Nitartha Digital Library
Tibetan
རྟ་ནག་རྣམ་འགྲེལ།

1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


 expand section
 expand section
 expand section
 collapse section
ལུགས་བྱུང་གི་སྒོ་ནས་ཐུབ་པ་ཚད་མར་སྒྲུབ་ཚུལ།
  
  
  
  
  
expand section


1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousལུགས་བྱུང་གི་སྒོ་ནས་ཐུབ་པ་ཚད་མར་སྒྲུབ་ཚུལ།next

ལུགས་བྱུང་གི་སྒོ་ནས་ཐུབ་པ་ཚད་མར་སྒྲུབ་ཚུལ།

རྒྱུ་བསམ་སྦྱོར་གཉིས་ལས་འབྲས་བུ་དོན་གཉིས་གྲུབ་ཚུལ།

༈ སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། ཞེས་པ་འདི་གང་ལས་འཕྲོས་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་དེ་ལ། ལུགས་འབྱུང་གི་སྒོ་ནས་སྒྲུབ་ཚུལ་དང་། ལུགས་ལྡོག་གི་སྒོ་ནས་སྒྲུབ་ཚུལ་གཉིས། དང་པོ་ལ། རྒྱུ་བསམ་པ་ཕུན་ཚོགས་ཀྱི་སྒོ་ནས་བསྒྲུབ་པ། སྦྱོར་བ་ཕུན་ཚོགས་ཀྱི་སྒོ་ནས་བསྒྲུབ་པ། བདེར་གཤེགས་ཀྱི་སྒོ་ནས་བསྒྲུབ་པ། སྐྱོབ་པའི་སྒོ་ནས་བསྒྲུབ་པ་དང་བཞི། དང་པོ་འཆད་པར་བྱེད་པ་ལ་གཞུང་འདི་བྱུང་། ངག་དོན་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། རང་རྒྱུ་བསམ་པ་ཕུན་ཚོགས་ཉམས་སུ་བླངས་པ་བརྟེན་ནས་ཚད་མའི་སྐྱེས་བུ་མཐར་ཐུག་ཏུ་འཁྲུངས་པའི་ཕྱིར། །

