Nitartha Digital Library
Tibetan
 
previousབསྟན་བཅོས་འདིར་འགྲེལ་ཚུལ་བཤད་པ།next

བསྟན་བཅོས་འདིར་འགྲེལ་ཚུལ་བཤད་པ།

གཞུང་གི་སྤྱི་འཕྲོས་དང་ཉེ་འཕྲོས་བཤད་པ།

༈ གཉིས་པ་བསྟན་བཅོས་འདིར་འགྲེལ་ཚུལ་ནི། དེ་ཡང་། ཚད་མ། ཞེས་པའི་དོན་འཆད་པའི་སྒོ་ནས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་སྒྲུབ་པའི་སྒྲུབ་བྱེད་དཔེ་དང་བཅས་ཏེ་འཆད་པར་བྱེད་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ནས། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པའི་བར་བྱུང་། གྱུར་པ། ཞེས་པའི་དོན་འཆད་པའི་སྒོ་ནས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་སྒྲུབ་པའི་སྒྲུབ་བྱེད་མདོར་བསྟན་གྱི་ཚུལ་གྱིས་འཆད་པར་བྱེད་པ་ལ། མ་སྐྱེས་པ་ནི་བཟློག་དོན་དུ། །ཞེས་པ་ནས། ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་པའི་བར་བྱུང་། བསྐལ་པ་དུ་མར་སྙིང་རྗེ་ཆེན་པོ་གོམས་པ་མཐར་ཕྱིན་པའི་སྐྱེས་བུ་དེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་པའི་སྒྲུབ་བྱེད་དུ་བསྟན་པའི་སྒོ་ནས། འགྲོ་ལ་ཕན་བཞེད་པ། ཞེས་པའི་དོན་འཆད་པར་བྱེད་པ་ལ། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་པ་ནས། ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། །ཞེས་པའི་བར་བྱུང་། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་དེ། འབྲས་བུའི་སྟོན་པ་ཐོབ་བྱེད་ཀྱི་ཐབས་ཀྱི་གཙོ་བོ་ཡིན་པས། དེ་ལ་སྟོན་པ། ཞེས་པའི་མིང་གིས་བཏགས་ནས་བསྟན་པའི་སྒོ་ནས། སྟོན་པ། ཞེས་པའི་དོན་འཆད་པར་བྱེད་པ་ལ། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཞེས་པ་ནས། གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་པའི་བར་བྱུང་། སྡུག་ཀུན་གཉིས་ལེགས་པར་སྤངས་པ། མ་ལུས་པར་སྤངས་པ། སླར་མི་ལྡོག་པར་སྤངས་པའི་ཁྱད་པར་གསུམ་ལྡན་གྱི་སྤངས་པ་མཐར་ཐུག་དེ། སྐབས་འདིར་བསྟན་གྱི་བདེ་བར་གཤེགས་པར་བསྟན་པའི་སྒོ་ནས། བདེ་གཤེགས། ཞེས་པའི་དོན་འཆད་པར་བྱེད་པ་ལ། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་པ་ནས། དེ་ཤེས་པ་ཡང་གྲུབ་པ་ཡིན། །ཞེས་པའི་བར་བྱུང་། སྐྱོབ་པ། ཞེས་པའི་དོན་འཆད་པར་བྱེད་པ་ལ། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །ཞེས་སོགས་རྐང་པ་བཞི་བྱུང་། དེའི་དོན་བསྡུ་འཆད་པར་བྱེད་པ་ལ། དེ་ཕྱིར་ཚད་ཡིན། ཞེས་པ་འདི་བྱུང་། དེ་ཡན་གྱིས་ལུགས་འབྱུང་གི་སྒོ་ནས་འཆད་པ་དེ་སོང་ནས། ལུགས་ལྡོག་གི་སྒོ་ནས་འཆད་པ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དེས་གདུལ་བྱ་ལ་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པས་ན། དེ་ལ་སྐྱོབ་པ་ཞེས་བརྗོད་ཅིང་བདེན་བཞིའི་གནས་ལུགས་ཇི་ལྟར་སྟོན་ན་སྡུག་ཀུན་གཉིས་དོར་བྱ་དང་། འགོག་ལམ་གཉིས་ཉམས་སུ་བླང་བྱར་སྟོན་པ་ཡིན་ཅིང་། གང་ཟག་གི་བདག་འཛིན་འཁོར་བའི་རྩ་བ་དང་། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དེ་གྲོལ་ལམ་རྣམ་དག་ཏུ་བསྟན། གྲངས་ཅན་གྱིས་སྤྱི་གཙོ་བོ་དང་། རང་བཞིན་ཐ་དད་དུ་ཤེས་པ་ལ་བརྟེན་ནས་ཐར་པ་ཐོབ་པར་འཛིན་པའི་བློ་འདི་དང་། རིག་པ་ཅན་པས་ལྷ་དབང་ཕྱུག་ཆེན་པོས་དབང་བསྐུར་བྱས་པ་ཙམ་ལ་བརྟེན་ནས་ཐར་པ་ཐོབ་པར་འཛིན་པའི་བློ་འདི་དང་། གཅེར་བུ་པས། ཟས་གཅོད་པ་དང་། མེ་ལྔ་བསྟེན་པ་ལ་བརྟེན་ནས་ཐར་པ་ཐོབ་པར་འཛིན་པའི་བློ་འདི་དང་། བྱེ་བྲག་པས། དབང་སོགས་བདག་གི་བ་སྡུག་བསྔལ་དུ་བསྒོམ་པ་ལ་བརྟེན་ནས་ཐར་པ་ཐོབ་པར་འཛིན་པའི་བློ་འདི་རྣམས་གྲོལ་ལམ་ཡིན་པ་བཀག་པའི་སྒོ་ནས། སྐྱོབ་པ། ཞེས་པའི་དོན་བསྡུ་འཆད་པར་བྱེད་པ་ལ། ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པ་ནས། བདེ་བ་ལས་ཀྱང་འདོད་མི་འགྱུར། །ཞེས་པའི་བར་བྱུང་། དེ་ཁོ་ན་ཉིད་མཁྱེན་པ། མཁྱེན་པ་བརྟན་པ། མ་ལུས་པར་མཁྱེན་པའི་ཁྱད་ཆོས་གསུམ་ལྡན་གྱི་རྟོགས་པ་མཐར་ཐུག་དེ་སྐབས་འདིར་བསྟན་གྱི་བདེ་བར་གཤེགས་པར་བསྟན་པའི་སྒོ་ནས། བདེ་གཤེགས། ཞེས་པའི་དོན་འཆད་པར་བྱེད་པ་ལ། སྐྱོབ་ལས་དེ་ཉིད་དང་བརྟན་དང་། །ཞེས་པ་ནས། མི་སློབ་ལས་ལྷག །ཅེས་པའི་བར་བྱུང་། སྟོན་པ། ཞེས་པའི་དོན་འཆད་པར་བྱེད་པ་ལ། དེ་ཡི་ཕྱིར། གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་པ་འདི་བྱུང་། འགྲོ་ལ་ཕན་བཞེད་པ། ཞེས་པའི་དོན་འཆད་པར་བྱེད་པ་ལ། དེ་ལས་བརྩེ་ཡིན་གཞན་དོན་ངོར། །ཞེས་སོགས་རྐང་པ་གཉིས་བྱུང་། ཚད་མར་གྱུར་པ། ཞེས་པའི་དོན་འཆད་པར་བྱེད་པ་ལ། བརྩེ་བས་ལེགས་དང་ཡེ་ཤེས་ལས། །ཞེས་པ་ནས། གང་ཕྱིར་དེ་ན་ཚད་མ་ཉིད། །ཅེས་པའི་བར་བྱུང་། དེ་དག་གི་དོན་བསྡུས་ཏེ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཚད་མ་དང་འདྲ་བའི་སྒོ་ནས་བསྟོད་པའི་དགོས་པ་དེ་འཆད་པར་བྱེད་པ་ལ། དེ་ལྟའི་དངོས་སྟོན་བསྟོད་པ་ནི། །ཞེས་པ་ནས། བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཅེས་པའི་བར་བྱུང་། དེ་ཡན་གྱིས་སྤྱིའི་འཕྲོས་དེ་སོང་ནས། །

༈ ཉེ་འཕྲོས་ནི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་གཞུང་འདི་གང་ལས་འཕྲོས་ན། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་འཆད་པ་ལས་འཕྲོས། འོ་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཚད་མ་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། ཚད་མ་དང་འདྲ་བའི་སྒོ་ནས་དེ་ལྟར་བརྗོད་པའི་ཕྱིར། འོ་ན། འདྲ་ཡུལ་གྱི་ཚད་མའི་ངོ་བོ་དེ་གང་། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མ་དང་འདྲ་བའི་རྒྱུ་མཚན་གང་ཞེ་ན། འདྲ་ཡུལ་གྱི་ཚད་མའི་ངོ་བོ་བཞག་ཏུ་ཡོད་དེ། གསར་དུ་མི་བསླུ་བའི་རིག་པ་དེ་དེ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། ཚད་མ་བསླུ་མེད། ཅེས་སོགས་བྱུང་བ་ཡིན་ཏེ། དེ་སྐད་དུ་ཡང་། ལྷ་དབང་བློས། ཚད་མར་གྱུར་པ་ནི་ཚད་མར་འཁྲུངས་པའོ། །ཚད་མ་དང་འདྲ་བས་ན་ཚད་མ་སྟེ། བཅོམ་ལྡན་འདས་སོ། །ཞེས་གསུངས། འོ་ན། དེ་ལྟར་ཡིན་ན་མི་བསླུ་བའི་རིག་པའི་དོན་གང་ཞེ་ན། མེ་འཛིན་དབང་མངོན་ཆོས་ཅན། མི་བསླུ་བའི་རིག་པ་ཡིན་ཏེ། མེས་བཙོ་སྲེག་གི་དོན་བྱེད་ནུས་པ་གང་ཞིག །དེ་ལ་སྒྲོ་འདོགས་དངོས་སུ་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ། ཞེས་པ་འདི་བྱུང་། རང་རེས་གོང་དུ་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་ཁས་བླངས་པ་དེ་ལ། མ་ཁྱབ། ཁྱབ་ཆེས། མི་སྲིད་པའི་སྐྱོན་གསུམ་སྤོང་བ་ལས། དང་པོ་ལ། ཁ་ཅིག་ན་རེ། སྒྲ་བྱུང་གི་ཚད་མ་ཆོས་ཅན། གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཟེར་ན། ཁྱོད་ཀྱི་སྒྲ་བྱུང་གི་ཚད་མ་དེ་གང་ལ་བྱེད། སྒྲ་མི་རྟག་ཅེས་པའི་ཚིག་གི་རྟགས་ལས། ཚུར་མཐོང་ལྷས་སྦྱིན་ལས་སྐྱེས་པའི་སྒྲ་མི་རྟག་ཅེས་པའི་ཚིག་རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་པར་རྟོགས་པའི་རྗེས་དཔག་འདི་ལ་བྱེད་དམ། སྒྲ་རྟག་ཅེས་པའི་ངག་གི་རྟགས་ལས། མདུན་གྱི་གཞི་འདིར་སྒྲ་རྟག་པ་ཡོད་པར་རྟོགས་པའི་རྗེས་དཔག་འདི་ལ་བྱེད། དང་པོ་ལྟར་ཡིན་ནོ། །ཟེར་ན། དེ་འདྲའི་རྗེས་དཔག་དེ་ཚད་མ་ཡིན་ཏེ། སྒྲ་མི་རྟག་ཅེས་པའི་ཚིག་དེ་ལྷས་སྦྱིན་ལས་སྐྱེས་པའི་སྒྲ་མི་རྟག་ཅེས་པའི་ཚིག་རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། སྒྲ་ལས་བྱུང་བ་ཡང་། མངོན་པར་འདོད་པ་སྟོན་ཕྱིར་རོ། །ཞེས་སོགས་བྱུང་། གཉིས་པ་ལྟར་རོ། །ཟེར་ན། དེ་འདྲའི་རྗེས་དཔག་ཚད་མ་མ་ཡིན་ཏེ། སྒྲ་རྟག་ཅེས་པའི་ངག་དེ་མདུན་གྱི་གཞི་འདིར་སྒྲ་རྟག་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་ལྟར་སྒྲུབ་པའི་འབྲས་རྟགས་མ་ཡིན་པའི་ཕྱིར། དེར་ཐལ། སྒྲ་རྟག་ཅེས་པའི་ངག་དེ། སྒྲ་རྟག་པ་རང་རྒྱུར་བྱས་པ་ལ་བརྟེན་ནས་བྱུང་བ་མ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དོན་གྱི་དེ་ཉིད་རྒྱུ་ཅན་མིན། །ཞེས་པ་འདི་བྱུང་། ཁྱབ་ཆེས་པའི་སྐྱོན་སྤོང་བ་ལ། ཁ་ཅིག་ན་རེ། སྔོན་འཛིན་དབང་སྔོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་ངེས་པའི་ངེས་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཟེར་ན། དེ་ཆོས་ཅན། གསར་དུ་མི་བསླུ་བའི་རིག་པ་ཡིན་པར་མི་འཐད་དེ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་གྱི་བྱེད་པ་མ་ཉམས་པའི་དོན་ལ་བསྣན་ནས་འཇུག་པའི་ཚད་མ་མ་ཡིན་པའི་རིག་པ་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད། ཅེས་པ་འདི་བྱུང་། མི་སྲིད་པའི་སྐྱོན་སྤོང་བ་ལ། བྱེ་བྲག་སྨྲ་བ་ན་རེ། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་པ་མི་འཐད་པར་ཐལ། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ཚད་མ་ཡིན་པའི་ཕྱིར། ཟེར་ན། དེ་ཚད་མ་མ་ཡིན་ཏེ། དེ་དང་གསར་དུ་མི་བསླུ་བའི་རིག་པ་གཉིས་ཀྱི་ནང་ནས། གསར་དུ་མི་བསླུ་བའི་རིག་པ་ཁོ་ན་བར་ཆོད་པའི་ཚད་མའི་འབྲས་བུ་དང་། བར་མ་ཆོད་པའི་ཚད་མའི་འབྲས་བུ་བསྒྲུབ་པ་ལ་གཙོ་ཆེ་བ་ཡིན་གྱི། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པས་དེ་ལྟར་བསྒྲུབ་མི་ནུས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། བློ་ནི་ཚད་མ་ཉིད། བླང་དང་དོར་བྱའི་དངོས་པོ་ཡི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང་། །ཞེས་པ་འདི་བྱུང་། དེ་ལྟར་གཙོ་ཆེ་བ་ཡང་ཡིན་ཏེ། སྔོན་པོའི་རྣམ་པར་ཤར་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཡོད་ན། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་ཡོད་དགོས། དེ་མེད་ན་སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་མེད་དགོས་པའི་ཕྱིར། དཔེར་ན། སྔོན་འཛིན་དབང་མངོན་དེ་ལ་སྔོན་པོའི་རྣམ་པ་ཤར་ནས། སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཆ་ནས་དེ་སྔོན་པོ་དངོས་སུ་རྟོགས་པའི་ཚད་མར་སོང་། དེ་ལ་བུམ་པའི་རྣམ་པ་ཤར་ནས། བུམ་པ་ལ་གསར་དུ་མི་བསླུ་བའི་རིག་པ་མ་ཡིན་པའི་ཆ་ནས། བུམ་པ་དངོས་སུ་རྟོགས་པའི་ཚད་མ་མ་ཡིན་པར་སོང་བའི་དཔེ་དེ་བཞིན་ནོ། །ཞེས་འཆད་པར་བྱེད་པ་ལ། ཡུལ་རྣམ་ཅན་ནི་ཐ་དད་པས། །ཞེས་སོགས་རྐང་པ་གསུམ་བྱུང་། འོ་ན། ཚད་མའི་མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་དེ་གང་ཞེ་ན། དེ་འཆད་པར་བྱེད་པ་ལ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་སོགས་རྐང་པ་གསུམ་བྱུང་། དེ་ལྟར་ཡིན་ན། མི་བསླུ་བའི་རིག་པ་ཙམ་གྱིས་ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ནམ་ཞེ་ན། དེ་མ་ཡིན་ཏེ། ཚད་མའི་མཚན་ཉིད་ཀྱི་ཟུར་དུ་གསར་དུ་ཞེས་པའི་ཁྱད་པར་ཞིག་སྨོས་དགོས་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པ་འདི་བྱུང་། ཡང་རང་རེས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བསྟན་པ་དེ་ལ་ཁོ་ན་རེ། སྔོན་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་དུ་ངེས་པའི་ངེས་ཤེས་ཆོས་ཅན། སྔོན་པོ་ལ་ཚད་མར་ཐལ། སྔོན་པོའི་སྤྱི་རྟག་དངོས་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། རང་གི་ངོ་བོ་རྟོགས་འོག་ཏུ། །ཞེས་སོགས་རྐང་པ་གཉིས་བྱུང་། འོ་ན། དེ་ལྟ་བུའི་ངེས་ཤེས་དེ། སྔོན་པོའི་སྤྱི་རྟག་དངོས་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཆ་ནས་དེ་སྔོན་པོ་ལ་ཚད་མ་ཡིན་པར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། དེ་སྔོན་པོའི་སྤྱི་རྟག་དངོས་ལ་གསར་དུ་མི་བསླུ་བའི་རིག་པ་ཡང་མ་ཡིན། སྔོན་པོ་ལ་ཚད་མ་ཡང་མ་ཡིན་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། སྔོན་པོ་ལ་ཚད་མ་ཡིན་ན། རང་མཚན་དུ་གྱུར་པའི་སྔོན་པོ་ལ་ཚད་མ་ཡིན་དགོས་པའི་ཕྱིར། དེར་ཐལ། སྔོན་པོ་དོན་གཉེར་གྱི་སྐྱེས་བུ་དེས་སྔོན་པོ་ལ་དཔྱད་ནས་འཇུག་པའི་ཚེ། རང་མཚན་དུ་གྱུར་པའི་སྔོན་པོ་ལ་དཔྱད་ནས་འཇུག་པ་ཡིན་གྱི། སྔོན་པོའི་སྤྱི་རྟག་དངོས་ལ་དཔྱད་ནས་སྔོན་པོ་ལ་འཇུག་པ་མ་ཡིན་པ། སློབ་དཔོན་ཕྱོགས་གླང་གིས་བཞེད་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། རང་གི་མཚན་ཉིད་མི་ཤེས་པ། །ཞེས་སོགས་རྐང་པ་གསུམ་བྱུང་། དེས་ན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དེ་ཚད་མ་དང་འདྲ་བ་ཡིན་ཏེ། ཚད་མས་རང་གི་གཞལ་བྱ་གསར་དུ་རྟོགས་ཤིང་དེ་ལ་མི་བསླུ་བ་ཡིན་པ་ལྟར་དུ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། བདེན་བཞིའི་གནས་ལུགས་གསར་དུ་རྟོགས་ཤིང་གདུལ་བྱ་ལ་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་བསྟན་པའི་སྒོ་ནས་གདུལ་བྱའི་གནས་སྐབས་དང་མཐར་ཐུག་གི་དོན་འགྲུབ་པ་ལ་མི་བསླུ་བའི་སྐྱབས་གནས་མཐར་ཐུག་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པ་འདི་བྱུང་། །

