Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
ཟབ་གསང་མཁའ་འགྲོའི་བརྡ་གླུ་དང་དག་སྣང་གི་སྐོར། ཟབ་གསང་མཁའ་འགྲོའི་བརྡ་གླུ་དང་དག་སྣང་གི་སྐོར་བཞུགས་སོཿ
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཟབ་གསང་མཁའ་འགྲོའི་བརྡ་གླུ་དང་དག་སྣང་གི་སྐོར། ཟབ་གསང་མཁའ་འགྲོའི་བརྡ་གླུ་དང་དག་སྣང་གི་སྐོར་བཞུགས་སོཿnext

ཟབ་གསང་མཁའ་འགྲོའི་བརྡ་གླུ་དང་དག་སྣང་གི་སྐོར། ཟབ་གསང་མཁའ་འགྲོའི་བརྡ་གླུ་དང་དག་སྣང་གི་སྐོར་བཞུགས་སོཿ

ཧ་ཧཿ ཡེ་གཞི་དགོངས་ཀློང་ཡངས་པ་ཀ་དག་གི་རང་མདངསཿ ལམ་རྩལ་སྣང་ལྷུན་གྲུབ་འོད་ཟེར་གྱི་གཟུགས་བརྙནཿ འབྲས་བུ་ཐུགས་རྗེ་ཀུན་ཁྱབ་ཕྱོགས་མེད་ཀྱི་གར་བརྩེཿ སྐྱེ་མེད་ཌཱཀྐིའི་བརྡ་གསང་ཤར་ཐིག་ལ་འགྲན་ནཿ ཧེ་ཧེཿ སེང་ཆེན་གངས་རི་ཟིན་ཚེ་གཡུ་རལ་དེ་བརྒྱན་སྲིདཿ ཀུན་གཞིའི་ཐང་ལ་ཅང་ཤེས་བང་འགྲོསཿ ཚོགས་གཉིས་ཐབས་ཤེས་བྱར་མེད་ལྟ་སྤྱོད་མ་འཇོལ་ཚེཿ སྨོན་ལམ་སྟོབས་ཀྱིས་ཡིད་བཞིན་ནོར་བུ་བརྒྱ་ཡི་ཆར་ཀུན་གཅིག་ཆོགཿ འདི་ཕྱི་གཉིས་ཀྱི་ཏིང་འཛིན་ཟས་ཆེནཿ དཔལ་ལ་རོལ་ཚེ་གཞི་མེད་ངང་ནསཿ བློ་བདེ་ཤར་ཚེ་གཏན་སྲིད་ཟིན་འོངཿ བརྡ་ཐིམཿ ༧ ཨེ་ཨེཿ ཀ་དག་འོད་གསལ་དབྱིངས་ཀློང་ལསཿ རྩལ་སྣང་འགགས་མེད་ཌཱཀྐིའི་བརྡཿ ཧེ་ཧེཿ ཤར་གངས་ལ་གཡུ་སེང་ཉེ་བའི་དུསཿ སྤྲིན་མི་སྡོད་མཁའ་ལྡིང་གཤོག་རྩལ་རྒྱསཿ བྱང་འདམ་ཆེན་མེ་ལོང་གདོང་དྲུག་ལཿ གར་བརྩེ་བའི་རླུང་གིས་རྒྱལ་མཚན་ཕྱརཿ རི་ཆེན་གྱི་གོས་མདངས་གསེར་ལས་བྱསཿ ན་བུན་གྱིས་སྐེད་དཀྲིས་རྒྱ་ཆིངས་གདབསཿ ཤེལ་མཁར་གྱི་ཟུར་གཉིས་རྣ་མཆོག་ངོམཿ མ་གའི་ཡི་སྒྲ་དབྱངས་དུས་སུ་གསངཿ ཨེ་ཨེཿ གྲགས་ཆེན་དབྱར་རྔའི་གདངས་དབྱངས་སྙནཿ མི་སྡུག་ཉི་ཟེར་སྤྲིན་ལ་ཞོནཿ བང་ཆེན་རྩལ་གྱིས་ལུས་འགྲོས་བྱེདཿ དམར་སེར་ཕྱོགས་མཚམས་གཟུགས་བརྙན་སྟོནཿ དེ་བཟློག་ལྷག་པའི་ལྷ་མཆོག་བསྙེནཿ དཔལ་ཆེན་བཛྲ་ཀུ་མ་རཿ གདོན་འདུལ་གསང་བའི་བདག་པོ་དངཿ རྐྱེན་སེལ་གཟའ་བཙན་ངན་ནེ་མཿ མཆོད་བསྟོད་རྒྱུན་བརྟེན་སྒྲུབ་ནུས་ནཿ བར་ཆད་བདུད་ཀྱི་གཡུལ་ངོ་སེལཿ ཧེ་ཧེཿ བཛྲ་ས་མ་ཡཱཿ གུ་ཧྱཿ ༧ ཨེ་ནཾཿ དབྱིངས་ཟག་མེད་ལྷོ་ནུབ་རྫ་རྡོའི་ཐོདཿ མི་འགྱུར་དྲི་མེད་དག་པའི་བརྡ་སྒྲོམ་ལསཿ དབང་ཆེན་ཟླ་གམ་དམར་པོའི་ཡང་ཞུན་ལོརཿ གཡང་ཞག་བྲག་ནས་རི་མོའི་བརྡ་འདི་གསལཿ ཧེ་ཧེ་ཧོཿབཞི་ལྔའི་ཚེ་ལ་མ་སྤེལ་བཀའཿ སྤེལ་ན་བཀའ་ཡི་ཆད་པ་ཕོབཿ མ་སྤེལ་དམ་དུ་ཐུབ་པར་སྲུངསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ སྲོག་རྩ་དམར་ལེན་ཨ་མུ་ཀྵཿ སྙིང་ཁྲག་དྲོད་མོ་ཨིཿ མི་སྲུན་ཁོ་བོའི་སྙིང་ལ་ཆོངསཿ མི་སྲུན་ཤ་ཟ་གཅིག་གིས་རྒོལཿ ཨེ་མཿ དབང་ཆེན་གསང་བ་གསུང་གི་གནསཿ ཞ་ཉེ་རིན་ཆེན་རྫ་རྡོའི་ཐོདཿ མི་འགྱུར་བརྡ་མཛོད་སྙིང་པོའི་བཅུདཿ རིག་འཛིན་པདྨ་ཐོད་ཕྲེང་རྩལཿ མ་བཅོས་རང་བབས་ངང་ནས་འདུདཿ མ་འོངས་རྩུབ་འཁྲུགས་ལྔ་བདོའི་དུསཿ སངས་རྒྱས་བསྟན་པ་ཉམས་དམའ་ནསཿ ཆོས་བྱེད་སྐྱེས་བུའི་སྒྲུབ་ལུང་དབེནཿ དམ་ཉམས་སེང་ལྟར་འགྱིང་ནས་འོངཿ མཐའ་དམག་དུས་འཁྲུགས་རླུང་ལྟར་འཚུབསཿ ཆེ་བཙུན་མང་པོ་དམངས་སུ་འབེབསཿ གློ་བུར་མི་འདོད་སྣ་ཚོགས་འབྱུངཿ བསྟན་དགྲ་ཡན་པར་ཤོར་བའི་དུསཿ གཟའ་བདུད་ཆེན་པོས་སྤྲད་པ་ཡིཿ སྨོན་ལམ་དུས་བབས་གསང་རྒྱ་འགྲོལཿ ཡེ་ཤེས་ཐུགས་ཀྱི་གཏད་རྒྱ་སདཿ མཁའ་འགྲོའི་གསང་མཛོད་མ་འདྲེས་མཇལཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ མ་ནུས་ཟོལ་པོ་དུག་ལྔ་རང་རྒྱུད་མཁནཿ ང་ཉིད་གར་དབང་བདེ་མཆོག་གླིང་པ་ལསཿ་ཤོག་སེར་ཉིད་ལས་དག་པར་ཞལ་ཕྱེས་ནསཿ ལས་དང་ལྡན་པའི་སྐྱེས་བུའི་དཔལ་དུ་སྤྲོདཿ ལྔ་བརྒྱའི་དམ་ཉམས་རྣམས་ལ་གསང་བའི་རྒྱཿ མི་བསླུ་ངེས་པ་པདྨའི་ཐ་ཚིག་རྒྱཿ དེས་དེ་ཡིས་རང་སྔགས་མཐུ་རུ་སྣངཿ ལས་ལྡན་བདེ་ཆེན་ཕྱག་རྒྱ་སྤྲོས་བཅས་གཟིགསཿ ས་མ་ཡཱཿ ལེགས་སོཿ ༧ ཀྱེ་མཿ སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་ནསཿ འགགས་མེད་ཡེ་ཤེས་ཌཱཀྐི་མསཿ སྣ་ཚོགས་རོལ་པས་སྤྲུལ་བསྒྱུར་མཛདཿ བདེ་བའི་ངང་ནས་ཕཊཿསྒྲ་སྒྲོགསཿ སྟོང་པའི་ངང་ནས་ཉམས་རྟོགས་འཕེལཿ བདེ་སྟོང་གཉིས་མེད་ཟུང་འཇུག་གིསཿ ཞིང་ཆེན་ལྤགས་པ་མཁའ་ནས་གཡུགསཿ ང་རྒྱལ་བརྡེག་བཙོག་རུ་ཏྲ་བདུདཿ གཉིས་མེད་བྱང་ཆུབ་སེམས་ཀློང་དུཿ བདག་ལྟའི་གཟུང་འཛིན་དབྱིངས་སུ་བསྒྲལཿ བདག་མེད་ཆོས་སྐུའི་ངང་དུ་ཕཊཿ ཞེན་མེད་མཆོད་པ་འབུལ་ལགས་ནཿ འཛིན་མེད་བདེ་སྟོང་ཀློང་ནས་བཞེངསཿ སྣང་སྲིད་འཁོར་འདས་གདོད་ནས་དགཿ དག་མཉམ་མི་དམིགས་ཆོས་ཉིད་ངངཿ བྱ་རྩོལ་ལས་འདས་ས་ལམ་བྲལཿ ཡོན་ཏན་ལྷུན་གྲུབ་ཨེ་མ་ཧོཿ ༧ ཡང་བདག་གི་སྣང་བ་ལ་སྔོན་གྱི་མཁའ་འགྲོ་མ་བདེ་བའི་གར་མཁན་མ་དེས་ཕྱག་གཡས་པ་ན་གསེར་གྱི་བུམ་པ་དྲི་མ་དང་བྲལ་བཿ གཡོན་པས་མེ་ལོང་གསལ་ཞིང་དངས་པ་གཅིག་བདག་ལ་བསྟན་པའི་ཚུལ་མཛད་ནས་དབྱངས་སྙན་པོའི་ངང་ནས་འདི་ལྟར་གསུངས་སོཿ ཨ་ཧོཿ རྟོག་བྲལ་བུ་ཆུང་ཤེས་རབ་ཅནཿ དབྱིངས་ཀྱི་མཁའ་འགྲོ་ང་དང་འཕྲདཿ བྱིན་རླབས་ཡིད་བཞིན་དབང་གི་རྒྱལཿ ནུ་ཞོའི་ཚུལ་དུ་ཁྱེད་ལ་བསྟནཿ ཉམས་མྱོང་བཟང་པོའི་རྟ་མཆོག་ལཿ རྟོགས་པའི་ཡེ་ཤེས་བུ་ཁྱོད་ཞོནཿ རང་བྱུང་ལྷུན་གྲུབ་ཐང་ཆེན་ལཿ འགྱུར་མེད་ཡེ་ཤེས་བཙན་ས་ཟུངསཿ ཁྱོད་འཇིག་རྟེན་གྱི་བར་དེར་རིག་པ་འཁྱམསཿ བདུད་སྲིན་གྱིས་མཛེས་སྡུག་བུ་མོའི་ཚུལཿ གདུང་སེམས་ཀྱིས་མིག་སེར་བསླུ་ལ་མཁསཿ འདོད་སྲེད་ཀྱི་ཚ་གདུང་ཆེ་བ་ལཿ དེ་ནད་འཇོམས་ཀྱི་བདུད་རྩིས་ཁྲུས་གསོལ་བསཿ ལས་ཉོན་མོངས་དབང་གྱུར་སྒྲིབ་པ་ཀུནཿ དེ་བྱང་ནས་ཀ་དག་བདེ་ཆེན་ཀློངཿ རིག་པའི་རང་མདངས་རྒྱས་གྱུར་ནསཿ སྐུ་གསུམ་ངང་འདིར་རོ་གཅིག་གྱུརཿ ཞེས་གསུངས་ནས་བདུད་རྩི་སྤྱི་བོར་བླུགས་ནས་ད་ལམ་ཁྱེད་ལ་བར་ཆད་བྱེད་པ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ཡལ་བ་ལྟར་དག་པ་ཡིན་ནོཿ ཞེས་གསུངས། ༧ ཡང་ཉིན་གཅིག་མཁའ་འགྲོ་དཀར་མོ་ཞིག་གིས་འདི་ལྟརཿ ཨ་ཧོཿ སྣང་སྲིད་གདོད་ནས་རྒྱལ་བའི་དཀྱིལ་འཁོར་ངངཿ དག་པ་ལྷ་ཡི་རྣམ་པར་རོལ་པ་ལསཿ མཉམ་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལཿ སྣ་ཚོགས་བདེ་བའི་གར་མཁན་ལྷ་མོ་དངཿ ཕྱི་ལྟར་བཀྲ་ཤིས་ཚེ་རིང་མཆེད་ལྔའི་ལྷཿ ནང་ལྟར་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡིཿ གསང་བ་རྒྱལ་བའི་ཡུམ་ཆེན་ལོངས་སྐུ་མོཿ འཁོར་འདས་ཡོངས་ལ་དབང་བསྒྱུར་མཐུ་སྟོབས་བདགཿ དཔའ་བོ་ཡོངས་ཀྱི་སྤྱི་དཔལ་ཆེན་མོ་ཡིནཿ མིང་བརྒྱ་མཚན་སྟོང་སྤྲུལ་པ་དཔག་ཡས་ཤིངཿ སྔགས་སྲུང་ཆེན་མོ་ཡེ་ཤེས་དབྱིངས་ཀྱི་ཡུམཿ དཔལ་ལྡན་ལྷ་མོ་བསྟན་སྲུང་དུད་སོལ་མཿ རེ་ཏི་མཆེད་བཞི་སྤྲུལ་པ་ཡང་སྤྲུལ་བདགཿ སྣང་ཚུལ་མཚན་གྱི་རྣམ་པ་མང་ན་ཡངཿ ཆོས་ཉིད་ཀློང་ན་སྤྲུལ་གཞི་ཐ་མི་དདཿ གཉིས་མེད་ཐབས་ཤེས་ཟུང་འཇུག་ཡེ་ཤེས་ཆེཿ སྲིད་གསུམ་མངའ་བདག་འཁོར་དང་ཡང་གཡོག་རྣམསཿ ནུབ་ཕྱོགས་ཨོ་རྒྱན་མཁའ་སྤྱོད་གཞལ་ཡས་ནསཿ གནས་བཅས་རང་བྱུང་དུར་ཁྲོད་བརྒྱད་སོགས་པའིཿ གངས་ཅན་ལྗོངས་དང་པདྨས་བསྒྲུབ་པའི་གནསཿ རང་བཞིན་སྤྲུལ་པའི་མཁའ་ལ་འཇའ་ལྟར་ཤརཿ ཚེ་རབས་དུ་མས་སྐྱེས་བུ་ཁྱེད་དང་བདགཿ མི་འབྲལ་ལུས་དང་གྲིབ་མ་བཞིན་དུ་འགྲོགསཿ གཡེལ་བ་མེད་པར་རྟག་ཏུ་སྡོང་གྲོགས་མཛདཿ ཁྱད་པར་ཨ་ཏི་རང་བྱུང་རྫོགས་པ་ཆེཿ གདོད་མའི་སངས་རྒྱས་ས་ལ་མངོན་གྱུར་མཛདཿ ཡང་གསང་འོད་གསལ་སྙིང་གི་ཐིག་ལེ་ལསཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིསཿ གཉེར་གཏད་བཀའ་ཡི་བསྲུང་མ་དམ་ཚིག་ལསཿ དམ་ལ་མ་འདའ་རྣལ་འབྱོར་ཁྱོད་ལ་ཡངཿ གནས་འདིར་བྱོན་ནས་སྤྲུལ་པའི་དགའ་སྟོན་རྣམསཿ པདྨའི་ཐ་ཚིག་ཡིན་པས་དངོས་གྲུབ་ལོངསཿ ཁྱེད་ཀྱི་སྐུ་ཚེ་ཡར་ངོའི་ཟླ་ལྟར་རྒྱསཿ མཛད་ཕྲིན་ནམ་མཁའི་ཕ་མཐར་ཁྱབ་རྒྱས་ནསཿ བརྒྱུད་འཛིན་སློབ་བུ་དབྱར་མཚོ་རྒྱས་པ་ལྟརཿ ཐུགས་གཏེར་མཐའ་ཡས་འགྲོ་དོན་ཕྱོགས་ལས་རྒྱསཿ རང་སྣང་སྐུ་གསུམ་ལྷུན་གྲུབ་འུབ་ཆུབ་ཨཿ ཞེས་གསུངས་ནས་ཞལ་འཛུམ་སྤྱན་གཟིགས་ཐུགས་དགྱེས་ཚུལ་མཛད་དོཿ ས་མ་ཡཱཿ རྒྱལ་དབང་པདྨ་འབྱུང་གནས་ཀྱི་ཐུགས་དགོངས་ལྷུན་གྱིས་གྲུབ་ཏེ་ཁྱོད་ཀྱིས་རྟོགས་པར་གྱུར་ཅིགཿ ས་མ་ཡཱཿ ༧ མདོ་ཁམས་ཟལ་མོ་སྒང་གི་ཉེ་འདབས་སུཿ པདྨའི་རྒྱལ་ཚབ་ངན་ངམ་རྒྱལ་མཆོག་དབྱངསཿ སྣང་བ་ཡེང་མེད་སྟོང་པ་ལཿ སྣང་ཆ་ཡེ་ཤེས་གདོད་ནས་བཞུགསཿ ཁྱེད་འགགས་མེད་ཀློང་ནས་སྤྲུལ་བསྒྱུར་མཛདཿ ཆོས་ཅན་ལྟ་བའི་རྣམ་ཐར་དེཿ ཆོས་ཉིད་ཟབ་མོའི་ངང་ལ་ཐིམཿ ཕྱི་རོལ་ཡུལ་སྣང་ཆོས་ཅན་དེཿ རང་སེམས་འཆར་ཚུལ་རོལ་པའི་རྩལཿ ཐམས་ཅད་ནམ་མཁའི་ངང་ཉིད་ལསཿ བདེ་ཆེན་རིག་པ་ལྷུན་གྲུབ་ཀྱངཿ སྟོང་ཉིད་ཆེན་པོའི་རྟ་ལ་ཞོནཿ གཉིས་སུ་མེད་པར་བདེ་བ་ཆེཿ བྱིན་རླབས་མཆོག་གི་དངོས་གྲུབ་ནིཿ རང་རིག་སྐུ་གསུམ་དབྱེར་མེད་ལྷཿ རང་བྱུང་ཡེ་ཤེས་བུ་མོ་ངཿ ཁྱོད་མཇལ་ཨ་ལ་ངོ་མཚར་ཅནཿ ས་མ་ཡཱཿ འདིར་མ་སྤྲོས་སོ། ༧ ཡང་ཉིན་གཅིག་ཉམས་འུར་བའི་ཚེ་ན་སྔོན་གྱི་ལས་འབྲེལ་ཡོད་པའི་ཌཱཀྐིས་ལས་རླུང་བག་ཆགས་བསལ་ནས་རྟོག་མེད་རྡོ་རྗེའི་གླུ་དབྱངས་འདི་བླངས་སོཿ ཨ་ཧོཿ ཕྱོགས་དང་རིས་མེད་ནམ་མཁའི་རང་བཞིན་ལཿ དམིགས་མེད་འཛིན་མེད་སྣང་བ་རང་གྲོལ་ངངཿ གཉིས་སྣང་རེ་དོགས་སེམས་ཀྱི་འཁྲུལ་འཁོར་བསླབཿ སྟོང་ཉིད་ལྟ་བ་ཟབ་མོ་ཡང་དག་ལམཿ སྟོང་འཛིན་བློ་དང་མ་བྲལ་ལོག་པའི་ལམཿ ལོག་པའི་ལམ་ལ་མོས་པའི་རང་སྣང་བདུདཿ ཚེ་རྫུ་གནོད་བྱེད་རྒྱལ་འགོང་སྨོན་ལོག་བདུདཿ འདི་དང་ཁྱོད་གཉིས་ཇི་ལྟར་ཚུལ་མི་མཐུནཿ ཡང་ཡང་གསོན་དང་ཨ་མའི་ཁྱེའུ་ཆུང་ལགསཿ ད་ནི་ཆོས་དབྱིངས་མཁའ་ལ་ལ་འུར་བྱོནཿ སྐྱེ་མེད་རང་བྱུང་ངང་ནས་བྲོ་གར་འཆམཿ འགགས་མེད་ལྷུན་གྲུབ་གསལ་བས་ལྟད་མོ་ལྟོསཿ ཡོན་ཏན་རབ་རྒྱས་སྤྲུལ་པས་འགྲོ་དོན་མཛདཿ བླང་དོར་མེད་པའི་འབྲས་བུ་ས་རུ་ཕྱིནཿ ཞེས་གསུངས་བས་མི་སྣང་བར་གྱུར་ནས་ཡལ་སོང་ངོཿ ༧ དེ་ནས་ཉིན་གཅིག་ལ་དབྱིངས་ཀྱི་མཁའ་འགྲོ་མས་རང་གཟུགས་བསྟན་ནསཿ ཁྱོད་རྣལ་འབྱོར་བ་མཉམ་པ་ཉིད་ལས་མ་གཡོས་པའི་རྟོགས་པ་ཡེ་ཤེས་ཏེཿ ཆོས་ཀྱི་སྐུར་བཞེངས་པའི་རྣལ་འབྱོར་པ་ཡིན་ནཿ ང་ནི་རྫོགས་པ་ཆེན་པོའི་བཀའ་ཡི་བསྲུང་མ་ཐེག་པ་རིམ་པ་དགུ་ལ་མ་ལྟོས་པའི་རང་བཞིན་ཡེ་ཤེས་ལམ་གོང་མའི་ས་ལ་མྱུར་དུ་སྨིན་པར་བྱེད་པའི་བདག་མོ་ཡིན་གསུངས་ནསཿ ཨེ་མཿ ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་ནསཿ ཡེ་ཤེས་ལས་ཀྱི་མཁའ་འགྲོའི་གཙོ་མོ་ཡངཿ སྔགས་སྲུང་ཨེ་ཀ་ཙ་ཏིའི་མངའ་གསོལ་བསཿ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ང་ཡི་འཁོརཿ སྟོང་གསུམ་སྟོང་གི་འཇིག་རྟེན་ཆེན་པོ་ཡངཿ དབང་བསྒྱུར་མཁའ་འགྲོ་ལས་ཀྱི་བདག་མོ་ཡིནཿ ལེགས་ཉེས་དམ་ཚིག་རྗེས་གཅོད་ཤན་པ་མོཿ སངས་རྒྱས་བསྟན་པ་སྤེལ་བའི་མཐུ་མོ་ཆེཿ ངེས་གསང་སྙིང་ཐིག་བསྟན་པའི་རྒྱལ་མཚན་ཆེཿ ནུབ་མེད་ཟླ་རྒྱས་དཀྱིལ་འཁོར་ཇི་ལྟ་བུརཿ སྤེལ་མཛད་དངོས་གྲུབ་ཀུན་གྱི་བདག་མོ་ཡིནཿ ཀྱེ་མ་ཡང་ཅིག་གསོན་དང་སྐལ་ལྡན་བུཿ སྣོད་བཅུད་སྣང་སྲིད་ལྷ་སྔགས་གཞལ་ཡས་ཁངཿ གདོད་ནས་ལྷུན་གྲུབ་ཀ་དག་རོལ་པའི་མདངསཿ མ་འགགས་སྒྱུ་མའི་སྣང་བས་རོལ་གར་མཛདཿ ཅིར་སྣང་འཛིན་མེད་ཞེན་པས་འཁྲུལ་འཁོར་ཞུགསཿ ཆོས་ཉིད་དག་མཉམ་སྟོང་པ་ཆེན་པོའི་རྩལཿ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་ཡེ་ནས་རྫོགསཿ གཉིས་མེད་མཉམ་པ་བདེ་སྟོང་ཡེ་ཤེས་ཀྱིཿ གསལ་བའི་ཀློང་ནས་འཁོར་འདས་ཡེ་སངས་རྒྱསཿ གདོད་ནས་འཁོར་འདས་དམིགས་མེད་ལྟ་བའི་གཞིཿ འཛིན་མེད་བློ་འདས་རྒྱ་ཡན་བསྒོམ་པའི་ལམཿ རེ་དོགས་ཡེ་བྲལ་འབྲས་བུ་མངོན་སངས་རྒྱསཿ མངོན་སངས་རྒྱས་ཀྱང་རིག་པ་བཟང་མ་གྲུབཿ འཁོར་བར་འཁྱམས་པས་རིག་པ་འགྱུར་བ་མེདཿ མི་འགྱུར་རིག་པའི་ཀློང་འདི་རྫོགས་པ་ཆེཿ བློ་འཛིན་སྤྲོས་པ་རང་བཞིན་ཡེ་ནས་དགཿ ཤེས་བྱ་ཀུན་གཟིགས་རིག་པའི་རྒྱལ་པོ་དེཿ ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་མཁའ་ནས་བྱོནཿ མ་རྒན་ཉམས་ཐག་དོན་ཀུན་འགྲུབ་པར་ཤོགཿ ཅེས་གསུངས་སོཿ ༧ ཡང་ཉིན་གཅིག་ཉིན་དེ་ཡི་ཚེ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདེ་ཆེན་དམར་མོ་རྡོ་རྗེ་རྣལ་འབྱོར་མའི་ཞལ་ནས་རྫོགས་ཆེན་སྐུ་གསུམ་གྱི་དགོངས་པ་མྱུར་ལམ་ཐེག་མཆོག་ཡེ་ཤེས་དཔག་བསམ་འབྲས་སྨིན་འདི་བླངས་སོཿ ཨེ་མ་ལེགས་སོ་སྐལ་ལྡན་ངོ་མཚར་ཅནཿ སྣང་བ་ཤར་གྲོལ་སྟོང་པའི་ངང་ཉིད་ལསཿ རིག་པ་ཡེ་ཤེས་གསལ་བའི་སྒྲོན་མེ་ཆེཿ རང་དང་གཉིས་མེད་ལྷན་ཅིག་གནས་པ་ལཿ རང་ངོ་མ་ཤེས་ལོག་པའི་ལམ་ལ་གོལཿ མ་རིག་གཉིས་འཛིན་སྣང་བའི་འཛིན་པ་བྱུངཿ ཕུང་ཁམས་སྐྱེ་མཆེད་གཟུགས་སྒྲ་དྲི་རོ་སོགསཿ སེམས་དང་སེམས་བྱུང་ཕྱི་ནང་སྣ་ཚོགས་ཀུནཿ དུས་གསུམ་ལས་འདས་སྤྲོས་པའི་མཐའ་ལས་འདསཿ མཐའ་བྲལ་རྒྱ་ཡན་ལྟ་བའི་ཀློང་ཆེན་པོཿ བལྟར་མེད་ལྟད་མོ་ལྟ་བ་རིག་པའི་ཀློངཿ ཆོས་སྐུའི་ངོ་བོ་དབྱིངས་ལས་རྫོགས་པའི་ཀློངཿ ཆོས་ཉིད་ཀློང་ཡངས་ཆེན་པོ་ཨ་ལ་ལ་ཧོཿ འཛིན་མེད་བློ་འདས་ནམ་མཁའི་རང་བཞིན་ངངཿ རང་བྱུང་རིག་པ་གདོད་ནས་སྐྱེ་མེད་ངངཿ བྱུང་མ་མྱོང་བའི་བཅིང་གྲོལ་མཐའ་ལས་འདསཿ ཡེ་གྲོལ་དམིགས་མེད་བསྒོམ་པའི་ཀློང་ཆེན་པོཿ ངོ་བོ་ཀ་དག་རང་བཞིན་བྱང་ཆུབ་སེམསཿ ཟུང་འཇུག་རྣམ་དག་ཆོས་ཀུན་སྙིང་པོ་ཆེཿ ཟུང་དུ་མ་འཇུག་ཡེ་ནས་ཟུང་འཇུག་ཆེཿ བསྒོམ་རྟོགས་ཡེ་བྲལ་ཀློང་དུ་ཨ་ལ་ལཿ རང་བྱུང་གནས་ལུགས་འགྱུར་མེད་ཀློང་ཆེན་པོཿ བདེ་སྟོང་དབྱེར་མེད་ཡེ་ཤེས་གསལ་བའི་ཀློངཿ གསལ་སྟོང་མཉམ་གནས་ཆེན་པོར་བླང་དོར་བྲལཿ སྣང་བ་ཞེན་མེད་སྤྱོད་མེད་དགོངས་པ་ཆེཿ ལྟ་བའི་ཡང་རྩེ་ཨ་ཏིའི་ཀློང་ཡངས་ནཿ ཆོས་ཅན་དམིགས་མེད་ཆོས་དབྱིངས་ནམ་མཁའི་ཀློངཿ རྨད་བྱུང་ཀུན་བཟང་གཞོན་ནུ་བུམ་པའི་སྐུཿ སྤྱོད་པ་ཡེ་བྲལ་སྤྱོད་མེད་གསང་བའི་ཀློངཿ དབྱེར་མེད་མཉམ་པ་ཆེན་པོ་ཨ་ལ་ལཿ གདོད་ནས་ཆོས་ཉིད་ནམ་མཁའི་རང་བཞིན་ངངཿ ལྟ་སྒོམ་སྤྱོད་པས་སྤྲོས་པ་མཐའ་དང་བྲལཿ སྐུ་གསུམ་མཚན་མའི་ཐ་སྙད་ལས་འདས་པཿ དུས་གསུམ་ཕྱོགས་མཐའ་ཡེ་བྲལ་གཉུག་མའི་ཀློངཿ དུས་མེད་རིག་པའི་ཀློང་དུ་རྫོགས་པ་ཆེཿ འཁོར་བ་དང་ནི་མྱ་ངན་འདས་པའི་ཆོསཿ ཐམས་ཅད་ཡེ་གྲོལ་རང་རིག་སྐུ་གསུམ་ཀློངཿ ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པའི་ངངཿ སྒྲུབ་བྱ་ལ་སོགས་མཚན་མའི་སྒྲོ་འདོག་བྲལཿ བདེ་སྡུག་རེ་དོགས་འབྲས་བུ་སྤང་བླངས་བྲལཿ ཡེང་བསྒོམ་མེད་པའི་ཀློང་དུ་ཨ་ལ་ལཿ ༧ ཡང་ཉིན་གཅིག་ལཿ ཨེ་མ་གསོན་དང་རིག་པའི་ཤེས་རབ་ཅནཿ ལས་བསོགས་སྨོན་ལམ་མཐུན་པའི་རྟེན་འབྲེལ་གྱིསཿ བསྒྲོད་བྱའི་གནས་ཀྱི་མཚན་མ་ལས་འདས་པཿ དམིགས་མེད་ཆོས་དབྱིངས་མཁའ་ལ་རྫུ་འཕྲུལ་བསྟནཿ ཐོགས་མེད་མཐུ་ཡིས་སྲིན་པོའི་ལས་མཁན་ཡངཿ མངའ་དབང་བསྒྱུར་ནས་ལང་ཀ་མགྲིན་བཅུ་སོགསཿ བསྒྲོད་ནས་གནས་འདིར་ཐོན་པ་ངོ་མཚར་ཆེཿ ང་སྲིན་པོའི་རྒྱལ་པོ་རཀྴ་ཐོད་ཕྲེང་ཡངཿ སྐུ་གཅིག་མཚན་ལྔ་གྲགས་པའི་པདྨ་རྒྱལཿ ཕྱི་ལྟར་སྲིན་པོ་རཀྴ་ཐོད་ཕྲེང་རྩལཿ སྲིན་པོའི་བུ་མོ་ཡིད་འཕྲོག་མདངས་བཟང་མཿ བརྟེན་བཅས་སྲིན་ཚོགས་ཕོ་མོ་དབང་དུ་བསྡུསཿ རང་རང་སྐད་དུ་བདག་གིས་ཆོས་བསྟན་ནསཿ ཐམས་ཅད་རྒྱུད་ལ་ཐར་པའི་ས་བོན་བཞགཿ བོད་ལ་ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགསཿ བཀའ་དྲིན་བསམ་ལས་འདས་པ་ང་ཡིན་ནོཿ པདྨ་འོད་ཀྱི་ཞིང་མཆོག་གཞལ་ཡས་ནསཿ རང་བྱུང་ཆེན་པོ་མཚོ་སྐྱེས་རྡོ་རྗེ་ཡིནཿ འཁོར་ཚོགས་དཔག་མེད་ཆོས་ཀྱི་འཁོར་ལོ་བསྐོརཿ འགྲོ་དོན་མཛད་པ་རྨད་བྱུང་ལྷུན་གྲུབ་ཆེཿ དེ་ནས་ཁྱོད་སྟེང་དཔག་ཚད་སོང་ཙམ་ནཿ དངོས་གྲུབ་ཆེན་པོའི་སྐལ་བ་རོལ་བར་འགྱུརཿ ཞེས་གསུངས་ནས་མི་སྣང་བར་ཡལ་སོང་ངོཿ ༧ དེ་ནས་བདག་ལ་མཁའ་འགྲོ་མ་གཅིག་གི་ཞལ་ནས་རིགས་ཀྱི་བུ་ཁྱོད་གནས་འདིར་བྱོན་ནས་ང་རང་གིས་ལས་དོན་དང་ཕྲིན་ལས་བསྒྲུབ་ཟེརཿ ཧ་ཧཿ བོད་ཡུལ་ཤར་ཕྱོགས་ཟལ་མོ་སྒང་འདབས་ནསཿ སྨོན་ལམ་འཕྲོ་སད་དུས་ལ་ད་བབས་སྲིདཿ འོག་མིན་པདྨའི་ཞིང་མཆོག་ཐོན་པ་ཡིནཿ ཞེས་གསུངས་ནསཿ ཕྱག་གཡས་བརྐྱངས་ནས་བདག་གི་སྤྱི་བོར་བཞག་པས་བདག་ཀྱང་ད་གཉིད་ལས་སད་པ་ལྟར་གཞལ་ཡས་ཁང་ཆེན་པོའི་ནང་ལ་ཐོན་པ་ལཿ དབུས་ན་པདྨའི་སྡོང་པོ་ཡལ་ག་འབུམ་བརྡལ་རྒྱས་པའི་ཟེའུ་འབྲུའི་སྟེང་ན་ཉི་མ་དང་ཟླ་བའི་དཀྱིལ་འཁོར་རྒྱ་ཁྱོན་ཡངས་པ་དེ་ཡི་སྟེང་ན་སྣང་སྲིད་ཟིལ་གནོན་གུ་རུ་པདྨ་བཞུགསཿ དེའི་དྲུང་ན་རྒྱ་བོད་ཀྱི་ལོ་པཎ་གྲུབ་ཐོབ་རྣམས་སྐར་ཚོགས་རྒྱས་པ་དངཿ གཡས་ན་དཔའ་བོ་དང་དམ་ཅན་དང་ཆོས་སྐྱོང་སྲུང་མ་གིང་ཆེན་སྡེ་ཚོགསཿ གཡོན་ན་དཔའ་མོ་དང་མོ་རྒྱུད་མ་མོ་མཁའ་འགྲོ་རྒྱ་མཚོའི་ཚོགས་མ་ལུས་པ་བཞུགས་པ་ལཿ ཞིང་དེར་བཞུགས་པ་དེ་རྣམས་ཀྱིས་བཤད་སྒྲུབ་ཀྱི་ཉམས་རྟོགས་བགྲོ་གླེང་འུར་བ་དངཿ ཐུགས་རྗེས་འགྲོ་བ་མ་ལུས་པར་དགོངས་ནས་བདག་སོགས་འགྲོ་བ་རྣམས་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་འབད་མེད་ལྷུན་གྲུབ་ཆེན་པོའི་ངང་ལ་བཞུགས་པ་ལཿ འདི་ནས་མ་སྤྲོས་སོཿ ༧ ཨེ་མཿ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དངཿ སྣང་མཐའི་བྱིན་རླབས་ཐུབ་པའི་རྒྱལ་ཚབ་ཆེཿ སྐྱེ་འཆི་བྲལ་བས་པད་སྡོང་དབུས་སུ་འཁྲུངསཿ པདྨ་འབུམ་བརྡལ་ཉི་ཟླ་དར་འབོལ་གདནཿ སྣང་སྲིད་ཟིལ་གནོན་མཚོ་སྐྱེས་སྤྲུལ་པའི་སྐུཿ སྐུ་ལ་མཛེས་པའི་མཚན་དང་དཔེ་བྱད་བརྒྱནཿ རི་རྒྱལ་ལྷུན་པོ་བས་ཀྱང་གཟི་མདངས་ཆེཿ ཕོད་ཁ་ཆོས་གོས་ཟ་འོག་བེར་ཕྱམ་མནབཿ དབུ་ལ་པདྨའི་སྙན་ཞུ་སྒྲོ་དར་མཛེསཿ ཉི་ཟླས་བརྒྱན་ཅིང་གསེར་གྱི་རྡོ་རྗེའི་ཏོགཿ རིན་པོ་ཆེ་ཡི་སྙན་ཆ་མགུལ་ཆུན་གདུབཿ རྩེ་གསུམ་ཐོད་བུམ་འཛིན་ཅིང་སྐྱིལ་ཀྲུང་བཞུགསཿ གཡས་ན་རིག་སྟོང་གསེར་གྱི་རྡོ་རྗེ་བསྣམསཿ སྐུ་མཆོག་གཡས་གཡོན་སྣ་ཚོགས་ཡལ་ག་ལཿ པདྨའི་ཟེའུ་འབྲུ་དར་འབོལ་གདན་མཛེས་སྟེངཿ ཡུམ་མཆོག་མཁའ་འགྲོ་གཉིས་པོ་ཞལ་འཛུམ་བཞུགསཿ དབུ་སྐྲ་སིལ་མ་རིན་ཆེན་སྣ་ལྔས་བརྒྱནཿ དར་ཟབ་པཉྩ་ལི་ཀས་སྐུ་ལ་བརྒྱནཿ ཕྱག་གཉིས་བྷནྡྷ་བདུད་རྩི་མཆོད་པའི་ཚུལཿ ཞལ་འཛུམ་གཙོ་བོར་བལྟ་ཞིང་ལྷང་ངེར་བཞུགསཿ མདུན་གྱི་ཌཱཀྐི་མ་བཞི་བཞེངས་སྟབས་མཛདཿ མདའ་དར་ཚེ་བུམ་འཛིན་ཅིང་རིན་ཆེན་བརྒྱནཿ གཙོ་འཁོར་དེ་རྣམས་བཞད་འཛུམ་མུ་ལེར་བཞུགསཿ འོད་ཟེར་འཕྲོས་ཤིང་བལྟ་བས་མི་ངོམ་པཿ ཐུགས་རྗེས་ནམ་ཡང་འགྲོ་དོན་མཛད་པ་ཡིནཿ རྒྱ་བོད་རིག་འཛིན་གྲུབ་ཐོབ་ཐམས་ཅད་དངཿ རྗེ་འབངས་ཉེར་ལྔ་རིག་འཛིན་བརྒྱ་རྩ་བརྒྱདཿ རང་རང་གདན་ལ་དགྱེས་པར་བཞུགས་ནས་ཡོདཿ ཀུན་ཀྱང་ནམ་ཡང་ཆོས་སྨྲས་མ་ཆད་པཿ གསང་སྔགས་ཟབ་མོའི་ཆོས་སྒྲ་ཏི་རི་རིཿ དེ་ཡི་ཕྱི་རིམ་ནང་གི་མཆོད་འབུལ་སོགསཿ ཐམས་ཅད་རྒྱན་བཅས་གར་སྟབས་བསྒྱུར་ཞིང་འདུགཿ ངོ་མཚར་ཕྱི་རོལ་འདོད་སྣམ་ཁྱམས་གྲུ་ཆདཿ ལྷ་དང་ལྷ་མོ་དཔག་མེད་དུང་ཕྱུར་གྱིསཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགསཿ མཆོད་རྫས་བྱེ་བྲག་གྲངས་ལས་འདས་པ་ཐོགསཿ གར་སྟབས་དབྱངས་ཀྱིས་པད་འབྱུང་སྐུ་ལ་བསྟོདཿ དུས་ཀུན་བདེ་སྐྱིད་བསམ་མི་ཁྱབ་པ་བཞུགསཿ གཞལ་ཡས་ཆེན་པོའི་ཕྱི་ཡི་སྒོ་བཞི་ལཿ རྒྱལ་ཆེན་སྡེ་བཞི་སྒོ་བས་བཀའ་ཉན་མཛདཿ དེ་ཡི་ཕྱི་རིམ་སྐལ་ལྡན་ཕོ་མོ་རྣམསཿ ལྷ་དང་ལྷ་མོའི་ཚུལ་དུ་བྲོ་གར་འཆམཿ དྲི་ཞིམ་ངད་ལྡང་བདེ་བའི་བསིལ་རླུང་གཡོསཿ མེ་ཏོག་ཆར་འབེབས་འཇའ་སྤྲིན་དྲྭ་བ་འཁྲིགསཿ ཞིང་ཁམས་དེ་ཡི་ཕྱི་རིམ་ཁོར་ཡུག་ལཿ དྭངས་གསལ་རྙོགས་མེད་རྒྱ་མཚོ་ཆེན་པོས་བསྐོརཿ རྒྱ་མཚོའི་ནང་དུ་ཆུ་བྱ་དུང་འབུ་སོགསཿ ཀླུ་ཡི་བུ་དང་བུ་མོ་མང་པོ་ཡིསཿ གར་རྩེད་རོལ་ཞིང་སིདྡྷིའི་དབྱངས་སྒྲ་སྒྲོགསཿ ཞིང་ཁམས་དེ་ལ་མང་པོས་བསྟོད་ཅིང་འདུགཿ ལན་རེ་སྲིན་པོ་ཕོ་མོ་བྲན་དུ་བསྡུསཿ གསང་སྔགས་ཟབ་མོའི་ཆོས་རྣམས་མ་ལུས་བསྟནཿ བོད་ལ་རྒྱུན་ཆད་མེད་པར་ཐུགས་རྗེས་གཟིགསཿ དེ་ལྟར་ཞིང་ཁམས་ཁྱད་འཕགས་ཚད་ལས་འདསཿ ལས་ཅན་སྐྱེས་བུ་བདག་གིས་མཐོང་བའི་ཚེཿ པདྨ་འབྱུང་གནས་བདག་ལ་འདི་སྐད་གསུངསཿ རིག་འཛིན་པད་འབྱུང་བདག་གི་སྨོན་ལམ་སྟོབསཿ ལས་ཅན་སྐྱེས་བུ་གནས་འདིར་ཐོན་པ་ཡིནཿ རིག་སྟོང་བླ་མ་མེད་པའི་ཡོན་ཏན་ཆེཿ གོ་འཕང་ཐོབ་པས་འབྲས་བུ་སྨིན་ཅིང་གྲོལཿ སེམས་ཉིད་འོད་གསལ་ཡེ་གྲོལ་ཡེ་ཤེས་ཆེཿ ད་ནི་རང་བྱུང་ཡེ་ཤེས་རང་ཞལ་མཇལཿ སྐུ་ལྔ་ལྷུན་གྲུབ་དུག་ལྔ་རང་གྲོལ་ངངཿ རང་གྲོལ་ལྷུན་གྲུབ་ངང་ནས་འགྲོ་དོན་མཛདཿ ཟབ་དང་རྒྱ་ཆེའི་བཀའ་ཡི་བསྡུ་བ་མཛདཿ འབྲེལ་ཚད་པདྨའི་ཞིང་དུ་སྐྱེ་ངེས་པཿ བསླུ་མེད་པད་འབྱུང་བཀའ་ཡིན་མི་འགྱུར་རྒྱཿ འགྱུར་མེད་ངོ་བོ་ཀ་དག་ལྷུན་གྲུབ་རྒྱཿ སྙིང་པོ་མི་ཤིགས་རྡོ་རྗེ་ལྟ་བུའི་རྒྱཿ སྐུ་གསུམ་རྒྱས་གདབ་སྐུ་ལྔའི་ཞིང་ཁམས་སོགསཿ རྟོགས་པའི་ཡོན་ཏན་ཐོབ་དགོས་ས་མ་ཡཱཿ ༧ དབྱིངས་སྣང་ནམ་མཁའི་བརྡ་མཛོད་ལསཿ པད་འབྱུང་བདག་ལས་དྲིན་ཆེན་སུ་ཡང་མེདཿ རྒྱུན་ཆད་མེད་པར་གསོལ་བ་སྙིང་ནས་ཐོབཿ དུས་གསུམ་རྒྱུན་ཆད་མེད་པར་ཐུགས་རྗེས་སྐྱོངཿ དུས་གསུམ་སངས་རྒྱས་སྤྱན་རས་གཟིགས་དབང་སོགསཿ ཀུན་འདུས་ངོ་བོ་པདྨ་ང་ཉིད་ཡིནཿ ང་ཡིས་འགྲོ་དོན་ལྷུན་གྲུབ་མཐའ་རྒྱས་སྤྱོདཿ རྩོལ་མེད་ཐུགས་ཀྱི་ཡང་རྩེ་ཨ་ཏི་མཆོགཿ གཉིས་མེད་ལྷུན་རྫོགས་ཆེན་པོ་ཨ་ལ་ལཿ སྙིགས་དུས་མཐའ་མ་མི་དགེ་སྤྱོད་པ་མཁསཿ བཙུན་པས་འདུལ་ཁྲིམས་བོར་ནས་གཡོ་སྒྱུས་ངན་ལས་སྤྱོདཿ དགེ་འདུན་ཁྲེལ་མེད་གྲོང་ཡུལ་ཕ་ས་བཟུངཿ སྔགས་པ་དམ་མེད་མནན་གཏད་ངན་ལས་སྤྱོདཿ ཆོས་པ་ཡིན་ཟེར་ངོ་ཚ་ཁྲེལ་མེད་ལསཿ འདུལ་བའི་མཁན་པོ་ཚོང་བསོགས་མནའ་སྡིག་སྤྱོདཿ སེར་ཆགས་ཉམས་ལེན་མེད་པ་རྩྭ་སྐྱ་འདྲཿ དམ་ཚིག་མེད་པས་ང་རྒྱལ་ཁེངས་དྲེག་སྤྱོདཿ སྒྲུབ་པའི་ནུས་མཐུའི་འཕེལ་ཁ་ཟད་པ་ལཿ ཡེ་ཤེས་ལྷ་ལ་སྤང་བླང་རེ་དོགས་བྱེདཿ འཇིག་རྟེན་པ་ལ་མཐར་ཐུག་སྐྱབས་གནས་འཛིནཿ ལྟ་སྒོམ་སྤྱོད་གསུམ་རྩལ་རྫོགས་གདེང་མི་ཐོབཿ ཚིག་དང་སྒྲ་ལ་བརྟེན་ནས་ཅ་ཅོ་སྨྲསཿ དེ་དུས་གསང་སྔགས་བསྟན་པ་མཐའ་ཡིན་ནོཿ མཐའ་མི་འཁྱམས་པོས་དཔོན་གྱི་ཚུལ་བཟུང་ནསཿ རི་ཀླུང་ཐམས་ཅད་དམག་ཇག་རྐུན་ལས་སྤྱོདཿ ཕ་མའི་རྫོང་རི་མཐའ་མིས་བདག་ཏུ་བཟུངཿ མི་ངན་སྤྱོད་པས་རྒྱལ་ཁྲིམས་གཉའ་ཤིང་བཅགཿ མཐའ་དབུས་གཉིས་ཀྱི་ཆ་ལུགས་ཡ་མ་ཟུངཿ ཆོས་ཁྲིམས་ཉམས་ནས་དགོན་གནས་བུ་ཆུང་ངུཿ བསླབ་པ་དོར་ནས་ཆགས་སྤྱོད་ལས་ལ་རྒྱུགཿ བུད་མེད་སྙིང་ལ་དམ་སྲི་འགོང་པོ་ཞུགསཿ བྱ་སྤྱོད་མི་མཐུན་འདྲེ་ཡི་ལས་དང་མཚུངསཿ སེར་ཆགས་ཕལ་ཆེར་སྙིང་ལ་རྒྱལ་འགོང་ཞུགསཿ བསྟན་པའི་གཞི་མ་དམག་ཇག་ལས་ལ་དགའཿ སྙིང་ལ་མདའ་མདུང་མཚོན་ཆ་དགའ་རྩེ་ངོམཿ སྤྱོད་ངན་བྱས་ཀྱང་སུ་ཡིས་སྐྱོན་འཛིན་མེདཿ ཡོན་ཏན་ཅན་རྣམས་འདུས་པའི་གྲལ་མཐར་སྙོགཿ སྤྱོད་ངན་གྲལ་མགོར་བསྙེགས་ནས་བསྟན་པ་ཕུངཿ དེ་ལྟར་མ་འོངས་ལུང་བསྟན་ཤིན་ཏུ་ཟབ་པར་བྱེདཿ མ་འོངས་ལས་ལྡན་རྡོ་རྗེ་རྩལ་ཞེས་བྱཿ སྐལ་ལྡན་ཤེས་རབ་ཅན་གྱི་བུ་དང་འཕྲདཿ གདུལ་བྱ་མ་ལུས་ཡོན་ཏན་སྲས་སུ་བཞགཿ སྒོམ་སྒྲུབ་འཆད་རྩོམ་འདི་ཉིད་སུ་འཕྲད་ཀྱངཿ ཚུལ་བཞིན་བསྒྲུབ་པས་བྱང་ཆུབ་འཐོབ་པར་ངེསཿ འདི་ནས་སྐྱེ་བ་གསུམ་ནི་བརྒྱུད་པའི་མཐརཿ མ་གྲོལ་པདྨས་བཀའ་ཡིས་བསླུས་པ་ཡིནཿ དུས་གསུམ་རྒྱལ་བའི་ཟབ་དོན་དགོངས་པ་ནིཿ མཐར་ཐུག་དོན་ལ་འདི་ལས་ལྷག་པ་མེདཿ ལས་ཅན་རྣམས་ལ་ཆོས་འདིའི་གཉེར་ཁ་གཏདཿ དམ་མེད་རྣམས་ལ་བཀའ་གསང་རྒྱས་གདབ་མཛོདཿ དེ་ནས་སྲིན་ཡུལ་ལང་ཀ་པུ་རིའི་ཡུལཿ སྲིན་པོ་རྣམས་ཀྱི་རྒྱལ་པོ་ང་ཡིན་ནོཿ དེ་ནས་ནམ་མཁའི་ཁམས་ནས་འཇའ་ཟེར་དེཿ གུ་རུ་པདྨ་ཉིད་ཀྱི་ཐུགས་ཀར་ཐིམཿ འཇའ་སྤྲིན་གསེབ་ནས་རིག་འཛིན་མཁའ་འགྲོའི་ཚོགསཿ དཔའ་བོ་དཔའ་མོ་ཡེ་ཤེས་ལས་མཁའ་འགྲོཿ རོལ་མོའི་སྒྲ་དང་གདུགས་དང་རྒྱལ་མཚན་དངཿ རྟ་མཆོག་རོལ་ཁྲིད་རིན་ཆེན་སྒ་སྲབ་མཛེསཿ རིག་འཛིན་པདྨ་བཞུགས་གསོལ་གུས་པས་བསྟོདཿ ཉིན་མཚན་མེད་པར་འཇའ་སྤྲིན་སྤོས་དྲི་ལྡངཿ ལྷོ་ནུབ་རྔ་ཡབ་གླིང་ལ་གཤེགས་པའི་ཚེཿ རྗེ་འབངས་རྣམས་ཀྱི་ཐུགས་མུག་སྨོན་ལམ་བཏབཿ མི་སྣང་བར་གྱུར་རྟག་ཏུ་མྱ་ངན་བྱེདཿ ཀུན་གྱིས་རིན་ཆེན་གསེར་ཕྱེ་ནམ་མཁར་གཏོརཿ སྨྲེ་སྔགས་འདོན་ཞིང་སྨོན་ལམ་ཡང་ཡང་བཏབཿ རྗེ་འབངས་འཁོར་བཅས་མྱ་ངན་ཆེན་པོས་ནོནཿ བྱང་ཁོག་སྟོང་པ་མི་རོ་མགོ་མེད་འདྲཿ བྱེ་ཚན་ནང་གི་ཉ་བཞིན་འདྲེ་ལྡོག་བྱེདཿ རྗེ་འབངས་འཁོར་བཅས་འོ་དོད་འབོད་བྱེད་ཅིངཿ ཉིན་མཚན་རྒྱུན་དུ་པད་འབྱུང་བརྗེད་མི་འགྱུརཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དྲན་མེད་བརྒྱལཿ དེ་དུས་རྒྱལ་བློན་རྗེ་འབངས་འཁོར་བཅས་ཀྱིསཿ མཁའ་འགྲོའི་སྐུ་ལ་བསིལ་ཡབ་བརྒྱལ་སངས་ནསཿ དེ་ཚེ་འཇའ་འོད་སྤྲིན་སྤོས་གཏིབ་པའི་ཀློངཿ པད་འབྱུང་ཞལ་བཟང་ཟླ་བའི་དཀྱིལ་འཁོར་རྒྱསཿ རྒྱལ་བློན་རྗེ་འབངས་འཁོར་བཅས་ཞལ་མཇལ་ཚེཿ དེ་ཚེ་བུད་མེད་ཡེ་ཤེས་མཚོ་རྒྱལ་འདི་སྐད་ཞུསཿ འདིར་མ་སྤྲོས་སོ། ༧ དེ་ནས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིསཿ ཐུགས་ཀྱི་སྲས་སོགས་སྤྲུལ་པ་འགྱེད་པའི་ཚེཿ བདུད་འདུལ་རྡོ་རྗེ་བདུད་འཇོམས་རོལ་རྩལ་ནསཿ གནས་ཆེན་སང་བྲག་ཐུགས་རྗེས་སྒོ་འབྱེད་ཚེཿ ཐུབ་པའི་བསྟན་ལ་ལང་ཚོའི་ཉི་མ་ཤརཿ སངས་རྒྱས་བསྟན་པའི་མངའ་བདག་འཁོར་ལོས་བསྒྱུརཿ མཐའ་ཡི་དམག་དཔུང་ནུས་པའི་སྟོབས་བཟློག་མཛདཿ དབང་ཆེན་མིང་ཅན་ཐུགས་རྗེ་གར་དབང་རྩལཿ དབེན་གནས་དབུ་རུ་དག་རྫོགས་ཕུག་གནས་སུཿ རྫུ་འཕྲུལ་སྟོབས་ཀྱིས་སྒོ་འབྱེད་དངོས་གྲུབ་བླངསཿ རྩོལ་མེད་ཐེག་དགུའི་ཡང་རྩེ་རྫོགས་པ་ཆེཿ བསྟན་སྐྱོང་བདུད་ཀྱི་དཔུང་ཡང་འཇོམས་པར་བྱེདཿ བདུད་འཇོམས་རྡོ་རྗེའི་རྗེས་ཆགས་མིང་ཅན་གྱིསཿ བུ་ཆུང་གཏེར་ལྷའི་ངོས་ནས་གཏེར་འབྱེད་ཚེཿ སྡེ་བརྒྱད་འདུལ་ཞིང་སྣང་སྲིད་ཡོངས་གྲོལ་ནསཿ རྫོགས་ཆེན་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལཿ པདྨའི་མིང་ཅན་རོལ་བའི་རྩལ་གྱིས་ནིཿ རཀྟའི་མཚོ་ལ་རྫུ་འཕྲུལ་ཤུགས་ཀྱིས་འགྲོཿ མདོ་སྔགས་བསྟན་ལ་རབ་དགེ་མེ་ཏོག་འཁྲུངསཿ ལོ་འདབ་ཕྱོགས་ཀུན་ཁྱབ་པའི་འབྲས་བུ་སྨིནཿ པདྨའི་ཐུགས་སྲས་དྲི་བྲལ་རྣམ་ལྔ་ནིཿ ཡང་དག་ལམ་ནས་བདེ་ཆེན་འབྲས་སྨིན་ཅིངཿ འབད་མེད་ཡིད་བཞིན་གཏེར་ལ་ལོངས་སྤྱོད་ནསཿ རང་གྲོལ་བདེ་སྟོང་ངང་ནས་འགྲོ་དོན་མཛདཿ པདྨའི་ཐུགས་སྲས་སྨྱོན་གཏེར་རྣམ་བཞི་ཡངཿ སྣང་ཞེན་ཡེ་བྲལ་རྒྱལ་སྲས་སྤྱོད་པ་བརླབསཿ འཁོར་འདས་གཉིས་ཆོས་འཛིན་པའི་རང་ངོ་གྲོལཿ རང་གྲོལ་ལྷུན་གྲུབ་ངང་ནས་སྨྱོན་ཡང་སྨྱོནཿ སྨྱོན་པའི་བརྟུལ་ཞུགས་མཐར་སོན་གྲུབ་པ་ཐོབཿ དེ་ནས་རིག་འཛིན་པདྨ་འབྱུང་གནས་ཀྱིསཿ ཐུགས་ཀྱི་སྲས་མཆོག་སྙིང་པོ་སྐུ་ལྔའི་རྒྱཿ བསྟན་པའི་སྙིང་པོ་ཟབ་པའི་ཡང་སྙིང་བླངཿ སངས་རྒྱས་བསྟན་ལ་རིན་ཆེན་འོད་འབར་བའིཿ བཀྲ་ཤིས་གང་ཞིག་བདེ་ལེགས་ཐོབ་པ་ཡིནཿ མུན་སེལ་ཡེ་ཤེས་རང་མདངས་སྒྲོན་མེ་སྦརཿ པདྨའི་ཐུགས་སྲས་རལ་བ་རྣམ་བཞི་ཡངཿ མན་ངག་ཟབ་པའི་རིན་ཆེན་གཏེར་སྒོ་འབྱེདཿ ཟབ་དང་རྒྱ་ཆེ་འགྲོ་ལ་བསྟན་པ་ཡིསཿ འགྲོ་ཀུན་སྨིན་གྲོལ་བདེ་ལ་འགོད་པར་མཛདཿ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིསཿ འགྲོ་འདུལ་སྤྲུལ་པའི་རྣམ་འཕྲུལ་བརྒྱད་རྣམས་ཀྱིསཿ འགྲོ་བ་ཉོན་མོངས་ནད་ཀྱིས་གནོད་པ་ལཿ སྨན་པའི་རྒྱལ་པོའི་ཟབ་གཏེར་མང་པོ་བླངསཿ སྤྲོས་བྲལ་འདུས་མ་བྱས་པའི་སྨན་བཏང་བསཿ ཡིད་བཞིན་འཁོར་ལོའི་རྒྱལ་པོའི་ས་རུ་ཐོབཿ གཞན་ཡང་པདྨའི་རྣམ་སྤྲུལ་བསམ་མི་ཁྱབཿ རང་འཁྲུལ་སེམས་ཅན་ཁ་ལོ་གྱེན་དུ་བསྒྱུརཿ པདྨའི་རྒྱལ་ཚབ་གཏེར་ཆེན་བརྒྱ་རྩ་བརྒྱདཿ ཡང་སྤྲུལ་གཏེར་ཆེན་སྟོང་དང་རྩ་གཉིས་བྱོནཿ གཏེར་ཆུང་བྱེ་བ་ཕྲག་བརྒྱས་འགྲོ་དོན་མཛདཿ རང་རང་སྨོན་ལམ་ལས་སད་ཐུགས་རྗེས་སྐྱོངཿ འགྲོ་བ་སེམས་ཅན་བདེ་ལ་འགོད་མཛད་པསཿ ཡིད་བཞིན་ནོར་ལས་ལྷག་པའི་ཡོན་ཏན་ཆེཿ དཔག་བསམ་འབྲས་སྨིན་དགོས་འདོད་ལྷུན་གྲུབ་ངངཿ དེ་དུས་གཏེར་མིན་གཏེར་འདྲས་ས་སྟེང་ཁྱབཿ རྫུན་དང་གཡོ་སྒྱུས་ངན་སྤྱོད་སྣ་ཚོགས་བྱེདཿ དགེ་བཅུ་སྤྱོད་པས་ཁྲིམས་ལ་ངན་སྦྱོར་མཁསཿ མི་ཆོས་རྫུན་གྱིས་རང་རྒྱུད་བརླག་པ་ལཿ མངོན་ཤེས་རྫུ་འཕྲུལ་ཡིན་ཟེར་འཆོལ་གཏམ་བཤདཿ འདྲ་མིན་འདྲ་ཆོས་ལྷ་འདྲེས་ཁ་བསླབ་བྱེདཿ རང་རྒྱུད་འགོང་ཞུགས་ཆ་ལུགས་མི་མཐུན་འགྱུརཿ སྐྱབས་གནས་རེ་ལྟོས་དཀོན་མཆོག་གསུམ་དོར་ནསཿ རྒྱལ་བསེན་བདུད་བཙན་ཐེའུ་རང་ལ་སོགས་བསྒྲུབཿ རྗེས་ཤུགས་ཕུང་བྱེད་ངན་སྔགས་ཐམས་ཅད་བསླབསཿ མི་དགེ་སྤྱོད་པས་སེམས་ཅན་བསླུ་ལ་མཁསཿ སྙིང་རྗེ་བདུད་རྩིའི་རླན་ཡང་སྐམ་ནས་འགྲོཿ སྒྲུབ་པའི་འབྲས་བུ་མི་སྨིན་དུག་ལྔ་འཁྲུགསཿ མེ་རླུང་གཡོ་བས་ཆགས་སྤྱོད་སྣ་ཚོགས་བསྒྲུབཿ སྡོམ་གསུམ་སྤྱོད་པ་དམ་ཚིག་འཆོལ་ཉོག་བྱེདཿ དོན་རྣམས་ཟབ་ཁྱད་ཆོས་ལ་མི་མོས་པསཿ སྐྱེ་བོ་ངན་པའི་ལས་ལ་ངོམ་པར་རྒྱུགཿ སྡུག་བསྔལ་དུག་ལྔའི་འཚུབ་མ་རྟག་ཏུ་ལངཿ དེ་བརྟེན་སྐྱེས་བུ་བདེ་བའི་ལོངས་སྤྱོད་སྐམཿ གཏེར་མིན་གཏེར་འདྲ་འདྲ་ཆོས་བྱེད་པའི་དུསཿ མི་མིན་རྫུན་བརྟག་ལུང་བསྟན་བརྡ་ཡིན་ནོཿ དེ་ནས་བདག་འདྲ་པདྨ་འབྱུང་གནས་ཀྱིསཿ མདོ་ཁམས་རི་བྲག་ས་སྟེང་ཐམས་ཅད་ཀྱངཿ སྒྲུབ་གནས་བྱིན་རླབས་ས་སྟེང་ཟབ་པའི་གཏེརཿ ཏི་སེ་ནས་བཟུང་རྒྱ་ནག་རྫོང་ཡན་ཆདཿ ཞབས་ཀྱིས་མ་བཅག་གང་ཡང་ཡོད་པ་མིནཿ ཟབ་གཏེར་དཔག་མེད་ས་སྟེང་བཀང་ནས་ཡོདཿ སྤྲུལ་པའི་ལོ་ཙ་ནམ་མཁའི་སྐར་ཚོགས་འདྲཿ མི་ལོ་བརྒྱ་དང་བཅུ་གཅིག་བོད་ཁམས་བཞུགསཿ ཐུགས་སྤྲུལ་རིག་འཛིན་གཏེར་འབྱོན་སྒྲུབ་གནས་བསྟནཿ མ་སྤྲོས་སོ། ༧ དེ་ནས་མི་འདུག་སྲིན་པོ་འདུལ་དུ་བབསཿ ས་སྟེང་ཐམས་ཅད་ཆོས་ཀྱིས་བཀང་ནས་ཡོདཿ ཆོས་ཀུན་ཟབ་པའི་སྙིང་པོ་གསང་སྔགས་ཡིནཿ སྨོན་ལམ་རྒྱས་གདབ་ཟབ་གཏེར་དཔག་མེད་ཡོདཿ དད་གུས་མ་ཆུང་རྒྱལ་བློན་རྗེ་འབངས་ཀུནཿ ཁྱད་པར་མཚོ་རྒྱལ་འབྲོག་བན་རྣམ་གཉིས་ཀྱིསཿ ང་ཡི་གསུང་ཆེམས་མ་འོངས་དོན་ཆེན་དུཿ གཏེར་སྦས་སེམས་བསྐྱེད་སྨོན་ལམ་རྒྱ་མ་ཆུངཿ མ་འོངས་དུས་ན་འགྲོ་དོན་ཆེན་པོ་འབྱུངཿ ཟབ་གཏེར་སྒོ་འབྱེད་དུས་མཐའི་བདུད་དཔུང་འཇོམསཿ མངོན་ཤེས་རྫུ་འཕྲུལ་གཞན་ལས་ཁྱད་དུ་འཕགསཿ སྐྱེ་འགྲོ་སེམས་ཅན་བདེ་སྐྱིད་ལྡན་པ་ཡིནཿ ལས་ཅན་སྐྱེས་བུ་བྱོན་དང་བཞུགས་པའི་སཿ བདེ་སྐྱིད་ཉི་མ་རང་འཁྲུངས་ཁོ་བོའི་བཀའཿ བསྟན་གཉིས་འགྲོ་ཀུན་སྐྱོང་མཛད་ཉི་འོད་བརྡལཿ བཀའ་ཆེམས་ཇི་ལྟར་མ་འོངས་ཕྱི་རབས་དོནཿ སྨོན་ལམ་ཇི་ལྟར་བཏབ་བཞིན་འགྲུབ་པར་ཤོགཿ མ་སྤྲོས་སོ། ༧ རིགས་ལྡན་གཞོན་ནུ་མཁྱེན་པའི་ཤེས་རབ་ཅནཿ ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གྲུབཿ ཀ་དག་རང་བཞིན་ལྷུན་གྲུབ་མངོན་གྱུར་ནསཿ ཀུན་ཏུ་བཟང་དང་རྡོ་རྗེ་འཆང་ཆེན་དངཿ དབྱེར་མེད་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོགཿ དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ནཿ ཤམ་བྷ་ལ་ཞེས་བྱ་བའི་གནས་ཡོད་དོཿ  ཆོས་ཀྱི་རྒྱལཔོཟླབཟང་བྱ་ ་ནིཿ ཁྱད་པར་འཕགས་པའི་ཆོས་རྒྱལ་གཞོན་ནུ་ཆེཿ སྲིད་གསུམ་འདྲན་ཟླ་བྲལ་བའི་དཔའ་བོ་ཆེཿ ཆོས་རྒྱལ་བདུན་དང་རིགས་ལྡན་རྒྱལ་པོ་ཡངཿ ཉི་ཤུ་རྩ་ལྔ་ལྷ་ཡི་དམག་དཔོན་ཆེཿ ཚངས་དབང་ལྷ་ཡི་དབང་པོ་ལ་སོགས་པའིཿ ཆོས་རྒྱལ་དེ་རྣམས་སངས་རྒྱས་འཇིག་རྟེན་འདིརཿ བྱོན་པ་ནས་བཟུང་སངས་རྒྱས་ཤཱཀ་ཐུབ་ཀྱིཿ བསྟན་པ་གནས་ཤིང་བྱ་བ་མ་རྫོགས་པརཿ རིམ་པ་བཞིན་དུ་མངའ་དབང་བསྒྱུར་བ་ཡིནཿ གང་ལ་རྫུ་འཕྲུལ་ཐོགས་མེད་ཤུགས་ཀྱིས་འགྲོཿ ཕས་ཀྱི་རྒོལ་བ་ངན་པ་བཟློག་མཛད་པཿ བདུད་དཔུང་ཟིལ་གནོན་དཔའ་བོ་གཡུལ་ལས་རྒྱལཿ ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་ཡངཿ སྙིང་རྗེའི་སྟོབས་ལྡན་རྫུ་འཕྲུལ་འགྲན་ཟླ་བྲལཿ ཕ་རོལ་གཡུལ་ལས་རྒྱལ་ཞིང་ཐབས་མཁས་པཿ འབྲེལ་ཚད་དགེ་བའི་ས་བོན་སྨིན་ཅིང་གྲོལཿ ཡང་དག་བདེ་ཆེན་ས་ལམ་འགོད་མཛད་པཿ བྱང་ཆུབ་སྙིང་པོའི་སྐལ་བ་རྒྱུད་ལ་བཞགཿ ཕྱི་ལྟར་ཤམ་བྷ་ལ་ཞེས་གྲགས་པ་ཡིནཿ ནང་ལྟར་ཐེག་པ་ཆེན་པོ་ཡེ་ཤེས་ཆེཿ གསང་ལྟར་ཆོས་སྐུ་མངོན་གྱུར་གཞན་སྣང་འདུལཿ གདུལ་བྱ་བློ་ཡི་རེ་བསྐང་མཛད་པ་ལཿ སྤྲུལ་པ་དཔག་མེད་འགྲོ་བ་ཀུན་སྒྲོལ་ཤོགཿ ཞིང་དེར་གནས་པའི་འགྲོ་བ་ཐམས་ཅད་ཀྱངཿ སངས་རྒྱས་བྱེ་བ་གྲངས་མེད་དུ་མ་ཡིསཿ བྱིན་རླབས་བསོད་ནམས་དེ་ལ་ཐོབ་པར་བཤདཿ ལས་སྒྲིབ་དག་ནས་བདེ་འབྲས་སྨིན་མཛད་ནསཿ ཕྱིར་ལྡོག་མེད་པ་གཏན་གྱི་འདུན་མ་སྟེཿ རྫོགས་པའི་སངས་རྒྱས་ཐོབ་ཐག་ཉེ་བ་ཡིནཿ ཞིང་མཆོག་དེ་རུ་ཐོགས་མེད་བྱོན་པར་ཤོགཿ འདིར་མ་སྤྲོས་སོ། ༧ བུ་ལས་འཕྲོ་བཟང་པོ་ཤེས་རབ་ཅནཿ སྔོན་བསོད་ནམས་བསགས་པའི་ས་གཞི་ལཿ རྟེན་དལ་འབྱོར་ཡོན་ཏན་འབྲས་བུ་སྨིནཿ ཕ་བླ་མ་ཡིད་བཞིན་དབང་གི་རྒྱལཿ རྒྱུད་སྨིན་ཅིང་གྲོལ་བ་ཨོ་རྒྱན་རྗེསཿ དུས་རྒྱུན་དུ་མོས་གུས་དད་པའི་མཐུསཿ བུ་ཁྱོད་ཀྱི་རང་རིག་ཡེ་ཤེས་དེཿ བརྗོད་གཞི་བྲལ་བ་གདོད་ནས་མ་སྐྱེས་ངངཿ སྤྲོས་པ་སྣོད་ཞི་ཡེ་ནས་དམིགས་མེད་མཁའཿ ངོ་བོ་སྟོང་ཞིང་ཀ་ནས་དག་པ་ཡིནཿ བདེ་སྟོང་དབྱེར་མེད་རང་བཞིན་ལྷུན་གྲུབ་ངངཿ གནས་མེད་སྤྲུལ་བསྒྱུར་མཛད་ཅིང་འགྲོ་འོང་བྲལཿ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངངཿ རྡོ་རྗེའི་ལམ་ལ་ཡེ་ནས་འཕོ་འགྱུར་བྲལཿ ཟབ་གསང་ཡང་དག་མྱུར་ཐོབ་མངོན་གྱུར་ནསཿ འོད་གསལ་བདེ་ཆེན་ལམ་ལ་ང་དང་མཇལཿ ཏིང་འཛིན་ཟབ་མོ་བརྩེ་བའི་གྲོགས་མཛད་ཡིནཿ ས་ལམ་བར་ཆད་བསལ་ཞིང་མཁྱེན་པའི་གྲོགསཿ མ་གདུང་བུ་ལ་བརྩེ་བཞིན་ཐུགས་རྗེའི་བདགཿ རིག་པའི་ཀློང་དུ་ཆོས་སྐུའི་ནུ་ཞོ་བསྣུནཿ འཛིན་མེད་ཀློང་དུ་ཁྱུང་ཕྲུག་འདབ་གཤོག་རྒྱསཿ སྤྱོད་པ་ཡེ་བྲལ་རྒྱལ་བའི་ཐུགས་ཀློང་རྟོགསཿ ཆགས་མེད་འབྲས་བུ་སྣང་སྲིད་བྲན་དུ་བཀོལཿ གཉིས་མེད་ཟུང་འཇུག་སྲིད་གསུམ་དབང་བསྒྱུར་མཛདཿ འོད་གསལ་རྣལ་འབྱོར་མཁའ་ལ་ཐོགས་མེད་འགྲོཿ རེ་དོགས་བྲལ་བ་གངས་ཀྱི་སེང་གེ་བཞིནཿ མཁའ་ལྡིང་འགྲོས་ཀྱིས་ཆོས་དབྱིངས་ལ་འུར་འགྲོཿ ད་སྔོན་སྟོང་གསུམ་འཇིག་རྟེན་ཆགས་འཇིག་ནསཿ ཤམ་བྷ་ལ་སོགས་གནས་ཀྱི་མཚན་ཉིད་ཀྱངཿ རིམ་པ་བཞིན་དུ་རྣམ་བཤད་ལེགས་པ་ཡིནཿ ཁྱོད་ཐུགས་ཟླ་བ་ཉ་རྒྱས་འགྲུབ་པར་མཛོདཿ དེ་ལྟར་རྨི་ལམ་ཡོངས་སུ་འགྲུབ་གྱུར་ནསཿ སྣང་གྲོལ་རིག་པ་བདེ་སྟོང་ཟུང་འཇུག་ཆེཿ མི་འགྱུར་ཆོས་དབྱིངས་ངང་ནས་མྱུར་དུ་འགྲོཿ ཞེས་གསུངས་ནས་ཞབས་གཉིས་བརྐྱང་བསྐུམ་རོལ་བའི་སྟབས་ཀྱིས་ནམ་མཁའ་ལ་བྱོན་ནས་ཞལ་ནས་ཧཱུྃ་དང་ཕཊ་སྒྲ་སྣ་ཚོགས་སྒྲོགས་ནས་ཟབ་ཅིང་བརྡ་མང་དུ་གསུངས་ཀྱང་མ་བྲིས་པ་ཡིན། ༧ ཨེ་མཿ དབང་ཆེན་གསང་བ་གསུང་གི་གནསཿ པདྨ་གསུང་གི་བཀའ་བབས་ཚེཿ མ་ཧཱ་གུ་རུས་བཀའ་སྩལ་བཿ རྗེས་འཇུག་མཚོ་རྒྱལ་ལེགས་པར་ཉོནཿ མ་འོངས་དུས་ཀྱི་ཐ་མ་ནཿ སེམས་ཅན་དམུ་རྒོད་ཁ་དར་ཚེཿ ང་ཡི་བརྒྱུད་འཛིན་རྒྱལ་མཆོག་དབྱངསཿ བུ་མཆོག་འདི་ལ་གཏད་པའི་རྒྱཿ ཕྱི་ནང་གསང་བའི་དབང་མཆོག་བུཿ ད་ལྟ་ཉིད་དུ་རིག་འཛིན་གྲལཿ ཐོན་ནས་སྟ་གོན་གཏད་རྒྱ་རནཿ ཕྱི་དབང་ནང་དབང་གསང་དབང་འདིཿ དུས་བབས་ལེགས་པར་བསྐུར་རེ་རནཿ ལུས་ལ་འགྱུར་མེད་རྡོ་རྗེའི་སྐུཿ ངག་ལ་འགགས་མེད་རྡོ་རྗེའི་གསུངཿ ཡིད་ལ་འཁྲུལ་མེད་རྡོ་རྗེའི་ཐུགསཿ བུ་འདིའི་ལུས་ངག་ཡིད་གསུམ་ལཿ ཡི་དམ་རྟ་ནག་རྟགས་མཚན་མངོནཿ ཀུན་རྫོབ་གཟུགས་སྐུའི་ལྷ་སྐུར་སྣངཿ ཕྱི་ཡི་སྨིན་བྱེད་དབང་འདི་རྣམསཿ ནང་ལྟར་ནམ་མཁའ་སྟོང་པའི་དབྱིངསཿ གསང་བ་ལྟར་ན་རྟ་མགྲིན་མངོནཿ དོན་དམ་ཡེ་ཤེས་སྒྱུ་མའི་སྐུཿ རིག་པའི་རྩལ་དབང་མཆོག་དབང་གྲགསཿ སྣ་ཚོགས་གླེགས་བམ་འདི་གཏད་རནཿ ང་སྤྲུལ་རིག་འཛིན་འབྱོན་རེ་རནཿ རྩ་གསུམ་བསྲུང་མས་བརྡ་འདི་གཏདཿ ཕྱི་ནང་གསང་བའི་ཤོག་དྲིལ་བསྒྲིམཿ རིན་ཆེན་སྒྲོམ་བུ་ཐུགས་ཀློང་རྒྱཿ བུ་འདིའི་ལུས་ངག་ཡིད་གསུམ་ལཿ མཆོག་ཐུན་དངོས་གྲུབ་རྩོལ་རེ་རནཿ ནམ་ཞིག་གཉིས་སྣང་དབྱིངས་ཐིམ་ཚེཿ རྔ་ཡབ་དཔལ་རི་པད་གླིང་འདིརཿ འབྱོན་ནས་རིག་འཛིན་སྲས་སུ་འགྱུརཿ དུས་བབས་མ་འོངས་འགྲོ་བ་རྣམསཿ འདྲེན་ནུས་དོན་བྱེད་ཞབས་དྲུང་དུཿ ལམ་སྣ་དྲོངས་ཤིག་ལྷག་མེད་མཛོདཿ ཐུགས་སྤྲུལ་རིག་འཛིན་བུ་མཆོག་འདིའིཿ མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་ཚོགསཿ བྲན་བཞིན་ཁས་བླངས་བཀའ་བསྒོས་བཞིནཿ མ་འདའ་དམ་ཚིག་བཟུང་བར་གཅེསཿ ས་མ་ཡཱཿ ༧ ཉིན་གཅིག་ནམ་མཁའི་དབྱིངས་ནས་བུ་མོ་དཀར་མོ་ཞིག་བྱོན་ནས་ཁྱོད་ནི་དོ་དགུང་རིག་འཛིན་གྱི་ཚོགས་གྲལ་ལ་འགྲོཿ ང་རང་མགྲོན་འབོད་ཡིན་ཟེར་ནས་གཞི་དབྱིངས་འགྱུར་མེད་རིག་པའི་རང་རྩལ་མཆོང་སྒྲོམ་གའུ་སྨུག་པོའི་དབྱིངས་ལས་རྩལ་སྣང་འདི་ནས་འགྲོ་བའི་ཁ་བྱང་གི་བརྡ་འདི་གཏད་ནས་ཁྲིད་སོང་ངོཿ གཏད་རྒྱཿ གབ་རྒྱཿ སྦས་རྒྱཿ ༧ ཟབ་གསང་མཁའ་འགྲོའི་བརྡ་མཛོད་ཁ་བྱང་ལསཿ ཨེ་ནཾཿ སྐྱེ་སྔོན་རྒྱ་གར་ཡུལ་དུ་ཨོ་ཊའི་མིངཿ སྔགས་རིགས་ཀྱིས་རྗེས་བཟུང་འབྲས་སྨིན་ནསཿ བསམ་ཡས་སུ་བར་ཁང་བཀའ་རྒྱ་གཏདཿ རིག་འཛིན་པདྨའི་སྤྱན་སྔ་རུཿ དེ་བརྒྱུད་ནས་སྐྱེ་ལྷག་འཕྲོ་ལྔའི་མཚམསཿ བརྡ་འདི་ལ་གབ་རྒྱ་མ་སྤྲོས་ གསེར་ལྡན་གྱི་པདྨ་འདབ་བརྒྱད་ཉིདཿ གཡུ་སྦྲང་ནས་བཅུད་ཀྱི་དགའ་སྟོན་བྱེདཿ མ་ཨཱརྱ་ཏ་རེ་དམར་མོ་ཡིསཿ གབ་རྒྱ་ རྗེ་མི་འགྱུར་གྱི་གསེར་མཚོ་འཁྱིལ་གཡང་ཆགསཿ མདངས་འོད་གསལ་འཇའ་འོད་ནོར་བུས་གངཿ དཔལ་གནམ་ལྕགས་གཟེར་བུའི་རྒྱ་ཡིས་གདབཿ ༧ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོའི་ཞལ་ནསཿ གང་ཟག་དད་མོས་ཅན་གྱི་བུ་ལ་ཡངཿ མངོན་སུམ་ཞལ་མཐོང་གསུང་གི་ལུང་བསྟན་ཐོབཿ པད་འབྱུང་སྤྲུལ་པ་རྒྱུན་ཆད་མེད་པར་འོངཿ ལས་འཕྲོ་བཟང་དང་དག་སྣང་སྙིང་རུས་ཅནཿ ཁོ་བོ་པད་འབྱུང་འདུ་འབྲལ་མེད་པར་ཡོདཿ ཡར་ངོའི་ཚེས་བཅུ་རྒྱུན་ཆད་མེད་པ་ལཿ དད་མོས་རྩེ་གཅིག་གསོལ་བ་བཏབ་ནུས་ནཿ ཨོ་རྒྱན་མཁའ་འགྲོའི་ཚོགས་བཅས་མངོན་སུམ་བྱོནཿ འཇའ་འོད་དྲི་བཟང་ཉམས་སྣང་གོང་འཕེལ་འགྲོཿ དེ་ཚེ་པད་འབྱུང་བྱིན་རླབས་ཡིན་པར་ངེསཿ ༧ དེ་ཚེ་གུ་རུའི་ཞལ་ནས་འདི་སྐད་གསུངསཿ གསང་སྔགས་སྣོད་ལྡན་ཡེ་ཤེས་གསང་བའི་མཛོདཿ ད་དུང་ཁྱོད་ནི་འགྲོ་བའི་དུས་ལ་བབསཿ ལས་ཅན་ཁྱོད་དང་སྐད་ཅིག་འདུ་འབྲལ་མེདཿ


previousཟབ་གསང་མཁའ་འགྲོའི་བརྡ་གླུ་དང་དག་སྣང་གི་སྐོར། ཟབ་གསང་མཁའ་འགྲོའི་བརྡ་གླུ་དང་དག་སྣང་གི་སྐོར་བཞུགས་སོཿnext