་མི་བཞུགས་སྟབས། རྡོ་དོ་ཚང་། བསྭོ་ཐོག་མདའ་ཚང་། འབྲུ་ཡག་ཚང་། འབུམ་མདོ་ཚང་དེ་རྣམས་ཀྱིས་བླ་བྲང་གི་མངའ་འོག་ནས་བུད་དེ་སྟོབས་ཤུགས་ཆེ་ཆུང་དང་རང་རང་གི་སྡེ་རྩོད་བྱས་ཏེ་ཟིང་འཁྲུགས་རིམ་བཞིན་བསླངས། འདི་དག་གིས་འཐབ་འཛིང་དགོས་དོན་གཙོ་བོ་ནི་སྟོང་འཁོར་ཡུལ་དགོན་གཉིས་ལ་དབང་སྒྱུར་འདོད་ཀྱི་དོན་རྐྱེན་ལས་བྱུང་བར་མངོན། དམེ་འཁྲུགས་དུ་མ་བྱས་མཐར་ཁག་སོ་སོར་ཡུལ་གྱར་དགོས་ཐུག ཞབས་དྲུང་ལྔ་པ་ཤར་ཕྱོགས་ནས་འདིར་ཆེད་དུ་གཉེར་ནས་ཕེབས་ཏེ། ཡུལ་གྱར་བ་རྣམས་ཕྱིར་བོས་ནས་སྡེ་ཇི་ལྟར་འཚམས་པ་རེ་གནང་ནས་བླ་བྲང་གི་ཆབ་འོག་ཏུ་ཕྱིར་བཅུག་སྟེ་ཞི་བདེ་ལ་བཀོད། དེ་ནས་བཟུང་དེང་སང་གི་བར་དུ་རྡོ་དོའི་དཔོན་ཚང་། འབྲུ་ཡག་དཔོན་ཚང་། འབུམ་མདོའི་དཔོན་ཚང་། བསྭོ་ཐོག་མདའ་ཚང་ཞེས་གྲགས་པ་འདི་རྣམས་བྱུང་བ་ཡིན་པར་སེམས། སྐྱེ་འཕྲེང་ལྔ་པ་འདི་གོང་མ་རྣམས་དེ་ཕྱོགས་སུ་འབྲེལ་ཆེ་བ་དང༌། ཀུན་མཁྱེན་གཉིས་པ་དང་ཁུ་ཚན་ཡིན་པ་དང༌། རང་གི་འཁྲུངས་ཡུལ་ཡང་ཡིན་པའི་དབང་གིས་ལྷ་ལྡན་དུ་ཡང་མ་ཕེབས་པར་རྒྱུན་དུ་ཟི་ལིང་ཕྱོགས་སུ་བཞུགས། འདིར་བསྐོས་མི་བཅོ་བརྒྱད་ཟེར་བའི་གྲས་ནས་སྐུ་ཚབ་རེ་མངགས་གཏོང་མཛད་ཀྱང་ཐམས་ཅད་ས་ཆུ་རྒྱུས་མེད་ལྟ་བུ་ཡིན་པའི་དབང་གིས་འོག་གི་དཔོན་ཆུང་རྣམས་ཀྱིས་བརྙས་བཅོས་དང་རྩིས་མེད་ཁོ་ན་བྱས་ཏེ་རིམ་གྱིས་དཔོན་མགོ་ལས་གཡོག་མགོ་མཐོ་བར་གྱུར། དར་ཧན་དཔོན་པོའི་སྐབས་སུ་མཚོ་སྔོན་དུས་འགྱུར་བྱུང་སྟེ་མདོ་ཁམས་ཐམས་ཅད་རྒྱའི་ས་སྒོ་འོག་ཏུ་ཚུད། དེའི་ཚེ་འདིར་སྐུ་ཚབ་ཨེར་ཁེར་དཔོན་པོ་ལ་དམག་གནང་ནས་དཔོན་ཆུང་རྣམས་དེའི་དབང་འོག་ཏུ་བསྡད་དགོས་པར་བཤད་ཀྱང༌། ཇི་བཞིན་མ་བྱུང་བར་རིམ་གྱིས་རྒུད་དེ་འོག་སྡེ་ཤོག་ཁག་མང་པོ་དཔོན་ཆུང་རྣམས་ཀྱིས་བཙན་དབང་གིས་འཕྲོགས། ཨེར་ཁེར་དམག་དཔོན་ལ་རྟ་སྒ་འཇོག་མི་རེ་དང་ཉིན་གཅིག་ཙམ་ལ་འགྲོ་གྲོགས་རེ་ཡང་རྙེད་དཀའ་བ་དང༌། ཟས་གོས་ཡན་ཆད་ལ་དཀའ་ངལ་བྱུང་ནས་ཉམས་དམས་པར་གྱུར། དཔོན་ཆུང་རྣམས་ཀྱིས་འཚེ་བ་ཧ་ཅང་ཆེ་སྟབས་མངའ་འོག་འདུས་པ་རྣམས་ཀྱང་རྒྱུ་མགོ་ལྟ་ཞོག་སྲོག་མགོ་ཡང་མི་ཐོན་པ་ལྟ་བུར་གྱུར་པའི་དབང་གིས་མང་པོ་ཞིག་ཡུལ་གྱར་དགོས་ཐུག །ཤུལ་དུ་ལུས་པ་རྣམས་ཀྱང་དགུ་གཏོར་དང་སྨོན་ལམ་སོགས་དུས་ཆེན་སོ་སོའི་སྐབས་སུ་ལམ་ཟུར་ནས་མ་གཏོགས་དཀྱིལ་ནས་འགྲོ་མི་ཕོད་པའི་ཚོད་དུ་གདའ། རང་རང་གིས་སྐུ་རིམ་སྒྲུབ་ཚེ་ཡང་ཡས་མས་ནས་རྟ་པ་ཞིག་ཡོང་བ་མཐོང་མ་ཐག་རྔ་སྦུབ་རྡུང་འཕྲོ་གཅོད་དགོས་པ་དང༌། མདང་མཚན་ལ་རྐུན་མས་བརྒྱབ་སོང༌། མཛོ་མོ་བཤས་སོང༌། ར་ལུག་བཤས་སོང༌། བརྒྱབ་སོང་དེད་སོང་ཟེར་བ་སོགས། གནོད་འཚེའི་ཁྲོད་དུ་རང་དབང་མེད་པར་དུས་འགྱུར་ཆེན་པོའི་སྐབས་ལྟར་གྱུར་ནས་དུས་རེ་ཞིག་སོང་ཡོད་པ་བཻཌཱུརྱ་མེ་ལོང་དང་ཞབས་དྲུང་དྲུག་པའི་རྣམ་ཐར་ལ་གསལ། དེ་ཡང་དཔོན་པོ་ཧ་ར་དཀའ་བཅུ་འདས་གྲོངས་སོང་ནས་དྲུག་པས་སྐུ་དབང་མ་ཟིན་བར་ཡུལ་འདིར་རྙོག་གྲ་རིམ་པ་བསླངས་ཏེ་ཞི་བདེ་མེད་པར་གྱུར་ཡོད། དྲུག་པ་སྐུ་ན་ཕྲ་བའི་སྐབས་སུ་འབྲུ་ཡག་དཔོན་ཚང་ལ་སོགས་པའི་དཔོན་ཆུང་རྣམས་ཕན་ཚུན་ཤིན་ཏུ་མི་མཐུན་ཞིང་ནང་ཆེན་གྱི་ཁ་འོག་ཏུ་མི་སྡོད་པར། སྡེ་དགེ། ཁྲོ་སྐྱབས། ཧོར་སོགས་ཀྱི་དཔོན་གཞན་དང་གཞན་ལ་འགོ་གཏད་དང་རྒྱབ་དཔུང་བྱས། བླ་མ་དང་དགོན་གནས་ལ་ལོག་སྒྲུབ་འབའ་ཞིག་བྱས། དྲུག་པ་སྐུ་བདག་དང༌། གོང་མའི་ཁྲི་ལ་མངའ་གསོལ་བྱེད་གྲབས་ཀྱི་ཚེ་ཡུལ་སྡེ་སྤྱི་ནས་བླ་མ་ལ་དད་པ་ཤིན་ཏུ་ཆེ་བས་དགོན་པར་བཞུགས་ན་སྙམ་པའི་འདུན་མོས་ཤུགས་དྲག་ཡོད་ཀྱང༌། དཔོན་ལ་ལས་ཁས་ལེན། ལ་ལས་ཁས་མི་ལེན་པས་ཐམས་ཅད་གྲོས་མཐུན་མ་བྱུང་བར་མ་ཟད། དཔོན་ཆུང་འགའ་རེ་ཞེ་ནག་པ་དང༌གདུག་རྩུབ་ཆེ་སྟབས། ན་ཤི་སོགས་བྱུང་ཚེ་ཕྱི་ཚུལ་གུས་པ་ལྟར་བྱེད་ཀྱང་དེ་མིན་གཞན་གྱི་ཚེ་གནོད་སྐྱེལ་ཅི་ཐུབ་བྱེད། དེ་དུས་སུ་ཁམས་སྟོང་འཁོར་དང༌། ཟི་ལིང་སྟོང་འཁོར་ཏེ། སྟོང་འཁོར་ཕན་ཚུན་གཉིས་སུ་སྤྲུལ་སྐུ་རེ་འཁྲུངས་ཡོད་སྐབས་ཡིན་པས། བྱང་ཕྱོགས་ཟི་ལིང་སྟོང་འཁོར་ནས་ཀྱང་གོང་མའི་ལུང་བསྟན་དང་ཐུགས་བསྐྱེད་ལྟར་སྟོང་འཁོར་ཕན་ཚུན་གཉིས་སུ་ཡང་སྲིད་རེ་ཕེབས་འོང་བ་མ་ཤེས་པར། ཁམས་སྟོང་འཁོར་ཤོར་དོགས་ཀྱིས་སྡེ་དགེ་རྒྱལ་པོ་ལ་འདིར་བླ་མ་ཁྲི་འདོན་བྱེད་མི་ཆོག་པ་ཡང་ཡང་བསྐུལ་བ་ལ་བརྟེན། འདིའི་དཔོན་ཆུང་དག་གིས་ཀྱང་སྡེ་དགེ་རྒྱལ་པོ་ལ་ངོ་འཛིན་བྱས་ཏེ་བླ་མ་ཁྲི་འདོན་བྱེད་པ་ལ་དགག་ངན་པ་སྣ་ཚོགས་བྱེད་པ་དང༌། རང་འདོད་རྔམས་པའི་ཧོར་དང་ཁྲོ་སྐྱབས་ཀྱི་དཔོན་དག་གིས་ཀྱང་མི་ངན་གདུག་རྩུབ་ཅན་རྣམས་ཀྱི་རྒྱབ་སྐྱོར་ཤུགས་ཆེར་བྱས་པའི་རྐྱེན་གྱིས་ཡུལ་དགོན་མང་པོ་བློ་གཟུར་གནས་དང་བསམ་བཟང་ཅན་རྣམས་ཀྱིས་རང་ཚུགས་ཐུབ་དཀའ་བ་ཙམ་ལས་ཡང་སྲིད་གསེར་ཁྲིར་མངའ་གསོལ་བ་ལ་ཐབས་ཤེས་ནུས་གསུམ་ཡོངས་སུ་བྲལ། དེའི་རྐྱེན་གྱིས་ཁམས་སྟོང་འཁོར་གྱི་བློ་གཟུར་གནས་རྣམས་དང་འཇམ་དཔལ་དགེ་འདུན་རྒྱ་མཚོའི་ཡབ་སོགས་ལྕང་སྐྱ་རོལ་པའི་རྡོ་རྗེའམ་ཡེ་ཤེས་བསྟན་པའི་སྒྲོན་མེ་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་བར་དར་མདོར་ཕེབས་པའི་སྐུ་དྲུང་དུ་བཅར་ནས་ལོ་རྒྱུས་རྣམས་སྙན་སེང་ཞུས། ལྕང་སྐྱ་རིན་པོ་ཆེས་ཞབས་དྲུང་གོང་མ་རྣམས་བསྟན་པའི་རྩ་ལག་དམ་པ་ལགས་པས་རྒྱལ་བ་ཡབ་སྲས་ཀྱིས་སྐུ་ངོས་འཛིན་དགོས། ད་ལྟར་རྒྱལ་བ་རིན་པོ་ཆེ་མི་བཞུགས་ཀྱང་པཎ་ཆེན་རིན་པོ་ཆེར་ཐུགས་བརྟག་ཞུས་ན་ལེགས་ཚུལ་བཀའ་གནང་བ་དང་ཆབས་ཅིག ཡབ་ལ་པཎ་ཆེན་མདུན་དུ་འབུལ་རྒྱུའི་ཕྱག་བྲིས་ཀྱང་བསྩལ། དར་མདོའི་རྒྱ་དཔོན་ལ་སྤྲུལ་སྐུ་འདི་གཞན་གྱིས་བཙན་དབང་དང་ཤེད་ཁྱེར་མི་བཅུག་པར་ལྟ་སྐྱོང་ཡག་པོ་དགོས་པར་བཀའ་བསྒོ་མཛད། དེས་ནི་སྤྲུལ་སྐུ་ཚང་ཐུགས་གསོས་ཅུང་བདེ་བ་བྱུང༌། དེ་ནས་མི་སྣ་གོ་ཆོད་འགའ་ཞིག་གིས་པཎ་ཆེན་རིན་པོ་ཆེའི་མདུན་དུ་ཐུགས་བརྟག་ཞུས་པས་ཞབས་དྲུང་གི་སྐུ་སྐྱེ་འཁྲུལ་མེད་ཡིན། ཁྱེད་ཀྱི་བླ་མ་རྣམས་ཁམས་སོགས་ཀྱི་མི་སེམས་ཆུང་བློ་གྲོས་དམན་པའི་བུར་སྐྱེ་བས་ལན་ཞེས་བཀའ་བཀྱོན་ཡང་གནང༌། དེ་དང་གཅིག་མཚུངས་སུ་ཕུར་བུ་ལྕོག་ནས་ཀྱང་ཡང་སྤྲུལ་འཁྲུལ་མེད་དུ་ཞལ་བཞེས་གནང༌། འོན་ཀྱང་དེང་སང་རང་རེ་ལྟར། དེ་སྐབས་ཀྱི་མི་དཔོན་ཕལ་ཆེ་བ་ནི་རང་གི་འདོད་པ་ལྟར་མ་བྱུང་ཚེ་རྒྱལ་བ་ཡབ་སྲས་ཀྱི་བཀའ་ཡང་མི་བརྩི་བའི་ཚོད་དུ་སྣང༌། ཡིན་ནའང་ཉི་ཤར་སྦར་མོས་མི་ཁེག་ཟེར་བ་བཞིན་ཞབས་དྲུང་སྐུ་བསོད་དབང་ཐང་ཇེ་རྒྱས་དང་ཇེ་དར་ལ་སོང་སྟེ་དབྱར་མཚོའི་དཔལ་ལ་འགྲན་བཟོད་པར་གྱུར་ཏེ་གོང་མའི་གསེར་ཁྲི་མཐོན་པོ་ལ་མངའ་དབང་བསྒྱུར། འཇིག་རྟེན་གྱི་དཔེར། བསམ་པ་གཞན་ལ་ངན་ན། སྦྱོར་བ་རང་ལ་འཁོར་ཟེར་བ་ལྟར། སྐྱེས་བུ་དམ་པ་ལ་ལོག་སྒྲུབ་མཁན་རྣམས་ཇེ་རྒུད་སོང་ནས་མཐར་རང་གིས་རང་བརླག་པར་གྱུར། དེའི་སྐབས་སུ་ཞབས་དྲུང་གི་སྐུ་བསོད་དབང་ཐང་ལ་བསམ་སྦྱོར་ལོག་པར་སྒྲུབ་མཁན་རྣམས་ནི་ཟླ་ཁོག་པ་རྣམས་ཡིན་ཏེ། ཞབས་དྲུང་དྲུག་པ་དབུས་སུ་ཕེབས་ཁར་སྙི་ཕྱོགས་སུ་ཕེབས་པའི་ཚེ་ཟླ་ཁོག་པས་བྱེད་སྟངས་བཞིན་མིན་པར་ངེད་ཅག་གི་བཀའ་བཞིན་སྒྲུབ་ཡོད་པས་ཐུགས་བརྩེས་མ་བོར་བར་སླར་རང་ཡུལ་དུ་ཕེབས་དགོས་ཞེས་ཞུ་བ་ཕུལ་བ་ལྟར་རོ། །