༈ མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། སྙིང་རྗེ་ཡིན་ན་སྙིང་རྗེ་ཚད་མེད་ཡིན་པས་ཁྱབ་ཟེར་ན། བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་མ་ཐོབ་པའི་སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལས་བྱུང་བར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མངོན་པ་ཀུན་བཏུས་ལས། དག་པའི་བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་གྲུབ་བོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་འདྲའི་སོ་སྐྱེ་དེས་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཐོབ་པར་ཐལ། དེའི་རྒྱུད་ཀྱི་སྙིང་རྗེ་དེ་རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལས་བྱུང་བའི་ཕྱིར། ཁ་ཅིག་ན་རེ། སྙིང་རྗེ་ཆེན་པོ་ཡིན་ན་སྙིང་རྗེ་ཚད་མེད་ཡིན་པས་ཁྱབ། སྙིང་རྗེ་ཚད་མེད་ཡིན་ན་སྙིང་རྗེ་ཆེན་པོ་ཡིན་པས་ཁྱབ་ཟེར་ན། ཕྱི་རོལ་པའི་རྒྱུད་ཀྱི་སྙིང་རྗེ་ཚད་མེད་ཆོས་ཅན། སྙིང་རྗེ་ཆེན་པོ་ཡིན་པར་ཐལ། སྙིང་རྗེ་ཚད་མེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེ་ཡིན་པར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། མངོན་པ་ཀུན་བཏུས་ལས། ཕྱི་རོལ་པའམ། ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ཡང་རུང་། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་སྙིང་རྗེ་ཚད་མེད་ཆོས་ཅན། སྙིང་རྗེ་ཆེན་པོ་ཡིན་པར་ཐལ། སྙིང་རྗེ་ཚད་མེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེ་ཡིན་པར་ཐལ། དེ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། མངོན་པ་ཀུན་བཏུས་ལས། ཉན་ཐོས་སམ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྙིང་རྗེ་དམན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་སྙིང་རྗེ་དམན་པ་ཡིན་པར་ཐལ། སྙིང་རྗེ་དམན་པ་ཉིད་ཕྱིར་དང་། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སྙིང་རྗེ་ཆེན་པོ་གསར་དུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་ན་སྙིང་རྗེ་ཚད་མེད་གསར་དུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་དགོས་པར་ཐལ། སྙིང་རྗེ་ཆེན་པོ་ཡིན་ན་སྙིང་རྗེ་ཚད་མེད་ཡིན་དགོས་པའི་ཕྱིར། འདོད་ན། ངན་སོང་གི་རྟེན་ལ་སྙིང་རྗེ་ཚད་མེད་གསར་དུ་སྐྱེ་བ་ཡོད་པར་ཐལ། དེའི་རྟེན་ལ་སྙིང་རྗེ་ཆེན་པོ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེའི་རྟེན་ལ་ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། འདོད་ན། ངན་སོང་གི་རྟེན་ལ་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གསར་དུ་སྐྱེ་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ངན་སོང་པ་རྣམས་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གསར་དུ་སྐྱེ་བའི་གེགས་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། རྒྱུ་བསམ་སྦྱོར་ཕུན་ཚོགས་ངོས་བཟུང་བ་དང་། འབྲས་བུ་དོན་གཉིས་ཕུན་ཚོགས་ངོས་བཟུང་བ་གཉིས། དང་པོ་ལ། རྒྱུ་བསམ་པ་ཕུན་ཚོགས་ལ་བརྟེན་ནས་རྣམ་མཁྱེན་དུ་བགྲོད་པའི་ཚུལ་བཤད་པ་དང་། རྒྱུ་བསམ་པ་ཕུན་ཚོགས་དངོས་བཤད་པ་གཉིས། དང་པོ་ནི། དེ་ལྟར་བགྲོད་པའི་ཚུལ་བཞག་ཏུ་ཡོད་དེ། ཐར་འདོད་རྣམས་ཀྱིས་དང་པོར་བསྟེན་བྱ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་གཅིག་བསྟེན། དེ་ལ་བརྟེན་ནས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་ལེགས་པར་སྦྱངས། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་མར་ཤེས་པ། དྲིན་དྲན་པ། དྲིན་གཟོ་བའི་བློ་གསུམ་བསྐྱེད། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་རྣམ་པ་ཅན་གྱི་བྱམས་པ་བསྐྱེད། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་བསྐྱེད། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བདག་གིས་བསྒྲལ་བར་བྱའོ། །སྙམ་པའི་བློའི་ཁུར་ལེགས་པར་འཁྱེར་བའི་ལྷག་བསམ་རྣམ་དག་བསྐྱེད། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཕྱིར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ། །སྙམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད། དེ་ལ་བརྟེན་ནས་རྣམ་མཁྱེན་དུ་བགྲོད་པར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་རྒྱུ་བསམ་པ་ཕུན་ཚོགས་དངོས་བཤད་པ་ནི། བྱང་སེམས་ཀྱི་རྒྱུད་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྷག་བསམ་རྣམ་དག་ལ་སོགས་པ་རྒྱུ་བསམ་པ་ཕུན་ཚོགས་ཡིན་ལ། འདི་ལ་ཚད་མེད་བཞི་བཤད་པ། སྙིང་རྗེ་ཆེན་པོ་བཤད་པ། ལྷག་བསམ་རྣམ་དག་བཤད་པ། ཐེག་ཆེན་སེམས་བསྐྱེད་བཤད་པ་དང་བཞི། དང་པོ་ནི། ཚད་མེད་བཞིའི་ནང་ཚན་གང་ཞིག །རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་ལ་བརྟེན་ནས་བྱུང་ཞིང་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཚད་མེད་པ་བདེ་བ་དང་འཕྲད་པར་འདོད་པའི་རྣམ་པ་ཅན་གྱི་རབ་ཏུ་ཕྱེ་བའི་སེམས་བྱུང་དེ་བྱམས་པ་ཚད་མེད་ཀྱི་ངོ་བོ་ཡིན། དེ་གང་ཞིག། རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་བྱུང་ཞིང་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཚད་མེད་པ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱིས་རབ་ཏུ་ཕྱེ་བའི་སེམས་བྱུང་དེ་སྙིང་རྗེ་ཚད་མེད་ཀྱི་ངོ་བོ་ཡིན། དེ་གང་ཞིག །རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་བྱུང་ཞིང་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཚད་མེད་པ་བདེ་བ་དང་མི་འབྲལ་བར་འདོད་པའི་རྣམ་པ་ཅན་གྱི་རབ་ཏུ་ཕྱེ་བའི་སེམས་བྱུང་དེ་དགའ་བ་ཚད་མེད་ཀྱི་ངོ་བོ་ཡིན། དེ་གང་ཞིག །རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་བྱུང་ཞིང་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཚད་མེད་པ་ལ་ཕན་འདོགས་པར་འདོད་པའི་རྣམ་པ་ཅན་གྱི་རབ་ཏུ་ཕྱེ་བའི་སེམས་བྱུང་དེ་བཏང་སྙོམས་ཚད་མེད་ཀྱི་ངོ་བོ་ཡིན། གཉིས་པ་སྙིང་རྗེ་ཆེན་པོ་བཤད་པ་ནི། སྙིང་རྗེ་ཆེན་པོ་དང་ལྷག་བསམ་རྣམ་དག་གང་རུང་ཡང་ཡིན། སེམས་ཅན་མཐའ་དག་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་རབ་ཏུ་ཕྱེ་བའི་སེམས་བྱུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ་སྙིང་རྗེ་ཆེན་པོའི་ངོ་བོ་ཡིན་ལ། འདི་ལ་དབྱེ་ན། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཆེན་པོ། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་གསུམ། འདི་གསུམ་གྱི་ཁྱད་པར་བཤད་པ་ལ། སེམས་ཙམ་པའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་འཆད་པ་ལ། ཚིག་ལས་ཆགས་ཅན་ལ་སོགས་བཞིན། །ཞེས་པའི་ཐད་ཀྱི་ཊཱིཀྐ་ལས། བྱམས་པ་དང་སྙིང་རྗེ་སོགས་ནི་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་ལ་དམིགས་པའོ། །དང་པོ་ནི། གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་སེམས་ཅན་ཙམ་ལ་དམིགས་ནས་བདེ་བ་དང་འཕྲད་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པ་དང་། གཉིས་པ་ནི། གང་ཟག་གི་བདག་དང་བྲལ་བར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ངང་ནས་སེམས་ཅན་ལ་དམིགས་པ་དང་། གསུམ་པ་ནི། གཟུང་འཛིན་རྫས་གཞན་གྱིས་སྟོང་བཞིན་དུ་དེར་ཞེན་པའི་སེམས་ཅན་འདི་དག་ནི་སྙམ་དུ་དམིགས་ནས་རྣམ་པ་སྔར་ལྟར་རོ། །ཞེས་གསུངས་ཤིང་། འདིའི་དོན་ཡང་སེམས་ཅན་མི་རྟག་པར་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་མི་རྟག་པ་དང་གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་མ་བྱས་ཤིང་། རང་གི་དམིགས་ཡུལ་དུ་གྱུར་པའི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཙམ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་དེ་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཆེན་པོར་འཇོག །སེམས་ཅན་མི་རྟག་པར་ཚད་མས་ངེས་པའི་གང་ཟག་གི་རྒྱུད་ཀྱི་མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་དེ་ཆོས་ལ་དམིགས་པའི་སྙིང་རྗེར་འཇོག །སེམས་ཅན་གང་ཟག་གི་བདག་མེད་དུ་ཚད་མས་ངེས་པའི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་ཡང་ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་ནོ། །སེམས་ཅན་ཆོས་ཀྱི་བདག་མེད་དུ་རྟོགས་པའི་གང་ཟག་གི་རྒྱུད་ཀྱི་གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པའི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་དེ་དམིགས་མེད་ལ་དམིགས་པའི་སྙིང་རྗེར་འཇོག་པ་ཡིན་ནོ། །གཉིས་པ་མདོ་སྡེ་པའི་ལུགས་ནི། དང་པོའི་ཚད་གཞི་འཛིན་ཚུལ་སྔར་དང་འདྲ། སེམས་ཅན་མི་རྟག་པར་ཚད་མས་ངེས་པའི་གང་ཟག་གི་རྒྱུད་ཀྱི་མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་དེ་ཆོས་ལ་དམིགས་པའི་སྙིང་རྗེར་འཇོག །སེམས་ཅན་གང་ཟག་གི་བདག་མེད་དུ་ཚད་མས་ངེས་པའི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་དེ། དམིགས་མེད་ལ་དམིགས་པའི་སྙིང་རྗེར་འཇོག་པ་ཡིན་ནོ། །ལྷག་བསམ་རྣམ་དག་དང་སྙིང་རྗེ་ཆེན་པོ་གང་རུང་ཡང་ཡིན། སེམས་ཅན་མཐའ་དག་བདག་གིས་སྡུག་བསྔལ་ལས་སྒྲལ་བར་བྱའོ། །སྙམ་པའི་བློའི་ཁུར་ལེགས་པར་འཁྱེར་བའི་རྣམ་པ་ཅན་གྱི་སེམས་བྱུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ་ལྷག་བསམ་རྣམ་དག་གི་ངོ་བོ་ཡིན་ལ། རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་འདུན་པ་དང་མཚུངས་ལྡན་དུ་བྱུང་ཞིང་། ཐེག་ཆེན་ལམ་གྱི་འཇུག་སྒོའི་རིགས་སུ་གནས་པའི་ཐེག་ཆེན་གཙོ་བོའི་ཡིད་ཀྱི་རྣམ་རིག་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་ངོ་བོ་ཡིན། དེ་དང་ཐེག་ཆེན་སེམས་བསྐྱེད་དོན་གཅིག །གཉིས་པ་རྒྱུ་སྦྱོར་བ་ཕུན་ཚོགས་ངོས་གཟུང་བ་ནི། བྱང་སེམས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ལྟ་བུ་དེ་རྒྱུ་སྦྱོར་བ་ཕུན་ཚོགས་ཡིན་ལ། སྦྱིན་པ་སོགས་དྲུག་སོ་སོའི་ངོ་བོ་ཡང་སྦྱིན་སོགས་དྲུག་གི་ནང་ཚན་གང་ཞིག། རང་སྟོབས་ཀྱིས་གཏོང་བའི་སེམས་བྱུང་དུ་དམིགས་པ་དེ་དེའི་ནང་ཚན་དུ་གྱུར་པའི་སྦྱིན་པའི་ངོ་བོ་ཡིན། དེ་གང་ཞིག །རང་སྟོབས་ཀྱིས་བསྲུང་བའི་སེམས་བྱུང་དུ་དམིགས་པ་དེ་དེའི་ནང་ཚན་དུ་གྱུར་པའི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན། དེ་གང་ཞིག །རང་སྟོབས་ཀྱིས་མི་ཁྲོ་བའི་སེམས་བྱུང་དུ་དམིགས་པ་དེ་དེའི་ནང་ཚན་དུ་གྱུར་པའི་བཟོད་པའི་ངོ་བོ་ཡིན། དེ་གང་ཞིག །རང་སྟོབས་ཀྱིས་དགེ་བ་ལ་སྤྲོ་བའི་སེམས་བྱུང་དུ་དམིགས་པ་དེ་དེའི་ནང་ཚན་དུ་གྱུར་པའི་བརྩོན་འགྲུས་ཀྱི་ངོ་བོ་ཡིན། དེ་གང་ཞིག །རང་སྟོབས་ཀྱིས་དགེ་བ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་དེའི་ནང་ཚན་དུ་གྱུར་པའི་བསམ་གཏན་གྱི་ངོ་བོ་ཡིན། དེ་གང་ཞིག །རང་སྟོབས་ཀྱིས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་དུ་དམིགས་པ་དེ་དེའི་ནང་ཚན་དུ་གྱུར་པའི་ཤེས་རབ་ཀྱི་ངོ་བོ་ཡིན། དེ་ལྟར་ན་སྦྱིན་སོགས་དྲུག་འགལ་ཡང་སྦྱིན་སོགས་ཕར་ཕྱིན་དྲུག་མི་འགལ་ཏེ། ཕར་ཕྱིན་དྲུག་དང་རྣམ་མཁྱེན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། གཉིས་པ་འབྲས་བུ་དོན་གཉིས་ཕུན་ཚོགས་ངོས་བཟུང་བ་ལ། རང་དོན་ཕུན་ཚོགས་ངོས་བཟུང་བ་དང་། གཞན་དོན་ཕུན་ཚོགས་ངོས་བཟུང་བ་གཉིས། དང་པོ་ལ། རང་དོན་སྤང་པ་ཕུན་ཚོགས་ངོས་བཟུང་བ་དང་། རང་དོན་རྟོགས་པ་ཕུན་ཚོགས་ངོས་བཟུང་བ་གཉིས། དང་པོ་ནི། སྡུག་ཀུན་གཉིས་ལེགས་པར་སྤངས་པ། མ་ལུས་པར་སྤངས་པ། སླར་མི་ལྡོག་པར་སྤངས་པའི་སྤང་པ་མཐར་ཐུག་ལྟ་བུ་ལ་བྱེད། གཉིས་པ་ནི། དེ་ཁོ་ན་ཉིད་མཁྱེན་པ། མཁྱེན་པ་བརྟན་པ། མ་ལུས་པར་མཁྱེན་པའི་ཁྱད་པར་གསུམ་ལྡན་གྱི་མཁྱེན་པ་མཐར་ཐུག་ལྟ་བུ་ལ་བྱེད། གཞན་དོན་ཕུན་ཚོགས་ནི་གཟུགས་སྐུ་གཉིས་ལྟ་བུ་ལ་བྱེད་དོ། །

སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ།

༈ སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །ཞེས་སོགས་རྐང་པ་བཞི་གང་ལས་འཕྲོས་ན། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་པའི་སྐབས་སུ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དེ་སྐྱེ་བ་སྔ་མ་ནས་སྙིང་རྗེ་ཆེན་པོ་གོམས་པ་མཐར་ཕྱིན་པ་ལ་བརྟེན་ནས་ཚད་མའི་སྐྱེས་བུར་འཁྲུངས་པར་བསྟན་པ་ལ། རྒྱང་འཕེན་པ་ན་རེ། དེ་མི་འཐད་པར་ཐལ། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཏེ། སྐྱེས་བུའི་ལུས་ཞིག་པ་ན་སེམས་ཀྱང་ཞིག་པའི་ཕྱིར་ཏེ། སྐྱེས་བུའི་སེམས་དེ་སྐྱེས་བུའི་ལུས་ལ་བརྟེན་པའི་ཕྱིར། ཞེས་པའི་འདོད་པ་བརྗོད་པར་བྱེད་པ་ལ། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། །ཞེས་པ་འདི་བྱུང་། རྒྱང་འཕེན་གྱིས་སྐྱེ་བ་སྔ་ཕྱི་མེད་པར་དམ་བཅས་པའི་དམ་བཅའི་ཞེན་དོན་འགོག་བྱེད་ཀྱི་རིགས་པ་མདོར་བསྟན་གྱི་ཚུལ་གྱིས་འཆད་པར་བྱེད་པ་ལ། མ་ཡིན་རྟེན་ནི་བཀག་ཕྱིར་རོ། །ཞེས་པ་འདི་བྱུང་། དེ་རྒྱས་པར་འཆད་པར་བྱེད་པ་ལ། སྐྱེ་བ་ཡོངས་སུ་ལེན་པ་ན། །ཞེས་པ་ནས། དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད། །ཅེས་པའི་བར་བྱུང་། འདི་ལ་སྐྱེ་བ་སྔ་མ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ། ཕྱི་མ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ། སྐྱེ་བ་སྔ་ཕྱི་མེད་པ་འགོག་བྱེད་ཀྱི་རིགས་པ་བཤད་པ་དང་གསུམ། དང་པོ་འཆད་པར་བྱེད་པ་ལ། སྐྱེ་བ་ཡོངས་སུ་ལེན་པ་ན། །ཞེས་པ་ནས། ཧ་ཅང་ཐལ་ཕྱིར། ཞེས་པའི་བར་བྱུང་། གཉིས་པ་འཆད་པར་བྱེད་པ་ལ། མཚམས་སྦྱོར་བར། ཞེས་པ་ནས། ཐམས་ཅད་ཚེ་ན་མཐོང་བ་ཉིད། །ཅེས་པའི་བར་བྱུང་། གསུམ་པ་འཆད་པར་བྱེད་པ་ལ། ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །ཅེས་པ་འདི་བྱུང་། །