འདྲ་ཡུལ་ཚད་མའི་ངོ་བོ་སོགས་ལ་མཐའ་དཔྱད་པ།

༈ དེས་ན་སྐབས་འདིར་མཐའ་དཔྱད་ལ། ཁ་ཅིག་ན་རེ། མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་ནོ། །ཟེར་ན། དེ་མི་འཐད་པར་ཐལ། ཚད་མའི་མཚན་ཉིད་ཀྱི་ཟུར་དུ་གསར་དུ་ཞེས་པའི་ཁྱད་པར་ཞིག་སྨོས་དགོས་པའི་ཕྱིར་ཏེ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་གསུངས་པའི་ཕྱིར། གཞན་ཡང་། མི་བསླུ་བའི་རིག་པ་ཙམ་གྱིས་ཚད་མའི་མཚན་ཉིད་ཡོངས་སུ་མ་རྫོགས་པར་ཐལ། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་དགོས་པའི་ཕྱིར། དེར་ཐལ། ཚད་མའི་སྐད་དོད་ཀྱི་པྲ་མ་ཎ། ཞེས་པའི་པྲ་དང་པོ་དང་། མ་ཎ་འཇལ་བ་ལ་འཇུག་ཅིང་། དང་པོ། ཞེས་པའི་དོན་ཡང་གསར་དུ་ཞེས་པ་ལ་བྱེད་རིགས་པའི་ཕྱིར། ཁ་ཅིག་ན་རེ། རང་གི་གཞལ་བྱ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་རིག་པ་ཚད་མའི་མཚན་ཉིད་ཡིན་ཟེར་ན། སྔོན་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་ངེས་པའི་ངེས་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། སྔོན་པོ་སྔོན་པོ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར་ཏེ། དེ་འདྲའི་ངེས་ཤེས་དེ་དང་སྔོན་པོ་སྔོན་པོ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་གཉིས་པོ་གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར་ཏེ། གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རང་གི་གཞལ་བྱ་གསར་དུ་རྟོགས་པའི་རིག་པ་ཚད་མའི་མཚན་ཉིད་ཟེར་ན། བུམ་འཛིན་རྟོག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། བུམ་པ་གསར་དུ་རྟོགས་པའི་རིག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྗེས་སུ་དཔག་པའི་ཚད་མ་ཡིན་པར་ཐལ། ཚད་མ་གང་ཞིག །རྟོག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་བསྐྱེད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཁྱོད་ཀྱི་རྟེན་དུ་གྱུར་པའི་རྟགས་ཡང་དག་མེད་ན་ཁྱོད་མེད་དགོས་པར་ཐལ་ལོ། །ཁ་ཅིག་ན་རེ། རང་གི་འཇུག་ཡུལ་ཐོབ་པའི་རིག་པ་ཚད་མའི་མཚན་ཉིད་ཟེར་ན། སེམས་ཅན་གྱི་རྒྱུད་ཀྱི་རྣམ་མཁྱེན་རྟོགས་པའི་རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རྣམ་མཁྱེན་ཐོབ་པའི་རིག་པ་ཡིན་པར་ཐལ། འདོད་པ་གང་ཞིག །རྣམ་མཁྱེན་དེ་ཁྱོད་ཀྱི་འཇུག་ཡུལ་ཡིན་པའི་ཕྱིར། འདོད་ན། སེམས་ཅན་དེ་རྣམ་མཁྱེན་ཐོབ་པའི་གང་ཟག་ཏུ་ཐལ། དེའི་རྒྱུད་ཀྱི་རྣམ་མཁྱེན་རྟོགས་པའི་རྗེས་དཔག་དེ་རྣམ་མཁྱེན་ཐོབ་པའི་རིག་པ་ཡིན་པའི་ཕྱིར། རྟགས་ཁས། བྱས་པ་ལ་ཁོ་ན་རེ། སེམས་ཅན་གྱི་རྒྱུད་ཀྱི་རྣམ་མཁྱེན་རྟོགས་པའི་རྗེས་དཔག་དེ་རྣམ་མཁྱེན་ཐོབ་པའི་རིག་པ་ཡིན་པར་ཐལ། དེ་རྣམ་མཁྱེན་འཇུག་ཡུལ་དུ་ཐོབ་པའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་བུམ་པ་རྟོགས་པའི་རྗེས་དཔག་དེ་བུམ་པ་འཇུག་ཡུལ་དུ་ཐོབ་པའི་རིག་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་གཞལ་བྱ་ལ་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཚད་མའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། སྒྲ་མི་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། སྒྲ་མི་རྟག་པ་ལ་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་རིག་པ་གང་ཞིག །དེ་ལ་སྒྲོ་འདོགས་ཆོད་ཟིན་གཅོད་པའི་རིག་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྒྲ་རྟག་པར་སྒྲོ་འདོགས་པའི་སྒྲོ་འདོགས་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར་ཏེ། སྒྲོ་འདོགས་དེའི་ཞེན་ཡུལ་ཁེགས་པའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྒྲ་རྟག་པ་ཁེགས་པའི་རིག་པ་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པ་རྟོགས་པའི་རིག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་འཛིན་རྟོག་པ་ཡང་ཚད་མར་ཐལ་ལོ། །ཁ་ཅིག་ན་རེ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། སྒྲ་མི་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། སྒྲ་མི་རྟག་པ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པ་ལ་མི་བསླུ་བའི་རིག་པ་གང་ཞིག །དེ་རྟོགས་ཟིན་རྟོགས་པའི་རིག་པ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་མི་རྟག་པར་གཞལ་བ་གཞལ་བ་ལྟར་དུ་གྲུབ་པའི་རིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། མེས་བཙོ་སྲེག་གི་དོན་བྱེད་ནུས་པ་གཞལ་བ་གཞལ་བ་ལྟར་དུ་གྲུབ་པའི་རིག་པ་ཡིན་ན། དེ་ལ་མི་བསླུ་བའི་རིག་པ་ཡིན་དགོས་པའི་ཕྱིར་ཏེ། དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཡིན་ན། དེ་ལ་མི་བསླུ་བའི་རིག་པ་ཡིན་དགོས་པ་ལུང་དེའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྒྲོ་འདོགས་གཅོད་བྱེད་ཀྱི་རིག་པ་ཚད་མའི་མཚན་ཉིད་ཟེར་ན། སྔོན་འཛིན་དབང་མངོན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲོ་འདོགས་གཅོད་བྱེད་ཀྱི་ཚད་མ་ཡིན་པར་ཐལ། འདོད་པ་གང་ཞིག །ཚད་མ་ཡིན་པའི་ཕྱིར། འདོད་ན། སྒྲོ་འདོགས་ཀྱི་ཞེན་ཡུལ་བཀག་པའི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲོ་འདོགས་ཀྱི་ཞེན་ཡུལ་ཆོས་ཅན། སྔོན་འཛིན་དབང་མངོན་ཁྱོད་བཀག་པའི་ཚད་མ་མ་ཡིན་པར་ཐལ། སེར་འཛིན་དབང་མངོན་དེ་ཁྱོད་བཀག་པའི་ཚད་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྔོན་འཛིན་དབང་མངོན་དེ། སྒྲོ་འདོགས་གཅོད་བྱེད་ཀྱི་ཚད་མ་ཡིན་པར་ཐལ། སྒྲོ་འདོགས་དེ་སྔོན་འཛིན་དབང་མངོན་གྱི་བཅད་བྱར་གྱུར་པའི་སྒྲོ་འདོགས་ཡིན་པའི་ཕྱིར། དེ་སངས་འཕགས་ཀྱི་རྒྱུད་ཀྱི་སྔོན་འཛིན་དབང་མངོན་གྱི་བཅད་བྱར་གྱུར་པའི་སྒྲོ་འདོགས་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། གསར་དུ་མི་བསླུ་བའི་རིག་པ་དེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་སྐབས་ནས་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་མའི་མཚན་ཉིད་ཡིན་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། དེའི་སྐབས་ནས་དངོས་སུ་བསྟན་པའི་ཚད་མ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། གཞུང་དེའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་ཐེག་དམན་གྱི་རིགས་ཅན་གཅིག་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། གཞུང་དེ་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་ཡིན་པའི་ཕྱིར་ཏེ། ཚད་མ་གྲུབ་པའི་ལེའུ་འདི་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་ཡིན་པའི་ཕྱིར་ཏེ། བསྟན་བཅོས་འདི་ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྟན་བཅོས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་དེས་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པར་ཐལ། དེ་ཆོས་ཅན། ཚད་མ་ཡིན་ཏེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་གཞུང་དེའི་དངོས་བསྟན་གྱི་སྦྱོར་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེའི་དངོས་བསྟན་གྱི་སྦྱོར་བ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། ཁོ་རང་ལ། གསར་དུ་མི་བསླུ་བའི་རིག་པ་དེ། གཞུང་དེའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཚད་མའི་མཚན་ཉིད་ཡིན་པར་ཐལ། གཞུང་དེས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་དངོས་ཀྱི་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་ཏེ། མེ་འཛིན་དབང་མངོན་ཆོས་ཅན། ཚད་མ་ཡིན་ཏེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི། གཞུང་འདིའི་དངོས་ཀྱི་བསྟན་བྱའི་དེར་གྱུར་པའི་སྦྱོར་བ་ཡིན་པའི་ཕྱིར་ཏེ། དེའི་དངོས་ཀྱི་བསྟན་བྱའི་དེར་གྱུར་པའི་དེ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་ན། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། གཞུང་འདིའི་དངོས་བསྟན་བསྟན་བྱའི་དེར་གྱུར་པའི་ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེ་དེའི་མཚན་ཉིད་དུ་གཞུང་གིས་བསྟན་ཚུལ་ལ། ཁ་ཅིག་ན་རེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་གཞུང་འདིས་ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་མི་བསླུ་བ་དེ་བསྟན། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས་དེའི་ཟུར་གྱི་གསར་དུ་ཞེས་པ་དེ་བསྟན། གཞུང་དེ་གཉིས་ཀ་ཚོགས་པས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བསྟན་ཅིང་། གཞུང་དང་པོ་དེས་ཚད་མའི་མཚན་ཉིད་ཡོངས་རྫོགས་མ་བསྟན་ནོ། །ཟེར་ན། གཞུང་དེས་ཚད་མའི་མཚན་ཉིད་མ་བསྟན་པར་ཐལ། དེས་ཚད་མའི་མཚན་ཉིད་ཡོངས་རྫོགས་མ་བསྟན་པ་གང་ཞིག །དེའི་མཚན་ཉིད་ཡིན་ན་དེའི་མཚན་ཉིད་ཡོངས་རྫོགས་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། ལྷ་དབང་བློས། དེ་ལྟར་ན་མི་བསླུ་བའི་ཚད་མའི་མཚན་ཉིད་གཅིག་བཤད་ཟིན་ཏོ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པ་གཞན་ཚད་མའི་མཚན་ཉིད་གཉིས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། གཞུང་དང་པོ་དེས་ཚད་མའི་མཚན་ཉིད་ཡོངས་རྫོགས་བསྟན་པར་ཐལ། དེས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བསྟན་པའི་ཕྱིར་ཏེ། དེས་དེ་དེའི་མཚན་ཉིད་དུ་བསྟན་པ་ལ། མ་ཁྱབ། ཁྱབ་ཆེས། མི་སྲིད་པའི་སྐྱོན་གསུམ་སྤོང་བར་བྱེད་པ་ལ། སྒྲ་ལས་བྱུང་བ་ཡང་། ཞེས་པ་ནས། དེ་ཡོད་ན་ཡོད་མེད་ཕྱིར་རོ། །ཞེས་པའི་བར་བྱུང་བའི་ཕྱིར། ཁ་ཅིག་ན་རེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་གཞུང་དེས་ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་མི་བསླུ་བ་དེ་དངོས་སུ་བསྟན། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པས། དེའི་ཟུར་གྱི་གསར་དུ་ཞེས་པ་དེ་དངོས་སུ་བསྟན། དེ་གཉིས་དྲིལ་བས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་དངོས་སུ་བསྟན་ཅིང་། གཞུང་དང་པོ་དེས་གསར་དུ་མི་བསླུ་བའི་རིག་པ། ཚད་མའི་མཚན་ཉིད་དུ་དངོས་སུ་མ་བསྟན་པ་ཡིན་ནོ། །ཟེར་ན། གཞུང་དང་པོ་དེས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་དངོས་སུ་བསྟན་པར་ཐལ། དེས་མེ་འཛིན་དབང་མངོན་ཚད་མའི་མཚན་གཞིར་དངོས་སུ་བསྟན་པའི་ཕྱིར་ཏེ། མེ་འཛིན་དབང་མངོན་ཆོས་ཅན། ཚད་མ་ཡིན་ཏེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་དེ་གཞུང་དེའི་དངོས་བསྟན་གྱི་སྦྱོར་བ་ཡིན་པའི་ཕྱིར་ཏེ། དེའི་དངོས་བསྟན་གྱི་སྦྱོར་བ་གཅིག་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཞུང་དེས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་སྒྲས་ཟིན་ལ་བསྟན་པར་ཐལ། དེས་དེ་དངོས་སུ་བསྟན་པའི་ཕྱིར་ན་མ་ཁྱབ། འདོད་ན། དེས་ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་གསར་དུ་ཞེས་པ་དེ་ཡང་ཚིག་ཟིན་ལ་བསྟན་པར་ཐལ་ལོ། །འདོད་མི་ནུས་ཏེ། རྣམ་ངེས་ཊཱིཀ་ཆེན་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་དང་པོ་དང་། གསར་པའི་དོན་གསལ་པོར་མེད་ཀྱང་དོན་ཁོང་ན་གནས་པས་ཕྱི་མས་མཚན་ཉིད་ཀྱི་ཁྱད་པར་ལ་དོགས་པ་གཅོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། ཁོ་ན་རེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས། གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་སྒྲས་ཟིན་ལ་བསྟན་པར་ཐལ། དེས་མེ་འཛིན་དབང་མངོན་ཚད་མའི་མཚན་གཞིར་སྒྲས་ཟིན་ལ་བསྟན་པའི་ཕྱིར་ཏེ། མེ་འཛིན་དབང་མངོན་ཆོས་ཅན། ཚད་མ་ཡིན་ཏེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་གཞུང་དེའི་སྒྲས་ཟིན་གྱི་སྦྱོར་བ་ཡིན་པའི་ཕྱིར་ཏེ། གཞུང་དེའི་སྒྲས་ཟིན་གྱི་དེ་ཡོད་པའི་ཕྱིར། ཁྱབ་པ་ཁས། ཟེར་ན་མི་འགྲིག་གོ། འོ་ན། གཞུང་དེའི་དངོས་བསྟན་གྱི་སྦྱོར་བ་ཡིན་ན། དེའི་སྒྲས་ཟིན་གྱི་སྦྱོར་བ་ཡིན་དགོས་པར་ཐལ། ཁྱོད་ཀྱི་དེ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། འདོད་ན། གཞུང་དེའི་དངོས་བསྟན་གྱི་བརྗོད་བྱ་ཡིན་ན། དེའི་སྒྲས་ཟིན་གྱི་བརྗོད་བྱ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚད་མ་ཞེས་པའི་ངག་གི་དངོས་ཀྱི་བརྗོད་བྱ་ཡིན་ན། དེའི་སྒྲས་ཟིན་གྱི་དེ་ཡིན་དགོས་པར་ཐལ་ལོ། །འདོད་ན། ཚད་མའི་དོན་སྤྱི་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་ན་རེ། ཚད་མ་དེ་ལ། མཚོན་བྱ་དོན་གྱི་ཚད་མ་དང་། མཚོན་བྱེད་དཔེའི་ཚད་མ་གཉིས་སུ་ཡོད་དོ། །ཟེར་ན། མཚོན་བྱ་དོན་གྱི་ཚད་མ་ཡིན་ན་ཚད་མ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྟོན་པ་མཆོག་གི་སྤྲུལ་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཚད་མའི་སྐྱེས་བུ་མཐར་ཐུག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སངས་འཕགས་ཀྱི་རྒྱུད་ཀྱིས་བསྡུས་པའི་ཚད་མ་ཡིན་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱིས་བསྡུས་པ་གང་ཞིག །ཚད་མ་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་དུ་ཐལ་ལོ། །གཞན་ཡང་། ཚད་མ་ལ་དེ་གཉིས་སུ་དབྱེ་བར་མི་འཐད་པར་ཐལ། ཚད་མ་ཡིན་ན་མཚོན་བྱེད་དཔེའི་ཚད་མ་ཡིན་དགོས་པའི་ཕྱིར་ཏེ། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མཚོན་བྱ་དོན་གྱི་ཚད་མ་ཡིན་ན་ཚད་མ་ཡིན་དགོས་པར་ཐལ། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པའི་སྐབས་ནས་བསྟན་པའི་ཚད་མ་ཡིན་ན་ཚད་མ་ཡིན་དགོས་པ་གང་ཞིག །གཞུང་དེས་མཚོན་བྱ་དོན་གྱི་ཚད་མ་བསྟན་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། སྟོན་པ་མཆོག་གི་སྤྲུལ་སྐུ་ཆོས་ཅན། ཚད་མ་ཡིན་པར་ཐལ། གཞུང་དེའི་སྐབས་ནས་བསྟན་པའི་ཚད་མ་ཡིན་པའི་ཕྱིར་ཏེ། ཚད་མར་གྱུར་པ། ཞེས་པའི་སྐབས་ནསབསྟན་པའི་ཚད་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ལྷ་དབང་བློས། ཚད་མར་གྱུར་པ་ནི་ཚད་མར་འཁྲུངས་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྟོན་པ་མཆོག་གི་སྤྲུལ་སྐུ་དེ་རང་རྒྱུ་བསམ་སྦྱོར་ཕུན་ཚོགས་ཉམས་སུ་བླངས་པ་ལ་བརྟེན་ནས་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་འཁྲུངས་པ་ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། སྟོན་པ་མཆོག་གི་སྤྲུལ་སྐུ་དེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཚད་མ་ཡིན་པར་ཐལ། དེ་ཚད་མར་གྱུར་པ། ཞེས་པའི་སྐབས་ནས་བསྟན་པའི་ཚད་མ་ཡིན་པ་གང་ཞིག །ཚད་མར་གྱུར་པ། ཞེས་པའི་ཚིག་དོན་འཆད་པར་བྱེད་པ་ལ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ནས། ཚུར་ཤོག་བྱ་རྒོད་བསྟེན་པར་གྱིས། །ཞེས་པའི་བར་བྱུང་བ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། སྟོན་པ། ཞེས་པའི་སྐབས་ནས་བསྟན་པའི་སྟོན་པ་ཡིན་ན་སྟོན་པ་ཡིན་དགོས་པར་ཐལ། ཚད་མར་གྱུར་པ། ཞེས་པའི་སྐབས་ནས་བསྟན་པའི་ཚད་མ་ཡིན་ན། ཚད་མ་ཡིན་དགོས་པའི་ཕྱིར་ན། འདོད་བྱས་པ་ལ། བྱང་སེམས་འཕགས་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དེའི་རྒྱུད་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ། འགྲོ་ལ་ཕན་བཞེད་པ། ཞེས་པའི་སྐབས་ནས་བསྟན་པའི་བསམ་པ་ཕུན་ཚོགས་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ། སྟོན་པ། ཞེས་པའི་སྐབས་ནས་བསྟན་པའི་རྒྱུའི་སྟོན་པ་ཡིན་ན། དེའི་སྐབས་ནས་བསྟན་པའི་སྟོན་པ་ཡིན་དགོས་པར་ཐལ། དེའི་སྐབས་ནས་བསྟན་པའི་རྒྱུའི་སྟོན་པ་ཡོད་པའི་ཕྱིར། འདོད་ན། རྒྱུའི་སྟོན་པ་ཡིན་ན་སྟོན་པ་ཡིན་དགོས་པར་ཐལ་ལོ། །འདོད་མི་ནུས་ཏེ། སྟོན་པ་ཡིན་ན་སངས་འཕགས་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཕྱི་རོལ་པའི་སྟོན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། ཕྱི་རོལ་པའི་སྟོན་པ་སྟོན་པ་ཡིན་པར་ཐལ། དེའི་བསྟན་པ་བསྟན་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེའི་བསྟན་བཅོས་བསྟན་བཅོས་ཡིན་པའི་ཕྱིར། ཁོ་རང་ལ། སྟོན་པ་མཆོག་གི་སྤྲུལ་སྐུ་དེ། ཚད་མར་གྱུར་པ་ཞེས་པའི་སྐབས་ཀྱི་ཚད་མ་ཡིན་པར་ཐལ། དེ་དེའི་སྐབས་ནས་བསྟན་པའི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་དེའི་སྐབས་ཀྱི་ཚད་མ་དང་འདྲ་བའི་རྒྱུ་མཚན་གྱིས་དེ་ལ་ཚད་མའི་མིང་གིས་བཏགས་ནས་བསྟན་པའི་ཕྱིར་ཏེ། ལྷས། ཚད་མ་དང་འདྲ་བས་ན་ཚད་མ་སྟེ་བཅོམ་ལྡན་འདས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སྟོན་པ་མཆོག་གི་སྤྲུལ་སྐུ་དེ། ཚད་མར་གྱུར་པ། ཞེས་པའི་སྐབས་ནས་བསྟན་པའི་ཚད་མ་མ་ཡིན་པར་ཐལ། རྣམ་མཁྱེན་དེ་དེའི་སྐབས་ནས་བསྟན་པའི་ཚད་མ་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་དེ། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པའི་སྐབས་ནས་བསྟན་པའི་ཚད་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཇི་ལྟ་བ་དང་ཇི་སྙེད་པ་ལ་ཚད་མ་ཡིན་ཏེ། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་གཞུང་དེའི་དོན་སྦྱོར་རྣམ་དག་ཡིན་པའི་ཕྱིར་ཏེ། དེའི་དོན་སྦྱོར་རྣམ་དག་ཡོད་པའི་ཕྱིར། ཁ་ཅིག་ན་རེ། བསམ་པ་ཕུན་ཚོགས་དང་སྦྱོར་བ་ཕུན་ཚོགས་གང་རུང་ཡིན་ན། འགྲོ་ལ་ཕན་བཞེད་པ། སྟོན་པ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་བསམ་པ་ཕུན་ཚོགས་དང་། སྦྱོར་བ་ཕུན་ཚོགས་གང་རུང་ཡིན་པས་ཁྱབ་ཟེར་ན། ཉན་རང་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། གཞུང་དེའི་སྐབས་ནས་དངོས་སུ་བསྟན་པའི་བསམ་པ་ཕུན་ཚོགས་ཡིན་པར་ཐལ། བསམ་པ་ཕུན་ཚོགས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཀུན་རྫོབ་སེམས་བསྐྱེད་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དམན་ལམ་སྔོན་དུ་མ་སོང་བའི་མཁྱེན་པ་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ། འགྲོ་ལ་ཕན་བཞེད་པ། སྟོན་པ། ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་བསམ་པ་ཕུན་ཚོགས་དང་། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དེ། དེའི་སྐབས་ནས་དངོས་སུ་བསྟན་པའི་སྦྱོར་བ་ཕུན་ཚོགས་ཡིན་ཟེར་ན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཆོས་ཅན། སློབ་པའི་རྒྱུད་ཀྱི་མཁྱེན་པ་ཡིན་པར་ཐལ། དེའི་སྐབས་ནས་དངོས་སུ་བསྟན་པའི་བསམ་པ་ཕུན་ཚོགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་རྒྱུད་ལ་ལྡན་པའི་སངས་འཕགས་ཡོད་པའི་ཕྱིར། གཉིས་པ་ལ་ཡང་དེས་མཚོན་ནོ། །ཁ་ཅིག་ན་རེ། བདེ་གཤེགས། ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་བདེ་བར་གཤེགས་པ་ཡིན་ན། སྤངས་པ་ཕུན་ཚོགས་དང་རྟོགས་པ་ཕུན་ཚོགས་གང་རུང་ཡིན་པས་ཁྱབ་ཟེར་ན། སྤངས་པ་ཕུན་ཚོགས་དང་རྟོགས་པ་ཕུན་ཚོགས་གཉིས་ཀ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། སྤངས་པ་ཕུན་ཚོགས་དེ་ཡང་དེ་ཡིན། རྟོགས་པ་ཕུན་ཚོགས་དེ་ཡང་དེ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྤངས་པ་ཕུན་ཚོགས་དེ་ལུགས་འབྱུང་གི་སྐབས་དེར་བསྟན་པའི་བདེ་བར་གཤེགས་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རྟོགས་པ་ཕུན་ཚོགས་དེ་ལུགས་ལྡོག་གི་སྐབས་དེར་བསྟན་པའི་བདེ་བར་གཤེགས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྐྱོབ་པ། ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་སྐྱོབ་པ་ཡིན་ན། ལོངས་སྐུ་དང་སྤྲུལ་སྐུ་གང་རུང་ཡིན་པས་ཁྱབ་ཟེར་ན། དེ་གཉིས་ཀ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་ན་རེ། ཚད་མའི་སྐྱེས་བུ་ཡིན་ན། ཚད་མའི་སྐྱེས་བུ་མཐར་ཐུག་ཡིན་པས་ཁྱབ་ཟེར་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བྱང་ཆུབ་སེམས་དཔའ་གང་ཞིག །ཁྱོད་ཀྱིས་ཡོད་པར་ཁས་བླངས་ན་ཡོད་པས་ཁྱབ། ཁྱོད་ཀྱིས་མེད་པར་ཁས་བླངས་ན་མེད་པས་ཁྱབ་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སངས་འཕགས་ཡིན་པར་ཐལ། ཚད་མའི་སྐྱེས་བུ་མཐར་ཐུག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མཁས་པའི་སྐྱེས་བུ་ཡིན་ན་ཚད་མའི་སྐྱེས་བུ་ཡིན་པས་ཁྱབ་ཟེར་ན། སློབ་དཔོན་དབྱིག་གཉེན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལ་ཀུན་མཁྱེན་གཉིས་པར་གྲགས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་ཡོད་པར་ཁས་བླངས་ན་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་ཀུན་གཞིའི་རྣམ་ཤེས་ཡོད་པར་ཁས་བླངས་པ་གང་ཞིག །ཀུན་གཞིའི་རྣམ་ཤེས་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། རང་དབང་བའི་ང་མེད་པའི་ཕྱིར་ཏེ། རང་དབང་བའི་ང་ཞེན་ཡུལ་དུ་བྱེད་པའི་ལྟ་བ་དེ་འཇིག་ལྟ་ཡིན་པའི་ཕྱིར་ཏེ། སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སློབ་དཔོན་དབྱིག་གཉེན་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་པར་ཐལ། བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་ན་མ་ཁྱབ། མ་གྲུབ་ན། དེ་ཆོས་ཅན། བྱང་ཆུབ་སེམས་དཔའ་ཡིན་པར་ཐལ། བྱང་སེམས་ཚོགས་ལམ་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཚད་མ་དེ་ལ་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས་ཡོད་པ་ལས་རང་གི་གཞལ་བྱ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རྟོག་པ་ཡིན་ན། རྗེས་སུ་དཔག་པའི་ཚད་མ་ཡིན་པས་ཁྱབ་ཟེར་ན། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རྟོག་པ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། བསམ་བྱུང་གི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བསྒོམ་བྱུང་གི་བློ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་གཞལ་བྱ་རྟོགས་པའི་རིག་པ་མི་བསླུ་བའི་རིག་པའི་མཚན་ཉིད་ཟེར་ན། བུམ་འཛིན་རྟོག་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། བུམ་པ་རྟོགས་པའི་རིག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། འདོད་པ་གང་ཞིག །བཅད་ཤེས་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྗེས་སུ་དཔག་པའི་ཚད་མ་ཡིན་པར་ཐལ། འདོད་པ་གང་ཞིག །རྟོག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། བུམ་འཛིན་རྟོག་པའི་རྟེན་དུ་གྱུར་པའི་རྟགས་ཡང་དག་ཡོད་པར་ཐལ། བུམ་འཛིན་རྟོག་པ་དོན་མཐུན་གྱི་རྟེན་དུ་གྱུར་རྟགས་ཡང་དག་ཡོད་པའི་ཕྱིར་ཏེ། བུམ་པ་དེ་དེ་ཡིན་པའི་ཕྱིར་ཏེ། བུམ་པ་དེ་དེའི་རྟེན་གཞི་གང་ཞིག །བུམ་པ་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ། དང་པོ་གྲུབ་སྟེ། དེ་བུམ་པ་ལ་བརྟེན་པའི་ཕྱིར་ཏེ། དེ་བུམ་པ་ལ་ལྟོས་པའི་ཕྱིར་ཟེར་ན། འོ་ན། ཁོ་རང་ལ། བུམ་འཛིན་དབང་མངོན་གྱི་རྟེན་དུ་གྱུར་པའི་རྟགས་ཡང་དག་ཡོད་པར་ཐལ། བུམ་པ་དེ་དེ་ཡིན་པའི་ཕྱིར། རྟགས་ཀྱི་སྒྲུབ་བྱེད་ཁོ་རང་གིས་གང་བྱས་པ་དང་འདྲ་ལ། འདོད་ན། བུམ་འཛིན་དབང་མངོན་དེས་རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་བུམ་པ་རྟོགས་པར་ཐལ། དེའི་རྟེན་དུ་གྱུར་པའི་རྟགས་ཡང་དག་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། བུམ་འཛིན་དབང་མངོན་དེ། བུམ་པ་ལ་འཛིན་པ་རང་དབང་ཅན་གྱི་བློ་ཡིན་པའི་ཕྱིར་ཏེ། དེ་ལ་འཛིན་པ་རང་དབང་ཅན། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། མི་བསླུ་བ་དེ་ལ་ཡུལ་གྱི་མི་བསླུ་བ་དང་ཡུལ་ཅན་གྱི་དེ་གཉིས་སུ་ཡོད་དོ། །ཟེར་ན། ཡུལ་གྱི་མི་བསླུ་བ་ཡིན་ན། མི་བསླུ་བ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྒྲ་རྟག་འཛིན་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྣམ་མཁྱེན་མི་བསླུ་བའི་རིག་པར་སོང་བའི་ཡུལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བསླུ་བའི་རིག་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མི་བསླུ་བ་ཡིན་ན། ཡུལ་ཅན་གྱི་མི་བསླུ་བ་ཡིན་དགོས་པར་ཐལ། ཡུལ་ཅན་གྱི་མི་བསླུ་བ་ཡིན་ན་མི་བསླུ་བ་ཡིན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། འདོད་ན། ངོ་བོ་ཉིད་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། མི་བསླུ་བའི་སྐྱབས་གནས་མཐར་ཐུག་ཡིན་པའི་ཕྱིར། འདོད་ན། ཡུལ་ཅན་དུ་ཐལ་ལོ། །ཁ་ཅིག་ན་རེ། རང་ཡུལ་མ་རྟོགས་པའི་རིག་པ་དེ། ཚད་མིན་གྱི་བློའི་མཚན་ཉིད་ཟེར་ན། བཅད་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། ཁ་ཅིག་ན་རེ། ཚད་མ་མ་ཡིན་པའི་བློ་དེ་ལ་ལྔ་ཡོད་པ་ལས། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་དེ་ལོག་ཤེས་ཀྱི་མཚན་ཉིད་ཟེར་ན། སྒྲ་རྟག་འཛིན་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་རང་ཡུལ་ལ་སྒྲོ་འདོགས་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྒྲ་རྟག་པ་ལ་སྒྲོ་འདོགས་པའི་བློ་ཡིན་པར་ཐལ། འདོད་པ་གང་ཞིག །སྒྲ་རྟག་པ་དེ་དེའི་ཡུལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲ་མི་རྟག་པ་ལ་སྒྲོ་འདོགས་པའི་བློ་ཡིན་པའི་ཕྱིར་ཏེ། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་དེ། སྒྲ་མི་རྟག་པ་ལ་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར། གཞན་ཡང་། སྒྲ་རྟག་འཛིན་རྟོག་པ་དེ། རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་རིག་པ་ཡིན་པར་ཐལ། དེ་རང་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་རིག་པ་ཡིན་པའི་ཕྱིར། འདོད་ན། དེའི་ཡུལ་དེ་དེའི་ཞེན་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཡུལ་ཆོས་ཅན། མེད་པར་ཐལ། སྒྲ་རྟག་འཛིན་རྟོག་པའི་ཞེན་ཡུལ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་ཡུལ་ལ་མཐའ་གཉིས་སུ་དོགས་པའི་རིག་པ་དེ། ཐེ་ཚོམ་གྱི་མཚན་ཉིད་ཟེར་ན། ཐེ་ཚོམ་དང་མཚུངས་ལྡན་དུ་གྱུར་པའི་གཙོ་སེམས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཐེ་ཚོམ་དེ་དེ་ཡིན་པ་གང་ཞིག །ཐེ་ཚོམ་དང་ཐེ་ཚོམ་དང་མཚུངས་ལྡན་དུ་གྱུར་པའི་གཙོ་སེམས་གཉིས་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སེམས་བྱུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཙོ་སེམས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་ཡུལ་ལ་མཐའ་གཉིས་སུ་དོགས་པའི་སེམས་བྱུང་དེ་ཐེ་ཚོམ་གྱི་མཚན་ཉིད་ཟེར་ན། སྒྲ་རྟག་གམ་མི་རྟག་གམ་སྙམ་པའི་ཐེ་ཚོམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྒྲ་དེ་དེ་འདྲའི་ཐེ་ཚོམ་གྱི་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་དེ་དེའི་སྣང་ཡུལ་ཡང་མིན། དེའི་ཞེན་ཡུལ་ཡང་མིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་སྣང་ཡུལ་དུ་གྱུར་པའི་རང་མཚན་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། དེའི་ཞེན་ཡུལ་མེད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་མེད་པར་ཐལ། ཁྱོད་ཐེ་ཚོམ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་རྟག་གམ་མི་རྟག་གམ་ཕལ་ཆེར་མི་རྟག་ལས་ཆེ་སྙམ་དུ་འཛིན་པའི་ཐེ་ཚོམ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་མེད་པར་ཐལ། ཁྱོད་ཐེ་ཚོམ་ཡིན་པའི་ཕྱིར། ཟེར་ན། འདོད་བྱས་པ་ལ། དེ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་ཡོད་པར་ཐལ། ཁྱོད་སྒྲ་མི་རྟག་པར་འཛིན་པའི་ཞེན་རིག་ཡིན་པའི་ཕྱིར་ཏེ། ཁྱོད་སྒྲ་མི་རྟག་པར་འཛིན་པའི་བློ་གང་ཞིག། ཁྱོད་ཞེན་རིག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་སྒྲ་མི་རྟག་གམ་སྙམ་དུ་འཛིན་པའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། ཁོ་རང་ལ། སྒྲ་རྟག་མི་རྟག་ཆ་མཉམ་དུ་འཛིན་པའི་བློ་ཆོས་ཅན། སྒྲ་མི་རྟག་པར་འཛིན་པའི་བློ་ཡིན་པར་ཐལ། སྒྲ་མི་རྟག་གམ་སྙམ་དུ་འཛིན་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སྒྲ་རྟག་པར་འཛིན་པའི་བློ་ཡིན་པའི་ཕྱིར་ཏེ། སྒྲ་རྟག་གམ་སྙམ་དུ་འཛིན་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག་ན་རེ། རང་ཡུལ་ཚད་མས་མ་ངེས་ཤིང་རང་ཡུལ་ངེས་པའི་ཞེན་རིག་དེ། ཡིད་དཔྱོད་ཀྱི་མཚན་ཉིད་ཟེར་ན། གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་མི་རྟག་པར་འཛིན་པའི་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། གྲངས་ཅན་གྱི་རྒྱུད་ལ་སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་ཡོད་པའི་ཕྱིར། དེའི་རྒྱུད་ལ་བྱས་པའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་ཡོད་པའི་ཕྱིར་ཏེ། སྤྱིར་རྒྱུ་མཚན་ཡོད་ཀྱང་རྒྱུ་མཚན་གཏན་ལ་མ་ཕབ་པའི་ཡིད་དཔྱོད་ཡོད་པའི་ཕྱིར། ཁ་ཅིག་ན་རེ། རང་ཡུལ་སྣང་ཞིང་། རང་ཡུལ་མ་ངེས་པའི་རིག་པ་དེ། སྣང་ལ་མ་ངེས་ཀྱི་བློའི་མཚན་ཉིད་ཟེར་ན། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། རང་ཡུལ་མ་རྟོགས་པའི་མངོན་སུམ་ཡིན་པའི་ཕྱིར། འདོད་ན། དེའི་ཡུལ་དེ། དེ་ལ་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་གྱི་ཡུལ་དེ། གཟུགས་འཛིན་དབང་མངོན་ལ་སྣང་བར་ཐལ། འདོད་པའི་ཕྱིར། །

