Nitartha Digital Library
Tibetan
 
no previousཚད་མར་གྲུབ་པའི་ལེའུའི་མཐའ་དཔྱོད།next

ཚད་མར་གྲུབ་པའི་ལེའུའི་མཐའ་དཔྱོད།

༄༅། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་མཐའ་དཔྱོད་མཁས་པའི་དབང་པོ་རྗེ་རྟ་ནག་པ་དགེ་འདུན་བློ་བཟང་གི་གསུང་རྒྱུན་དྲི་མ་མེད་པའི་གླེགས་བམ་གཉིས་པ་བཞུགས་སོ། །

ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ། ཞེས་པ་འདི་གང་ལས་འཕྲོས་ན། །དེ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པ་དང་དེར་བགྲོད་པའི་ལམ་འབྲས་བུ་དང་བཅས་པ་ཚད་མ་གྲུབ་པའི་ལེའུ་འདིས་འཆད་པར་བྱེད་པ་ཡིན་ལ། །འདི་ལ་ལེའུའི་འཚམས་སྦྱར་བ་དང་། །ལེའུའི་གཞུང་བཤད་པ་གཉིས་ལས། དང་པོ་ནི། རང་དོན་རྗེས་དཔག་གི་ལེའུའི་རྗེས་ཐོག་དེ་མ་ཐག་ཏུ། ཚད་མ་གྲུབ་པའི་ལེའུ་འཆད་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་འཆད་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་འཆད་པ་སྐབས་སུ་བབས་པ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། རང་དོན་རྗེས་དཔག་གི་ལེའུ་དེར་ཚད་མ་མདོའི་དོན་འཆད་བྱེད་ཀྱི་ཐབས་ཀྱི་གཙོ་བོ་རང་དོན་རྗེས་དཔག་བསྟན་ནས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་པ་འདིའི་དོན་རྟོགས་དཀའ་བས་དེ་ལ་དགོངས་ནས། འདིའི་དོན་ལུགས་འབྱུང་ལུགས་ལྡོག་གི་སྒོ་ནས་གཙོ་བོར་བཤད་ཅིང་། ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་པའི་དོན་རྟོགས་སླ་བ་ལ་དགོངས་ནས། འདིའི་དོན་ཞར་བྱུང་གི་ཚུལ་གྱིས་འཆད་པར་བྱེད་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ནས། བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཅེས་པའི་བར་བྱུང་བ་ཡིན་ཏེ། དེ་སྐད་དུ་ཡང་། ལྷ་དབང་བློས། སློབ་དཔོན་གྱིས་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བཤད་པའི་རྒྱུ་རྗེས་སུ་དཔག་པ་སྔར་རྣམ་པར་བཞག་ནས་སྐབས་སུ་བབས་པའི་ཚད་མ་ཞེས་པ་ལ་སོགས་པ་ཕྱག་འཚལ་བའི་ཚིགས་སུ་བཅད་པའི་བཤད་པ་མཛད་པ་བརྩམས་པ་ཡིན་ནོ། །ཞེས་གསུངས། །

