Nitartha Digital Library
Tibetan
 
previousཚད་མ་མདོའི་མཆོད་བརྗོད་ལུགས་ལྡོག་གི་སྒོ་ནས་བཤད་པ།no next

ཚད་མ་མདོའི་མཆོད་བརྗོད་ལུགས་ལྡོག་གི་སྒོ་ནས་བཤད་པ།

གཞུང་གི་སྤྱི་འཕྲོས་དང་རྣམ་གཞག་ལ་མཐའ་དཔྱད་པ།

༈ ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པ་འདི་གང་ལས་འཕྲོས་ན། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ནས། དེ་ཕྱིར་ཚད་ཡིན། ཞེས་པའི་བར་གྱིས་ཚད་མ་མདོའི་མཆོད་བརྗོད་ལུགས་འབྱུང་གི་སྒོ་ནས་བཤད་པ་ལ། འོ་ན། ལུགས་ལྡོག་གི་སྒོ་ནས་འཆད་ཚུལ་དེ་གང་ཞེ་ན། དེ་འཆད་པར་བྱེད་པ་ལ། ཡང་ན་སྐྱོབ། ཞེས་པ་ནས། བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཅེས་པའི་བར་བྱུང་། འོ་ན། དེའི་བར་གྱིས་ཚད་མ་མདོའི་མཆོད་བརྗོད་ལུགས་ལྡོག་གི་སྒོ་ནས་འཆད་ན་འཆད་ཚུལ་དེ་གང་ཞེ་ན། དེ་ལ་སྐྱོབ་པ་བཤད་པ། བདེ་གཤེགས་བཤད་པ། སྟོན་པ་བཤད་པ། འགྲོ་ལ་ཕན་བཞེད་པ་བཤད་པ། ཚད་མར་གྱུར་པ་བཤད་པ་དང་དུ་མ་ཡོད་པ་ལས། དང་པོ་སྐྱོབ་པ་འཆད་པར་བྱེད་པ་ལ། ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་པ་འདི་བྱུང་། འོ་ན། ཡང་ན་། ཞེས་སྨོས་པ་ལ་དགོས་པ་གང་ཡོད་ཅེ་ན། དེ་ལྟར་སྨོས་པ་དགོས་པ་ཡོད་དེ། ཚད་མ་མདོའི་མཆོད་བརྗོད་ལུགས་འབྱུང་གི་སྒོ་ནས་བཤད་པར་མ་ཟད། ལུགས་ལྡོག་གི་སྒོ་ནས་ཀྱང་འཆད་དོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འོ་ན། བདེན་པ་བཞི་སྟོན་ན། སྡུག་བསྔལ་བདེན་པ་དེ་གང་ཞེ་ན། འདི་ལ་ཐོས་པས་སྒྲོ་འདོགས་ཆོད་པའི་དབང་དུ་བྱས་ནས། མངོན་པ་ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་། མ་དག་པའི་བཅུད་ཀྱི་འཇིག་རྟེན་གཉིས་སྡུག་བསྔལ་བདེན་པའི་མཚན་གཞིར་བསྟན་ལ། འདིར་ནི་གོམས་པས་རྒྱུན་བསྲིང་པའི་དབང་དུ་བྱས་ནས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །གོམས་ལས་འདོད་ཆགས་སོགས་གསལ་བ། །ཞེས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ་སྡུག་བསྔལ་བདེན་པའི་མཚན་གཞིར་བསྟན་པ་ཡིན་ནོ། །འོ་ན། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ་སྡུག་བསྔལ་བདེན་པའི་མཚན་གཞིར་སྟོན་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་སྟོན་པའི་རྒྱུ་མཚན་ཡོད་དེ། གཙང་བ་དང་། བདེ་བ་དང་། རྟག་པ་དང་། བདག་ཏུ་སྒྲོ་འདོགས་པ་དེ་ཡང་གཙོ་བོར་རང་གི་ཕུང་པོ་ལ་དམིགས་ནས་བྱུང་བ་ཡིན་པས། རང་གི་ཕུང་པོའི་སྟེང་དུ་རྟག་འཛིན་གྱི་སྒྲོ་འདོགས་མ་བསལ་ན་ཕྱིའི་རི་རྭ་བ་ཁང་ཁྱིམ་ལ་སོགས་པ་མི་རྟག་པར་ཁོང་དུ་མི་ཆུད་པའི་རྒྱུ་མཚན་གྱིས་དེ་ལྟར་བསྟན་པའི་ཕྱིར། །