༈ མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། བྱིས་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རང་གི་རྒྱུར་གྱུར་པའི་རིག་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་དང་། རྒན་པོ་འཆི་ཁ་མའི་རིག་པ་ཆོས་ཅན། རང་གི་འབྲས་བུར་གྱུར་པའི་རིག་པ་ཕྱི་མ་མཚམས་སྦྱོར་བ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་གཉིས་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་ཡིན་ནོ། །ཟེར་ན། རང་གི་རྒྱུར་གྱུར་པའི་རིག་པ་སྔ་མ་སྔོན་དུ་སོང་ན། རང་གི་ཉེར་ལེན་དུ་གྱུར་པའི་རིག་པ་སྔ་མ་སྔོན་དུ་སོང་བའི་ཁྱབ་པ་དང་། རང་འབྲས་རིག་པ་ཕྱི་མ་སྐྱེད་བྱེད་ཡིན་ན་རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་སྐྱེད་བྱེད་ཡིན་པས་ཁྱབ་པ་གཉིས་ཀ་ཡོད་པར་ཐལ། དམ་བཅའ་འཐད་པ་གང་ཞིག །བྱིས་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རང་གི་ཉེར་ལེན་དུ་གྱུར་པའི་རིག་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་དང་། རྒན་པོ་འཆི་ཁ་མའི་རིག་པ་ཆོས་ཅན། རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་མཚམས་སྦྱོར་བ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་གཉིས་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་ཡིན་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། ཁྱབ་པ་དང་པོ་ལ་དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་རིག་པ་མེད་པའི་ཕྱིར། ཁྱབ་པ་གཉིས་པ་ལ་ཡང་། གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་རིག་པ་མེད་པའི་ཕྱིར། མ་གྲུབ་ན། གཟུགས་ཀྱིས་ཉེར་ལེན་བྱས་པ་ལ་བརྟེན་ནས་བྱུང་བའི་རིག་པ་མེད་པར་ཐལ། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། འཁོར་བ་ལ་ཐོག་མའི་མཐའ་མེད་ཀྱང་། འཁོར་བ་ལ་ཐོག་མ་ཡོད་པ་ཡིན་ནོ། །ཟེར་ན། འཁོར་བ་ཐོག་མེད་མ་ཡིན་་པར་ཐལ། འཁོར་བ་ལ་ཐོག་མ་ཡོད་པའི་ཕྱིར། གཞན་ཡང་། ཤེས་པ་ལ་ཐོག་མ་ཡོད་པར་ཐལ། འཁོར་བ་ལ་ཐོག་མ་ཡོད་པའི་ཕྱིར། འདོད་ན། ཤེས་པ་སྐད་ཅིག་དང་པོ་དེ་ཤེས་པའི་ཐོག་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཉེར་ལེན་དུ་གྱུར་པའི་ཤེས་པ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འཁོར་བ་ལ་ཐོག་མ་ཡོད་པར་ཐལ། འཁོར་བའི་ཐོག་མ་ཡོད་པའི་ཕྱིར། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་དེ་དེ་ཡིན་པའི་ཕྱིར། གཞན་ཡང་། ཁོ་ན་རེ། ཤེས་པ་ལ་ཐོག་མ་ཡོད་པར་ཐལ། དབང་མངོན་ལ་ཐོག་མ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གཟུགས་འཛིན་དབང་མངོན་ལ་ཐོག་མ་ཡོད་པའི་ཕྱིར། དེར་ཐལ། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་དེ་དེ་ཡིན་པའི་ཕྱིར་ཟེར་ན། དབང་མངོན་ཡིན་ན། རང་གི་ཉེར་ལེན་དུ་གྱུར་པའི་དབང་མངོན་ལས་བྱུང་དགོས་པར་ཐལ། ཤེས་པ་ཡིན་ན། རང་གི་ཉེར་ལེན་དུ་གྱུར་པའི་ཤེས་པ་ལས་བྱུང་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གཟུགས་འཛིན་དབང་མངོན་ཡིན་ན། རང་གི་ཉེར་ལེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་ལས་བྱུང་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེའི་ཉེར་ལེན་དུ་གྱུར་པའི་གཟུགས་འཛིན་དབང་མངོན་མེད་པའི་ཕྱིར། དེར་ཐལ། དེ་གཟུགས་འཛིན་དབང་མངོན་གྱི་ཐོག་མ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ཤེས་པའི་ཐོག་མ་ཡོད་པར་ཐལ། རྣམ་མཁྱེན་གྱི་ཐོག་མ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྣམ་མཁྱེན་སྐད་ཅིག་དང་པོ་དེ་རྣམ་མཁྱེན་གྱི་ཐོག་མ་ཡིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོའི་ཉེར་ལེན་དུ་གྱུར་པའི་རྣམ་མཁྱེན་མེད་པའི་ཕྱིར། །

༈ རང་ལུགས་བཞག་པ་ལ། སྐྱེ་བ་སྔ་མ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ། ཕྱི་མ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ། གཏན་ལ་ཕབ་པའི་དགོས་པ་བཤད་པ་དང་གསུམ། དང་པོ་ནི། བྱིས་པ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རང་གི་ཉེར་ལེན་དུ་གྱུར་པའི་རིག་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། དཔེར་ན། ད་ལྟར་གྱི་རིག་པ་སྐད་ཅིག་གཉིས་པ་བཞིན། གཉིས་པ་ནི། རྒན་པོ་འཆི་ཁ་མའི་རིག་པ་ཆོས་ཅན། རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་མཚམས་སྦྱོར་བ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། དཔེར་ན། ད་ལྟར་གྱི་རིག་པ་སྐད་ཅིག་དང་པོ་བཞིན། གསུམ་པ་གཏན་ལ་ཕབ་པའི་དགོས་པ་བཤད་པ་ནི། རིགས་པ་དང་པོ་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། རིགས་པ་དེ་ལ་བརྟེན་ནས་འཁོར་བའི་ཡ་མཐའ་ཐུག་མེད་དུ་ཤེས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་མར་ཤེས་པའི་བློ་བྱུང་། དེ་ལ་བརྟེན་ནས་དྲིན་དྲན་པའི་བློ་བྱུང་། དེ་ལ་བརྟེན་ནས་དྲིན་གཟོ་བའི་བློ་བྱུང་། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་ཡིད་འོང་གི་རྣམ་པ་ཅན་གྱི་བྱམས་པ་བྱུང་། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་བྱུང་། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདག་གིས་སྡུག་བསྔལ་ལས་བསྒྲལ་བར་བྱའོ། །སྙམ་པའི་ལྷག་བསམ་རྣམ་དག་བྱུང་། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཕྱིར་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་སྙམ་པའི་ཐེག་ཆེན་སེམས་བསྐྱེད་བྱུང་། དེ་ལ་བརྟེན་ནས་རྣམ་མཁྱེན་བྱུང་བའི་ཕྱིར། རིགས་པ་གཉིས་པ་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡང་རིགས་པ་གཉིས་པ་འདི་ལ་བརྟེན་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ཡང་རིགས་པ་འདི་ལ་བརྟེན་དགོས་པ་ཡིན་ཏེ། ཚེ་ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་སྐྲག་ནས་དེའི་རྒྱུ་མི་དགེ་བཅུ་སྤོང་བ་དང་། བདེ་འགྲོའི་རྒྱུ་དགེ་བ་བཅུ་སྒྲུབ་པ་ཡང་རིགས་པ་འདི་ལ་བརྟེན་དགོས་པའི་ཕྱིར། སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་དེ་ཡང་རིགས་པ་འདི་ལ་བརྟེན་དགོས་པ་ཡིན་ཏེ། ཚེ་ཕྱི་མ་འཁོར་བའི་སྡུག་བསྔལ་ལ་སྐྲག་ནས་དེའི་རྒྱུ་བདག་འཛིན་སྤོང་བ་དང་། བདག་འཛིན་སྤངས་པའི་ཐར་པ་དེ་ཐོབ་པ་ལ་བསླབ་པ་གསུམ་ཉམས་སུ་ལེན་དགོས། དེ་ཉམས་སུ་ལེན་པ་དེ་ཡང་རིགས་པ་འདི་ལ་བརྟེན་དགོས་པའི་ཕྱིར། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་དེ་ཡང་རིགས་པ་འདི་ལ་བརྟེན་དགོས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་སྤྱིར་འཁོར་བའི་སྡུག་བསྔལ་དང་ཁྱད་པར་ངན་སོང་བ་རྣམས་ངན་སོང་གི་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་ཅིང་དེ་རྣམས་བདེ་བ་ལ་འགོད་པ་དང་། སྡུག་བསྔལ་ལས་སྒྲོལ་བ་ལ་ཐེག་པ་ཆེན་པོར་སེམས་བསྐྱེད་དགོས། དེ་ལྟར་སྐྱེད་པ་དེ་ཡང་རིགས་པ་འདི་ལ་བརྟེན་དགོས་པའི་ཕྱིར། དེ་ལྟར་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། ཐེག་པ་ཆེ་ཆུང་གི་ལམ་གྱི་རྩ་བ་དེ་ཡང་རིགས་པ་འདི་ལ་བརྟེན་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། །

༈ རྩོད་པ་སྤང་པ་ལ། ཁ་ཅིག་ན་རེ། ཆགས་བཅས་ཀྱི་རིག་པ་དེ་རྒན་པོ་འཆི་ཁ་མའི་རིག་པ་རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་མཚམས་སྦྱོར་བར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། རིག་པ་དེ་དེ་ལྟར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། སློབ་དཔོན་ཀ་མ་ལ་ཤཱི་ལས། ཆགས་བཅས་ཀྱི་རིག་པ་དེ་དེ་ལྟ་བུའི་རྟགས་ཡང་དག་ཏུ་བཤད་པའི་ཕྱིར། དེར་ཐལ། དེ་ཉིད་ཀྱི་འགྲེལ་པ་ལས། གང་ཆགས་པ་དང་བཅས་པའི་སེམས་གང་ཡིན་པ་དེ་ལས་རང་གི་ཉེ་བར་བླང་བར་བྱ་བའི་སེམས་གཞན་སྐྱེ་བ་སྟེ། དཔེར་ན། མངལ་གྱི་གནས་སྐབས་ཀྱི་སེམས་བཞིན་ནོ། །ཐ་མལ་པ་འཆི་ཁའི་སེམས་ཀྱང་ཆགས་པ་དང་བཅས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། ཞེས་གསུངས་པའི་ཕྱིར། །

དགྲ་བཅོམ་ཐ་མའི་སེམས་ཡོད་མེད་ལ་དཔྱད་པ།

༈ དགྲ་བཅོམ་སེམས་གང་ཡིན་དེ་ཡང་། །གང་ལས་མཚམས་སྦྱོར་མེད་པར་འདོད། །ཅེས་པ་འདི་གང་ལས་འཕྲོས་ན། སྐྱེ་བ་ཡོངས་སུ་ལེན་པ་ན། །ཞེས་སོགས་ཀྱི་སྐབས་སུ་རིག་པ་དེ་རྒན་པོ་འཆི་ཁ་མའི་རིག་པ་རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་མཚམས་སྦྱོར་བར་སྒྲུབ་པའི་རྟགས་ཡང་དག་ཏུ་བསྟན་པ་ལ། རྒྱང་འཕེན་པ་ན་རེ། དེ་མི་འཐད་པར་ཐལ། འཆི་སེམས་ཡིན་ན་རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་མཚམས་མི་སྦྱོར་བས་ཁྱབ་པའི་ཕྱིར། དགྲ་བཅོམ་པ་ཐ་མའི་སེམས་དེ་འཆི་སེམས་ཀྱི་རྟགས་ཀྱིས་རྒན་པོ་འཆི་ཁ་མའི་སེམས་རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་མཚམས་མི་སྦྱོར་བར་སྒྲུབ་པའི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར་ཟེར། འོ་ན། དགྲ་བཅོམ་ཐ་མའི་སེམས་ཆོས་ཅན། དེ་ལྟར་སྒྲུབ་པའི་མཐུན་དཔེ་ཡང་དག་མ་ཡིན་པར་ཐལ། དེ་ལྟར་སྒྲུབ་པའི་མཐུན་དཔེ་ཡང་དག་ཏུ་ཚད་མས་མ་གྲུབ་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དགྲ་བཅོམ་སེམས་གང་ཡིན་དེ་ཡང་། །ཞེས་རྐང་པ་གཉིས་བྱུང་། །