ཚད་མ་མདོ་ལས་གསུངས་ཚུལ་བཀོད་པ།

༈ གཉིས་པ་ལེའུའི་གཞུང་བཤད་པ་ལ་ཚད་མ་མདོ་ལས་གསུངས་ཚུལ་དང་། དེ་བསྟན་བཅོས་རྣམ་འགྲེལ་འདིར་འགྲེལ་ཚུལ་གཉིས། དང་པོ་ལ། བཤད་བྱའི་ལུང་འགོད་པ་དང་། ལུང་གི་དོན་འཆད་པ་གཉིས། དང་པོ་ནི། ཚད་མ་མདོ་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་གསུངས་ལ། གཉིས་པ་ལ། ལུང་དོན་སྤྱིར་འཆད་པ་དང་། སོ་སོར་འཆད་པ་དང་། ལུང་དོན་རིགས་པའི་སྒོ་ནས་བསྒྲུབ་པ་དང་གསུམ། དང་པོ་ནི། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་པས་མཆོད་བརྗོད་དེ་བསྟན། ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །ཞེས་སོགས་རྐང་པ་གཉིས་ཀྱིས་རྩོམ་པར་དམ་བཅའ་བ་དེ་བསྟན། གཉིས་པ་ལུང་དོན་སོ་སོར་བཤད་པ་ནི། ཚད་མར་གྱུར་པ། ཞེས་པས། རྣམ་བཅད་ལ་ཕྱི་རོལ་པའི་སྟོན་པ་དེ་ཚད་མའི་སྐྱེས་བུ་མཐར་ཐུག་དང་། དེའི་བསྟན་པ་དེ་བསྟན་པ་རྣམ་དག་དང་། དེས་འདོད་པའི་ཚད་མ་ལ་སོགས་པ་ཚད་མ་རྣམ་དག་ཡིན་པར་བཅད་ནས། ཡོངས་གཅོད་ལ། རང་རེའི་སྟོན་པ་དེ་ཚད་མའི་སྐྱེས་བུ་མཐར་ཐུག་དང་། དེའི་ལུང་རྟོགས་ཀྱི་བསྟན་པ་རྣམས་བསྟན་པ་རྣམ་དག་དང་། དེའི་ལུང་གི་བསྟན་པ་ལས་བཤད་པའི་ཚད་མ་མངོན་རྗེས་གཉིས་པོ་དེ་འཇུག་བྱའི་ཚད་མ་རྣམ་དག་དང་། རྒྱུ་བསམ་སྦྱོར་ཕུན་ཚོགས་གཉིས་ཉམས་སུ་བླང་བྱའི་ལམ་རྣམ་དག་ཏུ་བསྟན། འོ་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དེ་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་གང་ལས་འཁྲུངས་ཤེ་ན། དེ་ཡང་། གྱུར་པ། ཞེས་པས་རྣམ་བཅད་ལ་ཕྱི་རོལ་པའི་སྟོན་པ་དེ་སྒྲུབ་བྱེད་ཕུན་ཚོགས་ཤིག་ལ་བརྟེན་ནས་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་འཁྲུངས་པ་དེ་བཅད་ནས། ཡོངས་གཅོད་ལ་རང་རེའི་སྟོན་པ་དེ་སྒྲུབ་བྱེད་ཕུན་ཚོགས་ཤིག་ལ་བརྟེན་ནས་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་འཁྲུངས་པ་དེ་བསྟན། འོ་ན། དེ་ལྟར་ཡིན་ན་སྒྲུབ་བྱེད་དེ་གང་ཞེ་ན། དེ་ཡང་འགྲོ་ལ་ཕན་བཞེད་པ། སྟོན་པ། ཞེས་པས་རྣམ་བཅད་ལ་ཕྱི་རོལ་པའི་སྟོན་པ་དེ། རང་རྒྱུ་བསམ་སྦྱོར་ཕུན་ཚོགས་ཉམས་སུ་བླངས་པ་ལ་བརྟེན་ནས་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་འཁྲུངས་པ་དེ་བཅད་ནས། ཡོངས་གཅོད་ལ་རང་རེའི་སྟོན་པ་དེ། རང་རྒྱུ་བསམ་སྦྱོར་ཕུན་ཚོགས་ཉམས་སུ་བླངས་པ་ལ་བརྟེན་ནས་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་འཁྲུངས་པ་དེ་བསྟན། འོ་ན། རང་