རང་ལུགས་ཀྱི་བློའི་རྣམ་གཞག་སྤྱིར་བཤད་པ།

༈ རང་ལུགས་བཞག་པ་ལ། བློའི་རྣམ་གཞག་སྤྱིར་བཤད་པ་དང་། ཚད་མ་དང་མི་བསླུ་བའི་ཤེས་པའི་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གསལ་ཞིང་རིག་པ་བློའི་མཚན་ཉིད་ཡིན་ཏེ། དེ་སྐད་དུ་ཡང་། རིགས་གཏེར་ལས། རིག་པ་བློ་ཡི་མཚན་ཉིད་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་བློ་ལ་དབྱེ་ན། མངོན་སུམ་གྱི་ཚད་མ། རྗེས་སུ་དཔག་པའི་ཚད་མ། བཅད་ཤེས། ལོག་ཤེས། ཐེ་ཚོམ། ཡིད་དཔྱོད། སྣང་ལ་མ་ངེས་ཀྱི་བློ་དང་བློ་རིག་བདུན་དུ་འབྱེད་རིགས་པ་ཡིན་ཏེ། བློ་དེ་ལ་རང་ཡུལ་ལ་སྒྲོ་འདོགས་གཅོད་པར་བྱེད་པའི་མི་བསླུ་བའི་རིག་པ་གཅིག་དང་། རང་ཡུལ་ལ་སྒྲོ་འདོགས་གཅོད་པར་མི་བྱེད་པའི་བསླུ་བའི་རིག་པ་གཉིས་སུ་ངེས་པ་ལས། དང་པོའི་དབང་དུ་བྱས་ནས་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ། བཅད་ཤེས་གསུམ་བཞག །གཉིས་པའི་དབང་དུ་བྱས་ནས་ཕྱི་མ་བཞི་པོ་དེ་བཞག་པ་ཡིན་པའི་ཕྱིར། དང་པོའི་དབང་དུ་བྱས་ནས་དེ་ལྟར་བཞག་པ་ཡང་ཡིན་ཏེ། དང་པོ་དེ་ལ། རང་ཡུལ་ལ་སྒྲོ་འདོགས་གསར་དུ་གཅོད་པར་བྱེད་པའི་མི་བསླུ་བའི་རིག་པ་གཅིག་དང་། རང་གི་གཞལ་བྱ་ལ་སྒྲོ་འདོགས་ཆོད་ཟིན་ཆོད་པའི་མི་བསླུ་བའི་རིག་པ་གཉིས་སུ་ངེས་པ་ལས། དང་པོའི་དབང་དུ་བྱས་ནས་མངོན་རྗེས་ཀྱི་ཚད་མ་གཉིས་བཞག །ཕྱི་མའི་དབང་དུ་བྱས་ནས་བཅད་ཤེས་བཞག་པ་ཡིན་པའི་ཕྱིར། དང་པོ་དེ་ཡང་བཞག་པ་ཡིན་ཏེ། དང་པོ་དེ་ལ་རང་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་བའི་སྒོ་ནས་རང་ཡུལ་ལ་སྒྲོ་འདོགས་གསར་དུ་གཅོད་པར་བྱེད་པའི་མི་བསླུ་བའི་རིག་པ་གཅིག་དང་། རང་ཡུལ་དུ་གྱུར་པའི་སྤྱི་མཚན་མི་གསལ་བར་སྣང་བའི་སྒོ་ནས་རང་ཡུལ་ལ་སྒྲོ་འདོགས་གསར་དུ་གཅོད་པར་བྱེད་པའི་མི་བསླུ་བའི་རིག་པ་གཉིས་སུ་ངེས་པ་ལས། དང་པོའི་དབང་དུ་བྱས་ནས་མངོན་སུམ་གྱི་ཚད་མ་བཞག །གཉིས་པའི་དབང་དུ་བྱས་ནས་རྗེས་སུ་དཔག་པའི་ཚད་མ་བཞག་པའི་ཕྱིར། གཉིས་པ་རང་ཡུལ་ལ་སྒྲོ་འདོགས་གཅོད་པར་མི་བྱེད་པའི་བསླུ་བའི་རིག་པའི་དབང་དུ་བྱས་ནས་ཕྱི་མ་བཞི་པོ་བཞག་པ་ཡིན་ཏེ། དེ་ལ་ཁོ་རང་ཡིན་པ་གཞི་བཞག་གི་སྟེང་དུ། རང་གི་དམིགས་ཡུལ་ལ་མཐའ་གཉིས་སུ་དོགས་པའི་སྒོ་ནས་རང་ཡུལ་འཛིན་པར་བྱེད་པའི་བསླུ་བའི་རིག་པ་གཅིག་དང་། རང་ཡུལ་མཐའ་གཅིག་ཏུ་འཛིན་པའི་བསླུ་བའི་རིག་པ་གཉིས་སུ་ངེས་པ་ལས། དང་པོའི་དབང་དུ་བྱས་ནས་ཐེ་ཚོམ་བཞག །གཉིས་པའི་དབང་དུ་བྱས་ནས་ཡིད་དཔྱོད། ལོག་ཤེས། སྣང་ལ་མ་ངེས་ཀྱི་བློ་གསུམ་བཞག་པ་ཡིན་པའི་ཕྱིར། གཉིས་པ་དེའི་དབང་དུ་བྱས་ནས་དེ་ལྟར་བཞག་པ་ཡང་ཡིན་ཏེ། གཉིས་པ་དེ་ལ་ཁོ་རང་ཡིན་པ་གཞིར་བཞག་གི་སྟེང་དུ་རང་ཡུལ་ཚད་མས་གྲུབ་པ་མཐའ་གཅིག་ཏུ་འཛིན་པའི་ཞེན་རིག་དོན་མཐུན་གཅིག་དང་། རང་ཡུལ་ཕྱིན་ཅི་ལོག་ཏུ་མཐའ་གཅིག་ཏུ་འཛིན་པའི་རིག་པ་གཅིག་དང་། རང་ཡུལ་དུ་གྱུར་པའི་རང་མཚན་སྣང་ཞིང་དེ་མ་ངེས་པའི་མངོན་སུམ་གཅིག་དང་གསུམ་དུ་ངེས་པ་ལས། དང་པོའི་དབང་དུ་བྱས་ནས་ཡིད་དཔྱོད་བཞག །གཉིས་པའི་དབང་དུ་བྱས་ནས་ལོག་ཤེས་བཞག །གསུམ་པའི་དབང་དུ་བྱས་ནས་སྣང་ལ་མ་ངེས་ཀྱི་བློ་བཞག་པ་ཡིན་པའི་ཕྱིར། བློ་རིག་བདུན་པོ་སོ་སོའི་ངོ་བོ་ནི། རྟོག་པ་དང་བྲལ་ཞིང་གསར་དུ་མི་བསླུ་བའི་མ་འཁྲུལ་བའི་རིག་པ་དེ་མངོན་སུམ་གྱི་ཚད་མའི་མཚན་ཉིད། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད། བཅད་ཤེས་ཀྱི་ངོ་བོ་འོག་ཏུ་འཆད་དོ། །ཕྱི་མ་བཞི་པོ་སོ་སོའི་ངོ་བོ་ནི། དེ་བཞི་པོ་གང་རུང་ཡང་ཡིན། རང་ཡུལ་ཕྱིན་ཅི་ལོག་ཏུ་མཐའ་གཅིག་ཏུ་འཛིན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་དེ། ལོག་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། རྟོག་པ་ལོག་ཤེས་དང་། རྟོག་མེད་ལོག་ཤེས་གཉིས། དང་པོ་ནི། སྒྲ་རྟག་འཛིན་རྟོག་པ་ལྟ་བུ། གཉིས་པ་ནི། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུའོ། །དེ་བཞི་པོ་གང་རུང་ཡང་ཡིན། རང་གི་དམིགས་ཡུལ་ལ་མཐའ་གཉིས་སུ་དོགས་པའི་སྒོ་ནས། རང་ཡུལ་འཛིན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་དེ་ཐེ་ཚོམ་གྱི་མཚན་ཉིད། དེ་ལ་དབྱེ་ན། དོན་འགྱུར་གྱི་ཐེ་ཚོམ་དང་། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་དེ་དང་གསུམ། དང་པོ་ནི། སྒྲ་རྟག་གམ་མི་རྟག་གམ་ཕལ་ཆེར་མི་རྟག་ལས་ཆེ་སྙམ་དུ་འཛིན་པའི་ཐེ་ཚོམ་ལྟ་བུ། གཉིས་པ་ནི། སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་དུ་འཛིན་པའི་ཐེ་ཚོམ་ལྟ་བུ། གསུམ་པ་ནི། སྒྲ་རྟག་མི་རྟག་ཆ་མཉམ་དུ་འཛིན་པའི་ཐེ་ཚོམ་ལྟ་བུའོ། །དེ་བཞི་པོ་གང་རུང་ཡང་ཡིན། རང་ཡུལ་ཚད་མས་གྲུབ་པ་མཐའ་གཅིག་ཏུ་འཛིན་པའི་ཞེན་རིག་དོན་མཐུན་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་དེ། ཡིད་དཔྱོད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། རྒྱུ་མཚན་འགལ་བའི་ཡིད་དཔྱོད་དང་། རྒྱུ་མཚན་མེད་པའི་དེ། རྒྱུ་མཚན་མ་ངེས་པའི་དེ། རྒྱུ་མཚན་མ་གྲུབ་པའི་དེ། རྒྱུ་མཚན་ཡོད་ཀྱང་གཏན་ལ་མ་ཕབ་པའི་དེ་དང་ལྔ། དང་པོ་ནི། དངོས་མེད་ཀྱི་རྟགས་ལས་སྒྲ་མི་རྟག་པར་གོ་བའི་ཡིད་དཔྱོད་ལྟ་བུ་ཡིན་ཏེ། དངོས་མེད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་འགལ་བའི་ཕྱིར། གཉིས་པ་ནི། སྒྲ་མི་རྟག་ཅེས་པའི་ངག་ལ་བརྟེན་ནས་སྐྱེས་པའི་སྒྲ་མི་རྟག་པར་གོ་བའི་ཡིད་དཔྱོད་ལྟ་བུ་ཡིན་ཏེ། དེས་སྒྲ་མི་རྟག་པར་གོ་ཡང་སྒྲ་མི་རྟག་པར་མ་རྟོགས་པའི་ཕྱིར། གསུམ་པ་ནི། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་གོ་བའི་ཡིད་དཔྱོད་ལྟ་བུ་ཡིན་ཏེ། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་མ་ངེས་པའི་ཕྱིར། བཞི་པ་ནི། མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་གོ་བའི་ཡིད་དཔྱོད་ལྟ་བུ་ཡིན་ཏེ། མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པའི་ཕྱིར། ལྔ་པ་ནི། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་གོ་བའི་ཡིད་དཔྱོད་ལྟ་བུ་ཡིན་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་ཀྱང་། དེ་འདྲའི་ཡིད་དཔྱོད་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལ་བརྟེན་ནས་མ་སྐྱེས་པའི་ཕྱིར། དེ་བཞི་པོ་གང་རུང་ཡང་ཡིན། རང་ཡུལ་དུ་གྱུར་པའི་རང་མཚན་སྣང་ཞིང་། དེ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མ་འཁྲུལ་བའི་རིག་པ་དེ། སྣང་ལ་མ་ངེས་ཀྱི་བློའི་མཚན་ཉིད། དེ་ལ་དབྱེ་ན། ཁོ་རང་དུ་གྱུར་བའི་དབང་མངོན། ཡིད་མངོན། རང་རིག་དང་གསུམ། དང་པོ་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་ལྟ་བུ། གཉིས་པ་ནི། དེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ལྟ་བུ། གསུམ་པ་ནི། སྒྲ་རྟག་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་ལྟ་བུའོ། །