༈ མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། རང་གི་རྒྱུར་གྱུར་པའི་ཀུན་འབྱུང་བདེན་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་ཟག་བཅས་དེ་སྡུག་བསྔལ་བདེན་པའི་མཚན་ཉིད་ཟེར་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་ཆོས་ཅན། རང་གི་རྒྱུར་གྱུར་པའི་ཀུན་འབྱུང་བདེན་པའི་རྣམ་སྨིན་གྱི་འབྲས་བུ་ཡིན་པར་ཐལ། སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྣམ་སྨིན་གྱི་འབྲས་བུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཕྱིའི་རྟེན་འབྲེལ་ཡིན་པའི་ཕྱིར། གཞན་ཡང་། འཁོར་བར་འཕེན་བྱེད་ཀྱི་མི་དགེ་བའི་ལས་ཆོས་ཅན། རང་གི་རྒྱུར་གྱུར་པའི་ཀུན་འབྱུང་བདེན་པའི་རྣམ་སྨིན་གྱི་འབྲས་བུ་ཡིན་པར་ཐལ། སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། དེར་ཐལ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། དེར་ཐལ། ལས་ཀྱི་ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རྣམ་སྨིན་གྱི་འབྲས་བུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལུང་མ་བསྟན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མི་དགེ་བ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། ཁ་ཅིག་ན་རེ། རང་གི་རྒྱུར་གྱུར་པའི་ཀུན་འབྱུང་བདེན་པ་ལས་བྱུང་བའི་འཁོར་བས་བསྡུས་པའི་ཆོས་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། རང་འབྲས་སྡུག་བསྔལ་བདེན་པ་སྐྱེད་བྱེད་ཀྱི་འཁོར་བས་བསྡུས་པའི་ཆོས་དེ། ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། དང་པོ་ལ་ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་གཟུགས་ཕུང་ཆོས་ཅན། འཁོར་བས་བསྡུས་པའི་ཆོས་ཡིན་པར་ཐལ། སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་སྡུག་བསྔལ་བདེན་པ་ཡིན་པར་ཐལ། དེའི་རྒྱུད་ཀྱི་མྱང་འདས་དེ་སྡུག་བསྔལ་བདེན་པའི་ལྷག་མ་དང་བཅས་པ་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་མྱང་འདས་ལྷག་བཅས་མྱང་འདས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེའི་རྒྱུད་ཀྱི་གཟུགས་ཕུང་དེ་ཆོས་ཅན། འཁོར་བས་བསྡུས་པའི་ཆོས་མ་ཡིན་པར་ཐལ། འཁོར་བ་སྤངས་པའི་གང་ཟག་གི་རྒྱུད་ཀྱི་ཕུང་པོ་ཡིན་པའི་ཕྱིར། མཚན་ཉིད་གཉིས་པ་ལ། སྡུག་བསྔལ་བདེན་པ་སྐད་ཅིག་དང་པོ་ཆོས་ཅན། ཀུན་འབྱུང་བདེན་པ་ཡིན་པར་ཐལ། རང་འབྲས་སྡུག་བསྔལ་བདེན་པ་སྐྱེད་བྱེད་ཀྱི་འཁོར་བས་བསྡུས་པའི་ཆོས་ཡིན་པའི་ཕྱིར། དེར་ཐལ། རང་འབྲས་སྡུག་བསྔལ་བདེན་པ་སྐྱེད་བྱེད་གང་ཞིག །འཁོར་བས་བསྡུས་པའི་ཆོས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་འབྲས་སྡུག་བསྔལ་བདེན་པ་སྐད་ཅིག་གཉིས་པ་སྐྱེད་བྱེད་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྩ་བར་འདོད་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། འདོད་ན། སྡུག་བསྔལ་བདེན་པ་དེ་ཡང་ཤེས་པ་ཡིན་པར་ཐལ། སྡུག་བསྔལ་བདེན་པ་སྐད་ཅིག་དང་པོ་དེ་ཤེས་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མི་རྟག །སྡུག་བསྔལ། སྟོང་། བདག་མེད་བཞིའི་གཞི་མཐུན་པ་དེ་སྡུག་བསྔལ་བདེན་པའི་མཚན་ཉིད་ཟེར་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། སྡུག་བསྔལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་བྱུང་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་ན་རེ། རྒྱུ། ཀུན་འབྱུང་། རབ་སྐྱེ། རྐྱེན་བཞིའི་གཞི་མཐུན་པ་དེ་ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། འཆིང་བ་ཀུན་ལྡན་གྱི་སོ་སྐྱེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། འཆིང་བ་ཀུན་ལྡན་གྱི་སོ་སྐྱེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཤེས་པ་ཡིན་པར་ཐལ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འཆིང་བ་ཀུན་ལྡན་གྱི་སོ་སྐྱེ་ཆོས་ཅན། ཀུན་འབྱུང་བདེན་པ་ཡིན་པར་ཐལ། ཀུན་འབྱུང་གང་ཞིག །བདེན་པ་ཡིན་པའི་ཕྱིར་ན་མ་ཁྱབ། དང་པོ་གྲུབ་སྟེ། ཆོས་ཅན་དེའི་ཕྱིར། ཕྱི་མ་གྲུབ་སྟེ། དོན་དམ་བདེན་པ་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ལས་ཉོན་གྱིས་འཕང་པའི་ཟག་བཅས་ཀྱི་ཕུང་པོ་དེ་སྡུག་བསྔལ་བདེན་པའི་མཚན་ཉིད་ཟེར་ན། སོ་སྐྱེ་ཐ་མལ་པ་ཆོས་ཅན། ལས་ཉོན་གྱིས་འཕང་པ་ཡིན་པར་ཐལ། སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སོ་སྐྱེ་ཐ་མལ་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལས་ཀྱིས་འཕང་པ་ཡིན་པར་ཐལ། ལས་ཉོན་གྱིས་འཕང་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལས་ཀྱི་འབྲས་བུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སོ་སྐྱེའི་རྒྱུད་ཀྱི་ལས་དེ་དེའི་འབྲས་བུ་ཡིན་པར་ཐལ། སོ་སྐྱེ་དེ་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ལས་དང་ཉོན་མོངས་གང་རུང་གིས་བསྡུས་པའི་སེམས་བྱུང་དེ། ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་ལས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེ་གང་རུང་གིས་བསྡུས་པའི་སེམས་འབྱུང་ཡིན་པར་ཐལ། ལས་ཀྱིས་བསྡུས་པའི་སེམས་འབྱུང་ཡིན་པའི་ཕྱིར། དེར་ཐལ། ལས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཀུན་འབྱུང་བདེན་པ་མ་ཡིན་པར་ཐལ། ཀུན་འབྱུང་སྤངས་པའི་མཁྱེན་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ལམ། རིག་པ། སྒྲུབ་པ། ངེས་འབྱིན་བཞིའི་གཞི་མཐུན་པ་དེ་ལམ་བདེན་གྱི་མཚན་ཉིད་ཟེར་ན། རྣམ་མཁྱེན་མ་ཡིན་པ་ལས་ལོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ལམ་བདེན་ཡིན་པར་ཐལ། འཕགས་ལམ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་མཁྱེན་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། དེ་བཞིའི་གཞི་མཐུན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འགག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་འགག་པ་ཡིན་པར་ཐལ། ཁྱོད་ཡིན་པ་ཡོད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། བྱང་སེམས་ཀྱི་ཚོགས་ལམ་མ་ཡིན་པ་ལས་ལོག་པ་ཆོས་ཅན། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་སྒྲུབ་པ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བྱང་སེམས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཞིའི་གཞི་མཐུན་པ་དེ། འགོག་བདེན་གྱི་མཚན་ཉིད་ཟེར་ན། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། ཉན་ཐོས་སྒོམ་ལམ་པའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། ཞི་བ་ཡིན་པར་ཐལ། དེ་བཞིའི་གཞི་མཐུན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཉེར་ཞི་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་ཉེར་ཞི་མ་ཡིན་པར་ཐལ། ཉན་ཐོས་སྒོམ་ལམ་པ་དེ་ཉེར་ཞི་འཚོལ་བ་པོའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་། དེའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། ངེས་འབྱུང་ཡིན་པར་ཐལ། དེ་བཞིའི་གཞི་མཐུན་ཡིན་པའི་ཕྱིར། འདོད་ན། ངེས་པར་འབྱུང་བ་ཡིན་པར་ཐལ། ངེས་འབྱུང་ཡིན་པའི་ཕྱིར། འདོད་ན། འབྱུང་བ་ཡིན་པར་ཐལ། ངེས་པར་འབྱུང་བ་ཡིན་པའི་ཕྱིར་ན་མ་ཁྱབ། །

༈ སྡུག་བསྔལ་བདེན་པ་དང་། ལམ་བདེན་འགལ་མི་འགལ་དཔྱད་པ་ལ་ཁ་ཅིག་ན་རེ། དེ་གཉིས་མི་འགལ་བ་ཡིན་ནོ། །ཟེར་ན། དེ་གཉིས་འགལ་བར་ཐལ། སྡུག་བསྔལ་བདེན་པ་ཡིན་ན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་ཡིན་དགོས། ལམ་བདེན་ཡིན་ན་རྣམ་བྱང་ཕྱོགས་ཀྱི་བདེན་པ་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སྡུག་བསྔལ་བདེན་པ་ཡིན་ན་འཕགས་པ་མ་ཡིན་དགོས་པར་ཐལ། དེ་ཡིན་ན་འཕགས་ལམ་མ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན་ལམ་བདེན་མ་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་དེ་སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྡུག་བསྔལ་བདེན་པ་ཡིན་པར་ཐལ། འཁོར་བར་ལས་ཉོན་གྱིས་སྐྱེ་བ་ལེན་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག་ན་རེ། ལམ་བདེན་ཡིན་ན་རང་གི་ཐོབ་བྱར་གྱུར་པའི་འགོག་བདེན་ཐོབ་བྱེད་ཀྱི་ཐབས་ཡིན་པས་ཁྱབ་ཟེར་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། ཁྱོད་ཀྱི་ཐོབ་བྱ་ཡོད་པར་ཐལ། ཁྱོད་རང་གི་ཐོབ་བྱར་གྱུར་པའི་འགོག་བདེན་ཐོབ་བྱེད་ཀྱི་ཐབས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ཐོབ་བྱ་མེད་པར་ཐལ། ཁྱོད་རང་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། སྡུག་བསྔལ་དེ་ལ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་དུ་འབྱེད་རིགས་སོ། །ཞེ་ན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ན་སྡུག་བསྔལ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཁམས་གསུམ་ལ་ཁྱབ་པའི་སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སེམས་བྱུང་ཡིན་པར་ཐལ། སྡུག་བསྔལ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ན། སྡུག་བསྔལ་ཡིན་དགོས་པར་ཐལ། ཁམས་གསུམ་ལ་ཁྱབ་པའི་སྡུག་བསྔལ་ཡིན་ན། སྡུག་བསྔལ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཁམས་གསུམ་ན་ཡོད་པའི་སྡུག་བསྔལ་ཡིན་ན། སྡུག་བསྔལ་ཡིན་དགོས་པའི་ཕྱིར་ཟེར་ན། ཁོ་རང་ལ་སྡུག་བསྔལ་བདེན་པ་ཡིན་ན། སྡུག་བསྔལ་ཡིན་དགོས་པར་ཐལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ན། སྡུག་བསྔལ་ཡིན་དགོས་པའི་ཕྱིར། འདོད་ན། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སེམས་བྱུང་ཡིན་པར་ཐལ་ལོ། །ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན་ན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས་ཁྱབ་ཟེར་ན། སོ་སྐྱེ་ཐ་མལ་བའི་རྒྱུད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ཆོས་ཅན། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པར་ཐལ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྡུག་བསྔལ་བདེན་པ་ཕྲ་མོ་ཡིན་པར་ཐལ། འདོད་པ་གང་ཞིག །སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྡུག་བསྔལ་བདེན་པ་རགས་པ་ཡིན་པའི་ཕྱིར། དེར་ཐལ། སྡུག་བསྔལ་གྱི་སྡུག་བསྔལ་ཡིན་པའི་ཕྱིར། །

རང་ལུགས་ཀྱི་བདེན་བཞིའི་རྣམ་གཞག་བཤད་པ།

༈ རང་ལུགས་བཞག་པ་ལ། བདེན་པ་བཞི་སོ་སོའི་ངོ་བོ། མཚན་གཞི། ལོག་ཞུགས་བཅུ་དྲུག་ངོས་བཟུང་བ་དང་། དེ་དང་འགལ་བའི་བདེན་པའི་རྣམ་པ་བཅུ་དྲུག་ངོས་བཟུང་བ་དང་བཞི། དང་པོ་ནི། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག། རང་གི་རྒྱུར་གྱུར་པའི་ཀུན་འབྱུང་བདེན་པ་ལ་བརྟེན་ནས་བྱུང་བའི་ཟག་བཅས་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་། མ་དག་པའི་བཅུད་ཀྱི་འཇིག་རྟེན་གཉིས་ཡོད་དེ། མངོན་པ་ཀུན་བཏུས་ལས། སྡུག་བསྔལ་བའི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་དེ་ལ་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་དུ་ཡོད། དང་པོ་ནི། མཁལ་མའི་ཟུག་གཟེར་གྱི་ཚོར་བ་སྡུག་བསྔལ་ལྟ་བུ་ལ་བྱེད། གཉིས་པ་ནི། ཟས་ཡིད་དུ་འོང་བ་ལ་སྲེད་པའི་ཚོར་བ་ལྟ་བུ་ལ་བྱེད། གསུམ་པ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྟ་བུ་ལ་བྱེད། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གང་ཞིག །རང་འབྲས་སྡུག་བསྔལ་བདེན་པ་སྐྱེད་བྱེད་ཀྱི་རིགས་སུ་གནས་པའི་ཟག་བཅས་སུ་གྱུར་པའི་སེམས་བྱུང་དེ་ཀུན་འབྱུང་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། ལས་ཀྱི་ཀུན་འབྱུང་བདེན་པ་དང་། ཉོན་མོངས་པའི་ཀུན་འབྱུང་བདེན་པ་གཉིས་ཡོད་དེ། མངོན་པ་ཀུན་བཏུས་ལས། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཞེས་གསུངས་པའི་ཕྱིར། འོ་ན། འཁོར་བས་བསྡུས་པའི་ལས་དང་ཉོན་མོངས་པ་གཉིས། ཀུན་འབྱུང་བདེན་པར་ངོས་འཛིན་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་འཛིན་པའི་རྒྱུ་མཚན་ཡོད་དེ། དཔེར་ན། ནས་མྱུག་སྐྱེ་བ་ལ་རང་གི་ཉེར་ལེན་དུ་གྱུར་པའི་ནས་ཀྱི་ས་བོན་དང་རང་གི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཆུ་ལུད་དྲོད་གཤེར་དགོས་པ་བཞིན་དུ་སྡུག་བསྔལ་གསུམ་དང་དྲུག་ལ་སོགས་པའི་མྱུ་གུ་སྐྱེད་པ་ལ་རང་གི་འཕེན་བྱེད་ཀྱི་རྒྱུ་ལས་དང་། འགྲུབ་བྱེད་ཀྱི་རྒྱུ་ཉོན་མོངས་པ་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་ངོས་བཟུང་བ་ཡིན་པའི་ཕྱིར། ལས་ཀྱི་ཀུན་འབྱུང་བདེན་པ་དེ་ལ་དབྱེ་ན། འཁོར་བས་བསྡུས་པའི་བསོད་ནམས་ཀྱི་ལས། འཁོར་བས་བསྡུས་པའི་བསོད་ནམས་མ་ཡིན་པའི་ལས། འཁོར་བས་བསྡུས་པའི་མི་གཡོ་བའི་ལས་དང་གསུམ། དང་པོ་དེ་ལ་ཡང་མིར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། འདོད་ལྷར་སྐྱེ་བ་འཕེན་བྱེད་ཀྱི་ལས་གཉིས། དང་པོ་ལ་གླིང་བཞི་དང་གླིང་ཕྲན་ལ་སོགས་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་རྣམས་སུ་ཡོད། གཉིས་པ་ལ། འདོད་ལྷ་རིགས་དྲུག་ཏུ་སྐྱེ་བ་འཕེན་བྱེད་ཀྱི་ལས་རྣམས་སུ་ཡོད། འཁོར་བས་བསྡུས་པའི་བསོད་ནམས་མ་ཡིན་པའི་ལས་དེ་ལ་ངན་སོང་གསུམ་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་གསུམ་ཡོད། འཁོར་བས་བསྡུས་པའི་མི་གཡོ་བའི་ལས་དེ་ལ་དབྱེ་ན། གཟུགས་ཁམས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། གཟུགས་མེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་གཉིས། དང་པོ་ལ། བསམ་གཏན་དང་པོར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། བསམ་གཏན་གཉིས་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། བསམ་གཏན་གསུམ་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། བསམ་གཏན་བཞི་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་བཞི། བསམ་གཏན་དང་པོར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ་ཚངས་རིས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཚངས་པ་མདུན་ན་འདོན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཚངས་ཆེན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་གསུམ་ཡོད་དོ། །བསམ་གཏན་གཉིས་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ། འོད་ཆུང་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཚད་མེད་འོད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། འོད་གསལ་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་གསུམ་དུ་ཡོད་དོ། །བསམ་གཏན་གསུམ་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ། དགེ་ཆུང་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཚད་མེད་དགེར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། དགེ་རྒྱས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་གསུམ་དུ་ཡོད་དོ། །བསམ་གཏན་བཞི་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ། སྤྲིན་མེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། བསོད་ནམས་སྐྱེས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། འབྲས་བུ་ཆེ་བར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་གསུམ་དུ་ཡོད་དོ། །འོ་ན།  