༈ འདིའི་སྐབས་སུ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དགྲ་བཅོམ་ཐ་མའི་སེམས་མེད་དོ། །ཟེར་ན། དེ་ཡོད་པར་ཐལ། དགྲ་བཅོམ་ཐ་མ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་དགྲ་བཅོམ་ཐ་མ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་དགྲ་བཅོམ་སྐད་ཅིག་ཐ་མ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དགྲ་བཅོམ་ཐ་མ་མེད་པར་ཐལ། དགྲ་བཅོམ་ཡིན་ན། རང་གི་ཉེར་ལེན་བྱས་པ་ལས་བྱུང་བའི་དགྲ་བཅོམ་ཡོད་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གང་ཟག་ཡིན་ན། རང་གི་ཉེར་ལེན་བྱས་པ་ལས་བྱུང་བའི་གང་ཟག་ཡོད་དགོས་པའི་ཕྱིར། ཁོ་རང་ལ། སྐྱེ་བ་ཐ་མ་མེད་པར་ཐལ། སྐྱེ་བ་ཡིན་ན་རང་གི་ཉེར་ལེན་བྱས་པ་ལས་བྱུང་བའི་སྐྱེ་བ་ཡོད་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སྐྱེ་བ་ཕྱི་མ་ཡོད་པའི་ཕྱིར། དེར་ཐལ། སྐྱེ་བ་སྔ་ཕྱི་ཡོད་པའི་ཕྱིར། དེར་ཐལ། སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་ཡོད་པའི་ཕྱིར། ཁ་ཅིག་ན་རེ། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་ཐལ། དགྲ་བཅོམ་ཐ་མ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། རང་རྒྱུད་ཀྱི་ཆགས་པ་གཏན་ནས་སྤོང་མི་ནུས་པའི་སེམས་ཅན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུད་ཀྱི་ཆགས་པ་གཏན་ནས་སྤོང་མི་ནུས་པའི་སེམས་ཅན་ཡོད་པར་དམ་བཅས་པའི་དམ་བཅའི་ཞེན་དོན་ལ་ཚད་མས་གནོད་པའི་ཕྱིར་ཏེ། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །ཞེས་གསུངས་པའི་ཕྱིར། མཁས་པའི་དབང་པོ་ཁ་ཅིག་ན་རེ། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་བོ། །ཟེར་ན། ལྷག་མེད་ཀྱི་གནས་སྐབས་སུ་རིག་པ་རྒྱུན་ཆད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རིག་པ་རྒྱུན་ཆད་པའི་དུས་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། ལས་ཉོན་རྒྱུན་ཆད་པའི་དུས་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། འཁོར་བའི་རྒྱུར་གྱུར་པའི་ལས་ཉོན་རྒྱུན་ཆད་པའི་དུས་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། འཁོར་བ་རྒྱུན་ཆད་པའི་དུས་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། འཁོར་བ་སྟོང་པའི་དུས་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་ཐམས་ཅད་ཀྱིས་ཐར་པ་ཐོབ་པའི་དུས་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། ལྷག་མེད་ཀྱི་གནས་སྐབས་སུ་རིག་པ་རྒྱུན་ཆད་པ་མི་འཐད་པར་ཐལ། ལྷག་མེད་མྱང་འདས་ཐོབ་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་རིག་པ་ཡོད་པའི་ཕྱིར། དེར་ཐལ། ལྷག་མེད་མྱང་འདས་ཐོབ་པའི་དགྲ་བཅོམ་པ་ཡོད་པའི་ཕྱིར། མ་གྲུབ་ན། ལྷག་མེད་མྱང་འདས་དོན་དུ་གཉེར་བའི་ཉན་ཐོས་རྣམས་ཀྱིས་ལྷག་མེད་མྱང་འདས་ཐོབ་པའི་ཕྱིར་དུ་ལམ་བསྒོམས་པ་དོན་མེད་པར་ཐལ། ལྷག་མེད་མྱང་འདས་ཐོབ་པའི་གང་ཟག་མེད་པའི་ཕྱིར། གཞན་ཡང་། མཐར་ཐུག་ཉན་ཐོས་ཀྱི་ཐེག་པ་ཡོད་པར་ཐལ། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པའི་ཕྱིར། འདོད་ན། ལམ་གྱི་བྱ་བ་མཐར་ཕྱིན་པའི་ཉན་ཐོས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལམ་གྱི་བྱ་བ་མཐར་ཕྱིན་པའི་གང་ཟག་ཡིན་ན་སངས་འཕགས་ཡིན་དགོས་པའི་ཕྱིར། གཞན་ཡང་། ལྷག་མེད་ཀྱི་གནས་སྐབས་ན་རིག་པ་ཡོད་པར་ཐལ། ལྷག་མེད་དུ་མྱང་འདས་ལས་འདའ་ཁ་མའི་སེམས་ཅན་གྱི་རྒྱུད་ཀྱི་རིག་པ་དེ་རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་མཚམས་སྦྱོར་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་མཚམས་སྦྱོར་བ་ཡིན་པར་ཐལ། རིག་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འགོག་པ་ལ་མཉམ་པར་འཇོག་ཁ་མའི་སེམས་ཅན་གྱི་རྒྱུད་ཀྱི་རིག་པ་ཆོས་ཅན། རང་གི་ཉེར་འབྲས་སུ་གྱུར་པའི་རིག་པ་ཕྱི་མ་མཚམས་སྦྱོར་བ་ཡིན་པར་ཐལ། རིག་པ་ཡིན་པའི་ཕྱིར། འདོད་ན། འགོག་པ་ལ་མཉམ་པར་བཞག་པའི་སེམས་ཅན་གྱི་རྒྱུད་ལ་རིག་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་སེམས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འགོག་པའི་སྙོམས་འཇུག་དེ་ལ་སེམས་མེད་སྙོམས་འཇུག །ཅེས་བརྗོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འགོག་པ་ལ་མཉམ་པར་བཞག་པའི་སེམས་ཅན་གྱི་རྒྱུད་ལ་རྣམ་ཤེས་རགས་པ་མེད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པ་ཡིན་གྱི་འགོག་པ་ལ་མཉམ་པར་བཞག་པའི་སེམས་ཅན་གྱི་རྒྱུད་ལ་སེམས་ཡོད་པར་ཐལ། དེ་སེམས་ཅན་ཡིན་པའི་ཕྱིར། །

ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་ཅན་ངོས་བཟུང་བ།

༈ རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །གང་ཞིག་ཡོད་པས་ཕན་འདོགས་བྱེད། །ཅེས་པ་འདི་གང་ལས་འཕྲོས་ན། མ་ཡིན་རྟེན་ནི་བཀག་ཕྱིར་རོ། །ཞེས་པའི་སྐབས་སུ་རྒྱང་འཕེན་གྱིས་བྱིས་པ་སྐྱེས་མ་ཐག་པའི་ལུས་དེ་བྱིས་པ་སྐྱེས་མ་ཐག་པའི་སེམས་ཀྱི་ཉེར་ལེན་དུ་ཁས་བླངས་པ་དེ་བཀག་ནས། འོ་ན། དེའི་ཉེར་ལེན་གང་ཞེ་ན། དེ་འཆད་པར་བྱེད་པ་ལ་གཞུང་འདི་བྱུང་། ངག་དོན་ནི། བྱིས་པ་སྐྱེས་མ་ཐག་པའི་སེམས་དེ་ཆོས་ཅན། རང་གི་ཉེར་ལེན་དུ་གྱུར་པའི་རིག་པ་ལས་བྱུང་བ་ཡིན་ཏེ། རང་གི་ཉེར་ལེན་དུ་གྱུར་པའི་རིག་པ་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། །

༈ མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། འབྲས་བུ་དེའི་ཐུན་མོང་བའི་རྒྱུ་དེ། འབྲས་བུ་དེའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད། འབྲས་བུ་དེའི་ཐུན་མོང་མ་ཡིན་པའི་རྒྱུ་དེ། འབྲས་བུ་དེའི་ཉེར་ལེན་གྱི་མཚན་ཉིད་ཡིན་ཟེར་ན། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ཆོས་ཅན། རང་འབྲས་གཟུགས་འཛིན་མིག་ཤེས་ཀྱི་ཉེར་ལེན་ཡིན་པར་ཐལ། རང་འབྲས་གཟུགས་འཛིན་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། རང་འབྲས་གཟུགས་འཛིན་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བེམ་པོ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ཆོས་ཅན། རང་འབྲས་གཟུགས་འཛིན་མིག་ཤེས་ཁོ་ནའི་རྒྱུ་ཡིན་པར་ཐལ། རང་འབྲས་གཟུགས་འཛིན་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རང་འབྲས་སྒྲ་འཛིན་ཉན་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར། གཞན་ཡང་། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ཆོས་ཅན། རང་འབྲས་གཟུགས་འཛིན་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་མ་ཡིན་པར་ཐལ། རང་འབྲས་གཟུགས་འཛིན་མིག་ཤེས་དང་། རང་འབྲས་སྒྲ་འཛིན་ཉན་ཤེས་གཉིས་ཀའི་ཐུན་མོང་བའི་རྒྱུ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱི་རྒྱུ་ཐུན་མོང་བ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཉིས་ཀའི་རྒྱུའི་གཞི་མཐུན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འབྲས་བུ་དེའི་ངོ་བོའི་རྫས་ལ་ཕན་འདོགས་བྱེད་དེ་འབྲས་བུ་དེའི་ཉེར་ལེན་གྱི་མཚན་ཉིད། འབྲས་བུ་དེའི་གནས་སྐབས་ཀྱི་རྫས་ལ་ཕན་འདོགས་བྱེད་དེ་འབྲས་བུ་དེའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད་ཟེར་ན། ནས་མྱུག་གི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཆུ་ལུད་དྲོད་གཤེར་ཆོས་ཅན། ནས་མྱུག་གི་ཉེར་ལེན་ཡིན་པར་ཐལ། ནས་མྱུག་གི་ངོ་བོའི་རྫས་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། དེར་ཐལ། ནས་མྱུག་གི་ངོ་བོའི་རྫས་སུ་གྱུར་པའི་ནས་མྱུག་མ་ཡིན་པ་ལས་ལོག་པ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ནས་མྱུག་གི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། གཉིས་པ་ལ། ནས་ཀྱི་ས་བོན་ཆོས་ཅན། ནས་མྱུག་གི་ལྷན་ཅིག་བྱེད་རྐྱེན་ཡིན་པར་ཐལ། ནས་མྱུག་གི་གནས་སྐབས་ཀྱི་རྫས་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། དེར་ཐལ། ནས་མྱུག་གི་དབྱིབས་དང་ཁ་དོག་ལ་སོགས་པ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ནས་མྱུག་གི་ཉེར་ལེན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འབྲས་བུ་དེ་རང་དང་འདྲ་བར་སྐྱེད་བྱེད་དེ། འབྲས་བུ་དེའི་ཉེར་ལེན་གྱི་མཚན་ཉིད་ཟེར་ན། ཁ་དོག་སྔོན་པོ་ཅན་གྱི་ནས་མྱུག་གི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཁ་དོག་སྔོན་པོ་ཅན་གྱི་ཆུ་དེ་ཆོས་ཅན། ཁ་དོག་སྔོན་པོ་ཅན་གྱི་ནས་མྱུག་གི་ཉེར་ལེན་ཡིན་པར་ཐལ། དེ་རང་དང་འདྲ་བར་སྐྱེད་བྱེད་ཡིན་པའི་ཕྱིར། དེར་ཐལ། དེ་སྐྱེད་བྱེད་ཡིན་པ་གང་ཞིག །ཁྱོད་དང་དེ་གཉིས་འདྲ་བའི་ཕྱིར། དེར་ཐལ། ཁྱོད་དང་དེ་གཉིས་ཁ་དོག་སྔོན་པོ་ཅན་དུ་འདྲ་བའི་ཕྱིར། །

༈ རང་ལུགས་ནི། འབྲས་བུ་དེ་རང་གི་རྫས་རྒྱུན་དུ་གཙོ་བོར་སྐྱེད་བྱེད་དེ། འབྲས་བུ་དེའི་ཉེར་ལེན་གྱི་མཚན་ཉིད། དཔེར་ན། ནས་ཀྱི་ས་བོན་གྱིས་ནས་མྱུག་གི་ཉེར་ལེན་བྱེད་པ་ལྟ་བུ། འབྲས་བུ་དེ་རང་གི་རྫས་རྒྱུན་མ་ཡིན་པར་སྐྱེད་བྱེད་ཀྱི་དངོས་པོ་དེ། འབྲས་བུ་དེའི་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད། དཔེར་ན། ནས་མྱུག་གི་རྒྱུར་གྱུར་པའི་ཆུ་ལུད་དྲོད་གཤེར་གྱིས་ནས་མྱུག་གི་ལྷན་ཅིག་བྱེད་རྐྱེན་བྱེད་པ་ལྟ་བུའོ། །

རིགས་བརྗོད་དང་ཚོགས་བརྗོད་ཀྱི་སྒྲའི་ཁྱད་པར་བཤད་པ།

༈ དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །ཞེས་པ་འདི་གང་ལས་འཕྲོས་ན། དེ་ལྡན་རང་གི་ངོ་བོ་དང་། །ཞེས་པའི་སྐབས་སུ་སྤྱི་རྫས་གཞན་བཀག་པ་ལ། འོ་ན། རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲའི་ཁྱད་པར་མི་འཐད་པར་ཐལ། རིགས་བརྗོད་ཀྱི་སྒྲས་རིགས་སྤྱི་རྫས་གཞན་བརྗོད་བྱར་མི་བྱེད། ཚོགས་བརྗོད་ཀྱི་སྒྲས་ཚོགས་སྤྱི་རྫས་གཞན་བརྗོད་བྱར་མི་བྱེད་པའི་ཕྱིར་ཏེ། སྤྱི་རྫས་གཞན་མེད་པའི་ཕྱིར་ཟེར་ན། རྩ་བར་མ་ཁྱབ་སྟེ། རིགས་བརྗོད་ཀྱི་སྒྲས་རིགས་ཅན་བརྗོད་བྱར་མི་སྤོང་། ཚོགས་བརྗོད་ཀྱི་སྒྲས་ཚོགས་པ་ཅན་བརྗོད་བྱར་སྤོང་བ་དེ་རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲའི་ཁྱད་པར་ཡིན་པའི་ཕྱིར། ཞེས་འཆད་པར་བྱེད་པ་ལ། དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །ཞེས་པ་འདི་བྱུང་། ངག་དོན་ནི། རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲའི་ཁྱད་པར་བཞག་ཏུ་ཡོད་དེ། རིགས་བརྗོད་ཀྱི་སྒྲས་རིགས་ཅན་བརྗོད་བྱར་མི་སྤོང་བ་དང་། ཚོགས་བརྗོད་ཀྱི་སྒྲས་ཚོགས་པ་ཅན་བརྗོད་བྱར་སྤོང་བ་དེ་རིགས་བརྗོད་ཀྱི་སྒྲ་དང་ཚོགས་བརྗོད་ཀྱི་སྒྲའི་ཁྱད་པར་ཡིན་པའི་ཕྱིར། རིགས་བརྗོད་ཀྱི་སྒྲས་རིགས་ཅན་བརྗོད་བྱར་མི་སྤོང་བའི་གོ་དོན་བཞག་ཏུ་ཡོད་དེ། བུམ་པ་ཞེས་པའི་ངག་དེ་གསེར་བུམ་ལ་དངོས་སུ་འཇུག་པ་དེ་དེའི་གོ་དོན་ཡིན་པའི་ཕྱིར། ཚོགས་བརྗོད་ཀྱི་སྒྲས་ཚོགས་པ་ཅན་བརྗོད་བྱར་སྤོང་བའི་གོ་དོན་བཞག་ཏུ་ཡོད་དེ། བུམ་པ་ཞེས་པའི་ངག་དེ་བུམ་པའི་གཟུགས་དྲི་ལ་སོགས་པ་ལ་དངོས་སུ་མི་འཇུག་པ་དེ་དེའི་གོ་དོན་ཡིན་པའི་ཕྱིར། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡོད་པ་གང་ཞིག །རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡིན་ན་རིགས་སྤྱི་ཡིན་པས་ཁྱབ་པ་དེ་རིགས་བརྗོད་ཀྱི་སྒྲའི་མཚན་ཉིད་ཡིན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡོད་པ་གང་ཞིག །རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡིན་ན་ཚོགས་སྤྱི་ཡིན་པས་ཁྱབ་པ་དེ། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། བུམ་པ་ཞེས་པའི་ངག་དེ་ཆོས་ཅན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡིན་ན་ཚོགས་སྤྱི་ཡིན་པས་ཁྱབ་པ་ཐལ། ཚོགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཅེས་པའི་ངག་དེ་ཚོགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་ཚོགས་སྤྱི་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བེམ་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་དོན་སྤྱི་ཆོས་ཅན། ཚོགས་སྤྱི་ཡིན་པར་ཐལ། བུམ་པ་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། དེར་ཐལ། བུམ་པ་ཞེས་པའི་ངག་གིས་དངོས་སུ་བརྗོད་པའི་གཞི་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ཁོ་རང་ལ་བ་ལང་གི་དོན་སྤྱི་ཆོས་ཅན། བ་ལང་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། བ་ལང་ཞེས་པའི་ངག་དངོས་སུ་འཇུག་པའི་གཞི་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། བ་ལང་ཞེས་པའི་ངག་གིས་དངོས་སུ་བརྗོད་པའི་གཞི་ཡིན་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་བ་ལང་གི་བྱ་བ་བྱེད་ནུས་པར་ཐལ། ཁྱོད་བ་ལང་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱི་ནས་སྐྱེས་བུ་དོན་བྱེད་པ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡོད་པ་གང་ཞིག །རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡིན་ན་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པས་ཁྱབ་པ་དེ། ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད་ཟེར་ན། རྡུལ་རྫས་བརྒྱད་མ་འདུས་ཤིང་རྡུལ་དུ་མ་འདུས་པའི་གོང་བུ་ཞེས་པའི་ངག་དེ་ཆོས་ཅན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡིན་ན། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པས་ཁྱབ་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། རྡུལ་རྫས་བརྒྱད་མ་འདུས་ཤིང་རྡུལ་དུ་མ་འདུས་པའི་གོང་བུ་དེ་ཆོས་ཅན། ཁྱོད་ཅེས་པའི་ངག་དེ་ཚོགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་ཚོགས་སྤྱི་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བེམ་པོ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྡུལ་རྫས་བརྒྱད་མ་འདུས་ཤིང་རྡུལ་དུ་མ་འདུས་པའི་གོང་བུ་དེ་ཆོས་ཅན། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པར་ཐལ། རྡུལ་རྫས་བརྒྱད་མ་འདུས་ཤིང་རྡུལ་དུ་མ་འདུས་པའི་གོང་བུ་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡོད་པ་གང་ཞིག །རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡིན་ན། རྡུལ་དུ་མ་འདུས་པའི་གོང་བུ་ཡིན་པས་ཁྱབ་པ་དེ་ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད་ཟེར་ན། དབུས་རྡུལ་ཕྲ་མོ་གཅིག་ཉིད་ཅེས་པའི་ངག་ཆོས་ཅན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡིན་ན། རྡུལ་དུ་མ་འདུས་པའི་གོང་བུ་ཡིན་དགོས་པར་ཐལ། ཚོགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། དབུས་རྡུལ་ཕྲ་མོ་གཅིག་ཉིད་ཆོས་ཅན། ཁྱོད་ཅེས་པའི་སྒྲ་དེ་ཚོགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་ཚོགས་སྤྱི་ཡིན་པའི་ཕྱིར། འདོད་ན། དབུས་རྡུལ་ཕྲ་མོ་གཅིག་ཉིད་ཆོས་ཅན། རྡུལ་དུ་མ་འདུས་པའི་གོང་བུ་ཡིན་པར་ཐལ། དབུས་རྡུལ་ཕྲ་མོ་གཅིག་ཉིད་ཅེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར། བྱས་པ་ལ་ཁོ་ན་རེ། དབུས་རྡུལ་ཕྲ་མོ་གཅིག་ཉིད་ཆོས་ཅན། རྡུལ་དུ་མ་འདུས་པའི་གོང་བུ་ཡིན་པར་ཐལ། རྡུལ་གང་ཞིག །དུ་མ་འདུས་པའི་གོང་བུ་ཡིན་པའི་ཕྱིར་ན་མ་ཁྱབ། ཕྱི་མ་དེར་ཐལ། སྐད་ཅིག་དུ་མ་འདུས་པའི་གོང་བུ་ཡིན་པའི་ཕྱིར། དེར་ཐལ། ཆ་བཅས་ཀྱི་དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རིགས་བརྗོད་ཀྱི་སྒྲ་ཡིན་ན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡོད་ན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན། རིགས་སྤྱི་ཡང་ཡིན་པའི་གཞི་མཐུན་ཡོད་པས་ཁྱབ་ཟེར་ན། མཚན་མཚོན་གཉིས་དང་བུམ་པ་གང་རུང་ཞེས་པའི་ངག་ཆོས་ཅན། རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡོད་ན་རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན། རིགས་སྤྱི་ཡང་ཡིན་པའི་གཞི་མཐུན་པ་ཡོད་པས་ཁྱབ་པར་ཐལ། རིགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གང་རུང་ཆོས་ཅན། ཁྱོད་ཅེས་པའི་ངག་དེ་རིགས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། ཁྱོད་རིགས་སྤྱི་ཡིན་པའི་ཕྱིར། རྩ་བར་འདོད་ན། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། དེ་གང་རུང་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན། རིགས་སྤྱི་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། དེ་གང་རུང་ཞེས་པའི་ངག་དངོས་མིང་དུ་འཇུག་པའི་གཞི་ཡོད་པའི་ཕྱིར་ཏེ། དེ་གང་རུང་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་གང་རུང་རིགས་སྤྱི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་གང་རུང་གི་བྱེ་བྲག་ཡོད་པར་ཐལ་ལོ། །

༈ རང་ལུགས་བཞག་པ་ནི། མཉན་བྱ་གང་ཞིག །རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན། རིགས་སྤྱི་ཡང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ་རིགས་བརྗོད་ཀྱི་སྒྲའི་མཚན་ཉིད། མཉན་བྱ་གང་ཞིག །རང་ཉིད་དངོས་མིང་དུ་འཇུག་པའི་གཞི་ཡང་ཡིན། ཚོགས་སྤྱི་ཡང་ཡིན་པའི་གཞི་མཐུན་པ་སྲིད་པ་དེ་ཚོགས་བརྗོད་ཀྱི་སྒྲའི་མཚན་ཉིད་ཡིན་ནོ། །འདི་གཉིས་ལ་མུ་བཞི་ལས། རིགས་བརྗོད་ཀྱི་སྒྲ་ཡིན་ལ། ཚོགས་བརྗོད་ཀྱི་སྒྲ་མ་ཡིན་པའི་མུ། ཚོགས་བརྗོད་ཀྱི་སྒྲ་ཡིན་ལ་རིགས་བརྗོད་ཀྱི་སྒྲ་མ་ཡིན་པའི་མུ། དེ་གཉིས་ཀ་ཡིན་པའི་མུ། དེ་གཉིས་ཀ་མ་ཡིན་པའི་མུ་དང་བཞི། དང་པོ་ནི། ཤེས་བྱ་ཞེས་པའི་ངག་ལྟ་བུ་ལ་བྱེད། གཉིས་པ་ནི། ཀ་བུམ་གཉིས་ཞེས་པའི་ངག་ལྟ་བུ་ལ་བྱེད། གསུམ་པ་ནི། བུམ་པ་ཞེས་པའི་ངག་ལྟ་བུ་ལ་བྱེད། བཞི་པ་ནི། རི་བོང་གི་རྭ་ཞེས་པའི་ངག་ལྟ་བུ་ལ་བྱེད་པ་ཡིན་ནོ། །


previousལུགས་བྱུང་གི་སྒོ་ནས་ཐུབ་པ་ཚད་མར་སྒྲུབ་ཚུལ།next