ཚད་མ་དང་མི་བསླུ་བའི་དོན་བྱེ་བྲག་ཏུ་བཤད་པ།

༈ གཉིས་པ་ཚད་མ་དང་མི་བསླུ་བའི་དོན་བྱེ་བྲག་ཏུ་བཤད་པ་ནི། ཚད་མ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གསར་དུ་མི་བསླུ་བའི་རིག་པ་དང་། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་གཉིས་རེ་རེ་ནས་ཚད་མའི་མཚན་ཉིད་ཡིན། དེ་ཡང་། མི་བསླུ་བའི་རིག་པ། ཞེས་པས་ཚད་མའི་ངོ་བོ་མཚོན། གསར་དུ། ཞེས་པས་བྱེད་ལས་མཚོན་པ་ཡིན་ནོ། །དེས་ན་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་གསར་དུ་སྨོས་པ་ལ་དགོས་པ་ཡོད་དེ། ཐལ་འགྱུར་བས་བཅད་ཤེས་ཚད་མར་འདོད་པས། དེ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེའི་མཚན་ཉིད་ཀྱི་ཟུར་དུ་མི་བསླུ་བ་སྨོས་པའི་དགོས་པ་ཡོད་དེ། ཡིད་དཔྱོད་ཚད་མར་འདོད་པའི་ལོག་རྟོག་ཡོད་པས་དེ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེའི་མཚན་ཉིད་ཀྱི་ཟུར་དུ་རིག་པ་སྨོས་པ་ལ་དགོས་པ་ཡོད་དེ། བྱེ་བྲག་སྨྲ་བས། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ཚད་མར་འདོད་པའི་ལོག་རྟོག་ཡོད་པས་དེ་བཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། མངོན་རྗེས་ཀྱི་ཚད་མ་གཉིས། རྟེན་གྱི་སྒོ་ནས་དབྱེ་ན། སོ་སྐྱེའི་རྒྱུད་ཀྱི་ཚད་མ་དང་། འཕགས་རྒྱུད་ཀྱི་ཚད་མ་གཉིས། མཚན་གཞིའི་སྒོ་ནས་དབྱེ་ན། རང་ལས་ངེས་ཀྱི་ཚད་མ་དང་། གཞན་ལས་ངེས་ཀྱི་ཚད་མ་གཉིས་སུ་ཡོད། ཡང་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། སྐྱེས་བུ་ཚད་མ། ངག་ཚད་མ། ཤེས་པ་ཚད་མ་དང་གསུམ་ཡོད། དང་པོ་ནི། སངས་འཕགས་ལྟ་བུ། གཉིས་པ་ནི། བསྟན་བཅོས་རྣམ་འགྲེལ་ལྟ་བུ། གསུམ་པ་དང་ཚད་མ་དོན་གཅིག །རང་གི་གཞལ་བྱ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་མི་བསླུ་བའི་རིག་པ་དེ། མི་བསླུ་བའི་ཤེས་པའི་མཚན་ཉིད་ཡིན། མི་བསླུ་བ་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཡུལ་གྱི་མི་བསླུ་བ་དང་། ཡུལ་ཅན་གྱི་མི་བསླུ་བ་གཉིས། དང་པོ་ནི། བུམ་པ་ལྟ་བུ། གཉིས་པ་ནི། བུམ་འཛིན་དབང་མངོན་ལྟ་བུ། བུམ་པ་ལ་ཡུལ་གྱི་མི་བསླུ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བུམ་འཛིན་དབང་མངོན་མི་བསླུ་བའི་རིག་པར་སོང་བའི་ཡུལ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། བུམ་འཛིན་དབང་མངོན་ལ་ཡུལ་ཅན་གྱི་མི་བསླུ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ཡུལ་བུམ་པ་ལ་མི་བསླུ་བའི་རིག་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེ་བུམ་པ་ལ་མི་བསླུ་བའི་གོ་དོན་བཞག་ཏུ་ཡོད་དེ། བུམ་པ་དོན་གཉེར་གྱི་སྐྱེས་བུ་དེས། བུམ་འཛིན་དབང་མངོན་ལ་བརྟེན་ནས་བུམ་པ་ཚོལ་བ་ལ་ཞུགས་པ་དེའི་ཚེ་ན། བུམ་པ་དང་འཕྲད་པ་ཡོད་པའི་ཕྱིར། དེས་ན། མི་བསླུ་བའི་ཡུལ་ཅན་དེ་ལ་དབྱེ་ན། མི་བསླུ་བའི་སྐྱེས་བུ། མི་བསླུ་བའི་ངག །མི་བསླུ་བའི་ཤེས་པ་དང་གསུམ་དུ་ཡོད། དང་པོ་དང་ཚད་མའི་སྐྱེས་བུ་དོན་གཅིག །གཉིས་པ་དང་ངག་རྣམ་དག་དོན་གཅིག །གསུམ་པ་ལ་དབྱེ་ན། ཚད་མ་དང་བཅད་ཤེས་གཉིས་སུ་ཡོད། དེས་ན། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་གིས་སྨྲས་པའི་སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའ་དང་། དེའི་རྒྱུད་ཀྱི་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གཉིས་ལ། ཡུལ་ཅན་གྱི་མི་བསླུ་བ། ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་རྒྱུ་མཚན་ལྟར་སྣང་གང་གིས་ཀྱང་ལྡོག་པར་མི་ནུས་པས་དེ་ལྟར་བརྗོད་པའི་ཕྱིར། སྒྲ་མི་རྟག་པར་ཚད་མས་མ་ངེས་པའི་གང་ཟག་གིས་སྨྲས་པའི་སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའ་དང་། དེའི་རྒྱུད་ཀྱི་སྒྲ་མི་རྟག་པར་འཛིན་པའི་རྟོག་པ་གཉིས་ལ་ཡུལ་ཅན་གྱི་བསླུ་བ། ཞེས་བརྗོད་པའི་རྒྱུ་མཚན་ཡིད་དེ། དེ་གཉིས་རྒྱུ་མཚན་ལྟར་སྣང་གཞན་གྱིས་བཟློག་ནུས་པའི་ཕྱིར། ངག་དོན་ནི། མེ་འཛིན་དབང་མངོན་ཆོས་ཅན། ཚད་མ་ཡིན་ཏེ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། །

༈ རྩོད་པ་སྤང་བ་ལ། ཁ་ཅིག་ན་རེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པའི་གཞུང་འདིས་མེ་འཛིན་དབང་མངོན་ཚད་མའི་མཚན་གཞིར་དངོས་སུ་བསྟན་པར་ཐལ། ངག་དོན་འཐད་པའི་ཕྱིར། འདོད་ན། གཞུང་དེས་མེ་འཛིན་དབང་མངོན་ཚད་མར་དངོས་སུ་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་མེ་འཛིན་དབང་མངོན་དངོས་སུ་བསྟན་པར་ཐལ་ལོ། །འདོད་ན། ཚད་མ་ཡིན་ན། གཞུང་དེའི་སྐབས་ནས་དངོས་སུ་བསྟན་པའི་ཚད་མ་ཡིན་དགོས་པར་ཐལ། གཞུང་དེས་མངོན་སུམ་ཡང་དངོས་སུ་བསྟན། རྗེས་དཔག་ཀྱང་དངོས་སུ་བསྟན་པའི་ཕྱིར། གཞན་ཡང་། ཁོ་ན་རེ། གཞུང་དེས་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་དངོས་སུ་བསྟན་པར་ཐལ། གཞུང་དེས་མེ་འཛིན་དབང་མངོན་ཚད་མའི་མཚན་གཞིར་ཡང་དངོས་སུ་བསྟན་པའི་ཕྱིར། འདོད་ན། གཞུང་དེ་ལས་ལོགས་སུ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པའི་གཞུང་སྨོས་པ་ལ་དགོས་པ་མེད་པར་ཐལ་ལོ། །ཟེར་ན། སྐྱོན་མེད་དེ། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས། ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་གསར་དུ་ཞེས་པ་སྒྲས་ཟིན་ལ་མ་བསྟན་པས། དེ་ཤེས་པའི་ཕྱིར་དུ་མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པ་འདི་བྱུང་བའི་ཕྱིར། ཁ་ཅིག་ན་རེ། བཅད་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། གསར་དུ་མི་བསླུ་བའི་རིག་པར་སྐྱེས་པའི་ཕྱིར་ཏེ། མི་བསླུ་བའི་རིག་པར་གསར་དུ་སྐྱེས་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། མི་བསླུ་བའི་རིག་པར་སྐྱེས་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། གསར་དུ་མི་བསླུ་བའི་རིག་པར་སྐྱེས་པར་ཐལ། དེ་དང་གསར་དུ་བསླུ་བའི་རིག་པ་གང་རུང་དུ་སྐྱེས་པ་གང་ཞིག །ཕྱི་མ་དེར་མ་སྐྱེས་པའི་ཕྱིར། དང་པོ་གྲུབ་སྟེ། གསར་དུ་རིག་པར་སྐྱེས་པའི་ཕྱིར་ན་མ་ཁྱབ། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། བསླུ་བའི་རིག་པ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཁ་ཅིག་ན་རེ། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་གསར་དུ་རྟོགས་པ་མེད་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་རྣམ་མཁྱེན་སྐད་ཅིག་དང་པོའི་གཞལ་བྱ་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ། ཁ་ཅིག་ན་རེ། རྣམ་མཁྱེན་སྐད་ཅིག་གཉིས་པའི་དུས་སུ་རྣམ་མཁྱེན་སྐད་ཅིག་གཉིས་པ་གསར་དུ་གྲུབ་པ་དེ་རྣམ་མཁྱེན་སྐད་ཅིག་གཉིས་པས་གསར་དུ་རྟོགས་པ་ཡིན་ཞིང་། དེ་རྣམ་མཁྱེན་སྐད་ཅིག་དང་པོས་མ་རྟོགས་པའི་ཆོས་ཡིན་ནོ། །ཟེར་ན། དེ་མི་འཐད་པར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོས་མ་རྟོགས་པའི་ཆོས་མེད་པའི་ཕྱིར་ཏེ། གཞི་གྲུབ་ན། རྣམ་མཁྱེན་སྐད་ཅིག་དང་པོའི་གཞལ་བྱ་ཡིན་དགོས་པའི་ཕྱིར་ཏེ། དབུ་མ་རྒྱན་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཁྱབ་པར་མཛད། །ཅེས་གསུངས་པའི་ཕྱིར། གཞན་ཡང་། དེ་རྣམ་མཁྱེན་སྐད་ཅིག་དང་པོས་རྟོགས་པར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོས་དེ་རྟོགས་པའི་ཕྱིར། རྣམ་མཁྱེན་སྐད་ཅིག་གཉིས་པ་དེ། རང་དུས་སུ་རྣམ་མཁྱེན་སྐད་ཅིག་དང་པོའི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་དུས་སུ་རྣམ་མཁྱེན་སྐད་ཅིག་དང་པོའི་གཞལ་བྱ་ཡིན་པར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོའི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་གཞལ་བྱ་ལ་དེའི་ཕྱིར། དེར་ཐལ། ཚད་མས་དམིགས་པ་ལ་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། གཟུགས་རྟོགས་པའི་ཚད་མ་ཡིན་ན། རང་དུས་སུ་གཟུགས་རྟོགས་པའི་ཚད་མ་ཡིན་དགོས་པར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོའི་གཞལ་བྱ་ཡིན་ན། རང་དུས་སུ་དེ་སྐད་ཅིག་དང་པོའི་གཞལ་བྱ་ཡིན་དགོས་པའི་ཕྱིར་ཟེར་ན། འདོད་བྱས་པ་ལ། གཟུགས་འཛིན་དབང་མངོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་རང་དུས་སུ་གཟུགས་རྟོགས་པར་ཐལ། ཁྱོད་རང་དུས་སུ་དེ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། རང་དུས་སུ་གཟུགས་ཡོད་པར་ཐལ་ལོ། །གཞན་ཡང་། གཟུགས་ཀྱི་འབྲས་བུར་གྱུར་པའི་རྣམ་མཁྱེན་ཆོས་ཅན། རང་དུས་སུ་གཟུགས་ཡོད་པར་རྟོགས་པའི་ཚད་མ་ཡིན་པར་ཐལ། གཟུགས་ཡོད་པར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། རང་དུས་སུ་དེ་མེད་པར་རྟོགས་པའི་ཚད་མ་ཡིན་པའི་ཕྱིར་ཏེ། ཁྱོད་རང་དུས་སུ་ཚད་མ་གང་ཞིག །ཁྱོད་ཀྱིས་རང་དུས་སུ་དེ་མེད་པར་རྟོགས་པའི་ཕྱིར་ཟེར་ན་མ་ཁྱབ། ཁོ་རང་ལ། གཟུགས་འཛིན་དབང་མངོན་ཆོས་ཅན། རང་དུས་སུ་གཟུགས་རྟོགས་པའི་ཚད་མ་ཡིན་པར་ཐལ། གཟུགས་རྟོགས་པའི་ཚད་མ་གང་ཞིག །རང་དུས་སུ་གཟུགས་འཛིན་དབང་མངོན་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། གཟུགས་འཛིན་དབང་མངོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། སྟོང་ཉིད་ལ་ཚད་མར་ཐལ། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེ། སྟོང་ཉིད་ལ་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྟོང་ཉིད་མངོན་སུམ་གྱིས་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་སྐད་ཅིག་གཉིས་པ་དེ། སྟོང་ཉིད་ལ་ཚད་མར་ཐལ་ལོ། །འདོད་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མངོན་སུམ་སྐད་ཅིག་གཉིས་པ་དེ། སྟོང་ཉིད་ལ་ཚད་མ་ཡིན་པར་ཐལ་ལོ། །འདོད་ན། གཟུགས་མངོན་སུམ་གྱིས་རྟོགས་པའི་མངོན་སུམ་སྐད་ཅིག་གཉིས་པ་དེ་གཟུགས་ལ་ཚད་མར་ཐལ། འདོད་པའི་ཕྱིར་ན་རེ་ཞིག་མ་ཁྱབ། འདོད་ན། གཟུགས་འཛིན་དབང་སྔོན་སྐད་ཅིག་གཉིས་པ་དེ་ཡང་གཟུགས་ལ་ཚད་མར་ཐལ་ལོ། །ཟེར་ན། ཁོ་རང་ལ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེ་སྟོང་ཉིད་ལ་ཚད་མ་མ་ཡིན་པར་ཐལ། དེ་དེ་ལ་མངོན་སུམ་གྱི་ཚད་མ་མ་ཡིན་པའི་ཕྱིར་ཏེ། དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མའི་ཡེ་ཤེས་དེ། སྟོང་ཉིད་ལ་མངོན་སུམ་གྱི་ཚད་མ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ཡེ་ཤེས་ལ་གནས་པའི་བྱང་སེམས་དེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་ཏུ་ཐལ་ལོ། །ཁ་ཅིག་ན་རེ། ཚད་མ་ཚད་མས་ངེས་པའི་གང་ཟག་ཡིན་ན། ཚད་མ་རིག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། རིག་པ་ཚད་མའི་མཚན་ཉིད་ཀྱི་ཟུར་གཅིག་ཡིན་པའི་ཕྱིར། འདོད་ན། བྱེ་བྲག་སྨྲ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཚད་མ་ཚད་མའི་གཞལ་བྱ་འཇལ་བྱེད་དུ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཚད་མའི་གཞལ་བྱ་ཚད་མའི་གཞལ་བྱར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། ཁོ་རང་ལ། ཡོད་པ་ཚད་མས་ངེས་ནས། ཚད་མ་ཚད་མས་མ་ངེས་པའི་གང་ཟག་ཆོས་ཅན། ཚད་མ་ཚད་མས་ངེས་པའི་གང་ཟག་ཏུ་ཐལ། ཚད་མ་ཚད་མས་དམིགས་པའི་དམིགས་བྱེད་དུ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཚད་མས་དམིགས་པ་ཚད་མས་དམིགས་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། ཚད་མས་དམིགས་པ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཡོད་པ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་། རྒྱང་འཕེན་པ་ཆོས་ཅན། རང་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མ། རང་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མར་ཚད་མས་ངེས་པའི་གང་ཟག་ཡིན་པར་ཐལ། རང་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མ། རང་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མའི་གཞལ་བྱ་འཇལ་བྱེད་དུ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། རང་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མའི་གཞལ་བྱ། རང་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མའི་གཞལ་བྱར་ཚད་མས་ངེས་པའི་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རང་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མའི་གཞལ་བྱ་ཚད་མས་ངེས་པའི་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རང་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མ་ཚད་མས་ངེས་པའི་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུད་ཀྱི་རྗེས་སུ་དཔག་པའི་ཚད་མ་མེད་པར་བདེན་ཞེན་གྱིས་འདོད་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མས་ངེས་པའི་གང་ཟག་ཡིན་ན། གསར་དུ་མི་བསླུ་བའི་རིག་པ་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་ཐལ། དེ་གཉིས་རེ་རེ་ནས་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། གསར་དུ་མི་བསླུ་བའི་རིག་པ་ཚད་མས་མ་ངེས་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། རང་རྒྱུད་ཀྱི་ཚད་མ་རང་རྒྱུད་ཀྱི་ཚད་མར་སོང་བའི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། རང་རྒྱུད་ཀྱི་ཚད་མ་རང་རྒྱུད་ཀྱི་ཚད་མར་སོང་བའི་གཞལ་བྱ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། རང་རྒྱུད་ཀྱི་ཚད་མའི་གཞལ་བྱ་རང་རྒྱུད་ཀྱི་ཚད་མའི་གཞལ་བྱར་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རང་རྒྱུད་ཀྱི་ཚད་མའི་གཞལ་བྱ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སེམས་ཅན་གྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་གཞལ་བྱ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་རིག་པ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་རྗེས་དཔག་དེ་གང་ཟག་གི་བདག་ཡོད་པར་སྒྲོ་འདོགས་པའི་སྒྲོ་འདོགས་གཅོད་བྱེད་ཀྱི་ཚད་མར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེ་གང་ཟག་གི་བདག་འཛིན་གཅོད་བྱེད་ཀྱི་རིག་པར་ཐལ་ལོ། །འདོད་ན། དེ་འཁོར་བའི་རྩ་བ་གཅོད་བྱེད་ཀྱི་རིག་པར་ཐལ། འདོད་པ་གང་ཞིག །གང་ཟག་གི་བདག་འཛིན་འཁོར་བའི་རྩ་བ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སེམས་ཅན་དེ་འཁོར་བའི་རྩ་བ་ཆོད་པའི་གང་ཟག་ཏུ་ཐལ་ལོ། །ཁ་ཅིག་ན་རེ། རྣམ་མཁྱེན་ཆོས་ཅན། གང་ཟག་གི་བདག་ལ་ཚད་མར་ཐལ། དེ་ལ་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་ཡོད་པར་སྒྲོ་འདོགས་པའི་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཡིན་པ་གང་ཞིག །གང་ཟག་གི་བདག་ཡོད་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ། གང་ཟག་གི་བདག་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཀ་བུམ་གཉིས་མེད་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ། ཀ་བུམ་གཉིས་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡིན་པའི་ཕྱིར་ཏེ། ཀ་བུམ་གཉིས་ལ་སྒྲོ་འདོགས་པའི་སྒྲོ་འདོགས་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཀ་བུམ་གཉིས་ཀ་བུམ་གཉིས་དང་གཅིག་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་དེ་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་ཆོས་ཅན། སྟོང་ཉིད་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། དེ་ལ་ཚད་མ་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་སྒོམ་ལམ་པ་དེ། སྟོང་ཉིད་མངོན་སུམ་གྱིས་རྟོགས་ཟིན་རྒྱུད་ལྡན་དུ་སྒོམ་པར་བྱེད་པའི་གང་ཟག་མ་ཡིན་པར་ཐལ། ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་དེ་སྟོང་ཉིད་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། །

