Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
བྱང་ཆུབ་སེམས་དཔའི་གཟུངས་ཀྱི་རྒྱན་རྣམ་པར་བཤད་པ་རྒྱལ་ཡུམ་ལུས་བཟང་མཛེས་བྱེད་ལེགས་བཤད་ཕྲེང་བ།
   
   
   


 
previousབྱང་ཆུབ་སེམས་དཔའི་གཟུངས་ཀྱི་རྒྱན་རྣམ་པར་བཤད་པ་རྒྱལ་ཡུམ་ལུས་བཟང་མཛེས་བྱེད་ལེགས་བཤད་ཕྲེང་བ།next

བྱང་ཆུབ་སེམས་དཔའི་གཟུངས་ཀྱི་རྒྱན་རྣམ་པར་བཤད་པ་རྒྱལ་ཡུམ་ལུས་བཟང་མཛེས་བྱེད་ལེགས་བཤད་ཕྲེང་བ།


TN01_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་གཟུངས་ཀྱི་རྒྱན་རྣམ་པར་བཤད་པ་རྒྱལ་ཡུམ་ལུས་བཟང་མཛེས་བྱེད་ལེགས་བཤད་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། །།


TN01_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། །ཕུན་ཚོགས་གཞིར་གྱུར་ལེགས་གསུང་རིན་ཆེན་དཔག་ཡས་བང་མཛོད་ཉེར་བསྒྲུབས་ཏེ། །འཇིག་རྟེན་དོན་སླད་རྒྱལ་སྲས་འཁོར་ལ་མི་ཕྱེད་གཟུངས་ཀྱི་ཕྱག་རྒྱར་བཅས། །བཀའ་ཡིས་ལེགས་གཏད་ཕྱི་མཐའ་ཇི་སྲིད་ཆོས་ཀྱི་མཆོད་སྦྱིན་རྒྱས་མཛད་པ། །འགྲོ་བའི་ཡབ་གཅིག་སྟོན་པ་ཟླ་མེད་་གཙོ་ལ་མགོས་ཕྱག་འཚལ། །རྒྱལ་བ་ཀུན་གྱི་དམ་ཆོས་མཛོད་འཛིན་པའི། །རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་དབྱངས་དང་། །རྒྱལ་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་མཛད་མ། །རྒྱལ་ཡུམ་སྒྲོལ་མའི་ཞབས་ལ་སྐྱབས་སུ་མཆི། །གང་གི་སྙིང་རྗེའི་དཀའ་ཐུབ་གཅིག་པུའི་མཐུས། །དཔལ་སྟུག་མཁྱེན་རབ་རལ་པའི་ལེགས་བཤད་རྒྱུན། །བདག་འདྲའི་འབབ་སྟེགས་དམན་ལ་འགུགས་མཛད་པ། །བླ་མ་དེ་ལ་དངོས་


TN01_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་གྱིས་འདུད། །རྒྱལ་སྲས་མཐུ་ཆེན་རྣམས་ཀྱི་ཕུན་ཚོགས་གཞིར། །དུས་གསུམ་འདྲེན་པས་ཡང་ཡང་རབ་བསྔགས་པ། །ཐོས་པ་ཀུན་འཛིན་གཟུངས་ལ་འཇུག་པའི་ཚུལ། །ཤིང་རྟ་ཆེན་པོའི་རྗེས་འབྲངས་ཕྱོགས་ཙམ་འཆད། །ཟབ་ཅིང་བརླིང་བ་དྲང་སྲོང་ཆེན་པོའི་ལུགས། །བདག་ལྟས་ཇི་བཞིན་འབྱེད་པར་ནུས་མིན་ཡང་། །ཕང་ཚད་རྡོ་བ་སློབ་པའི་ཚུལ་གྱིས་ནི། །རང་བློ་ལེགས་བཤད་གོམས་པ་སྐྱེད་ཕྱིར་རོ། །འདིར་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། གང་གིས་ཐེག་མཆོག་དམ་པ་འདི་མཛེས་པ། །བློ་གྲོས་ཆེན་པོ་རྣམས་ཀྱི་རྒྱན་བཞི་སྟེ། །ཚུལ་ཁྲིམས་ཏིང་འཛིན་དེ་བཞིན་ཤེས་རབ་མཆོག །ཤིན་ཏུ་རྣམ་ངེས་དོན་དང་དེ་བཞིན་གཟུངས། །ཞེས་ཐེག་ཆེན་གྱི་བསླབ་པ་རིན་པོ་ཆེ་


TN01_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་། གཙོ་བོར་ཤེས་རབ་ཀྱི་བསླབ་པ་མཐར་ཕྱིན་པའི་ཡན་ལག་གཟུངས་ཏེ། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་བཀའ་སྩལ་པའི་ནང་ནས་བཞི་པ་གཟུངས་ཀྱི་རྒྱན་དང་དེ་ལ་སློབ་པའི་ཚུལ་གྱི་ཕྱོགས་ཙམ་ཞིག་ནི་གང་བཤད་པར་བྱ་བའི་ཆོས་སོ། །དེ་འཆད་པ་ལ་གསུམ། ཐེག་ཆེན་གྱི་གཟུངས་སྒྲུབ་པའི་ཐབས། དེས་གྲུབ་པའི་གཟུངས་དངོས་ཀྱི་རྣམ་བཞག །ཇི་ལྟར་འཐོབ་པའི་ཚུལ་བཤད་པའོ། །དང་པོ་ལ་གཉིས། བྱང་སེམས་གཟུངས་སྒྲུབ་པ་ལ་འཇུག་པའི་རྒྱུ་དང་། སྒྲུབ་ཚུལ་དངོས་སོ། །དང་པོ་ནི། འདི་ལྟར་ཐེག་པ་མཆོག་གི་རིགས་ཅན་ནི་ཐོག་མ་ཁོ་ནར་སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་སྐྱབས་མེད་པ་རྣམས་ལ་དམིགས་པའི་སྙིང་རྗེ་ཆེན་པོས་ཡིད་དྲངས་ཏེ། བླ་ན་མེད་པའི་བྱང་ཆུབ་དོན་གཉེར་གྱི་རྣམ་པ་ཅན་གྱི་སེམས་སྐྱེད་པར་བྱེད་ལ། དེའི་འོག་ཏུ་སྤྱོད་པའི་ནན་ཏན་དང་བྲལ་བའི་བླ་མེད་བྱང་ཆུབ་མི་འགྲུབ་པར་མཐོང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྒྱ་ཆེར་སློབ་པའི་ཁུར་འཛིན་ཏེ་དུས་གསུམ་གྱི་རྒྱལ་བའི་སྲས་རྣམས་ཚུལ་འདིས་བྱང་ཆུབ་མཆོག་ཏུ་འཇུག་གོ་།ཕར་ཕྱིན་གྱི་སྤྱོད་པ་རྣམས་ལས་ཀྱང་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི་ཤེས་རབ་ཀྱི་ཕར་ཕྱིན་ཡིན་ལ། དེའང་ཐོབ་བྱ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཞེས་བྱ་བ་སྤངས་རྟོགས་ཀྱི་ཆ་ཐམས་ཅད་ཕུལ་དུ་དབྱུང་དུ་མེད་པར་རྫོགས་པ་ལ་བྱེད་པས། དེ་འཐོབ་བྱེད་ལའང་། སྤང་བྱ་མཐའ་དག་སྤོང་བ་དང་། ཡོན་ཏན་མཐའ་དག་


TN01_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་དབང་དུ་བྱས་པའི་ཤེས་རབ་ལ་སློབ་ཚུལ་ཞིག་གདོན་མི་ཟ་བར་དགོས་ཤིང་། དེའང་མང་དུ་ཐོས་པ་རྒྱ་ཆེན་པོ་ལ་རག་ལས་པར་སྲེད་མེད་བུས་ཞུས་པ་དང་རྒྱུད་བླ་མ་སོགས་ལས་གསུངས་ཏེ། བྱང་སེམས་ཀྱིས་དམིགས་པ་དང་སློབ་ཚུལ་དང་དུས་ཀྱི་སྒོ་ནས་རྒྱ་ཆེ་ལ་ཚད་མེད་པའི་ཐོས་པ་བློ་ཆུང་ངུའི་སྐྱེ་བོ་ཞུམ་པ་སྐྱེ་བའི་གནས་དག་བྱེད་པར་མདོ་སྡེ་ལས་གསུངས་པའི་རྒྱུ་མཚན་ཡང་དེའོ། །མང་ཐོས་ཀྱི་མཛོད་བདེ་བླག་ཏུ་སོག་པ་ནི་ཐོས་པའི་མོད་ལ་ཆོས་མང་པོ་ཟིན་པའི་གཟུངས་ལ་ལྟོས་ཤིང་། མཛོད་དེ་ནམ་ཡང་མི་འབྲི་བར་གོང་འཕེལ་ཁོ་ནར་འགྲོ་བའི་རིམ་པས་ཤེས་རབ་ཀྱི་སྣང་བ་ཐུག་མེད་དུ་འཕེལ་བའང་ཆོས་བཟུང་བ་རྣམས་ཡུན་རིང་པོར་མི་བརྗེད་པ་དང་གཅིག་པས་གཟུངས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དོ། །འདི་ལ་དགོངས་ནས་དཀོན་བརྩེགས་ཀྱི་ཡུལ་འཁོར་སྐྱོང་ཞུས་ལས། གང་གིས་སངས་རྒྱས་ཀུན་གྱིས་གསུངས་པའི་ཆོས་མཆོག་འཛིན་འགྱུར་བ། །གཟུངས་རྣམས་གྲགས་པ་ཆེན་པོ་དེ་དག་གིས་ནི་རྟག་ཏུ་འཐོབ། །ནམ་ཡང་ཆུད་ཟར་མི་འགྱུར་ཕྱིར་ཞིང་བློ་གྲོས་རབ་ཏུ་འཕེལ། །དེ་དག་ཡེ་ཤེས་ཆགས་པ་མེད་ཅིང་ཆོས་ཀུན་ཕ་རོལ་ཕྱིན། །ཞེས་བྱང་སེམས་ཀྱི་གཟུངས་ཐོབ་ན་སངས་རྒྱས་རྣམས་ཀྱི་ལེགས་པར་གསུངས་པའི་མཛོད་འཛིན་ཅིང་། བཟུང་ནས་ཆུད་མི་ཟ་བ་དང་། དེའི་མཐུས་བློ་གྲོས་རབ་ཏུ་འཕེལ་བ་སྟེ་ཤེས་རབ་རྒྱས་ཕུལ་ཆེ་ཞིང་མྱུར་དུ་འཕགས་པའི་ཡེ་ཤེས་སྦྱངས་ནས་ཤེས་བྱའི་