བསམགཏནབཞིཔའིགནས་དེ་ལ་བརྒྱད ་ཡོད་པ་ལས་སྐྱེ་བ་འཕེན་བྱེད་ལ་གསུམ་དུ་འཇོག་པའི་རྒྱུ་མཚན་གང་ཞེ་ན། དེ་ལྟར་འཇོག་པའི་རྒྱུ་མཚན་ཡོད་དེ། གཙང་མའི་གནས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་མེད་པར་ལེགས་བཤད་གསེར་འཕྲེང་ལས་བཤད་པའི་ཕྱིར། གཟུགས་མེད་ཀྱི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ལ་བཞི་ཡོད་པ་ཡིན་ཏེ། ནམ་མཁའ་མཐས་ཡས་སྐྱེ་མཆེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་། སྲིད་རྩེར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་བཞི་ཡོད་པའི་ཕྱིར། ཉོན་མོངས་པའི་ཀུན་འབྱུང་བདེན་པ་དེ་ལ་དབྱེ་ན། རྩ་ཉོན་དྲུག་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུར་ཡོད་དོ། །དང་པོ་དྲུག་ནི། འདོད་ཆགས། ང་རྒྱལ། ཁོང་ཁྲོ། ཉོན་མོངས་ཅན་གྱི་མ་རིག་པ། ཉོན་མོངས་ཅན་གྱི་ལྟ་བ། ཉོན་མོངས་ཅན་གྱི་ཐེ་ཚོམ་རྣམས་སོ། །རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱར་གྱུར་པའི་སྒྲིབ་པ་སྤངས་པའི་བྲལ་བ་དེ། འགོག་བདེན་གྱི་མཚན་ཉིད། འགོག་བདེན། བྲལ་བ། ཞི་བ་རྣམས་དོན་གཅིག །རང་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་མཁྱེན་པ་དེ། ལམ་བདེན་གྱི་མཚན་ཉིད། ལམ་བདེན་དེ་ལ་དམན་ལམ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན་མཐོང་ལམ། སྒོམ་ལམ། མི་སློབ་ལམ་དང་གསུམ་དུ་ཡོད་དོ། །དམན་ལམ་སྔོན་དུ་སོང་བའི་དབང་དུ་བྱས་ན་ཁོ་རང་དུ་གྱུར་པའི་ལམ་ལྔ་ཀར་ཡོད། གསུམ་པ་ལོག་ཞུགས་བཅུ་དྲུག་ངོས་བཟུང་བ་ནི། ལོག་ཞུགས་བཅུ་དྲུག་བཞག་ཏུ་ཡོད་དེ། སྡུག་བསྔལ་བདེན་པའི་དབང་དུ་བྱས་པ་བཞི། ཀུན་འབྱུང་བདེན་པའི་དབང་དུ་བྱས་པ་བཞི། འགོག་བདེན་གྱི་དབང་དུ་བྱས་པ་བཞི། ལམ་བདེན་གྱི་དབང་དུ་བྱས་པའི་བཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཞི་བཞག་ཏུ་ཡོད་དེ། ཟག་བཅས་ཀྱི་ཕུང་པོ་ལ་དམིགས་ནས་ཟག་བཅས་ཀྱི་ཕུང་པོ་རྟག་པར་འཛིན་པ། གཙང་བར་འཛིན་པ། བདེ་བར་འཛིན་པ། བདག་ཏུ་འཛིན་པ་ལ་སོགས་པའི་ལོག་ཞུགས་བཞི་ཡོད་པའི་ཕྱིར། ཀུན་འབྱུང་བདེན་པའི་དབང་དུ་བྱས་པའི་ལོག་ཞུགས་བཞི་བཞག་ཏུ་ཡོད་དེ། སྡུག་བསྔལ་རྒྱུ་མེད་དུ་འཛིན་པ། རྒྱུ་གཅིག་ཁོ་ནས་བྱས་པར་འཛིན་པ། དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པར་འཛིན་པ། རང་བཞིན་རྟག་ལ་གནས་སྐབས་འགྱུར་བར་འཛིན་པ་ལ་སོགས་པའི་ལོག་ཞུགས་བཞི་ཡོད་པའི་ཕྱིར། འགོག་བདེན་གྱི་དབང་དུ་བྱས་པའི་ལོག་ཞུགས་བཞི་བཞག་ཏུ་ཡོད་དེ། ཐར་པ་ཡེ་མེད་དུ་འཛིན་པ། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ། སྡུག་བསྔལ་གྱི་ཁྱད་པར་འགའ་ཞིག་གྱ་ནོམ་པའི་ཐར་པར་འཛིན་པ། སྡུག་བསྔལ་སྤངས་ཀྱང་སྤངས་པ་སླར་ལྡོག་པར་འཛིན་པ་ལ་སོགས་པའི་ལོག་ཞུགས་བཞི་ཡོད་པའི་ཕྱིར། ལམ་བདེན་གྱི་དབང་དུ་བྱས་པའི་ལོག་ཞུགས་བཞི་བཞག་ཏུ་ཡོད་དེ། ཐར་ལམ་ཡེ་མེད་དུ་འཛིན་པ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དེ་ཐར་ལམ་མ་ཡིན་པར་འཛིན་པ། བསམ་གཏན་གྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ཐར་ལམ་མེད་པར་འཛིན་པ་ལ་སོགས་པའི་ལོག་ཞུགས་བཞི་རྣམས་སུ་ཡོད་པའི་ཕྱིར་ཏེ། བདེན་པ་བཞི་ལ་བརྟེན་པ་དང་། །བདེ་དང་ང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །ཅེས་གསུངས་པའི་ཕྱིར། གསུམ་པ་དེ་དང་འགལ་བའི་བདེན་པའི་རྣམ་པ་བཅུ་དྲུག་ངོས་བཟུང་བ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། མི་རྟག་སྟེ། རེ་འགའ་སྐྱེ་བའི་ཕྱིར། དེ་ཆོས་ཅན། སྡུག་བསྔལ་གྱི་རྣམ་པ་ཡིན་ཏེ། ལས་དང་ཉོན་མོངས་པའི་གཞན་དབང་ཅན་གྱི་ཕུང་པོ་ཡིན་པའི་ཕྱིར། དེ་ཆོས་ཅན། དོན་གཞན་གྱི་བདག་གིས་སྟོང་པ་ཡིན་ཏེ། དབང་སྒྱུར་པ་པོའི་བདག་དོན་གཞན་གྱིས་སྟོང་པའི་ཕུང་པོ་ཡིན་པའི་ཕྱིར། དེ་ཆོས་ཅན། བདག་མེད་ཡིན་ཏེ། རང་དབང་བའི་བདག་གི་ངོ་བོར་མ་གྲུབ་པའི་ཕུང་པོ་ཡིན་པའི་ཕྱིར། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་སྲེད་པ་ཆོས་ཅན། རྒྱུ་ཡི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཀུན་འབྱུང་གི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་ཡང་ཡང་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། རབ་སྐྱེའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་ཤུགས་དྲག་སྐྱེད་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། རྐྱེན་གྱི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། སྡུག་བསྔལ་སྤངས་པའི་བྲལ་བ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། གྱ་ནོམ་པའི་རྣམ་པ་ཡིན་ཏེ། ཕུན་སུམ་ཚོགས་པའི་ཐར་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སླར་མི་ལྡོག་པར་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་པར་བགྲོད་པའི་འཕགས་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། རིག་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པའི་གཉེན་པོར་རིག་པའི་འཕགས་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ཏེ། སེམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་འཕགས་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་པར་འབྱིན་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་གཏན་ཟད་དུ་བྱེད་པའི་ཐར་ལམ་ཡིན་པའི་ཕྱིར། དེ་ན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གདུལ་བྱའི་སྐྱོབ་པ་མཐར་ཐུག་ཡིན་ཏེ། གདུལ་བྱ་ལ་བདེན་བཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར།། །།

འདིས་ཀྱང་ཐུབ་པའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །སརྦ་མངྒ་ལམ།། །།


previousཚད་མ་མདོའི་མཆོད་བརྗོད་ལུགས་ལྡོག་གི་སྒོ་ནས་བཤད་པ།no next