སྤྱི་ལོ་ ༡༧༨༣ ལ་ཞབས་དྲུང་དྲུག་པ་རྒྱ་ནག་ནས་ཕྱིར་ཕེབས་གནང་ཚེ། གོང་མའི་སྐུ་ཚབ་ཨེར་ཁེར་དཔོན་པོས་ཐམ་ཁ་དང་དབང་ཆ་བླ་མ་ཉིད་ལ་ཕུལ། དེའི་ཕྱི་ལོའི་ཟླ་བ་དང་པོར་གོང་མ་ནས་མངགས་པའི་ཤན་ཐེ་ཧུ་འཁོར་བཅས་ཁམས་སྟོང་འཁོར་དུ་སླེབས། རྡོ་དོ། འབྲུ་ཡག བསྭོ་ཐོག་མདའ། འབུམ་མདོ་སོགས་སྟོང་འཁོར་ཡུལ་དགོན་སྡེ་བདུན་ལ་བླ་མ་ཉིད་ཀྱིས་དབང་བསྒྱུར་བ་ལས་གཞན་སུས་ཀྱང་དབང་བསྒྱུར་མི་ཆོག་པ་དང༌། ཟི་ལིང་སྟོང་འཁོར་དང༌། ཁམས་སྟོང་འཁོར་གཉིས་བླ་མ་སོ་སོས་དབང་བསྒྱུར་བ་ལས་སུས་ཀྱང་རྩོད་གླེང་བྱེད་མི་ཆོག་པའི་བཀས་བཅད་དམ་བསྒྲགས་མཛད། དེའི་རྗེས་ནས་ཝ་སྐྱེས་ཀྱིས་གདོང་ལྔའི་ང་རོ་མི་བཟོད་པ་བཞིན་སྟོང་འཁོར་ཕན་ཚུན་བར་གྱི་རྩོད་གླེང་དང༌། ཁམས་སྟོང་འཁོར་ནང་སྡེ་དག་གི་རྩོད་གླེང་རྣམས་ཞི་ནས་སྟོང་འཁོར་ཕན་ཚུན་བླ་མ་སོ་སོའི་འབངས་སུ་གྱུར་པ་དང༌། དཔོན་ཆུང་རྣམས་ཀྱང་སྟོབས་ཤུགས་ཉམས་ནས་སྔར་སྐུ་ཕྲེང་དྲུག་པས་སྡེ་ཆུང་རེ་གནང་ཡོད་པ་དག་ཀྱང་དབང་བསྒྱུར་མི་ཆོག་པར་རིམ་གྱིས་ཕྱིར་བླ་མའི་མངའ་འོག་ཏུ་འདུས།

གོང་གི་དཔོན་ཆུང་རྣམས་ལས་བསྭོ་ཐོག་མདའ་ཚང་ཅུང་མི་ཤུགས་རྒྱུ་སྟོབས་འཛོམ་པ་ཡིན་སྙམ། གང་ཞེ་ན། ལོ་རྒྱུས་ཡི་གེ་མིག་སྔར་མ་སོན་ཡང་ཟེར་སྲོལ་ཞིག་ལ་གོང་མའི་དམག་གིས་བསྭོ་ཐོག་མདའ་ཚང་གི་ཁང་པ་གཏོར། སྐུ་གསུང་ཐུགས་རྟེན་དང་ཤིང་ཆ་རྣམས་དགོན་པ་ལ་ཕུལ། མི་རྣམས་རྒྱ་ཡུལ་དུ་བཙན་ཁྲིད་བྱས་པ་དང༌། གནའ་དུས་སུ་འདུས་ཁང་སྦུག་གི་ལྷ་སྐུ་ཆེ་གྲས་བར་བར་དུ་བསྭོ་ཐོག་མདའ་ཚང་གི་ཡིན་ཟེར་བའི་སྐུ་ཆུང་ངུ་མང་ཙམ་ཡོད་པ་དང༌། དེ་བཞིན་གཏོར་ཁྲི་བྱ་རྒྱུའི་ཀ་གཞུ་མང་པོ་ཡོད་པ་དང༌། མ་ཟད་གནའ་ནས་ད་བར་གཏོར་རྒྱག་བྱེད་ས་འདི་ཡང་དེ་ཚང་གི་ཁང་ཤུལ་ཡིན་པ་རྣམས་རྒན་རབས་དག་གིས་ངག་རྒྱུན་ལ་གཅིག་མཚུངས་སུ་གསལ་བས་སོ། །