བཅད་ཤེས་ཀྱི་ངོ་བོ་ལ་མཐའ་དཔྱད་དང་རང་ལུགས་བཞག་པ།

༈ གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད། ཅེས་པའི་སྐབས་སུ། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་གི་ཉེར་ལེན་དུ་གྱུར་པའི་ཚད་མ་སྔ་མས་རྟོགས་ཟིན་གྱི་དོན་རྟོགས་པའི་མི་བསླུ་བའི་རིག་པ་དེ། བཅད་ཤེས་ཀྱི་མཚན་ཉིད་ཟེར་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། རང་གི་ཉེར་ལེན་དུ་གྱུར་པའི་རྣམ་མཁྱེན་སྐད་ཅིག་དང་པོས་རྟོགས་ཟིན་གྱི་དོན་རྟོགས་པའི་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོས་རྟོགས་ཟིན་གྱི་ཆོས་ཐམས་ཅད་རྣམ་མཁྱེན་སྐད་ཅིག་གཉིས་པའི་གཞལ་བྱ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རང་གི་ཉེར་ལེན་དུ་གྱུར་པའི་ཚད་མ་སྔ་མས་རྟོགས་ཟིན་གྱི་དོན་རྟོགས་པའི་གསར་དུ་མི་བསླུ་བའི་རིག་པ་མ་ཡིན་པའི་མི་བསླུ་བའི་རིག་པ་བཅད་ཤེས་ཀྱི་མཚན་ཉིད་ཟེར་ན། བྱས་པའི་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་རང་གི་ཉེར་ལེན་དུ་གྱུར་པའི་སྒྲ་འཛིན་དབང་མངོན་གྱིས་རྟོགས་ཟིན་གྱི་དོན་རྟོགས་པའི་གསར་དུ་མི་བསླུ་བའི་རིག་པ་མ་ཡིན་པའི་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། དེ་ཁོ་རང་གི་ཉེར་ལེན་དུ་གྱུར་པའི་སྒྲ་འཛིན་དབང་མངོན་གྱིས་རྟོགས་ཟིན་གྱི་དོན་སྒྲ་རྟོགས་པའི་གསར་དུ་མི་བསླུ་བའི་རིག་པ་མ་ཡིན་པའི་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། དེ་རང་གི་ཉེར་ལེན་དུ་གྱུར་པའི་སྒྲ་འཛིན་དབང་མངོན་གྱིས་རྟོགས་ཟིན་གྱི་དོན་སྒྲ་རྟོགས་པའི་བཅད་ཤེས་ཡིན་པའི་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱས་པའི་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་ཉེར་ལེན་དུ་གྱུར་པའི་ཚད་མ་སྔ་མ་དེས། དེ་འདྲའི་རྗེས་དཔག་གི་གཞལ་བྱ་རྟོགས་པར་ཐལ། དེ་འདྲའི་རྗེས་དཔག་དེས། དེ་འདྲའི་རྗེས་དཔག་གི་ཉེར་ལེན་དུ་གྱུར་པའི་ཚད་མ་སྔ་མའི་གཞལ་བྱ་རྟོགས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་འདྲའི་རྗེས་དཔག་དེས། རང་གི་ཉེར་ལེན་དུ་གྱུར་པའི་ཚད་མ་སྔ་མས་རྟོགས་ཟིན་གྱི་དོན་རྟོགས་པའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་རྗེས་དཔག་དེ་རང་གི་གཞལ་བྱ་རྟོགས་ཟིན་གྱི་དོན་རྟོགས་པའི་རིག་པ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། དེ་རང་གི་གཞལ་བྱ་གསར་དུ་རྟོགས་པའི་རིག་པ་ཡིན་པའི་ཕྱིར། འོ་ན། ཁོ་རང་ལ། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་གི་ཉེར་ལེན་དུ་གྱུར་པའི་སྒྲ་འཛིན་དབང་མངོན་དེས། དེ་འདྲའི་རྗེས་དཔག་གི་གཞལ་བྱ་རྟོགས་པར་ཐལ། དེ་འདྲའི་རྗེས་དཔག་དེས། རང་གི་ཉེར་ལེན་དུ་གྱུར་པའི་སྒྲ་འཛིན་དབང་མངོན་གྱི་གཞལ་བྱའི་གཙོ་བོ་རྟོགས་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེས་དེའི་གཞལ་བྱའི་གཙོ་བོ་སྒྲ་རྟོགས་པའི་ཕྱིར། རྩ་བར་འདོད་ན། དེའི་ཉེར་ལེན་དུ་གྱུར་པའི་སྒྲ་འཛིན་དབང་མངོན་དེས། སྒྲ་མི་རྟག་པར་རྟོགས་པར་ཐལ་ལོ། །སྔར་གྱི་མཚན་ཉིད་དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། དེའི་ཉེར་ལེན་དུ་གྱུར་པའི་ཚད་མ་སྔ་མས་རྟོགས་ཟིན་གྱི་དོན་རྟོགས་པའི་གསར་དུ་མི་བསླུ་བའི་རིག་པ་མ་ཡིན་པའི་མི་བསླུ་བའི་རིག་པ་ཡིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་ཉེར་ལེན་དུ་གྱུར་པའི་ཚད་མ་སྔ་མའི་གཞལ་བྱ་རྟོགས་པའི་རིག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་ཉེར་ལེན་དུ་གྱུར་པའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་རྟོགས་པའི་ཚད་མའི་གཞལ་བྱ་རྟོགས་པའི་རིག་པ་ཡིན་པར་ཐལ། འདོད་པ་གང་ཞིག །ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་དེ་སྐོར་གྱི་ཚུལ་གསུམ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཆོས་ཅན། བྱས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཚུལ་གསུམ་རྟོགས་པའི་རིག་པ་ཡིན་པར་ཐལ་ལོ། །ཁ་ཅིག་ན་རེ། རང་ཡིན་པའམ་རང་གི་ནང་ཚན་དུ་གྱུར་པའི་ཚད་མ་མེད་པ་གང་ཞིག །མི་བསླུ་བའི་རིག་པ་བཅད་ཤེས་ཀྱི་མཚན་ཉིད་ཟེར་ན། སྒྲ་རྟོགས་པའི་བཅད་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཡིན་ན་ཚད་མ་མ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་སྒྲ་ལ་བཅད་ཤེས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། སྒྲ་རྟོགས་པའི་སྒྲ་མི་རྟག་པ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། སྒྲ་རྟོགས་པའི་བཅད་ཤེས་སུ་གྱུར་པའི་སྒྲ་མི་རྟག་པ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲ་རྟོགས་པའི་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། འདོད་པ་གང་ཞིག། སྒྲ་མི་རྟག་པ་དེ་ཁྱོད་ཀྱི་གཞལ་བྱའི་གཙོ་བོ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྒྲ་རྟོགས་པའི་ཚད་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། རང་གི་གཞལ་བྱ་རྟོགས་ཟིན་རྟོགས་པའི་རིག་པ་དེ་བཅད་ཤེས་ཀྱི་མཚན་ཉིད་ཟེར་ན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རང་གི་གཞལ་བྱ་རྟོགས་ཟིན་རྟོགས་པའི་རྣམ་མཁྱེན་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་སྐད་ཅིག་གཉིས་པའི་གཞལ་བྱ་རྟོགས་ཟིན་ཆོས་ཅན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཁྱོད་རྟོགས་པའི་རྣམ་མཁྱེན་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྣམ་མཁྱེན་སྐད་ཅིག་གཉིས་པ་དེ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་མ་ཡིན་པར་ཐལ། དེ་རང་གི་གཞལ་བྱ་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཚད་མ་ཡིན་པའི་ཕྱིར། ཁོ་རང་ལ། རྣམ་མཁྱེན་སྐད་ཅིག་གཉིས་པ་དེ། རང་རྒྱུ་ལས་གསར་དུ་སྐྱེས་པའི་དངོས་པོ་མ་ཡིན་པར་ཐལ། དེ་རང་རྒྱུ་ལས་སྐྱེས་ཟིན་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་སྐྱེ་བ་ཐུག་བཅས་དང་། དོན་བཅས་ཀྱི་དངོས་པོ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་རང་གི་རྒྱུའི་དུས་སུ་མེད་ཅིང་། རང་རྒྱུ་ལས་གསར་དུ་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ངེས་ཤེས་ཡིན་ན་བཅད་ཤེས་ཡིན་པས་ཁྱབ་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། ཡིད་དཔྱོད་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། རང་གི་གཞལ་བྱ་ངེས་པའི་ངེས་ཤེས་ཡིན་པའི་ཕྱིར་ཏེ། དེའི་གཞལ་བྱ་ཡོད་པའི་ཕྱིར་ཏེ། རང་ཡུལ་དུ་གྱུར་པའི་ལྐོག་འགྱུར་མཐའ་གཅིག་ཏུ་གོ་བའི་ཡིད་དཔྱོད་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སྒྲ་མི་རྟག་པར་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་མི་རྟག་པར་འཛིན་པའི་རྟོག་པ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་སྒྲ་མི་རྟག་པ་མཐའ་གཅིག་ཏུ་གོ་བའི་བསླུ་བའི་ཞེན་རིག་དོན་མཐུན་ཡིན་པའི་ཕྱིར་ཟེར་ན། ཁོ་རང་ལ། ཡིད་དཔྱོད་དེ་རང་གི་གཞལ་བྱ་རྟོགས་པའི་བློ་ཡིན་པར་ཐལ། དེ་རང་གི་གཞལ་བྱ་ངེས་པའི་བློ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་རང་གི་གཞལ་བྱ་མ་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ། དེ་མ་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ། ཤིང་ཞེས་པའི་ངག་ལ་བརྟེན་ནས་སྐྱེས་པའི་ཤིང་མ་ཡིན་པ་ལས་ལོག་པ་གོ་བའི་ཡིད་དཔྱོད་དེ་མ་རྟོགས་པའི་བློ་ཡིན་པའི་ཕྱིར། གཞན་ཡང་། ཡིད་དཔྱོད་དེ་ངེས་ཤེས་མ་ཡིན་པར་ཐལ། ངེས་ཤེས་དོན་མཐུན་དེ་བཅད་ཤེས་ཡིན་པའི་ཕྱིར་ཏེ། སྔོན་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་དུ་ངེས་པའི་ངེས་ཤེས་དེ་བཅད་ཤེས་ཡིན་པའི་ཕྱིར་ཏེ། དེ་སྔོན་པོ་སྔོན་པོ་མ་ཡིན་པར་སྒྲོ་འདོགས་པའི་སྒྲོ་འདོགས་ཆོད་ཟིན་ཆོད་པའི་རིག་པ་ཡིན་པའི་ཕྱིར་ཏེ། ངེས་པ་དང་ནི་སྒྲོ་འདོགས་ཡིད། །ཅེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །ཞེས་པའི་དོན་དུ་བསམས་ནས། བཅད་ཤེས་ཡིན་ན། བློ་ཀུན་རྫོབ་པ་ཡིན་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། མངོན་སུམ་བཅད་ཤེས་ཡོད་པའི་ཕྱིར་ཏེ། གཏན་ཚིགས་ཐིགས་པ་ཆོས་མཆོག་ཏུ་དྲངས་པ་ལས། མངོན་སུམ་དང་རྗེས་དཔག་སྐད་ཅིག་དང་པོ་གཉིས་ནི་ཚད་མ་ཡིན་ལ། དེ་དག་གི་རྒྱུན་དུ་གྱུར་པའི་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར། ཕྱི་མ་རྣམས་ནི་ཚད་མ་ཡིན་པ་སྤངས་པའོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། མངོན་སུམ་སྐད་ཅིག་གཉིས་པ་བཅད་ཤེས་སུ་ཐལ། མངོན་སུམ་བཅད་ཤེས་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གཞི་གྲུབ་ན་མངོན་སུམ་སྐད་ཅིག་གཉིས་པས་གསར་དུ་རྟོགས་པས་ཁྱབ་པའི་ཕྱིར། གཞི་གྲུབ་ན། རྣལ་འབྱོར་མངོན་སུམ་སྐད་ཅིག་གཉིས་པས་གསར་དུ་རྟོགས་པས་ཁྱབ་པའི་ཕྱིར་ཏེ། གཞི་གྲུབ་ན་རྣམ་མཁྱེན་སྐད་ཅིག་གཉིས་པས་གསར་དུ་རྟོགས་པས་ཁྱབ་པའི་ཕྱིར། ཁ་ཅིག་ན་རེ། མངོན་སུམ་བཅད་ཤེས་ཡོད་ཀྱང་། རྗེས་དཔག་བཅད་ཤེས་མེད་དོ། །ཟེར་ན། དེ་ཡོད་པར་ཐལ། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་སྐད་ཅིག་གཉིས་པ་དེ་དེ་ཡིན་པའི་ཕྱིར་ཏེ། དེ་རྗེས་དཔག་གང་ཞིག །བཅད་ཤེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། རྗེས་དཔག་སྐད་ཅིག་གཉིས་པ་རྗེས་དཔག་ཡིན་པའི་ཕྱིར་ཏེ། མངོན་སུམ་སྐད་ཅིག་གཉིས་པ་མངོན་སུམ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྗེས་དཔག་བཅད་ཤེས་མེད་པར་ཐལ། རྗེས་དཔག་དང་རྗེས་སུ་དཔག་པའི་ཚད་མ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པའི་ཕྱིར་ཏེ། རང་དོན་རྗེས་སུ་དཔག་པ་དང་རང་དོན་རྗེས་སུ་དཔག་པའི་ཚད་མ་གཉིས་མཚན་ཉིད་གཅིག་གིས་མཚོན་ནུས་པའི་ཕྱིར་ཏེ། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ། རང་དོན་རྗེས་དཔག་གི་མཚན་ཉིད་ཀྱང་ཡིན། གཅིག་ཤོས་ཀྱི་མཚན་ཉིད་ཀྱང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་ཞེན་རིག་དེ་རང་དོན་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཡིན་པ་དེ། ལུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན་རྗེས་དཔག་གསར་དུ་མི་བསླུ་བའི་རིག་པ་དེ། རྗེས་དཔག་ཚད་མའི་མཚན་ཉིད་དུ་ཐལ། མངོན་སུམ་གསར་དུ་མི་བསླུ་བའི་རིག་པ་དེ། མངོན་སུམ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རྗེས་དཔག་གསར་དུ་མི་བསླུ་བའི་རིག་པར་ཚད་མས་ངེས་ནས། གཅིག་ཤོས་ཚད་མས་མ་ངེས་པའི་གང་ཟག་ཆོས་ཅན། རྗེས་དཔག་ཚད་མ་ཚད་མས་ངེས་པའི་གང་ཟག་ཏུ་ཐལ། རྗེས་སུ་དཔག་པའི་ཚད་མ་དེ་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། རྗེས་དཔག་ཚད་མས་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། རྗེས་དཔག་གསར་དུ་མི་བསླུ་བའི་རིག་པར་ཚད་མས་ངེས་པའི་དེ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། དེ་ལྟར་བྱས་པ་ལ་ཁོ་ན་རེ། རྗེས་དཔག་གི་གསར་དུ་མི་བསླུ་བའི་རིག་པ་དེ། རྗེས་དཔག་གི་ཚད་མའི་མཚན་ཉིད་ཡིན་པར་ཐལ། རྗེས་དཔག་གསར་དུ་མི་བསླུ་བའི་རིག་པ་དེ། རྗེས་དཔག་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་བསླུ་བའི་རིག་ཞེན་དེ། རྗེས་དཔག་གི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། ཁོ་རང་ལ། མངོན་སུམ་གྱི་གསར་དུ་མི་བསླུ་བའི་རིག་པ་དེ། མངོན་སུམ་གྱི་ཚད་མའི་མཚན་ཉིད་ཡིན་པར་ཐལ། མངོན་སུམ་གསར་དུ་མི་བསླུ་བའི་རིག་པ་དེ། མངོན་སུམ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མངོན་སུམ་ཚད་མའི་མཚན་ཉིད་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་གསར་དུ་མི་བསླུ་བའི་རིག་པ་དེ། མངོན་སུམ་གྱི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། དེ་ལྟར་ན། མངོན་སུམ་བཅད་ཤེས་ཡོད་དེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པའི་ཕྱིར་ཏེ། དེ་དང་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་གཉིས་ཀྱི་ནང་ནས། དང་པོ་ཁོ་ན་ཚད་མ་ཡིན་པའི་ཕྱིར་ཏེ། གཏན་ཚིགས་ཐིགས་པ་ལས། དང་པོར་ཡུལ་ཐུན་མོང་མ་ཡིན་པར་མཐོང་བ་གང་ཡིན་པ་ཁོ་ན་ཚད་མ་ཡིན་ལ། ཞེས་གསུངས་པའི་ཕྱིར། ཁ་ཅིག །དྲན་ཤེས་ཡིན་ན། བཅད་ཤེས་ཡིན་པས་ཁྱབ་ཟེར་ན། སྔར་ཁང་ནང་དུ་ཙནྡན་གྱི་མེ་མཐོང་བའི་མངོན་སུམ་གཅིག་ལ་བརྟེན་ནས། ཕྱིས་དུ་བའི་རྟགས་ལས། སྔར་ཁང་ནང་གི་ཙནྡན་གྱི་མེ་དེ་འདིའོ། །སྙམ་པའི་ཁྱད་པར་ངོ་ཤེས་ཀྱི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། ཞེན་པ་མཁས་པས་དྲན་པར་ཤེས། །ཞེས་གསུངས་པའི་ཕྱིར། བྱས་པ་ཁོ་ན་རེ། དེ་འདྲའི་ཁྱད་པར་ངོ་ཤེས་ཀྱི་བློ་ཆོས་ཅན། ངེས་ཤེས་ཡིན་པར་ཐལ། དྲན་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ལོག་ཤེས་ཡིན་པའི་ཕྱིར། ཁོ་རང་ལ། ངེས་ཡིན་ན་དྲན་ཤེས་ཡིན་དགོས་པར་ཐལ། དྲན་ཤེས་ཡིན་ན་ངེས་ཤེས་ཡིན་དགོས་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་འགོད་པ་སྐབས་སུ་བབས་པའི་ཕྱི་རྒོལ་ཡང་དག་གི་རྒྱུད་ཀྱི་བྱས་རྟགས་ཀྱིས་སྒྲ་མི་རྟག་པ་སྒྲུབ་པའི་ཚུལ་གསུམ་འཇལ་བའི་ཚད་མས་དྲངས་ནས་སྐྱེས་པའི་དེ་སྐོར་གྱི་ཚུལ་གསུམ་ངེས་པའི་ངེས་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཆོས་ཅན་དེའི་ཕྱིར། མ་གྲུབ་ན། དེ་ཁོ་ཁོ་རང་དུ་ཐལ། དེ་ཡོད་པའི་ཕྱིར། དེའི་རྒྱུད་ཀྱི་དེ་སྐོར་གྱི་ཚུལ་གསུམ་འཇལ་བའི་ཚད་མ་དེ། རང་གི་གཞལ་བྱ་ལ་ངེས་ཤེས་འདྲེན་ནུས་ཀྱི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་གཞལ་བྱ་ལ་དེར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་ཚད་མ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཤ་ཟ་འཇལ་བའི་བཅད་ཤེས་ཡིན་ན། རང་གི་ཉེར་ལེན་དུ་གྱུར་པའི་ཤ་ཟ་འཇལ་བའི་ཚད་མ་ལས་བྱུང་བས་ཁྱབ་ཟེར་ན། བཅད་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་ལ་འབྲེལ་བར་ཐལ། ཁྱོད་དེ་ལས་བྱུང་བའི་ཕྱིར། འདོད་ན། དེ་མེད་ན་ཁྱོད་མེད་དགོས་པར་ཐལ་ལོ། །བྱས་པ་ལ་ཁོ་ན་རེ། ཤ་ཟ་འཇལ་བའི་བཅད་ཤེས་ཡིན་ན། རང་གི་ཉེར་ལེན་དུ་གྱུར་པའི་ཤ་ཟ་འཇལ་བའི་ཚད་མ་ལས་བྱུང་བས་ཁྱབ་པར་ཐལ། འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཤ་ཟ་འཇལ་བའི་བཅད་ཤེས་ཡིན་ན། རང་གི་ཉེར་ལེན་དུ་གྱུར་པའི་ཤ་ཟ་འཇལ་བའི་ཚད་མ་སྔོན་དུ་སོང་བས་ཁྱབ་པ་དེ་ལུང་དེའི་དོན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བཅད་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བཅད་ཤེས་ཀྱི་ཉེར་ལེན་དུ་གྱུར་པའི་ཤ་ཟ་འཇལ་བའི་ཚད་མ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཚད་མ་དེ་ཁོ་ཁོ་རང་དུ་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་དེའི་ཉེར་ལེན་དུ་ཐལ་ལོ། །འོ་ན། ཁོ་རང་ལ་བཅད་ཤེས་ཀྱི་རྒྱུ་ཡང་ཡིན། ཤ་ཟ་འཇལ་བའི་ཚད་མ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཚད་མ་དེ་ཁོ་ཁོ་རང་དུ་ཐལ། ཁོ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བཅད་ཤེས་ཀྱི་རྒྱུར་གྱུར་པའི་རྣམ་མཁྱེན་དེ་དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བཅད་ཤེས་ཀྱི་རྒྱུ་ཡིན་པར་ཐལ་ལོ། །འདོད་ན། ཁྱོད་མེད་ན་བཅད་ཤེས་མེད་དགོས་པར་ཐལ་ལོ། །

༈ རང་ལུགས་བཞག་པ་ལ། བཅད་ཤེས་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རང་གི་ཉེར་ལེན་དུ་གྱུར་པའི་ཚད་མ་སྔ་མས་རྟོགས་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་རིག་པ་ཡང་ཡིན། གསར་དུ་མི་བསླུ་བའི་རིག་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མི་བསླུ་བའི་རིག་པ་དེ་བཅད་ཤེས་ཀྱི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། མངོན་སུམ་བཅད་ཤེས་དང་། རྟོག་པ་བཅད་ཤེས་གཉིས། དང་པོ་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་ལྟ་བུ། གཉིས་པ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་གཉིས་པ་ལྟ་བུ་ལ་བྱེད་དོ། །


previousབསྟན་བཅོས་འདིར་འགྲེལ་ཚུལ་བཤད་པ།next