TN01_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་གསུངས་སོ། །དེ་ལྟར་གཟུངས་མང་ཐོས་ཀྱི་འབྱོར་བའི་སྣོད་དམ་པར་གྲུབ་པ་ན། ཤེས་རབ་གཅིག་པུར་མ་ཟད་ཐོས་དོན་སྒྲུབ་པ་ལས་བྱུང་བའི་ཡོན་ཏན་མཐའ་དག་གིའང་གནས་སུ་འགྲུབ་པས་བྱང་ཆུབ་སེམས་དཔའ་རྣམས་གཟུངས་ཀྱི་སྐྱེད་མོས་ཚལ་གྱིས་གཞི་ལ་གནས་ནས་སྤྱོད་པ་རྨད་དུ་བྱུང་བའི་དགའ་སྟོན་ལ་རོལ་པར་ཕལ་པོ་ཆེའི་འཇིག་རྟེན་ལས་འདས་པའི་ལེའུར་གསུངས་ཏེ། ཇི་སྐད་དུ། གཟུངས་ནི་ས་སྟེ་བྱང་ཆུབ་སྤྱོད་པ་ཆུ་ཀླུང་ཡེ་ཤེས་ལུ་མ་ཤེས་རབ་ཤིང་། །མེ་ཏོག་བྱང་ཆུབ་ཡན་ལག་ཏིང་ངེ་འཛིན་ནི་རྟ་སྟེ་རྫུ་འཕྲུལ་རྣམ་པར་བརྒྱན། །སྟོང་པ་རྣམ་ཐར་བརྒྱད་པ་རྫིང་བུ་ཡིན་ཏེ་རྣམ་པར་དཔྱོད་པ་བཟང་པོ་བཙུན་མོ་ཡིན། །ཐར་པ་བདུད་རྩི་བཟའ་བ་ཡིན་ཏེ་ཆོས་ནི་བཏུང་བ་ཐེག་པ་གསུམ་གྱིས་རྩེ། །ཞེས་སོ། །སྤྱིར་ཉན་ཐོས་ལའང་ཐོས་པ་འཛིན་པའི་གཟུངས་ཕུན་སུམ་ཚོགས་པ་ཡོད་པར་འཕགས་པ་ཀུན་དགའ་བོའི་རྟོགས་བརྗོད་སོགས་ཀྱིས་ཤེས་ཀྱང་། བྱང་སེམས་ཀྱི་གཟུངས་ལ་ལྟོས་ན་རྒྱ་མཚོ་དང་བ་ལང་རྨིག་རྗེས་ཀྱི་ཆུ་ལྟ་བུའི་ཁྱད་ཞུགས་ཚུལ་བློ་གྲོས་རྒྱ་མཚོས་ཞུས་པའི་ཡོངས་གཏད་ཀྱི་སྐབས་སུ་གསུངས་ཏེ། དེ་ལྟར་བྱང་སེམས་ཀྱི་གཟུངས་ལ་ཐུན་མོང་མ་ཡིན་པའི་བྱེད་ལས་དང་ཆེད་དུ་བྱ་བའི་འབྲས་བུའི་ཁྱད་པར་དམིགས་པ་ནི་གདུལ་བྱ་གཉིས་ཀྱིས་གཟུངས་གཙོ་བོར་སྒྲུབ་མི་སྒྲུབ་དང་། དམིགས་པ་རྒྱ་ཆེ་ཆུང་དང་། སྒྲུབ་ཚུལ་དམན་མཆོག་གི་ཁྱད་ཀྱིས་ཡིན་ཏེ། ཉན་ཐོས་


TN01_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་སྣོད་ལས་ཤིན་ཏུ་རྒྱས་པའི་གསུང་རབ་བཞིན་དུ་གཟུངས་སྒྲུབ་ལུགས་རྒྱས་པར་བསྟན་པ་མེད་ཅིང་། ལམ་ཆུང་བས་ཆོས་ཚིག་གཉིས་ཚེགས་ཆེན་པོས་བཟུང་སྟེ་དོན་ལ་བརྟགས་པས་དགྲ་བཅོམ་ཐོབ་པར་གསུངས་པ་ལྟར་རང་གི་བྱང་ཆུབ་སྒྲུབ་པར་གཟུངས་ངེས་པར་སྐྱེད་དགོས་མི་དགོས་ཀྱི་ཁྱད་ཀྱང་ཆེའོ། །དེས་ན་ཕལ་ཆེན་གྲངས་ཀྱི་ལེའུ་ལས་ཀྱང་། བརྟན་པ་གཟུངས་རྣམས་བརྗོད་དུ་མེད་པ་ལ། །ཤིན་ཏུ་བསླབ་པ་བརྗོད་མེད་བྱས་པ་ཡིན། །སྒྲ་དབྱངས་བརྗོད་དུ་མེད་པ་ཤེས་པ་སྟེ། །རྣམ་དག་དབྱངས་ཀྱང་བརྗོད་དུ་མེད་པ་ཡིན། །ཞེས་རྒྱལ་སྲས་རྣམས་གཟུངས་ཀྱི་སྒོ་མཐའ་ཡས་པ་བསྒྲུབ་བྱར་བཟུང་སྟེ། འབད་པ་མཐའ་ཡས་པས་བསླབ་པའི་དབང་གིས་ལག་རྗེས་གཞན་དང་ཐུན་མོང་མ་ཡིན་པ་ཡོད་པར་གསུངས་སོ། །ཚུལ་དེ་ལེགས་པར་བསམ་ན་ཐེག་པ་མཆོག་གི་གཟུངས་ལ་ཕན་ཡོན་མཐོང་བའི་དོན་གཉེར་ཆེན་པོ་སྐྱེ་ཞིང་། དེ་ཡང་རྒྱུ་ཚོགས་རླབས་པོ་ཆེ་རྣམས་ལ་རག་ལས་པར་ཤེས་ནས་དེ་དག་ལ་གུས་པ་དང་སློབ་འདོད་པ་ཟློག་ཏུ་མེད་པ་འབྱུང་སྟེ། འདི་ནི་གཟུངས་སྒྲུབ་པའི་སྔོན་དུ་རྒྱུད་སྦྱོང་བྱེད་ཡིན་ནོ། །གཉིས་པ་ལ་གསུམ། གཟུངས་སྤྱིའི་རྒྱུ་ཚོགས་རྣམ་པར་བཞག་པ། དེ་ལ་ཇི་ལྟར་སློབ་པའི་ཚུལ། ཁྱད་པར་ཅན་གྱི་རྒྱུ་གཞན་བསྟན་པའོ། །དང་པོ་ནི། སྤྱིར་མདོ་སྡེ་རིན་པོ་ཆེ་རྣམས་ལས་གཟུངས་འདོད་པའི་རྒྱལ་སྲས་ཀྱིས་བསླབ་པར་བྱ་བའི་གནས་སྟོན་ཚུལ་མང་


TN01_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །རེ་ཞིག་བྱང་ས་ལས་ཚོགས་བཞི་ཁོ་ན་གསུངས་པ་ལྟར་བཤད་དེ། དེའང་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་ཡོན་ཏན་བཞི་དང་ལྡན་ན་གཟུངས་འདི་དག་ཐམས་ཅད་འཐོབ་སྟེ། གང་ཡང་རུང་བ་མ་ཚང་བས་ནི་མ་ཡིན་ནོ། །ཞེས་གསུངས་ནས། ཆོས་བཞི་པོ་འཆད་པར། བཞི་གང་ཞེ་ན། འདོད་པ་རྣམས་ལ་ལྷག་པར་ཞེན་པ་མེད་པ་དང་། གཞན་ཐོབ་པ་དག་ལ་ཕྲག་དོག་མི་སྐྱེད་དེ་ཕྲག་དོག་མེད་པ་དང་། བསླང་བ་ཐམས་ཅད་རབ་ཏུ་སྦྱིན་ཞིང་འགྱོད་པ་མེད་པར་སྦྱིན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་ལས་བརྩམས་ཏེ་ཆོས་ལ་ཀུན་ཏུ་དགའ་ཞིང་ཆོས་ལ་དགའ་བ་ཡིན་ནོ། །ཞེས་འབྱུང་སྟེ། རྒྱ་མཚོ་སྤྲིན་དང་ཡུམ་གསུམ་གནོད་འཇོམས་མཁན་པོས་ཀྱང་གཞུང་འདི་གཟུངས་ཀྱི་རྒྱུ་སྟོན་པ་ལ་སྦྱར་རོ། །དེ་ལ་གཞུང་སྔ་མས་ནི། དེའི་སྔོན་དུ་གསུངས་པའི་གཟུངས་རྣམས་རྒྱུ་བཞི་ཚང་བར་ལྡན་པས་བསྒྲུབ་ཏུ་ཡོད་ཀྱི་གཞན་གྱིས་མ་ཡིན་ཞེས་བསྒྲུབ་བྱའི་བྱང་སེམས་ཀྱི་གཟུངས་ལ་རྣམ་དབྱེ་གཞན་མ་མཛད་པར་གསུངས་པས་དེ་དག་ནི་འཆད་པར་འགྱུར་བའི་གཟུངས་དམན་མཆོག་ཀུན་གྱི་ཐུན་མོང་བའི་རྒྱུར་གསལ་ཏེ། དེ་ཡང་གཟུངས་དང་པོར་འཐོབ་བྱེད་ཀྱི་རྒྱུ་དང་། ཐོབ་པ་ཁྱད་པར་དུ་འགྲོ་བའི་ཡོངས་སྦྱོང་གི་ཆོས་གཉིས་ཀར་འཁྱེར་དགོས་སོ། །འདི་ལྟར་གསུངས་པའི་ཆོས་བཞི་ནི་འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་མདོ་ལས་འབྱུང་སྟེ།


TN01_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་གཟུངས་འདི་ཐོབ་པར་འགྱུར་རོ། །བཞི་གང་ཞེན་འདི་ལྟ་སྟེ། འདོད་པ་རྣམས་ལ་ལྷག་པར་ཆགས་པ་མེད་པ་ཡིན། སེམས་ཅན་ཐམས་ཅད་ལ་ཕྲག་དོག་མེད་པ་ཡིན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་འགྱོད་པ་མེད་པར་སྦྱིན་པའི་ཚུལ་ཅན་ཡིན། ཉིན་མཚན་དུ་ཆོས་ལ་དགའ་ཞིང་ཆོས་འདོད་པ་ཡིན་ནོ། །ཞེས་སོ། །དེར་དགོན་པ་ལ་གནས་ཤིང་ཆོས་ཟབ་མོ་ལ་བཟོད་པའི་སྟོབས་སྐྱེད་པ་ལ་སོགས་པའི་བཞི་ཚན་ལྷག་མ་གཉིས་ཀྱང་གསུངས་མོད་ཀྱི། བྱང་སར་འདི་ལས་མི་འབྱུང་བ་ནི་གཞན་རྣམས་གཙོ་བོར་ཏིང་ངེ་འཛིན་གྱི་གཟུངས་ཁྱད་པར་ཅན་སྒྲུབ་པའི་དབང་དུ་མཛད་པས་ཐུན་མོང་བའི་ཚོགས་ཀྱི་ནང་དུ་མ་བཤད་པ་སྟེ། མདོ་གཞན་དང་གཞན་ལས་གཟུངས་ཀྱི་ཚོགས་མང་དུ་འབྱུང་བ་ལའང་རྒྱུའི་དབྱེ་བ་དེ་ལྟར་ཤེས་དགོས་སོ། །སློབ་དཔོན་ཡེ་ཤེས་སྙིང་པོས། བློ་ལྡན་ཅི་འདྲ་གང་དུ་དང་། །ཇི་ལྟར་གནས་དང་གང་སྒོམ་དང་། །གང་བྱས་པས་ནི་ཐོབ་འགྱུར་བ། །དེ་ནི་བཞི་པ་རྣམས་ཀྱིས་བསྟན། །ཞེས་བཞི་ཚན་འདིས་གང་ཟག་ཅི་འདྲ་བས་སྒོ་མཐའ་ཡས་པའི་གཟུངས་སྒྲུབ་པ་དང་། དེ་ནས་བཞི་ཚན་ལྷག་མས་གནས་གང་དུ། ཇི་ལྟར་གནས་ནས། རྣལ་འབྱོར་གང་སྒོམ་པ་དང་། དེ་མྱུར་དུ་འགྲུབ་པའི་སྤྱོད་པ་སྟོན་པར་བཤད་དེ། གཟུངས་སྤྱིའི་ཚོགས་ལ་གནས་པའི་རྒྱལ་སྲས་