རེའི་སྟོན་པ་སངས་རྒྱས་དེ་ལ་ཡོན་ཏན་ཇི་ལྟ་བུ་མངའ་ཞེ་ན། དེ་ཡང་། བདེ་གཤེགས་སྐྱོབ། ཅེས་པས་རྣམ་བཅད་ལ། ཕྱི་རོལ་པའི་སྟོན་པ་དེ། རང་དོན་ཕུན་ཚོགས་བདེ་བར་གཤེགས་པ་དང་། གཞན་དོན་ཕུན་ཚོགས་གཟུགས་སྐུ་གཉིས་བརྙེས་པ་ལ་སོགས་པ་བཅད་ནས། ཡོངས་གཅོད་ལ། རང་རེའི་སྟོན་པ་དེ་རང་དོན་ཕུན་ཚོགས་བདེ་བར་གཤེགས་པ་དང་། གཞན་དོན་ཕུན་ཚོགས་གཟུགས་སྐུ་གཉིས་བརྙེས་པའི་སྐྱེས་བུ་མཐར་ཐུག་ཏུ་བསྟན་ལ། ཕྱག་འཚལ་ཏེ། ཞེས་པས་ཕྱག་འཚལ་བ་དེ་བསྟན། འོ་ན། དེ་ལྟ་བུའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟར་ཕྱག་འཚལ་བ་ལ་དགོས་པ་ཡོད་དེ། རང་རེའི་སྟོན་པ་དེ་སྟོན་པ་རྣམ་དག་དང་། དེའི་ལུང་རྟོགས་ཀྱི་བསྟན་པ་རྣམས་བསྟན་པ་རྣམ་དག་དང་། དེའི་ལུང་གི་བསྟན་པ་ལས་བཤད་པའི་ཚད་མ་མངོན་རྗེས་གཉིས་འཇུག་བྱའི་ཚད་མ་རྣམ་དག་དང་། རྒྱུ་བསམ་སྦྱོར་ཕུན་ཚོགས་གཉིས་ཉམས་སུ་བླངས་པ་ལ་བརྟེན་ནས་འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་པའི་ཆོས་སྐུ་ཐོབ་ཚུལ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཤེས་པར་བྱ་བ་ལ་ཆོས་ཅན། དགོས་པ་ཡོད་དེ། ཐར་འདོད་རྣམས་ཀྱིས་རང་རེའི་སྟོན་པའི་རྗེས་སུ་འབྲངས་ནས། བསྟེན་བྱ་དགེ་བའི་བཤེས་གཉེན་ཞིག་ལ་བརྟེན་ནས་སྟོན་པའི་ལུང་གི་བསྟན་པ་ལ་ཐོས་བསམ་གྱིས་ཞུགས། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ཉམས་སུ་བླངས་པ་ལ་བརྟེན་ནས་འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་པའི་ཆོས་སྐུ་ཐོབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན། དེ་ལྟ་བུའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ལས་སུ་བྱ་བ་ཅི་བྱེད་ཅེ་ན། ཀུན་བཏུས་རྩོམ་པའི་བྱ་བ་ལ་འཇུག་གོ། ཞེས་འཆད་པར་བྱེད་པ་ལ། འདིར་གཅིག་བྱ། ཞེས་པ་འདི་བྱུང་། འོ་ན། ཚུལ་ཇི་ལྟར་དུ་རྩོམ་ཞེ་ན། དེ་ཡང་རང་གི་རླུང་གི་རབ་དབྱེ་ལ་སོགས་པའི་ཚད་མའི་བསྟན་བཅོས་བརྒྱ་རྩ་བརྒྱད་ཀྱི་བརྗོད་བྱའི་དོན་ཕྱོགས་གཅིག་ཏུ་བསྡུས་ནས། ཚད་མའི་མདོ་ཀུན་ལས་བཏུས་པ་འདི་རྩོམ་མོ། །ཞེས་འཆད་པར་བྱེད་པ་ལ། རང་གི་གཞུང་ཀུན་ལས། བཏུས་ཏེ་སྣ་ཚོགས་འཐོར་རྣམས། ཞེས་པ་འདི་བྱུང་། འོ་ན། དགོས་པ་གང་གི་ཕྱིར་དུ་རྩོམ་ཞེ་ན། དེ་ཡང་། རང་རེའི་སྟོན་པ་དེ་སྟོན་པ་རྣམ་དག་དང་། དེའི་ལུང་རྟོགས་ཀྱི་བསྟན་པ་རྣམས་བསྟན་པ་རྣམ་དག་དང་། དེའི་ལུང་གི་བསྟན་པ་ལས་བཤད་པའི་ཚད་མ་མངོན་རྗེས་གཉིས་པོ་དེ། འཇུག་བྱའི་ཚད་མ་རྣམ་དག་དང་། རྒྱུ་བསམ་སྦྱོར་ཕུན་ཚོགས་གཉིས་པོ་དེ་ཉམས་སུ་བླངས་བྱའི་ལམ་རྣམ་དག་ཏུ་དངོས་སྟོབས་ཀྱི་རིགས་པས་སྒྲུབ་པའི་ཕྱིར་དུ། རྩོམ་ཞེས་འཆད་པར་བྱེད་པ་ལ། ཚད་མར་སྒྲུབ་ཕྱིར། ཞེས་པ་འདི་བྱུང་། གསུམ་པ་ལུང་དོན་རིགས་པའི་སྒོ་ནས་བསྒྲུབ་པ་ལ། ལུགས་འབྱུང་གི་སྒོ་ནས་བསྒྲུབ་པ་དང་། ལུགས་ལྡོག་གི་སྒོ་ནས་བསྒྲུབ་པ་གཉིས། དང་པོ་ནི། ཐུབ་པ་སངས་རྒྱས་ཆོས་ཅན། ཚད་མའི་སྐྱེས་བུ་མཐར་ཐུག་ཡིན་ཏེ། རང་རྒྱུ་བསམ་པ་ཕུན་ཚོགས་ཉམས་སུ་བླངས་པ་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་སྐྱེས་བུ་མཐར་ཐུག་ཏུ་འཁྲུངས་པའི་ཕྱིར། དེ་ཆོས་ཅན། དེ་ཡིན་ཏེ། རང་རྒྱུ་སྦྱོར་བ་ཕུན་ཚོགས་ཉམས་སུ་བླངས་པ་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་སྐྱེས་བུ་མཐར་ཐུག་ཏུ་འཁྲུངས་པའི་ཕྱིར། བསྒྲུབ་ཆོས་དང་ཆོས་ཅན་འདྲ་བ་ལ། རང་དོན་ཕུན་ཚོགས་བདེ་བར་གཤེགས་པ་མངའ་བའི་སྐྱེས་བུ་མཐར་ཐུག་ཡིན་པའི་ཕྱིར། གཞན་དོན་ཕུན་ཚོགས་སྐྱོབ་པ་གཟུགས་སྐུ་གཉིས་བརྙེས་པའི་ཕྱིར། འཆད་ཚུལ་འདི་ལ་ལུགས་འབྱུང་གི་སྒོ་ནས་འཆད་པ། ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལུང་དེའི་གོ་རིམ་ཇི་ལྟ་བ་བཞིན་དུ་མཐུན་པར་འཆད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ལུགས་ལྡོག་གི་སྒོ་ནས་བསྒྲུབ་པ་ནི། ཐུབ་པ་སངས་རྒྱས་ཆོས་ཅན། གདུལ་བྱའི་སྐྱོབ་པ་མཐར་ཐུག་ཡིན་ཏེ། གདུལ་བྱ་ལ་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པའི་སྐྱེས་བུ་མཐར་ཐུག་ཡིན་པའི་ཕྱིར། དེ་ཆོས་ཅན། རང་དོན་བདེ་བར་གཤེགས་པ་མངའ་བ་ཡིན་ཏེ། གཞན་དོན་ཕུན་ཚོགས་སྐྱོབ་པ་གཟུགས་སྐུ་གཉིས་བརྙེས་པའི་སྐྱེས་བུ་མཐར་ཐུག་ཡིན་པའི་ཕྱིར། དེ་ཆོས་ཅན། རྒྱུ་བསམ་སྦྱོར་ཕུན་ཚོགས་ཉམས་སུ་བླངས་པ་ལ་བརྟེན་ནས། ཐམས་ཅད་མཁྱེན་པའི་སྐྱེས་བུ་མཐར་ཐུག་ཏུ་འཁྲུངས་པ་ཡིན་ཏེ། རང་དོན་ཕུན་ཚོགས་བདེ་བར་གཤེགས་པ་མངའ་བའི་སྐྱེས་བུ་མཐར་ཐུག་ཡིན་པའི་ཕྱིར། དེ་ན། འཆད་ཚུལ་འདི་ལ། ལུགས་ལྡོག་གི་སྒོ་ནས་འཆད་པ། ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ལུགས་འབྱུང་གི་གོ་རིམ་དེ་ལས་ལྡོག་སྟེ་བཤད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་ན་ལུགས་འབྱུང་གི་སྐབས་སུ་སྟོན་པ་ལམ་གང་ནས་བྱོན་པའི་ཚུལ་བཤད་ཅིང་། ལུགས་ལྡོག་གི་སྐབས་སུ་དེ་ལྟར་བྱོན་པའི་ཤེས་བྱེད་འཆད་པ་ཡིན་ནོ། །


no previousཚད་མར་གྲུབ་པའི་ལེའུའི་མཐའ་དཔྱོད།next