Nitartha Digital Library
Tibetan
ཁམས་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་གིས་གཙོས་ཡུལ་དགོན་བདུན་གྱི་བྱུང་རིམ་རགས་ཙམ་བཀོད་པ་ལྷའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།།


   
  expand section
  collapse section
   
   
   
   
   
༥༽ དཔྱད་གཞིའི་ཡིག་ཆ་ཁག


 
previous༥༽ དཔྱད་གཞིའི་ཡིག་ཆ་ཁག no next

༥༽ དཔྱད་གཞིའི་ཡིག་ཆ་ཁག

བཞི་པ་དཔྱད་གཞིའི་ཡིག་ཆ་ཁག་ནི། ཕྲན་བདག་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུར་འཇིག་རྟེན་འདིར་གསར་དུ་སྐྱེས་ཤིང་། གང་ཡང་མ་བསླབས་ཅི་ཡང་མི་ཤེས་པ་ཞིག་ལགས་མོད། འོན་ཀྱང་སྨྱུག་འཛིན་གྲལ་དུ་ཧམ་པས་འགྱིངས་ཏེ་དེར་ཁས་ཆེས་པའི་སྒོ་ནས་དམ་པའི་བཀའ་མ་བཟློག་ཙམ་དུ། སྟོང་འཁོར་ཞབས་དྲུང་སྐུ་ན་རིམ་བྱོན་གྱི་རྣམ་ཐར་བཻཌཱུརྱ་མེ་ལོང༌དང་། དགའ་ལྡན་ཆོས་འབྱུང་བཻ་སེར། ཐུའུ་བཀྭན་གྲུབ་མཐའ། མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ། ཀློང་རྡོལ་གསུང་འབུམ། རྒྱལ་མཆོག་ལྔ་པ་ཆེན་པོས་མཛད་པའི་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར། རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་། ཞབས་དྲུང་གཉིས་པ་ཡོན་ཏན་རྒྱ་མཚོའི་གསང་རྣམ། ལམ་བྲག་བསྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་ཞབས་དྲུང་དྲུག་པའི་རྣམ་ཐར། ཞབས་དྲུང་དགུ་པའི་གསུང་མགུར། འདིའི་དགོན་གཞུང་གི་བཅའ་ཡིག་ཆེན་མོ། འདིའི་མཚན་ཉིད་གྲྭ་ཚང་གི་ཆོས་འབྱུང༌། དུང་དཀར་ཚིག་མཛོད། བོད་རྒྱ་ཚིག་མཛོད། ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་ལས་བཏུས་པ་སོགས་ལས་འདི་སྐོར་གྱི་ལོ་རྒྱུས་ཐོར་བུ་རྣམས་བསྡུས་པའི་སྟེང་ཡུལ་འདིའི་མཁས་བདེན་དག་གི་ངག་རྒྱུན་མི་ཉུང་བ་ཞིག་གིས་ཁ་སྐོང་མཚམས་སྦྱོར་ཅུང་ཟད་དང་བཅས་སུག་ལས་སུ་བགྱིས་ཁུལ་བྱས་པ་འདི་ལ་མཁས་པ་བཞད་གད་སློང་བའི་རྒྱུ་ཞིག་ལས་ཅང་མ་མཆིས་མོད། འོན་ཀྱང༌། སུ་ཡིན་རུང་གཟུ་བོའི་བློས་ཡང་ཡང་དཔྱད་དེ་འཇུག་ན་ཡུལ་འདིའི་འདས་ཟིན་པའི་དམ་པ་སོ་སོའི་མཛད་འཕྲིན་དང༌། ཡུལ་སྲོལ་གོམས་གཤིས་སོགས་ལོ་རྒྱུས་རིང་མོ་ཞིག་ལ་ཚོར་བ་ངེས་ཅན་ཞིག་སྦྱིན་ཐུབ་པས་དོན་མེད་ཁོ་ན་མ་ཡིན་ནོ་ཞེས་ཞུ་མཆིད་དུ་འབུལ་ལོ།།

སྨྲས་པ།

རྗེ་བཙུན་བརྟན་པའི་འཁོར་ལོ་ལོ་རབས་དཔག་མེད་གོང་རོལ་དུས། །

དུས་སྙིགས་སྐྱེས་བུ་མི་བསྲུན་བསྲུན་བྱེད་ལམ་མཆོག་བཀྲི་ཕྱིར་དུ། །

ཐུགས་མཆོག་བསྐྱེད་པའི་རྣམ་སྤྲུལ་སྤྲུལ་སྐུ་དྷྭ་ཛའི་མཚན་ཅན་དེས། །

བཏབ་ལོ་ལྔ་བརྒྱ་ལྷག་བརྒལ་བརྒལ་དཀའ་རིང་གནས་ཆོས་སྡེ་འདིའི། །

གསར་རྙིང་ཟུང་འབྲེལ་དཀར་ཆག་སྐབས་གསུམ་པ་ཡི་རྒྱུད་མང་མཆོག །

མཆོག་གསུམ་མ་དད་གཟིམས་ལས་སློང་བྱེད་ཕྱོགས་ཀྱི་མཛེས་མས་རྡུང༌། །

རྡུང་མཁན་ཕྲན་རང་གནས་འདིར་མི་ཚེའི་འཚོ་བ་རྟག་ཏུ་རོལ། །

རོལ་བའི་ལན་ལྡོན་སུག་བྲིས་ཉུང་ངུ་འདི་ཡིས་འཇལ་བར་བྱེད། །

བདག་ནི་ཐོས་ཉུང་དགེ་སྦྱོང་གྱི་ན་བ། །

བདག་ནི་རྣམ་དཔྱོད་བློ་གྲོས་རྟུལ་པོ་ཅན། །

བདག་ནི་ཤེས་བྱའི་གནས་ལ་སྦྱངས་པ་དམན། །

བདག་ནི་བ་གླང་རྗེས་འབྲང་ཅིས་མ་ཡིན། །

གཞན་ཡང་སྤྱི་བརྟོལ་བསྐྱེད་དེ་ཧམ་པ་ཡིས། །

གཞན་ཟེར་རྗེས་ཟློས་ལད་མོ་བྱེད་བཞིན་དུ། །

གཞན་འགའ་རང་དང་སྐལ་མཉམ་མཆེད་གྲོགས་ལ། །

གཞན་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་བྲིས། །

མཆོག་ལུང་དབྱུ་གུས་བསྣུན་ཚེ་ཕྲན་རྔ་ལ། །

སྒྲ་འབྱུང་མི་འབྱུང་རང་དབང་མ་མཆིས་མོད། །

འོན་ཀྱང་དམ་པ་དགྱེས་པའི་མཆོད་སྤྲིན་ཞིག །

སྤྲོ་ནུས་མིན་ཡང་བཀའ་བཞིན་བསྒྲུབ་ཕྱིར་རེམས། །

དགོན་འདིའི་དབུ་ཁྲིད་སྔོན་རྟིང་དང༌། །

དུས་རབས་ལས་བྱེད་འགའ་རེས་ནི། །

ནན་བསྐུར་སྔ་ཕྱིའང་མ་བཟློག་ཕྱིར། །

སྙོམ་ལས་པ་ཡིས་ཆེད་བརྗོད་བྱས། །

ཞིབ་མོས་བརྟག་དཔྱད་ཡང་ཡང་བགྱིས། །

དུས་རབས་ལོ་རབས་གོང་འོག་བསྒྲིགས། །

གནའ་རབས་རྒན་པོའི་ངག་སྒྲོས་རྣམས། །

ཡི་གེའི་གཟུགས་སུའང་བདག་གིས་སྤེལ། །

གདོད་ནས་རྣམ་དག་བྱུང་རབས་ཀུན་གསལ་ངོས། །

ནོར་འཁྲུལ་འགལ་བའི་ནག་ནོག་གིས་སྦགས་ན། །

མཁས་རྣམས་ཐུགས་རྗེའི་དག་བྱེད་ཨ་མྲྀ་ཏས། །

འགྲོ་རྣམས་ཐོག་མེད་སྒྲིབ་དང་ལྷན་ཅིག་ཁྲུས། །

སྒྲོ་སྐུར་རབ་བཏགས་ཚིག་གིས་མ་བསླད་པར། །

དྲང་བདེན་ངག་དང་དཔེ་རྙིང་ལས་བཏུས་ཏེ། །

རང་བློས་ལྕོགས་པའི་རྒྱས་བསྡུས་འཚམས་པ་ཞིག །

མེས་པོའི་རིག་འཕྲུལ་དབྱངས་གསལ་གཟུགས་ཀྱིས་བཀྲམ། །

འདི་ཉིད་བསྐྲུན་པའི་རྣམ་དཀར་ཟླ་འོད་ཀྱིས། །

ཐུབ་བསྟན་ཀུ་མུད་འདབ་རྒྱ་ཡོངས་གྲོལ་ཞིང༌། །

འགྲོ་ཀུན་ཞི་བདེའི་བསིལ་དཔལ་རྟག་རོལ་ནས། །

ཀུན་མཁྱེན་གོ་འཕང་ངལ་གསོ་ཐོབ་པར་ཤོག །

ཅེས་པ་འདི་ནི་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་ཐུབ་བསྟན་འཇིགས་མེད་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་དཔག་ཚད་དུ་མས་ཆོད་པའི་འཕགས་ཡུལ་ཆོས་ཀྱི་འབྱུང་ཁུངས་ནས་འདི་འདྲའི་མཁོ་དགོས་ཆེ་བའི་བཀའ་གསུང་གསེར་གྱི་ཐིགས་པ་ཞིག་ཕྲན་རང་གི་སྤྱི་བོར་བབས་པའི་གོ་སྐལ་བཟང་པོ་མངོན་དུ་གྱུར་པ་དང་བསྟུན། ཆོས་གྲོགས་རྡོ་རྗེའི་མཆེད་པོ་དང༌། མཛད་རྗེས་ཆེ་བའི་དད་ལྡན་གང་མང་ཞིག་གིས་ལམ་སྟོན་དང་གྲོགས་དན། ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་འོག །བརྡ་སྤྲོད་རིག་གནས་ཁབ་པིར་གྱི་རྗེས་སུ་འགྲོ་བ། སྐྱེས་སྦྱངས་ཤེས་རབ་ཁབ་རྩེ་ལས་ཕྲ་བ། བཟང་བྲལ་བཟང་པོའི་མིང་འཛིན། དགེ་སློང་ཚུལ་ཁྲིམས་བཟང་པོར་འབོད་པས་ལྷག་བསམ་དང་ཕུགས་འདུན་ཞིག་གིས་མཚམས་སྦྱར་ཏེ། སྟོན་པའི་འདས་ལོ་ ༢༥༥༦ བོད་རབ་བྱུང་བཅུ་བདུན་པའི་བགྲང་བྱའི་ཉག་མ་ཉེར་དྲུག་པ་ནནྡའམ་དགའ་བ་ཞེས་པའི་ཆུ་འབྲུག་ལོའི་དབོ་ཟླ་བའི་དཀར་ཕྱོགས་དགའ་བ་གཉིས་པ། སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ལ་ཕལ་ཆེར་གྲུབ་པར་བྱས་ཤིང་། སླར་ཡང་སྣོན་འཕྲི་སྤོར་གཅོག་དག་བཅོས་ཅི་རིགས་བགྱིས་མཐར་མེ་སྤྲེལ་ས་ག་ཟླ་བའི་ཚེས་ ༡ དང་། སྤྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༧ ལ་ངེས་དོན་མཁས་གྲུབ་དུ་མའི་བསྟི་གནས་སྟོང་འཁོར་དགོན་བཀྲ་ཤིས་ལྷུན་པོའམ་གསང་ཆེན་རྡོ་རྗེ་གླིང་དུ་མཇུག་ཡོངས་སུ་གྲུབ་པར་བྱས་སོ།། །།དགེའོ།།


previous༥༽ དཔྱད་གཞིའི་ཡིག་ཆ་ཁག no next