TN01_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྒོ་མཐའི་གཟུངས་གནས་གང་དུ་སྐྱེད་པ་སོགས་སྟོན་པ་ལ་བཤད་ནུས་པས་དེ་ལའང་བཤད་པ་སྔ་མ་མི་འགལ་ལོ། །ཆོས་བཞིའི་དང་པོ་ནི་ཉེས་སྤྱོད་དང་འདོད་པ་གཉིས་ཀ་ལས་དབེན་པར་སྤྱོད་པའི་ཁྲིམས་ལ་ཡེ་ཤེས་སྙིང་པོ་བཞེད་པ་རྒྱ་མཚོ་སྤྲིན་གྱིས་རབ་ཏུ་བྱུང་བའི་ཚུལ་ཁྲིམས་སུ་བཤད་པ་དང་མཐུན་ཞིང་། ཕྱི་མ་གསུམ་ནི་ཡེ་ཤེས་སྙིང་པོས་རབ་ཏུ་བྱུང་བའི་འོག་ཏུ་འདོར་ལེན་བྱེད་ཚུལ་ལ་བཤད་པ་རྒྱ་མཚོ་སྤྲིན་དང་ཡང་མི་མཐུན་པ་མེད་པས་དེ་ལྟར་བྱའོ། །དེའང་བྱང་སེམས་ཀྱི་གཟུངས་གང་སྐྱེད་ཀྱང་དང་པོར་ཁྱིམ་གྱི་འདོད་པའི་དངོས་པོ་ཐམས་ཅད་མཆིལ་མའི་ཐལ་བ་ལྟར་བོར་ནས་རབ་ཏུ་འབྱུང་བ་དགོས་ཏེ། གཞན་དུ་ན་ཚོལ་བ་དང་སྲུང་བ་ལ་སོགས་པ་དེ་དག་དང་འབྲེལ་བའི་བྱ་བ་མང་པོས་ཤས་ཆེར་རྟག་ཏུ་གཡེངས་ནས་ཆོས་བརྗེད་ཅིང་དྲན་ཤེས་སྟོབས་འབྲི་བའི་ཉེས་པར་འགྱུར་བའི་ཕྱིར་རོ། །རབ་ཏུ་བྱུང་ཡང་ཚངས་པར་མཚུངས་པར་སྤྱོད་པ་གཞན་ལ་ཤེས་ཀྱི་ཁེ་དང་སློང་མོ་སྟེར་བའི་ཁྱིམ་སོགས་ཀྱི་ཕྱིར་དུ་མི་བཟོད་པའི་ཕྲག་དོག་བྱེད་པ་དང་། ལྷུང་བཟེད་དང་ཆོས་གོས་ལྷག་པོ་སོགས་ཕྱི་ནང་གི་དངོས་པོ་ཡོངས་སུ་འཛིན་པའི་སེར་སྣས་སྦགས་ན་ཟང་ཟིང་གི་གཡེང་བ་ལྷུར་ལེན་པ་ཡིན་ཏེ། ཉེས་དམིགས་དེ་ཉིད་དུ་འགྱུར་བས་དེ་དག་འབད་པ་ཐམས་ཅད་ཀྱིས་དགག་དགོས་སོ། །གསུམ་པ་འདི་གཞན་གྱིས་བསླང་བ་ཐམས་ཅད་སྦྱིན་པའི་སྟེང་ནས་བཤད་པ་ནི་མཚན་གཞི་དང་སྦྱར་བ་ཙམ་ཡིན་གྱི།


TN01_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཛིན་གྱི་ཆགས་པ་འདུལ་བ་སྤྱི་ལ་འགྲེལ་དགོས་ཏེ། མདོ་ཉིད་ཀྱི་ཚིགས་བཅད་དུ་དེ་ལྟར་གསལ་བའི་ཕྱིར་ཏེ། འཆད་པར་འགྱུར་རོ། །དྲན་ཤེས་ཀྱི་མཐུན་རྐྱེན་ཁྱད་པར་དུ་བསྟེན་པ་མེད་ན་དེ་དག་བསྡམས་པ་ཙམ་གྱིས་ཀྱང་གཟུངས་སྐྱེད་མི་ནུས་པས་གསུང་རབ་ཀྱི་ཆོས་ལ་བརྒྱུད་མར་བསླབ་པའི་སྒོ་ནས་མང་དུ་ཐོས་པའི་བག་ཆགས་མཐུ་ཆེན་བཞག་དགོས་ཏེ་བཞི་པའོ། །འདིར་བྱང་ས་ལས། ཆོས་དེ་ལ་ཀུན་ཏུ་དགའ་ཞིང་། །ཞེས་གསུངས་པ་ནི་འདིའི་མདོ་ལས། ཉིན་མཚན་དུ་ཆོས་འདོད་ཅིང་ཞེས་གསུངས་པ་དང་དོན་འདྲ་ལ། ཆོས་ལ་དགའ་བ་ཞེས་པའང་མདོ་ལས། ཆོས་ཀྱི་ཀུན་དགའ་ལ་དགའ་བ། །ཞེས་གསུངས་པ་དང་འདྲའོ། །མདོ་ལོགས་སུ་བསྒྱུར་བའི་ད་ལྟའི་གླེགས་བམ་ན་སྔར་ལྟར་ཡོད་ཀྱང་། མདོ་འགྲེལ་གྱི་འགྱུར་ལ་འདི་བཞིན་འབྱུང་བ་འགྲེལ་པ་དང་མཐུན་ནོ། །དེའི་དོན་ནི་གོ་རིམ་བཞིན་དུ་བསམ་པས་ཆོས་དོན་དུ་གཉེར་བ་དང་། སྦྱོར་བས་ཆོས་བཞིན་དུ་ནན་ཏན་བྱེད་པ་གཉིས་ལ་སྦྱར་བ་གཅིག་དང་། དམ་པའི་ཆོས་ལ་ཐོས་སོགས་ཀྱིས་དང་པོར་འཇུག་པ་དང་། ཞུགས་ནས་ཚུལ་བཞིན་དུ་གོམས་པར་བྱེད་པ་ལ་སྦྱར་བ་གཅིག་དང་། ནམ་གྱི་ཆ་སྟོད་སྨད་དང་ཉིན་མོའི་ཐུན་ཐམས་ཅད་དུ་ཆོས་ལ་བརྩོན་པ་དང་། ལོག་པའི་ཡུལ་ལ་སེམས་པ་དང་མ་འདྲེས་ཤིང་མཐོ་རིས་འདོད་པ་སོགས་ཀྱིས་མ་སྦགས་པར་ཆོས་ཁོ་ན་ལ་བརྩོན་པ་སྟེ་རྟག་འགྲུས་གཉིས་ལ་སྦྱར་བ་གཅིག་


TN01_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འདོད་པ་ལ་དགའ་བ་སོགས་བཟློག་སྟེ། དམ་པའི་ཆོས་ཁོ་ན་ལ་དགའ་བ་ཞེས་ངེས་བཟུང་གི་ཆེད་དུ་ལན་གཉིས་སྨོས་པར་སྦྱར་བ་གཅིག་སྟེ་འཆད་ཚུལ་བཞི་འགྲེལ་པ་ལས་བཤད་དོ། །དེའང་ཐེག་ཆེན་གྱི་ཆོས་ལ་བྱ་དགོས་པ་ནི་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་ལས་བརྩམས་པར་གསུངས་པ་དང་། དེའི་ཐད་ཀྱི་མདོའི་ཚིགས་བཅད་ལའང་། ཆོས་ཚིག་འདི་འདྲ་འདི་དག་རྟེན་བྱེད་ན། །ཞེས་ངེས་བཟུང་གི་སྒྲ་མཐོང་བས་ཤེས་སོ། །དེའི་རྒྱུ་མཚན་ཡང་། བྱང་སེམས་ཐོས་པ་བྱ་བའི་ཡུལ་གྱི་གཙོ་བོ་ནི་ཐེག་ཆེན་གྱི་སྡེ་སྣོད་ཡིན་པས་གཟུངས་ཀྱི་དྲན་ཤེས་ཀྱང་དེ་འཛིན་པ་ལ་ལྟོས་ནས་རྣོ་བ་ཅིག་དགོས་ལ། དེའང་དམིགས་པ་རླབས་ཆེ་བའི་དབང་གིས་གཞན་ལས་ཆེས་དཀའ་བས་རྒྱུ་སྒྲུབ་དུས་ནས་དམིགས་པ་དེ་ཉིད་ལ་བརྟེན་ཏེ་སྦྱང་དགོས་པ་ཡིན་ནོ། །མདོར་ན་ཟང་ཟིང་གི་ཆེད་དུ་སེམས་བྱ་བ་ངན་པས་གཡེང་བ་ཐམས་ཅད་བོར་ཏེ། ཐེག་ཆེན་གྱི་སྡེ་སྣོད་ལ་དྲན་པ་རྟག་འགྲུས་སུ་སྦྱོང་བའི་སྤྱོད་པ་ཉིད་གཟུངས་ཀྱི་རྒྱུར་བསྟན་པ་ཡིན་ལ། དེ་ལས་ཀྱང་སྔ་མ་གསུམ་ནི་རྒྱུད་ཟང་ཟིང་གི་གཡེང་བ་ཤས་ཆེ་ན་དམ་པའི་ཆོས་ལ་དྲན་པ་རྟག་ཏུ་འཇུག་པ་དང་། གུས་པར་མངོན་དུ་ཕྱོགས་ཏེ་འཇུག་པའི་གོ་སྐབས་མི་རྙེད་པས་བསྟན་གྱི། རྒྱུའི་གཙོ་བོ་ནི་ཕྱི་མ་ཉིད་དུ་གསལ་ཏེ། བུ་མོ་རྣམ་དག་དད་པས་ཞུས་པའི་གཟུངས་ཚོགས་བརྒྱད་ཀྱི་སྐབས་སུ། རྩེ་གཅིག་རྟག་ཏུ་ཆོས་གཉེར་བ། །ཞེས་དང་། མང་ཐོས་ཡོངས་སུ་སྐྱོ་མེད་པར། །རབ་བརྩོན་ཆོས་ནི་གཉེར་བར་བྱེད། །


TN01_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོགས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པར་གཟུངས་སྦྱོང་བའི་སྒོ་སུམ་ཅུ་རྩ་གཉིས་གསུངས་པའི་དང་པོར། ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་ལ་བབས་པ་དང་། ཞེས་སོགས་གསུངས་ཤིང་། སྒྱུ་མ་མཁན་བཟང་པོས་ཞུས་པར་ཡང་། བཟང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་གཟུངས་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། མང་དུ་ཐོས་པས་ངོམས་མི་ཤེས་པ་དང་། མང་དུ་ཐོས་པ་རྣམས་ལ་ཆོས་བཞིན་དུ་གུས་པར་བསྙེན་བཀུར་བྱེད་པ་དང་། རྟག་ཏུ་གཞན་དག་ལ་ཆོས་སྟོན་པར་བརྩོན་པ་དང་། ཚིག་དང་ཡི་གེ་ཐམས་ཅད་གཏན་ལ་དབབ་པའི་ཕྱིར་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ལ་འཇུག་པ་ཡིན་ནོ། །ཞེས་ཆོས་བཞི་གསུངས་པའི་དང་པོ་གསུམ་ཀ་འདི་ཉིད་ལ་གཞི་བླང་བར་མངོན་ཏེ། དེ་ལྟར་མདོ་སྡེ་ལས་ལན་ཅིག་མིན་པར་འདི་རྩལ་དུ་བཏོན་ནས་གསུངས་སོ། །བཟང་པོས་ཞུས་པའི་ཆོས་བཞིའི་ཕྱི་མ་ནི། བཟོད་གཟུངས་སྐྱེད་པའི་དོན་དུ་དེ་བཞིན་གཤེགས་པས་ཚིག་ཐམས་ཅད་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བཀའ་སྩལ་པའི་དགོངས་པ་ལ་འཇུག་པའི་སྒོ་ནས་ཚིག་དང་ཡི་གེའི་ཚུལ་ལ་མཁས་པར་བྱེད་པ་སྟེ། འོག་ཏུ་རྒྱས་པར་འཆད་པ་ལས་ཤེས་སོ། །ཚོགས་འདི་དག་ནི་བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས་ཏེ། དེའང་བྱང་སེམས་ཀྱི་ཚུལ་ཁྲིམས་