འབྲུ་ཡག་དཔོན་མེད་པར་གྱུར་ཚུལ་གྱི་ངག་རྒྱུན་ཞིག་ཀུན་ལ་རླུང་ལྟར་དུ་གྲགས་པ་བདེན་མིན་ཆ་མ་མཆིས་ཀྱང་འདིར་འགོད་ན། ལྕགས་མཁར་མ་བཙུགས་སྔོན་དུ་ཡིན་ནམ་འབྲུ་ཡག་དཔོན་སྤུན་མཆེད་གཉིས་སྟོང་འཁོར་བླ་བྲང་གིས་འདིར་འོང་དགོས་ཚུལ་གྱི་འབོད་པ་བཏང་བས། བསྭོ་ཐོག་མདའ་རྭ་གྱོང་ལ་ནས་ཡར་སོང་སྐབས་སུ་རྒན་མོ་ཕྱུགས་གཅིག་ཁོ་ན་དེད་པ་ཞིག་གིས་གནས་ཚུལ་ཚོར་ཚར་བས། འདི་གཉིས་ཁ་ཁྲག་དོང་ནང་དུ་འགྲོ་བ་ཨེ་ཡིན་ཞེས་གསང་བརྡ་བསྟན་པ་དེ་གཉིས་ཀྱིས་ཤེས་ཀྱང་མ་ཉན་པར་ཕོ་བྲང་དུ་རྒྱུགས། སྐབས་དེར་ཕོ་བྲང་ནས་བསྒུགས་ཟིན་པས་གཅིག་ཁོང་ཁྲོ་དྲག་ཏུ་སྐྱེས་ནས་ཤི་བས་མི་སྔོན་རྟ་སྔོན་ཞིག་དང༌། གཅིག་བྲོས་ཞོར་དུ་ཤི་བས་མི་དཀར་རྟ་དཀར་ཞིག་ཏུ་སྐྱེས་སོང་བར་གྲགས། དེ་ནས་གཅིག་འབྲུ་ཡག་གྲོང་དང༌། གཅིག་འོག་ཟླའི་གྲོང་གིས་གཞི་བདག་གི་ཚུལ་དུ་བསྟེན་གསོལ་བྱེད་པའི་སྲོལ་གནས་པར་མ་ཟད་ཞབས་དྲུང་རྣམས་ཀྱིས་དེ་དག་ལ་བསྐང་གསོ་དང་འབྲེལ་བའི་ཚོགས་མཆོད་དང༌། བསང་ཡིག་རྣམས་མཛད་ཡོད། གནའ་དུས་འབྲུ་ཡག་གྲོང་སྤྱི་ཚོགས་པའི་དབུས་སུ་མི་ཞིག་ལ་ལྷ་ཆས་ཀྱིས་སྤྲས་ཏེ་སྤྱན་འདྲེན་གཏོང་ཚེ་ལྷ་བབ་ནས་ཐོག་ཏུ་བབ་པའི་ལུང་བསྟན་གནང་བ་ཡོད་ཀྱང་། བར་སྐབས་ཤིག་ནས་སྔོན་ལྷ་བབ་སའི་མི་དེས་མི་ཞིག་བསད་རྗེས་མེད་པར་གྱུར་པར་གྲགས། དུད་ཚང་ཞིག་ལ་འབྲུ་ཡག་གླིང་དུ་རྡོ་ལེབ་ཆེན་པོ་མཐའ་ནས་རྩྭ་སྔོན་པོ་སྐྱེས་ཡོད་ས་ཞིག་ལ་ཁྱོད་ཚོས་རྡོ་འབུམ་ཞིག་བཞེངས་པར་གྱིས་དང་། ཁྱོད་ཚོ་མི་དར་རྒྱུ་དར་ཞིག་ཡོང་བར་འགྱུར་ཞེས་ལུང་བསྟན་ཐོག་བབས་གནང་མྱོང་བ་ནི་ལྷ་བབ་པ་དངོས་མཐོང་བྱུང་བའི་མི་དངོས་ཀྱིས་བདག་ལ་དེ་འདྲ་རེད་གསུངས། ལྕགས་མཁར་སྐབས་ཚེས་ཉེར་དགུ་ཉིན་བླ་བྲང་གིས་ཉི་རྟགས་བལྟས་ཏེ་བསྒྲལ་ཆོག་བྱེད་པ་ནི་འབྲུ་ཡག་དཔོན་ཆུང་བསད་པའི་ཉི་རྟགས་ལ་ལྟ་བ་ཡིན་པར་བཤད།

རྡོ་དོའི་དཔོན་ཤུལ་མེད་དུ་འགྲོ་ཚུལ་ནི་སྟོང་འཁོར་ཚང་གིས་སྡེ་དགེ་ལ་དཔུང་བཅོལ་བྱས་པས་སྡེ་དགེའི་དམག་འོངས། གཡོ་འཕྲུལ་གྱིས་ཐོག་མར་ཆུ་བཅད་པ་སོགས་ཐབས་བཀོད་སྣ་ཚོགས་པས་ཕམ་པར་བྱས་ཏེ་མཐར་བུ་གཅིག་མ་གཏོགས་ཐམས་ཅད་བསད་དེ་ཁང་པ་མེས་བསྲེགས་སོ། །

པཎ་ཆེན་དཔལ་ལྡན་ཡེ་ཤེས་དང༌། ལྕང་སྐྱ་རོལ་པའི་རྡོ་རྗེ་རྣམ་གཉིས་ཀྱི་བཀའ་དྲིན་ལས་ཞབས་དྲུང་དྲུག་པས་གོང་མ་ཆན་ལུང་གི་གསེར་ཞལ་མཇལ་ཕྱིན་ཆད་ཡུལ་དགོན་ཐམས་ཅད་མངའ་འོག་ཏུ་འདུས་ནས་ལུགས་གཉིས་ལ་དབང་འབྱོར་ཞིང་། བདེ་འཇགས་དང་མཐུན་ལམ་གྱིས་གཞི་བཟུང་བའི་རྫོགས་ལྡན་གསར་པ་ཞིག་འདྲེན། ཞབས་དྲུང་བདུན་པ་དགུང་གྲངས་བཅུ་གཉིས་སྐབས་མི་དབང་ཆོས་མཛོད་ཀྱིས་སྙི་དར་རྒྱས་གླིང་གི་ཕོ་བྲང་དུ་སྤྲུལ་སྐུ་གཉིས་པ་ཞིག་ངོས་འཛིན་ནས་བཞག་སྟེ། གདན་ས་ཕན་ཚུན་འདྲ་མཉམ་དང་། སྤྲུལ་སྐུ་གཉིས་སྔ་ཕྱི་མ་གཏོགས་ཁྱད་མེད་ཟེར་ནས་གླེང་གཞི་ཆེ་བར་བྱུང་ཡང་། དེའི་སྐབས་ལྕགས་མོ་དགེ་བཤེས་ནས་ལུང་བསྟན་གནང་བ་ལ། སྤྲུལ་སྐུ་ཅིག་ཤོས་ཀྱིས་ཁྱོད་ཀྱི་འཕྲིན་ལས་ལ་གནོད་མི་ནུས་གསུངས་པ་ལྟར་མི་རིང་བར་ལུང་བསྟན་ཐོག་བབས་བྱུང་ངོ་། །ད་ལྟའང་ཨ་རི་རྭ་རྒྱ་སྤྲུལ་སྐུ་ཟེར་བ་དེ་ནི་རྗེ་རིན་པོ་ཆེའི་མ་ཡུམ་དང་སྐུ་རྒྱུད་གཅིག་ཡིན་ཟེར་ནས་སྐྱེ་ཕྲེང་སྔ་རྗེས་ཀུན་དར་རྒྱས་གླིང་ཚང་གིས་གདན་འདྲེན་ཞུས་ཏེ་འབྲེལ་བ་བྱེད་ས་ཞིག་ཡིན། ཞབས་དྲུང་བདུན་པ་དགུང་ལོ་བཅོ་ལྔ་ལ་ཕེབས་དུས་སུ་དྲུག་པའི་སྐུ་རྒྱབ་ཆོས་མཛོད་དང་ཀུན་དགའ་སྤུན་མཆེད་གཉིས་ཀྱིས་དམག་དཔུང་ཤུགས་ཆེན་བཤམས་ནས་གཡུལ་འགྱེད་བྱས་ཏེ་སྟོང་འཁོར་སྟོད་ནས་གྲོང་ཚོ་ཁ་ཤས་བཙན་ཤེད་ཀྱིས་དབང་དུ་བསྡུས། དགོན་པ་ལ་སོགས་པ་ཐམས་ཅད་གྲོས་མཐུན་གྱིས་གནད་དོན་དེ་སྡེ་དགེ་རྒྱལ་པོ་ལ་སྙན་སེང་ཕུལ་བས། དེས་སོག་མོ་གཉེར་བ་བསམ་གཏན་ལ་རོང་དམག་སྟོང་མ་ལོན་ཙམ་དང༌། ཡ་འགོ་དཀར་མ་ལ་བྱང་དམག་སྟོང་མ་ལོན་ཙམ་ཁྲིད་བཅུག་ནས་ཡུལ་འདིར་མངགས་ཏེ་གཡུལ་འགྱེད་བྱས་ཀྱང་རྒྱལ་ཁ་མ་ཐོབ་པས་རྗེ་ཉིད་སྡེ་དགེར་ཡར་དྲངས་ཏེ་དམག་ཕྱིར་ལོག །དེ་ནས་བླ་བྲང་དང་ཆོས་མཛོད་བར་གྱི་གནས་ཚུལ་ཛ་དྲག་ཅན་དུ་གྱུར་ནས་རིང་ཙམ་འགོར། རྗེ་འདི་སྐུ་ནར་སོན་སྐབས་གྱོད་གཞི་ཞི་འཇགས་ཐད་ནན་ཏན་གནང་སྟེ། ཤེས་ལྡན་འགའ་གྲོགས་སུ་བཙལ་ནས་ཕན་ཚུན་འདུམ་འགྲིག་མཛད། འགྲིག་ཐབས་བརྟན་བརླིང་ཡོང་ཆེད་བསྭོ་ཐོག་གནས་མདུན་དུ་ཕན་ཚུན་ཀུན་ལ་བྲོ་བོར་བྱེད་བཅུག་ཡོད། མི་དབང་ཆོས་མཛོད་ནི་ཕོ་བྲང་དུ་བཞག་ནས་ཕྱི་ནང་གི་ཁྲིམས་གང་ལ་ཡང་ཐབས་མཁས་ཀྱིས་ལྟ་སྐྱོང་གནང་བཅུག དཔོན་མོ་ཆོས་མཚོ་ཟེར་བ་ཕྱག་རྫས་གང་ཡོད་བླ་མའི་དོན་དུ་ཟད་པར་མཛད་པ་ཡེ་ཤེས་མཁའ་འགྲོའི་སྤྲུལ་པར་གྲགས་པ་ཞིག་ཡོད་ལ། དེ་ནི་ཞབས་དྲུང་བདུན་བརྒྱད་གཉིས་ཀའི་སྐབས་སུ་ཡོད་པ་ཞབས་ཕྱི་ཆེ་བ་ཞིག་རེད། སྤྱི་ལོ་ ༡༨༦༡ ལ་ཞབས་དྲུང་བརྒྱད་པ་དགུང་གྲངས་བརྒྱད་སྐབས་སུ་ཉག་སྐེད་དཔོན་མགོན་པོ་རྣམ་རྒྱལ་གྱིས་ཉག་ཁོག་སོགས་དབང་བསྒྱུར་སྐབས་ཞབས་དྲུང་དཔོན་གཡོག་བརྒྱ་ཕྲག་ཙམ་གྱིས་འགོ་ལོག་ཕྱོགས་སུ་དྲངས་པའི་གྲ་སྒྲིག་བྱས་ཀྱང༌། གློ་བུར་དུ་ཉག་སྐེད་ཀྱི་དམག་དཔུང་ཤུགས་ཆེན་བྱུང་ནས་ཉག་ཁོག་ཏུ་དྲངས། དེར་ཁྱིམ་པ་ཕོ་མོ་མང་པོ་དང་ལྷན་ཅིག་ཏུ་ཞག་ལྔ་དྲུག་ཙམ་བཞུགས། དེའི་སྐབས་ནས་ཉག་དཔོན་གྱིས་སྟོང་འཁོར་དུ་ཚེ་དབང་ཚེ་རིང་ཟེར་བ་རྫོང་དཔོན་དུ་མངགས་གཏོང་བྱས་པ་དེས་ཆབ་སྲིད་བཟུང༌། དེས་དང་པོར་བྱ་ངན་གྱི་རིགས་འགའ་ཡིད་ལ་དྲན་ཀྱང་ལྷའི་རྟགས་མཚན་འོངས་པས་སྟབས་མ་བདེ་བར་གྲགས། དེ་ཡང་ངག་རྒྱུན་དུ་རྫོང་དཔོན་འདིས་བླ་བྲང་གི་མཐོ་ས་ཞིག་ནས་ཤར་དུ་བལྟས་ཏེ། དགོན་པ་ལ་ངན་གཡོ་ཞིག་ཅི་འདྲ་དགོས་སྙམ་དུ་ཡིད་ལ་ཤར་ཚེ། མི་ཆེན་པོ་གོས་དཀར་པོ་གྱོན་པ་ཞིག་དགོན་པའི་ཤར་སྒོ་ནས་རིམ་གྱིས་འོང་བ་འཕྲལ་དུ་རང་གི་རྒྱབ་ཏུ་སླེབས་ནས་རྡོག་གཡུགས་གཅིག་གིས་འོག་ཏུ་འཕངས་ཀྱང་དངངས་སྐྲག་ཆེ་ཙམ་ལས་སྐྱོན་མ་བྱུང་བར་སྔར་གྱི་མི་དེ་གློ་བུར་དུ་ཡལ། དེའི་རྐྱེན་པས་སྟོང་འཁོར་བ་ལ་ལྷ་ཡོད་ཟེར་ནས་ལྷ་ལ་ཡིད་ཆེས་ཆེ། ཕྱིར་ལོག་སྐབས་ལྷ་ལ་ཡིན་ཟེར་ནས་ཕྱག་གསུམ་འཚལ། གོང་གི་ལྷ་དེ་ནི་བླ་བྲང་གི་སྲུང་མ་ཚངས་པ་དུང་ཐོད་ཅན་ཡིན་ཞེས་རྒན་རབས་ཀྱི་ངག་རྒྱུན་ལ་ཡོད། དེ་ནས་ཤིང་བཟོ་འདུས་ཁང་གསར་རྒྱག་སོགས་བླ་མ་དང་དགོན་པ་ལ་ཞབས་འདེགས་ཅི་རིགས་བསྒྲུབས་ཡོད། ལོ་ལྔ་དྲུག་ཙམ་ཉག་སྐེད་ཀྱི་དབང་འོག་ཏུ་ཚུད་རྗེས། སྤྱི་ལོ་ ༡༨༦༦ ལ་གཞུང་དགའ་ལྡན་ཕོ་བྲང་དམག་གིས་ཉག་སྐེད་བཅོམ། གཞུང་གིས་མདའ་དཔོན་ཕོ་རོག་པ་རྫོང་དཔོན་དུ་མངགས། དེའི་ཚེ་སྟོང་འཁོར་བ་ལ་ཧོར་ཁག་གི་གྲས་སུ་རྫོང་སྲུང་སོགས་ཁྲལ་འཇལ་བར་འོང་དགོས་ཟེར་ཡང་། ངེད་སྟོང་འཁོར་བ་བླ་མའི་ལྷ་སྡེ་ཆུང་ཆུང་ཞིག་གིས་ཁྲལ་འཇལ་མི་ནུས་ཞུས་པས། ཕོ་རོག་པ་ཁོང་ཁྲོ་སྟེ་དམག་བསྡུས་ཏེ་དྲག་གནོན་བྱེད་ཚེ་བླ་ཁག་དཔོན་ཁག་མང་པོ་བར་པར་བྱུང་ནས་རྫོང་སྲུང་འགྲོ་མི་དགོས་པར་དངུལ་ཁྲལ་ཕྲན་བུ་ཞིག་གིས་འགྲིགས་པར་བྱས། རྗེས་སུ་ཕོ་རོག་པས་ཀྱང་ཞབས་དྲུང་ལ་སྐྱབས་འཇུག་ཞུ་བའི་ཕོ་ཉ་མདུན་དུ་མངགས་པ་སོགས་དད་གུས་གྱིས་ཞབས་ཕྱི་མང་དུ་བསྒྲུབས་ཡོད།

སྟོང་འཁོར་སྲས་པོ་ཞེས་པའི་བྱུང་རབས་ནི། ཞབས་དྲུང་དྲུག་པའི་སྐུ་རྒྱབ་ནས་བྱུང་བ་རེད་འདུག །དང་པོ་རྨོག་རི་གྲོང་དུ་གནས་ཡོད་ཀྱང་རྗེས་སུ་ཙེ་ར་གྲོང་དུ་གནས་སྤོ་བྱས། མི་དབང་ཆོས་མཛོད་ནས་བརྒྱུད་པ་བར་མ་ཆད་པ་ལ་སྲས་པོ་སྲས་མོ་ཞེས་པའི་ཐ་སྙད་འདི་བྱུང་བ་ཡིན། གང་ཡིན་ཞེ་ན། སྲས་པོའི་བརྒྱུད་པ་མཇུག་སྒྲིལ་བ་པོ་ཚུལ་ཁྲིམས་བསྟན་འཛིན་ནས་རྫིག་གཏམ་བཤད་པའི་འགོ་རྒྱན་དུ་དཔོན་ཆོས་མཛོད་ཀུན་དགའ་རིང་ཚུར་བཟུང་ཟེར་བ་དང༌། ཡིག་རྙིང་དུ་ཞབས་དྲུང་བདུན་པས་ཆོས་མཛོད་ལ་ཐོབ་ཐང་གོ་གནས་གནང་ཡོད་པ་གོང་དུ་བཀོད་པས་སོ། །མི་དབང་ཆོས་མཛོད་ནས་སྲས་ཚུལ་ཁྲིམས་བསྟན་འཛིན་བར་བྱུང་བ་རྣམས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་རིམ་པ་ཞིག་མི་གསལ་ཡང་མིང་ཐོག་ནས་རགས་ཙམ་འགོད་ན། སྲས་པོ་བསྟན་སྐྱོང༌། སྲས་མོ་གཡུ་སྒྲོན། སྲས་པོ་སྟོབས་རྒྱལ། སྲས་པོ་དངོས་སྒྲུབ། སྲས་པོ་ཚུལ་ཁྲིམས་བསྟན་འཛིན། སྟོབས་རྒྱལ་ནི་ཞབས་དྲུང་དགུ་པའི་སྐབས་སུ་ཡོད་ལ་སློབ་གཉེར་བ་ལ་དགོས་མཁོའི་ཆེད་དུ་དམིགས་ནས་དྲུག་པའི་གསུང་འབུམ་འགའ་རེའི་པར་གཞི་གསར་དུ་བསྐྲུན། དྲུག་པའི་གསུང་སྤར་མ་དག་གི་མཇུག་ཏུ་ལྷ་སྲས་སྟོབས་རྒྱལ་ཞེས་པ་དེའོ། །དངོས་གྲུབ་དང་སྤུན་མཆེད་ཡིན་ཟེར། གཡུ་སྒྲོན་ནི། དགོན་པ་དང་ཆོས་ལ་དད་ཞེན་ཆེ་ཞིང་དགོན་པར་ནམ་འོང་དུས་སུ་དགོན་པ་མཇལ་ས་ནས་རྟ་ལས་བབ་པ་དང་བསྐོར་བ་རེ་མ་ཆད་པ་བྱེད་ཟེར། ཚུལ་ཁྲིམས་བསྟན་འཛིན་ནི། ཞབས་དྲུང་བཅུ་པའི་སྐབས་སུ་སྲིད་དབང་བཟུང་ནས་སྟོབས་ཤུགས་ནུས་གསུམ་འཛོམས་པ། ཧོར་དཔོན་སོགས་གཞན་གྱིས་འགྲན་ཟླ་དང་བྲལ་བའི་ལོ་རྒྱུས་རྣམས་ཀུན་ལ་གྲགས། བཅོས་བསྒྱུར་སྐབས་སུ་གསེར་རྟར་ཆོས་ལུགས་ནང་བསྟན་མཐུན་ཚོགས་སུ་ཕེབས་རྗེས་སྐུ་གཤེགས་ནས་སྲས་པོ་ཞེས་པའི་ཐོབ་ཐང་གོ་གནས་རྣམས་མཇུག་ཡོངས་སུ་བསྒྲིལ།

སྨྲས་པ།

འཇིག་རྟེན་མཐོ་དམའ་དར་རྒུད་སྣ་ཚོགས་པ། །

ནམ་ཟླ་དུས་བཞིའི་འཕོ་འགྱུར་རེ་རེ་བཞིན། །

འོན་ཀྱང་མཁྲེགས་འཛིན་བླུན་རྨོངས་ལུག་ལྟ་བུས། །

དེ་ལ་བློ་ཁ་ཙམ་ཡང་ཕྱོགས་མི་ཤེས། །ཞེས་སོ།། །།


previous༤༽ དཔོན་རབས་རིམ་བྱོན་གྱི་སྐོར་དང་འབྲེལ་ཏེ་དེ་དག་གི་སྐབས་སུ་འཕོ་འགྱུར་ཇི་ལྟར་བྱུང་ཚུལ་སྐོར་བཤད་པ། next