TN01_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གསུམ་ལས་དང་པོ་གསུམ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། ཕྱི་མ་གཅིག་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱིས་བསྡུས་སོ། །གོ་བདེ་བ་གཙོ་བོར་བཏོན་ནས་དེ་ལྟར་བཤད་ཀྱི། སྒོ་མཐའ་ཡས་པའི་གཟུངས་འགྲེལ་གྱི་ཚིག་ཟིན་དངོས་ནི། ཁྲིམས་ལྡན་དེ་ཡི་མི་མཐུན་ཕྱོགས། །གཉིས་གྲོལ་དེ་ཡི་འཕེལ་བྱེད་ལྡན། །ཞེས་དང་པོ་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དང་། བར་པ་གཉིས་མི་མཐུན་ཕྱོགས་ལས་བསྡམས་པའི་ཁྱད་པར་དང་། ཐ་མ་ཚུལ་ཁྲིམས་འཕེལ་བར་བྱེད་པའི་ཁྱད་པར་ཞེས་བྱ་སྟེ། རིམ་བཞིན་ཚངས་པར་སྤྱོད་པའི་ཚུལ་ཁྲིམས་དང་། དེ་ཡོངས་སུ་དག་པ་ལ་ཕྲག་དོག་དང་སེར་སྣས་མཚོན་པའི་ཆགས་སྡང་གི་ཕྱོགས་རྣམས་ཀྱིས་བར་དུ་གཅོད་པས་དེ་གཉིས་སྤོང་བ་དང་། དཔེར་ན་འདུ་འཛིའི་ཉེས་དམིགས་མཐོང་བའི་ཡིད་ལོག་དེ་དབེན་པ་ལ་དགའ་བས་འཕེལ་བར་བྱེད་པ་ལྟར་ཉེས་སྤྱོད་ལས་ལོག་པའི་སྤོང་སེམས་ཀྱང་དམ་པའི་ཆོས་ཀྱི་རོ་ལ་དགའ་བས་འཕེལ་བར་བྱེད་པས་ན་དེ་ལྟར་བཤད་དམ་བརྟག་གོ། །ཚོགས་སྒྲུབ་ཚུལ་འདི་རྣམས་རྒྱལ་བ་ཚེ་དཔག་མེད་འཁོར་སྒྱུར་གྱི་གཞོན་ནུ་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་དཔལ་དུ་འཁྲུངས་པའི་སྔོན་རབས་མདོ་ཉིད་ལས་གསུངས་ཚུལ་དང་སྦྱར་ན་ངེས་པ་སྟེར་བར་བྱེད་མོད་ཀྱི། ཚིག་ཚོགས་ཆུང་བར་འདོད་ནས་མ་དྲངས་སོ། །སའི་སྟོད་འགྲེལ་དང་ཡུམ་གསུམ་གནོད་འཇོམས་ལས་འདི་བཞི་བདག་གཞན་མཉམ་པ་ཉིད་ཀྱི་བར་ཆད་བཞིའི་


TN01_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་བཞག་པར་བཤད་པའི་བདག་གཞན་མཉམ་པ་ཉིད་ནི་ལྷག་བསམ་དག་པའི་ས་ལ་བྱེད་པ་འདྲའོ། །གཉིས་པ་ལ་གཉིས། ཚོགས་དང་པོ་གསུམ་ལ་སློབ་ཚུལ་དང་། ཚོགས་བཞི་པ་ལ་སློབ་ཚུལ་ལོ། །དང་པོ་ནི། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས་ཆོས་བཞི་པོ་དེ་དག་ཚིགས་བཅད་ཀྱིས་བསྟན་པའི་སྔ་འགྲེལ་དུ། ཉེས་པ་དང་ཕན་ཡོན་བསྟན་པའི་རྒྱུས་ཚུལ་ཁྲིམས་ལ་སོགས་པ་དེ་དག་ལ་འཛུད་དེ། གདུལ་བ་ཞེས་བྱ་བའི་ཚིག་ལྷག་མའོ། །དེའང་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟན་ཏོ། །ཞེས་གདུལ་བྱ་ཚུལ་ཁྲིམས་དང་། དེའི་མི་མཐུན་ཕྱོགས་སྤོང་བ་སོགས་ལ་འཛུད་པ་ནི། ཉེས་དམིགས་དང་ཕན་ཡོན་བསྟན་ནས་བྱེད་པར་གསུངས་ཏེ། འདོད་པ་ལ་སོགས་པའི་ཉེས་དམིགས་དང་། ཚུལ་ཁྲིམས་སོགས་ཀྱི་ཕན་ཡོན་ལེགས་པར་མཐོང་བའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྒོ་ནས་སློབ་པའི་དོན་ནོ། །ཚོགས་དང་པོ་གསུམ་གྱི་མདོ་ནི་སྔར་དྲངས་པའི་ལུང་དེའི་འཕྲོ་ཉིད་ལས། ངན་ཅིང་བདུད་ཀྱི་སྤྱོད་ཡུལ་བ། །འདོད་པ་དྲི་ང་སྤང་བར་བྱོས། །དེ་དག་སེམས་ཅན་དམྱལ་བའི་རྐྱེན། །ངན་སོང་རྣམས་ཀྱི་རྒྱུ་ཡང་ཡིན། །ཤེས་ཀྱི་ཁེ་དང་རྙེད་དང་གྲགས་པའི་ཕྱིར། །ཕ་རོལ་དག་ལ་ཕྲག་དོག་མི་བྱ་སྟེ། །དགའ་བའི་མིག་གིས་སེམས་ཅན་བལྟ་བྱས་ན། །མཐུ་ཆེ་བ་དང་གཟུགས་ཀྱང་མཛེས་པར་འགྱུར། །སེམས་ཅན་གང་དག་ཁ་ཅིག་


TN01_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་འགྱུར་བ། །དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ། །དེ་ལྟས་གང་ལ་སྲེད་པར་འགྱུར་བ་སྤོང་། །སྲེད་པ་སྤང་བ་བྱས་ན་གཟུངས་སུ་འགྱུར། །ཞེས་སོ་སོར་ཚིགས་བཅད་རེས་བསྟན་ཏོ། །དེའང་ཚིགས་བཅད་དང་པོར་མི་མཐུན་ཕྱོགས་ཀྱི་ཉེས་དམིགས་དངོས་སུ་བསྟན་ཅིང་། དེའི་ཤུགས་ཀྱིས་གཉེན་པོའི་ཕན་ཡོན་དང་། གཉིས་པར་དེ་ལས་བཟློག་ནས་དང་། གསུམ་པར་གཉིས་ཀ་དངོས་སུ་སྨོས་ནས་བསྟན་པར་འགྲེལ་པ་ལས་སོ། །དེ་ལ་དང་པོའི་དོན་ནི། འདོད་པའི་ཕུན་ཚོགས་རྣམས་མྱུར་དུ་འཇིག་ཅིང་འབྲལ་ལ། འཕྲལ་གྱི་བདེ་བ་ལ་ཆགས་པའི་བླུན་པོ་དགའ་བྱེད་ཙམ་དུ་ཟད་པས་ན་ངན་པ་སྟེ་མནོག་ཆུང་ཞིང་། སྒོ་དེ་ནས་ལྷའི་བུའི་བདུད་རྣམས་འོང་བས་ན་བདུད་ཀྱི་སྤྱོད་ཡུལ་བ་དང་། དམ་པས་སྨད་པའི་སྡིག་པ་དང་ཉོན་མོངས་པ་ཕྱི་ས་ལྟ་བུ་རྣམས་དང་འབྲེལ་བས་དྲི་ང་བ་དང་། སེམས་ཅན་དམྱལ་བ་དང་། གཞན་ཡང་ངན་སོང་གི་འགྲོ་བ་བརྒྱུད་མར་ལེན་པར་བྱེད་པ་དང་། ཡང་ངན་སོང་གི་རྒྱུ་ཞེས་པ་ནི་མ་རུང་བར་འགྱུར་བའི་རྒྱུ་ལའང་བཤད་པས། འདོད་ཕྱིར་འཇིག་རྟེན་བཅིང་དང་གསོད་པར་འགྱུར། །ཞེས་སོགས་གསུངས་པ་ལྟར་ཚེ་འདིར་ཡང་སྡུག་བསྔལ་མི་བཟད་པ་མང་པོའི་སྒོར་གྱུར་པ་ལ་སྦྱང་བར་བྱ་སྟེ། འདི་རྣམས་གཙོ་བོར་ཁྱིམ་ན་གནས་པའི་ཉེས་དམིགས་ཀྱི་དབང་དུ་བྱས་སོ། །དེ་དག་གིས་འཕངས་པའི་རབ་ཏུ་བྱུང་བའི་ཚུལ་ཁྲིམས་ཀྱི་ཕན་ཡོན་ནི། །ཇི་ལྟར་


TN01_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པ་དེ་ལྟར་འཕེལ་ཞིང་ཡུན་རིང་པོར་རྗེས་སུ་འབྲེལ་བ་དང་། དམ་པའི་ཡིད་ལ་དགའ་བ་དཔག་མེད་སྟེར་བས་ན་བཟང་བ་དང་། བདུད་རྣམས་ཀྱིས་མི་ཐུབ་པའི་སྲུང་བ་དམ་པར་འགྱུར་བ་དང་། གཙང་ཞིང་ཡིད་དུ་འོང་བའི་ཡོན་ཏན་གྱི་གྲགས་པ་རྫི་ཕྱོགས་ཡིན་མིན་ཀུན་ཏུ་ལྡང་བ་དང་། མཐོ་རིས་དང་ཐར་པའི་འཇུག་ངོགས་སུ་བསྡགས་པ་དང་། ཚེ་འདིར་ཡང་བདེ་བ་དང་ཡིད་བདེ་བ་མང་བ་སྟེ། དེ་ལྟར་ཤེས་ནས་རབ་ཏུ་འབྱུང་བ་ལ་བསམ་པ་ངེས་པར་བྱའོ། །ཚིགས་བཅད་གཉིས་པའི་དོན་ནི། ཤེས་ཀྱི་ཁེ་དང་རྙེད་གྲགས་སོགས་ཀྱི་ཕྱིར་གཞན་ལ་ཕྲག་དོག་བྱེད་པ་རྣམ་པ་ཐམས་ཅད་དུ་སྤོང་ཞེས་དགག་ཕྱོགས་ནས་དང་། གཞན་གྱི་ཕུན་ཚོགས་ལ་དགའ་བ་རྒྱས་པའི་མིག་གིས་བལྟ་བར་བསླབ་བོ་ཞེས་སྒྲུབ་ཕྱོགས་ནས་གདམས་ཏེ། དེ་ལྟར་སློབ་པའི་འཐད་པའང་། གཞན་གྱི་ཕུན་ཚོགས་དེ་དག་ཉིད་རང་ལ་ཕུན་ཚོགས་མང་པོ་འབྱུང་བའི་སྒོར་འགྱུར་བའི་ཕྱིར་ཏེ། དགའ་བ་དེའི་འབྲས་བུ་ལོངས་སྤྱོད་དང་། གཉེན་བཤེས་རྩ་ལག་དང་། འཁོར་མང་བའི་དབང་ཕྱུག་གི་མཐུ་ཆེན་པོ་དང་། གཟུགས་མཛེས་ཤིང་གཟི་བརྗིད་ཀྱི་དཔལ་དང་ལྡན་པ་འཐོབ་པར་འགྱུར་བའི་ཕྱིར་རོ་ཞེས་གསུངས་ནས། དེའི་ཤུགས་ཀྱིས་ཕྲག་དོག་ཤས་ཆེར་སྤྱད་ན་མཐུ་ཆུང་ཞིང་གཟུགས་ངན་པར་སྐྱེ་བས་གཞན་གྱི་ལེགས་ཚོགས་ཐམས་ཅད་རང་སྡུག་བསྔལ་བའི་གཞི་ཁོ་ནར་འགྱུར་བར་བསྟན་ཏོ། །འདི་ནི་རིན་ཆེན་ཕྲེང་བ་ལས་ཀྱང་། ཕྲག་དོག་


TN01_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་གཟི་ཆུང་ཉིད། །ཅེས་གསུངས་སོ། །གསུམ་པའི་དོན་ནི། ཉེ་རིང་བར་མའི་སེམས་ཅན་ཕལ་ཆེར་ཕན་ཚུན་མི་མཐུན་པར་གྱུར་ནས་རྩོད་པ་དང་། དེའི་དབང་གིས་སེམས་ཞི་བ་མི་འཐོབ་ཅིང་། །སྡུག་བསྔལ་གྱིས་དུས་འདའ་བ་ནི་ཟང་ཟིང་གི་ཡོ་བྱད་ཡོངས་སུ་འཛིན་པའི་ཉེས་དམིགས་ཡིན་ཏེ། འཛམ་གླིང་གི་མི་ལ་རྩོད་པ་བྱུང་བའི་ཐོག་མ་ཡང་ལོ་ཏོག་ཡོངས་སུ་གཟུང་བའི་ཉེས་པར་ལུང་ལས་གསུངས་སོ། །ཟང་ཟིང་གི་ཡོ་བྱད་ནི་སའི་དངོས་གཞི་ལས་བཞི་གསུངས་པ་ལྟར་སེམས་ཅན་དང་སེམས་ཅན་མ་ཡིན་པ་གཉིས་ཀ་ཡོད་དོ། །གཞི་དང་རྩ་བའི་སྒྲ་གཉིས་ནི་མདོ་འགྲེལ་ལས་དངོས་བརྒྱུད་གཉིས་ལ་བཤད་པས་ཡོངས་སུ་འཛིན་པ་གནོད་པའི་སྒོར་འགྱུར་ཚུལ་གཅིག་ཏུ་མ་ཆད་པར་སྟོན་པའོ། །ལྷག་བསམ་བསྐུལ་བ་ལས་ལོག་པར་དད་སེལ་གྱི་གསུང་རབ་ལ་རབ་ཏུ་བྱུང་བ་དྲུག་ཅུས་དགེ་སློང་ཆོས་སྨྲ་བ་གཉིས་ལ་རྙེད་བཀུར་གྱི་གཞི་ལས་ཕྲག་དོག་དང་སེར་སྣ་སྐྱེས་ཏེ་སྐུར་པ་བཏབ་པའི་རྒྱུས་ཡུན་རིང་པོར་དམྱལ་བར་འཁོར་ཞིང་། བདེ་འགྲོར་འོང་བ་ན་ཡང་ཡིད་རྟུལ་བ་དང་བརྗེད་ངས་མང་བ་སོགས་སུ་གྱུར་པར་གསུངས་པ་ལྟ་བུ་ཕྲག་དོག་སེར་སྣ་གཉིས་ཆར་ལས་བྱུང་བའི་ཉེས་དམིགས་ཀྱང་ཡོད་དོ། །དེའི་ཕྱིར་གཞི་གང་ལས་ཡོངས་འཛིན་གྱི་ཆགས་པ་འཕེལ་ཞིང་སེར་སྣའི་སྒྲོག་གཅད་པར་དཀའ་བའི་དངོས་པོ་དེ་དག་ལ་ཉེས་དམིགས་ཀྱི་འདུ་ཤེས་བཞག་སྟེ་འགོ་བའི་ནད་བཞིན་དུ་སྤང་བར་བྱ་བར་གསུངས་སོ། །


TN01_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་འཇིག་རྟེན་གྱི་ཟང་ཟིང་ལ་མ་ཆགས་ན་བརྗེད་ངས་ཀྱི་གཡེང་བ་དགག་ནུས་ཤིང་། གཟུངས་ཀྱི་རྒྱུའི་གཙོ་བོ་ཆོས་ཚོལ་གྱི་སྤྱོད་པ་ཁྱད་པར་ཅན་གྱི་སྣོད་དུ་འགྱུར་བས་སྲེད་པ་སྤོང་བ་འདི་ཚོགས་བཞི་པ་རྣམ་པར་དག་བྱེད་དུ་འགྱུར་ཞེས་བཤད་ནས་ཕན་ཡོན་འདི་ཚོགས་གོང་མ་གཉིས་ལའང་སྦྱར་རོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང་། དེ་ཉིད་རྣམ་གྲངས་གཞན་ལ་བརྟེན་ནས་བཤད་པའོ། །དང་པོ་ནི། གལ་ཏེ་བྱང་ཆུབ་འདོད་ན་གཞན་མ་སེམས། །ཉིན་དང་མཚན་དུ་ཆོས་ནི་བཙལ་བར་བྱོས། །ཆོས་ཚིག་འདི་འདྲ་འདི་དག་རྟེན་བྱེད་ན། །དེ་ལ་གཟུངས་ནི་མངོན་དུ་འགྱུར་བར་འོང་། །ཞེས་པའོ། །དེ་ལ་རྐང་པ་དང་པོས་ནི་བསམ་པ་ཕུན་ཚོགས་སྟོན་ཏེ། བླ་མེད་བྱང་ཆུབ་ཀྱི་ཕྱིར་ཆོས་ཁོ་ན་སེམས་ཤིང་འདོད་པའོ། །ཡང་དེའི་ཕྱེད་ཕྱི་མ་དང་གཉིས་པས་རྟག་འགྲུས་གཉིས་ལྡན་གྱི་སྦྱོར་བ་ཕུན་ཚོགས་སྟོན་པ་ལས། གཞན་མ་སེམས་ཞེས་པ་ནི་གཉིད་དང་བྲེ་མོའི་གཏམ་ལ་དགའ་བ་སོགས་རིང་དུ་སྤོང་བ་སྟེ་འགྲུས་པར་བྱེད་པ་དང་། ཉིན་དང་མཚན་དུ་ཞེས་པ་ནི་རྟག་ཏུ་རྒྱུན་མི་འཆད་པར་བྱེད་པ་སྟེ། ཆོས་ནི་བཙལ་བར་བྱོས་ཞེས་པ་དེ་གཉིས་ཀའི་མཐར་སྦྱར་རོ། །དེས་ནི་ཆོས་ཚོལ་ལ་ཇི་ལྟར་བརྩོན་པའི་ཁྱད་པར་བསྟན་ཏེ། ཆོས་གང་ཚོལ་བ་དང་། ཚོལ་བ་ཉིད་གང་ཡིན་པ་ནི། ཆོས་ཚིག་འདི་འདྲ་འདི་དག་ཅེས་པ་དང་། རྟེན་བྱེད་ན་ཞེས་པ་གཉིས་ཏེ།


TN01_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱི་སྒོ་སོགས་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་སྟོན་པའི་ཐེག་ཆེན་གྱི་གསུང་རབ་ལ་ཐོས་པ་ཚོལ་བའི་སྒོ་ནས་རྒྱ་ཆེར་རྟེན་ཅིང་མཁས་པར་བྱེད་པའོ། །དེའི་ཚུལ་རྒྱས་པར་ན་འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ་ལས། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་སེམས་གཟུངས་ཐོབ་པ་རྟག་ཏུ་མི་བརྗེད་པར་སྤྱོད་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཟུངས་ཡོངས་སུ་སྦྱང་བ་བྱ་བས་གཟུངས་འཐོབ་པར་འགྱུར་ཏེ། དེ་ལ་གཟུངས་ཡོངས་སུ་སྦྱོང་བ་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་ལ་བབས་པ་དང་། མང་དུ་ཐོས་པ་རྣམས་ལ་སྟེན་ཅིང་བསྙེན་ལ་བསྙེན་བཀུར་བྱེད་པ་དང་། སློབ་དཔོན་དང་མཁན་པོ་རྣམས་ལ་ང་རྒྱལ་མེད་ཅིང་བཙུན་པར་གུས་པར་བྱེད་པ་དང་། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། རྗེས་སུ་བསྟན་པ་རྣམས་ལ་བཀའ་བློ་བདེ་ཞིང་མཐུན་པར་འཛིན་པ་དང་། ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པ་ཙམ་དུ་སེམས་ཤིང་འཁྲུལ་པ་མི་ཚོལ་བ་དང་། ཀུན་འཛིན་པ་དང་ཀློག་པ་དང་སྟོན་པ་ལ་ལེ་ལོ་མེད་པ་དང་། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་ཅིང་ཟང་ཟིང་མེད་པར་ཆོས་སྦྱིན་པ་དང་ཞེས་འབྱུང་བ་ལ་སོགས་པ་ལྟར་རིག་པར་བྱའོ། །ཡང་ན་རྐང་པ་དང་པོ་གཉིས་ཀྱིས་རྒྱལ་སྲས་རྟག་ཏུ་ངུ་ལྟར་ལས་སུ་བྱ་བ་གཞན་མེད་པར་ཆོས་འབའ་ཞིག་འཚོལ་བ་དང་།


TN01_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་གསུམ་པས་བཙལ་བས་རྙེད་ནས་འགྲེལ་པར་དབུས་མཐའི་ལུང་དྲངས་པ་ལྟར་ཆོས་སྤྱོད་བཅུས་ཆོས་དེ་དག་ལ་མང་དུ་གནས་པར་སྟོན་ཏོ། །དེ་ལྟར་སློབ་པའི་འཐད་པའམ་བསླབ་པ་ལས་ཕན་ཡོན་གང་འབྱུང་བ་ནི་རྐང་པ་བཞི་པས་སྟོན་ཏེ། བློ་གོམས་པའི་རྗེས་སུ་བྱེད་པས་གོང་ནས་གོང་དུ་ཐོས་པ་འཛིན་པའི་མཐུ་ཇེ་ཆེར་རྒྱས་ནས་གཟུངས་འཐོབ་པའོ། །ཆོས་ཚོལ་གྱི་སྤྱོད་པ་ལས་གཟུངས་སྐྱེ་བའི་ཚུལ་གཞན་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་ལས། སྤྱོད་པ་དེས་ཞིང་གཞན་ན་བཞུགས་པའི་སངས་རྒྱས་རྣམས་མཉེས་ནས་ཞལ་སྟོན་ཅིང་གཟུངས་ཀྱི་སྒོ་སྦྱིན་པར་མཛད་ཚུལ་དྲང་སྲོང་ཆེན་པོ་བླ་མའི་སྐྱེས་རབས་དང་སྦྱར་ནས་རྒྱས་པར་གསུངས་ཤིང་། གཟུངས་ཀྱི་སྒོའི་གླེགས་བམ་དག་ཀྱང་རི་དང་རི་སུལ་དང་ཤིང་རྣམས་ལས་རྙེད་པར་འགྱུར་བ་དང་། སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་སྤོབས་པ་ཉེ་བར་སྒྲུབ་པ་ཡང་གསུངས་སོ། །མདོ་དེར་ཆོས་ཚོལ་ལ་བརྩོན་པའི་རྒྱལ་སྲས་རྣམས་ལ་སངས་རྒྱས་དང་ལྷ་རྣམས་ཀྱིས་ཚེ་དང་སྟོབས་སྒྲུབ་པར་བྱེད་ཅིང་། རྒ་བ་དང་ནད་ཀྱང་སེལ་བར་མཛད་པར་གསུངས་ཏེ། གཞི་བསྡུ་བར། དྲན་པའི་སྟོབས་དང་ལྡན་པའི་རྒྱུ་ནི་གསུམ་སྟེ། ན་གཞོན་པ་དང་། སྔོན་གྱི་ཚེ་རབས་ལ་གོམས་པ་དང་། ཚེ་འདི་ལ་གོམས་པའོ། །ཞེས་ན་གཞོན་པ་དྲན་པ་གསལ་བའི་རྒྱུར་བཤད་པ་སོགས་ཀྱི་རིགས་པ་སྦྱར་ན་དེ་དག་


TN01_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དྲན་པའི་མཐུ་སྐྱེད་ཅིང་གནོད་པ་སེལ་བའི་ཕྱོགས་སུ་འགྲོའོ། །མདོའི་ཚིགས་བཅད་འདིས་ཕན་ཡོན་བསྟན་ནས་ཆོས་ཚོལ་ལ་འཛུད་པར་འགྲེལ་པ་མཛད་པས་བཞེད་དེ། ཕན་ཡོན་དེ་ལྟར་སེམས་པ་ལ་སྦྱང་བས་ཕན་ཡོན་ཅན་གྱི་ཆོས་ཚོལ་ལ་དོན་གཉེར་གྱི་འདུན་པ་ཆེར་འགྲོ་ཞིང་། དེ་ཇི་ལྟར་སོང་བ་དེ་ལྟར་སྤྱོད་པ་དེས་མི་སྐྱོ་བའི་སྤྲོ་ཤུགས་འཕེལ་བར་འགྱུར་བས་མདོར་ན་བརྩོན་འགྲུས་ཀྱི་ཉམས་ལེན་སྟོན་པར་གསལ་ཏེ། དེའང་ཕན་ཡོན་དེ་ཆོས་ཚོལ་ཙམ་དང་མ་སྦྱར་བར་སྔར་ལྟར་གསུངས་པས་ཆོས་ཚོལ་ཁྱད་པར་ཅན་ལ་འཛུད་པ་ཡིན་ནོ། །ཐོས་པ་ལ་བརྩོན་པའི་ཕན་ཡོན་གཞན་ཡང་མང་མོད་ཀྱི། གཟུངས་འཐོབ་པའི་ཕྱོགས་འབའ་ཞིག་ནས་ཕན་ཡོན་བསྟན་པ་ནི། མདོ་འདི་གཟུངས་འཐོབ་པའི་ཆེད་དུ་ཐོས་པ་འཚོལ་ཚུལ་སྟོན་པའི་སྐབས་ཡིན་ལ། ཚོགས་དེས་གཟུངས་ངེས་པར་འཐོབ་པའང་ཕན་ཡོན་དེ་ཉིད་ལྷག་པར་འདོད་པའི་ཀུན་སློང་ལ་ལྟོས་པར་དགོངས་སོ། །གཉིས་པ་ནི། དེ་ལྟར་ན་གཟུངས་འཐོབ་པའི་རྒྱུ་མཐུན་གྱི་རྒྱུར་ཆོས་ཚོལ་བསྔགས་ལ། དེའང་མི་མཐུན་ཕྱོགས་སྤོང་བ་དང་། མཐུན་ཕྱོགས་སྒྲུབ་པའི་ཐབས་མཁས་ཀྱི་སྒོ་མང་པོས་ཆོས་ལ་ལྷག་པར་གཅེས་སྤྲས་བྱེད་པ་མེད་ན་བོགས་ཆུང་བས་དེའི་རྣམ་གྲངས་ཕྱོགས་ཙམ་སླར་ཡང་གསལ་བར་བརྗོད་པར་བྱ་སྟེ། འདི་ལ་ལྷག་བསམ་བསྐུལ་བར། བཅོམ་ལྡན་འདས་འདི་ལྟར་ལྔ་བརྒྱ་པ་ཐ་མལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་བྱང་ཆུབ་


TN01_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཤེས་རབ་འཆལ་བ་དག་འབྱུང་བར་འགྱུར་ཏེ་སྤོབས་པ་ཡང་ཚོལ་ལ་སྤོབས་པ་ལ་མོས་པར་ཡང་མི་བགྱིད་པ་དང་། གཟུངས་ཀྱང་ཚོལ་ལ་དགེ་སློང་ཆོས་འཛིན་པ་རྣམས་ཀྱི་ཆོས་ལ་ཡང་སུན་འབྱིན་པར་བགྱིད་པ་ནི་ངོ་མཚར་ལགས་སོ། །ཞེས་གཟུངས་སྤོབས་དོན་དུ་གཉེར་ནས་ངལ་བ་སྟེན་ཅིང་། རྒྱུད་ཆོས་སྤོང་ལས་མི་སྲུང་བ་ནི་རྣམ་པར་མི་འཚམ་པའི་སྤྱོད་པ་བཞད་གད་ཀྱི་གནས་སུ་གསུངས་ཤིང་སངས་རྒྱས་མི་སྤང་བའི་མདོའི་ཟླ་བས་བྱིན་གྱི་བྱུང་བ་ལ་སོགས་པ་མང་པོ་ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ལ་བརྙས་པ་དང་ཁོང་ཁྲོ་བས་གཟུངས་དང་བཟོད་པ་སོགས་ལས་ཆེས་རིང་དུ་འགྲོ་བར་གསུངས་ཏེ། འདི་གཉིས་ནི་གཟུངས་ལ་བར་དུ་གཅོད་པའི་ཆོས་མཚུངས་པ་མེད་པ་ཡིན་པས་མི་འབྱུང་བའི་ཐབས་ཚུལ་སྒོ་ཀུན་ནས་ལྷུར་བླང་བར་བྱའོ། །གཞན་ཡང་ཕལ་པོ་ཆེའི་སྤྱོད་པ་བཅུའི་ལེའུར། སྔོན་སེམས་ཅན་གཞན་གྱི་དྲན་པ་དང་ཤེས་རབ་ལ་གནོད་པ་མ་བརྩམས་པས་གཟུངས་འཐོབ་པར་གསུངས་ཏེ། དྲན་ཤེས་ལ་གནོད་པ་ནི། ཆོས་སྦྱིན་དང་ཆོས་ཉན་པ་དང་ཁ་ཏོན་གྱི་བར་ཆད་བྱེད་པ་དང་། ཁ་ཏོན་པ་དང་ཉན་པ་པོ་རྣམས་ལ་གཡེང་བའི་རྐྱེན་ཉེ་བར་བསྒྲུབས་ནས་དྲན་པ་འཁྲུགས་སུ་འཇུག་པ་ལྟ་བུའོ། །དཀོན་མཆོག་སྒྲོན་མེར་གཟུངས་ཀྱི་འོད་ཟེར་གྱི་རྒྱན་འཐོབ་པའི་རྒྱུ་ལ། ཆོས་སྨྲ་བ་རྣམས་ཀྱི་དཔུང་དང་གྲོགས་བྱེད་པ་དང་། ཆོས་ཀྱིས་སེམས་ཅན་རྣམས་ལ་སྲུང་


TN01_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱེད་པ་གཉིས་གསུངས་ཤིང་། དེའི་ཕྱི་མ་ནི་གསེར་འོད་དམ་པ་ལས་ཆོས་སྦྱིན་གྱིས་འཇིག་རྟེན་སྐྱོང་བ་རྣམས་ལ་ཕན་བཏགས་པའི་སྒོ་ནས་ཡུལ་འཁོར་སྲུང་སྐྱོབ་སྦེད་གསུམ་བྱེད་ཚུལ་རྒྱས་པར་འབྱུང་བ་ལྟ་བུ་ཡིན་ནམ་སྙམ་མོ། །ལེགས་ཚོགས་བསོད་ནམས་ལས་འབྱུང་ཞིང་བསོད་ནམས་མཐའ་ཡས་པ་མྱུར་དུ་སྡུད་པའི་སྒོར་ཕུང་པོ་གསུམ་པའི་ཐབས་མཁས་བསྔགས་ཏེ། བྱང་སེམས་གཟུངས་འདོད་པས་ཀྱང་དེ་དག་ལ་མང་དུ་བརྟེན་པར་བྱ་བར་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་དང་། སངས་རྒྱས་མི་སྤང་བའི་མདོ་ལས་བཤད་དོ། །དེའང་མདོ་རྒྱན་དབྱིག་འགྲེལ་དུ་ཕར་ཕྱིན་དྲུག་ལ་སྦྱར་ནས་བཤད་པ་འདོན་པ་བསྒྱུར་ན། ཐེག་པ་ཆེན་པོའི་ཆོས་དང་གང་ཟག་ལ་སྨོད་པ་སོགས་ཆོས་ཀྱིས་ཕོངས་པའི་ལས་སྒྲིབ་རྣམས་དུས་གསུམ་དུ་བཤགས་ཤིང་བསྡམ་པ་དང་། སེམས་དཔའ་ཆེན་པོ་རྣམས་ཀྱི་དམ་ཆོས་འཛིན་པའི་སྤྱོད་པ་ལ་ཡི་རང་སྒོམ་པ་དང་། རྒྱལ་བ་ཐམས་ཅད་ལ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་ཆོས་རྒྱ་ཆེར་སྟོན་པར་སྐུལ་ཞིང་གསོལ་བ་འདེབས་པ་སྟེ་གསུམ་མོ། །དཀོན་མཆོག་བརྩེགས་པའི་ལེའུ་གཉིས་པར། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ཀྱང་གཟུངས་ཀྱི་སྒོའི་ཆོས་རིམ་པར་ཕྱེ་བ་འདི་སྟོན་པར་མཛད། སྟོན་པར་མཛད་པར་འགྱུར་རོ། །ཞེས་ཆོས་སྟོན་པའི་ཁྱད་པར་དང་། དད་པའི་སྟོབས་


TN01_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ལ་འཇུག་པའི་མདོར། ནོར་བུ་རིན་པོ་ཆེའི་རྒྱལ་པོ་གཟུངས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པའི་ཁ་དོག་གིས་འདུལ་བ་རྣམས་ལ་དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་གཟུངས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོགས་པའི་ཁ་དོག་ཏུ་སྟོན་པ་ལ་ཐོགས་པ་མེད་དོ། །ཞེས་ཁ་དོག་གི་ཁྱད་པར་དང་། ཕལ་པོ་ཆེ་ལས། སེམས་ཅན་ལ་ལ་ལ་ནི་འོད་ཟེར་གྱི་གློག་གི་ཕྲེང་བ་གཟུངས་ཀྱི་སྒོ་མི་ཟད་པ་ལ་འཇུག་པ་ཞེས་བྱ་བ་འགྱེད་དོ། །ཞེས་འོད་ཟེར་གྱི་ཁྱད་པར་དང་། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོར། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་གཟུངས་ཀྱི་སྒོ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མར་མེའོ། །ཞེས་ཐུགས་ཀྱི་ཡོན་ཏན་དཔེའི་ཁྱད་པར་གྱིས་མཚོན་ནས་གསུངས་ཏེ། དེ་དག་ལ་སོགས་པའི་རྣམ་པས་སངས་རྒྱས་རྗེས་དྲན་ཡང་དང་ཡང་དུ་སྒོམ་པ་ནི་རྒྱལ་བ་ཉིད་ལས་མངོན་སུམ་དུ་གཟུངས་འཐོབ་པའི་དགེ་རྩ་སོག་པ་ལ་ཁྱད་ཆེ་བ་འདྲ་ཞིང་། ལྷག་པར་རྒྱུའི་སྟོབས་དམན་པས་གཟུངས་ཤིན་ཏུ་རྙེད་པར་དཀའ་བའི་དུས་སུ། རྐྱེན་ཁྱད་པར་ཅན་སངས་རྒྱས་ཀྱི་མཐུ་ལ་བརྟེན་པ་ནི་ཐབས་ཀྱི་མཆོག་སྟེ། རྟེན་དང་བསམ་པ་སོགས་དམན་པས་ཀྱང་ཞིང་གི་དབང་གིས་འབྲས་བུ་ཆེན་པོ་བདེ་བླག་ཏུ་འཐོབ་པའི་ཕྱིར་ཏེ། དཀོན་མཆོག་བརྩེགས་པར་དེ་བཞིན་གཤེགས་པ་འོད་དཔག་མེད་དང་། སྤོབས་པ་དཔག་མེད་བཀོད་པ་ཡང་དག་པར་སྤྱོད་པའི་བློའི་མཚན་ཐོས་པ་ཁོ་ནས་གཟུངས་


TN01_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུ་བཟུང་བར་འགྱུར་བར་བསྟན་པ་བཞིན་ནོ། །བྱང་སེམས་ཁྱིམ་པས་ཀྱང་འདི་དག་ལ་ཇི་ལྟར་རིགས་པར་སློབ་ཅིང་། ཁྱད་པར་དུ་སྦྱིན་པའི་ཕར་ཕྱིན་ལས་གཟུངས་སྐྱེད་པར་གསུངས་པ་རྣམས་ལ་ནན་ཏན་བྱེད་དེ། དེའང་རྒྱལ་པོའི་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པར་རྒྱན་སྣ་ཚོགས་ཀྱི་སྦྱིན་པ་དང་། སློང་བ་ལ་བུ་མོ་རྒྱན་གྱིས་བརྒྱན་པ་བྱིན་པས་གཟུངས་འཐོབ་པར་གསུངས་ཤིང་། རིན་ཆེན་ཕྲེང་བ་ལས་ཀྱང་། བུ་མོ་གཟུགས་མཛེས་ལེགས་བརྒྱན་པ། །དེ་དོན་གཉེར་བ་རྣམས་སྩལ་ན། །དེས་ནི་དམ་ཆོས་ཡོངས་འཛིན་པའི། །གཟུངས་ནི་སོ་སོར་ཐོབ་པར་འགྱུར། །ཞེས་གསུངས་པ་དང་། རྒྱ་ཆེར་རོལ་པ་དང་། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ལས་སྣོད་སྤྱད་ཀྱི་སྦྱིན་པ་དང་། བློ་གྲོས་མི་ཟད་པས་བསྟན་པར་མེ་ཏོག་གི་ཕྲེང་བའི་སྦྱིན་པ་གཟུངས་ཀྱི་རྒྱུར་གསུངས་པ་དང་། མདོ་ཕྱི་མར་མཛོད་དང་བང་བའི་སྦྱིན་པས་དམ་པའི་ཆོས་ཀྱི་མཛོད་སྒྲུབ་པར་གསུངས་པའི་འགྲེལ་པར། གང་དུ་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་རྣམས་གནས་ཤིང་འཛིན་པའི་ས་ནས་དེ་ནི་དམ་པའི་ཆོས་ཀྱི་མཛོད་དང་བང་བ་ཞེས་བྱ་སྟེ། དེའང་བྱང་ཆུབ་སེམས་དཔའི་ཤེས་རབ་དང་དྲན་པ་གཉིས་ལ་བྱའོ། །ཞེས་འབྱུང་བ་ལྟ་བུ་སྟེ། རྒྱས་པར་མདོ་སྡེ་བལྟ་བར་བྱའོ། །དེ་དག་གང་ཡང་དམ་ཆོས་མཐའ་དག་འཛིན་པའི་གཟུངས་ཀྱི་ཆེད་དུ་བསྔོ་བ་སྟེ་སྒྱུར་བར་བྱེད་པའི་སྨོན་ལམ་གྱིས་ཁྱད་པར་དུ་བྱ་བ་


TN01_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་ཏེ། རྡོ་རྗེ་རྒྱལ་མཚན་གྱི་མདོར་བསྔོ་བའི་ཁོག་ནས་གསུངས་ཤིང་། བློ་གྲོས་མི་ཟད་པས་བསྟན་པར་ཡང་གཟུངས་ཀྱི་ཕྱིར་དམིགས་ནས་བྱས་པ་དགོས་པར་གསུངས་སོ། །མང་ཐོས་སྒྲུབ་པའི་ཚོགས་འདི་དག་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་གཞག་བྱ་ཚུལ་ཡང་བསྐལ་པ་བཟང་པོའི་མདོ་ལས་འབྱུང་སྟེ། དེ་ཉིད་ལས། དེ་ལ་མང་དུ་ཐོས་པ་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གདམས་ངག་དང་ལྡན་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །ཆོས་ཡོངས་སུ་གཟུང་བའི་དོན་དུ་ལུས་དང་སྲོག་གཏོང་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །དམ་པའི་ཆོས་ནུབ་པའི་དུས་ཀྱི་ཚེ་ཆོས་ཡོངས་སུ་གཟུང་བའི་དོན་དུ་གང་བྱང་ཆུབ་སེམས་དཔའ་བདག་ཉིད་ཡོངས་སུ་གཏོང་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །གཟུངས་དང་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བས་རབ་ཏུ་ཕྱེ་བའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །སོ་སོ་ཡང་དག་པར་རིག་པས་རབ་ཏུ་ཕྱེ་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ་དྲུག་གོ། །ཞེས་གསུངས་ཏེ། དེ་ལ་དང་པོ་ནི། གཞན་དག་ཟང་ཟིང་གིས་བསྡུ་བ་ན་ཡང་གདམས་ངག་སྦྱིན་པའི་སྔོན་འགྲོར་བྱས་ཏེ་གཏོང་བ་དང་། གཉིས་པ་ནི། དམ་ཆོས་འཛིན་པའི་བརྟུལ་ཞུགས་སྲོག་གི་ཕྱིར་ཡང་མི་གཏོང་བ་དང་། གསུམ་པ་ནི། ཆོས་ཀྱི་ཕྱིར་ལུས་


TN01_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཏོང་བའི་བར་གྱི་དཀའ་སྤྱོད་བཟོད་པ་དང་། བཞི་པ་ནི། གཟུངས་སྒྲུབ་པའི་ཕྱིར་ཆོས་རྩོལ་ལ་སྤྲོ་བའི་གོ་ཆ་བགོ་བ་དང་། ལྔ་པ་ནི། ལུས་ཅན་རྣམས་མ་རིག་པའི་རྩ་བ་ཅན་གྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རིམ་པས་འཁོར་བར་འཁོར་ཚུལ་ཤེས་ནས་དེ་རྣམས་ཀྱི་མ་རིག་པ་བསལ་བའི་ཆེད་དུ་ཐོས་པ་འཚོལ་བ་ཡིད་ལ་བྱེད་པའི་ཡིད་བྱེད་དང་མ་བྲལ་བ་དང་། དྲུག་པ་ནི། བྱང་སེམས་ཇི་ལྟར་ཐོས་པའི་ཆོས་རྣམས་བདེན་མེད་རྟོགས་པའི་ཤེས་རབ་ཀྱི་རྒྱས་བཏབ་སྟེ་གོམས་པར་བྱས་པས་སོ་སོ་ཡང་དག་རིག་བཞི་འཐོབ་པར་མདོ་གཞན་ལས་གསུངས་པས་དེ་ལྟར་སྦྱོར་རམ་བརྟག་པར་བྱའོ། །གསུམ་པ་ནི། གཟུངས་སྐྱེད་པའི་ཐབས་ཕུལ་དུ་བྱུང་བ་ནི་ཏིང་ངེ་འཛིན་སྒྲུབ་པའི་མན་ངག་བཞིན་ཤེས་པར་བྱ་སྟེ། འདི་ལྟར་གང་ལ་དམིགས་ནས་བསྒོམ་ན་མང་དུ་ཐོས་པ་སྔོན་དུ་འགྲོ་བའི་ཆོས་ཐམས་ཅད་རྫོགས་པར་བྱེད་པ་ཞེས་སངས་རྒྱས་རྣམས་ལས་གདམས་ངག་རྒྱ་ཆེན་པོ་འཛིན་ནུས་པར་འགྱུར་བའི་དམིགས་པ་ཁྱད་པར་ཅན་དུ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་རྒྱ་ཆེར་བསྔགས་པ་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ཅན་ལྟ་བའི་དམིགས་པ་གཅིག་ལ་དྲན་པ་བརྟེན་ནས་ཡིད་ལེགས་པར་གཏོད་པར་བྱ་སྟེ། དེའང་བྱིང་རྒོད་ཕྲ་མོ་ནས་མ་བཅད་ན་སེམས་དམིགས་པ་ལ་དམ་དུ་འདོགས་ནུས་པ་དང་། རྒྱུན་ལྡན་དུ་འདོགས་ནུས་པའི་དྲན་པ་ཤུགས་ཅན་མི་སྐྱེ་ལ། དེ་འདྲའི་


TN01_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་མེད་ན་བརྗེད་ངས་ཀྱི་གཡེང་བ་ཚར་མི་ཆོད་པས། བྱིང་རྒོད་བྱུང་ངམ་མ་བྱུང་རྟོག་པའི་ཤེས་བཞིན་གྱི་བྱ་ར་བཞག་སྟེ། བྱིང་བ་སྐྱེས་སམ་སྐྱེར་ཕྱོགས་ན་ཤེས་པ་གཟེངས་སྟོད་ཅིང་། རྒོད་པ་བྱུང་ངམ་འབྱུང་དུ་ཉེ་ན་རྩ་བའི་དམིགས་པ་ལ་བསྡུ་བ་སོགས་ཇི་ལྟར་རིགས་པའི་གཉེན་པོ་ལྷུར་བླང་བ་དང་། སྐྱོན་དེ་གཉིས་ཞི་ནས་རྣལ་དུ་འཇུག་པའི་ཚེ་རང་བབས་སུ་བཞག་ནས་བསྒོམ་པས། རིམ་གྱིས་གནས་ཆ་ཆེར་སོང་སྟེ་ཤིན་སྦྱང་རྫོགས་པའི་ཏིང་ངེ་འཛིན་གྲུབ་པ་ན་དྲན་པ་དབང་གྱུར་ཐོབ་པ་སྟེ། ཏིང་ངེ་འཛིན་དེ་ནི་དྲན་པ་དེའི་གནས་ཡིན་ཞིང་། དེ་ཕན་ཆད་སེམས་རླུང་མེད་པའི་མར་མེ་བཞིན་དུ་ཤེས་རབ་ཀྱི་སྣང་བ་སྤྲོ་བ་ལ་མཐུ་དང་ལྡན་པ་ཡིན་ནོ། །དེ་ནས་འཇིག་རྟེན་པའི་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་བསམ་གཏན་གྱི་དངོས་གཞི་ཐོབ་པ་ན་དེ་བས་ཀྱང་གོང་ནས་གོང་དུ་དྲན་པ་ལ་གསལ་བརྟན་གྱི་ཡོན་ཏན་ཇེ་ཆེར་སྐྱེ་བ་ནི། བསམ་གཏན་དང་པོར་རྟོག་དཔྱོད་ཀྱིས་བསླད་པས་ཡན་ལག་ཏུ་མ་བཞག་ཅིང་། གཉིས་པར་རྟོག་དཔྱོད་ཀྱི་ས་ལས་འདས་པས་ཡན་ལག་ཏུ་བཞག་ཀྱང་དགའ་བའི་གཡོ་བ་དང་བཅས་པས་རང་མིང་གིས་མ་སྨོས་པར་རབ་དྭངས་ཞེས་པའི་ཁོངས་སུ་བསྡུས་ནས་བསྟན་པ་དང་། གསུམ་པར་དགའ་བ་སྤངས་པས་རང་མིང་གིས་སྨོས་ནས་ཡན་ལག་ཏུ་བཞག་པ་དང་། བཞི་པར་གཡོ་བའི་སྐྱོན་བརྒྱད་དང་བྲལ་བས་དྲན་པ་ཡོངས་དག་ཅེས་ཡོངས་དག་གི་ཁྱད་པར་སྦྱར་བར་གསུངས་པས་ཤེས་ལ། དེ་དག་


TN01_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡང་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་ཤེས་རབ་ཀྱང་ཁྱད་པར་དུ་འགྲོ་བ་བདག་རྐྱེན་མིག་དབང་ཇི་ལྟར་དྭངས་པ་ལྟར་དེའི་མིག་ཤེས་གསལ་བར་འབྱུང་བ་བཞིན་ཏེ། འདི་དག་གིས་དཔགས་ནས་བདག་མེད་རྣམ་ཅན་གྱི་ཞི་ལྷག་ཟུང་འབྲེལ་སོགས་ལས་དྲན་ཤེས་ཕུལ་བྱུང་སྐྱེ་བའི་ཚུལ་ཡང་ཤེས་པར་བྱ་སྟེ། རྒྱས་པར་ཞི་ལྷག་གི་རྣམ་བཞག་སྟོན་པའི་གཞུང་རྒྱ་ཆེན་པོ་རྣམས་ལས་རྟོགས་པར་བྱའོ། །གཉིས་པ་ལ་ལྔ། གཟུངས་ཀྱི་མཚན་ཉིད་དང་སྒྲ་བཤད། དབྱེ་བ་མདོ་ལས་གསུངས་ཚུལ། བསྟན་བཅོས་སུ་བཞིར་བསྡུས་ཚུལ། དེ་བཞི་སོ་སོའི་རྣམ་བཞག །བྱེད་ལས་བཤད་པའོ། །དང་པོ་ནི། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པར་བྱང་སེམས་ཀྱི་རྒྱན་བཞི་སོ་སོར་གཅིག་ལས་འཕྲོས་པའི་ཚུལ་གྱིས་རྒྱས་པར་གསུངས་པའི་སྐབས་སུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱན་ནི་གཅིག་སྟེ། གཅིག་གང་ཞེ་ན། འདི་ལྟ་སྟེ། དྲན་པ་བརྗེད་པ་མེད་པ་སྟེ། འདི་ནི་གཅིག་གོ། །ཞེས་གསུངས་ཤིང་། མདོ་སྡེ་གཞན་ལས་ཀྱང་དྲན་པའི་ཁྱད་པར་ལ་གཟུངས་སུ་འཇོག་པར་གསུངས་སོ། །དེ་ལ་དྲན་པ་ནི་ཀུན་ལས་བཏུས་སུ། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་སེམས་ཀྱི་བརྗེད་པ་མེད་པ་སྟེ། རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཞེས་དམིགས་རྣམ་བྱེད་ལས་ཀྱི་ཁྱད་པར་གསུམ་གྱི་སྒོ་ནས་བཤད་པ་ལྟར་ཡིན་ལ། དེའི་བྱེ་བྲག་ཇི་འདྲ་ཞིག་གཟུངས་སུ་འཇོག་པ་ནི། རྒྱ་ཆེར་རོལ་པ་ལས། ཐོས་པ་ཐམས་


TN01_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང་། ཞེས་དང་། བརྒྱད་སྟོང་པའི་འགྲེལ་པ་ཟླ་འོད་ལས། མཐའ་དག་གཟུང་བར་བྱེད་པས་ན་གཟུངས་ཀྱི་ཚོགས་སོ་ཞེས་པ་ལྟར། དགེ་བའི་བཤེས་གཉེན་ལས་གདམས་ངག་གང་ཐོས་ཐམས་ཅད་ཆུད་མི་ཟ་བར་འཛིན་པ་ལ་བྱེད་དོ། །གང་ཐོས་འཛིན་ནུས་པ་ནི། གཟུང་བྱའི་ཚིག་དོན་རྒྱས་བསྡུས་མང་ཉུང་དང་། ལན་མང་པོར་ཐོས་པ་ལ་མི་ལྟོས་པར་ཟིན་པའི་དོན་དུ་འགྲོ་བས། རྒྱན་གྱི་འགྲེལ་བཤད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་བཤད་པའི་དོན་དང་ཚིག་རྣམས་ལན་ཅིག་བཤད་པས་ཀུན་འཛིན་པར་ནུས་ཏེ། ཞེས་གཟུངས་ཆུང་ངུའི་ཐད་དུའང་མང་པོ་ཟིན་པ་དང་། ལན་ཅིག་གིས་ཟིན་པ་དགོས་པར་བཤད་དོ། །དེ་ལྟར་ཟིན་པ་ཡང་། རྒྱན་སྣང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ལས། ཐོས་པའི་ཤེས་པས་བདེ་བླག་ཏུ་ངེས་པར་བཟུང་སྟེ། ཤིན་ཏུ་གསལ་བར་ཉམས་སུ་མྱོང་བས་སྐྱེས་པའི་བག་ཆགས་ལས་བྱུང་བ་དྲན་པའི་ཤེས་པ་ལ་བཞག་ནས། ཞེས་གསུངས་པ་ལྟར་ཐོས་པའི་མོད་ལ་བདེ་བླག་ཏུ་གསལ་བར་ངེས་པའི་ཤེས་རབ་ཅིག་མེད་ན་མི་འབྱུང་སྟེ། དེ་མེད་ན་ཇི་ལྟར་ཐོས་པ་ལ་མི་འཁྲུལ་བའི་བག་ཆགས་སྟོབས་ལྡན་འཇོག་བྱེད་མེད་པས་དྲན་པའི་གཟུངས་སྐྱེ་བའི་གཞི་མེད་པའི་ཕྱིར་ཏེ། དྲན་པ་རང་ཡུལ་འདྲིས་པའི་བག་ཆགས་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །དེའང་དང་པོར་ཐོས་དུས་ཤེས་རབ་ཀྱིས་


TN01_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ཙམ་ངེས་པ་དེ་ཙམ་དུ་ཆོས་དེ་འདྲིས་ཕུལ་ཆེ་ཞིང་། ཐོས་རྗེས་ཀྱི་དྲན་པ་ཅི་ཙམ་མཐུ་ཆེ་བ་དེ་ཙམ་དུ་ཤེས་རབ་ཀྱིས་འདྲིས་པའི་ཆོས་དེ་བརྗེད་དཀའ་ཞིང་རིང་དུ་བློ་ལ་གནས་པ་ཡིན་ལ། དྲན་པ་དེ་དང་མཚུངས་ལྡན་དུ་འབྱུང་བའི་ཐོས་བསམ་སྒོམ་པའི་ཤེས་རབ་རྣམས་ཀྱིས་ཀྱང་དྲན་པའི་རྒྱུན་གོང་འཕེལ་དུ་བྱེད་དེ། དེ་ལྟར་བྱས་ན་ཤེས་རབ་ཀྱང་ཐོས་པའི་ཆོས་རྣམས་དྲན་པ་ལ་བཞག་སྟེ་ཆུད་མི་ཟ་བར་བྱེད་པའི་སྒོ་གཙོ་བོར་འགྲོ་བས་ཤེས་རབ་དང་དྲན་པ་གཉིས་ཆར་གཟུངས་སུ་བཞག་པའང་མང་སྟེ། བུ་མོ་རིན་ཆེན་གྱིས་ཞུས་པ་ལས། ཕྱོགས་བཅུ་ཀུན་གྱི་འདྲེན་པ་ཡིས། །དམ་པའི་ཆོས་ནི་གང་བཤད་པ། །གཟུངས་ཐོབ་པས་ནི་དེ་ཐམས་ཅད། །དྲན་པ་དང་ནི་ཤེས་པས་འཛིན། །ཞེས་དང་། རྒྱན་གྱི་འགྲེལ་བཤད་ལས། གཟུངས་ཀྱི་རང་བཞིན་ནི་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་ཏེ། དྲན་པ་དང་ཤེས་རབ་ཁྱད་པར་ཅན་ལ་གཟུངས་ཞེས་བྱའོ། །ཞེས་པ་ལྟ་བུ་སྟེ། ཤིན་ཏུ་གསལ་བ་ནི་འབུམ་ཊཱིཀ་ལས། དེ་ལ་གཟུངས་ཞེས་བྱ་བ་ནི་ཡང་དག་པ་ཉིད་ཀྱི་དོན་དང་ཚིག་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་མི་བརྗེད་པར་འཛིན་པ་ལ་བྱ་སྟེ། ཤེས་རབ་ཀྱིས་ཡང་དག་པའི་དོན་དང་ཚིག་ཕྱིན་ཅི་མ་ལོག་པར་རྟོགས་ནས་དྲན་པས་གཟུངས་སུ་བཟུང་སྟེ། མི་བརྗེད་པར་བྱེད་པའི་ཕྱིར་དངོས་སུ་ན་དྲན་པ་དང་ཤེས་རབ་གཉིས་ལ་གཟུངས་ཞེས་བྱའོ། །ཞེས་དང་། དེའི་གླེང་གཞིའི་བཤད་པའི་ཆོས་གཟུངས་ཀྱི་ཐད་དུ་ཡང་།


TN01_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་བཤད་པ་བཞིན་དུ་ཤེས་རབ་ཀྱིས་ཟིན་ཅིང་དྲན་པས་ཡུན་རིང་པོར་ཡང་མི་བརྗེད་པར་ནུས་པ། ཞེས་བཤད་དོ། །ཤེས་རབ་ཀྱིས་ལན་རེ་བཟུང་བས་ཡུལ་དེ་ལ་དྲན་པ་སྟོབས་ལྡན་སྐྱེད་ནུས་པ་ན། ལོབ་སྐྱེན་པའི་ཡིད་གཞུངས་ཡིན་པས་གཟུངས་ཀྱི་མིང་གི་རྣམ་གྲངས་སུ་ཡིད་གཞུངས་དང་དྲན་འཛིན་ཞེས་ཀྱང་བཤད་དེ། འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་ལས། འཛིན་པའི་ནུས་པ་དང་ལྡན་པས་མི་བརྗེད་པའི་གཟུངས་དང་ལྡན་པའི་བློ་ནི། མེ་དྷཱ་ཡིད་གཞུངས་སམ་དྲན་འཛིན་ཏེ། ཞེས་བཤད་དེ། དྲན་པའི་གཟུངས་མེད་ན་ནི་ཤེས་རབ་བཟང་ཡང་ཐོས་པ་ཆུད་མི་ཟ་བའི་བྱ་བ་དང་མི་ལྡན་པས་གཟུངས་ཀྱི་ཐ་སྙད་འཐོབ་དཀའོ། །རྒྱན་གྱི་འགྲེལ་བཤད་དྲངས་མ་ཐག་པར་དྲན་ཤེས་ཁྱད་པར་ཅན་གཟུངས་སུ་འཇོག་པར་བཤད་པའི་ཁྱད་པར་ཅན་གྱི་དོན་ཡང་དེ་ལྟར་ཡིན་གྱི། སྐབས་འདིའི་དྲན་ཤེས་ཁྱད་པར་ཅན་དང་གཟུངས་ཁྱད་པར་ཅན་གཉིས་གཅིག་ཏུ་བྱས་ནས། གྲོགས་ཞི་གནས་དང་མཚུངས་ལྡན་གྱི་དོན་དུ་འཆད་པ་ནི་འགྲིགས་པར་མི་མངོན་ཏེ། གཟུངས་སྤྱིའི་ངོས་འཛིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་དང་དྲན་པའི་གཟུངས་གཉིས་ཡོད་ཀྱང་དམིགས་ཡུལ་དང་བྱ་བ་ལ་ལྟོས་ནས་གཟུངས་གཅིག་ཏུ་འགྱུར་ཞིང་། གཉིས་ཀའང་ཐོས་པ་ཆུད་མི་ཟ་བར་འཛིན་པའི་ཆ་ནས་བཞག་པས་གཟུངས་ཀྱི་མཚན་ཉིད་མི་འདྲ་བ་གཉིས་སུའང་མི་འགྱུར་རོ། །འོ་ན་གཟུངས་ཀྱི་མཚན་གཞིར་དྲན་


TN01_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་གཞན་མ་བཤད་པ་རྣམས་ཇི་ལྟར་ཡིན་ཞེ་ན། དོན་རྣམ་པར་ངེས་བྱེད་ཤེས་རབ་ཀྱི་རྒྱན་དང་། དེ་མཐར་ཕྱིན་བྱེད་གཟུངས་ཀྱི་རྒྱན་ཞེས་ཕྱེ་བའི་ཚེ། དང་པོར་བླ་མ་ལས་འཛིན་པའི་ཐོས་པའི་ཤེས་རབ་དང་། ཕྱིས་ཀྱི་དྲན་པ་དང་ལྷན་ཅིག་འབྱུང་བའི་ཐོས་བྱུང་སོགས་ཐམས་ཅད་ནི་ཕྱོགས་དང་པོར་གཏོགས་པས་གཟུངས་ཀྱི་རྒྱལ་པོའི་མདོ་སྔར་དྲངས་པ་ལས་དྲན་པ་གཅིག་པུ་གཟུངས་སུ་བསྟན་ཅིང་། ཉི་ཁྲི་སྣང་བ་དང་། རྒྱན་སྣང་ལས་ཀྱང་བསྐལ་པ་མང་པོར་ཆོས་སྟོན་པའི་རྒྱུའི་དྲན་པ་ཡོངས་སུ་གཏུགས་པ་མེད་པར་འགྱུར་བའི་ཕྱིར་དང་། འཛིན་པར་བྱེད་པ་ཞེས་བྱ་བའི་ཚུལ་གྱིས་ན་དྲན་པས་ཀྱང་གཞུང་དང་དོན་འཛིན་པས་ན་གཟུངས་ཀྱི་ཚོགས་སོ། །ཞེས་གསུངས་ཏེ། ཐོས་པ་ཆུད་མི་ཟ་བར་སྲུང་བྱེད་དངོས་ལ་མི་བརྗེད་པའི་རྣམ་པ་དགོས་པར་དགོངས་སོ། །སྣང་བ་གཉིས་ཀྱི་ལུང་འདིས་གཟུངས་ཀྱི་སྒྲ་བཤད་ཀྱང་གསལ་བར་བསྟན་ནོ། །གཉིས་པ་ནི། གཟུངས་དེའི་དབྱེ་བ་ཇི་ལྟ་བུ་ཞེ་ན། འདི་ལ་ཕལ་པོ་ཆེའི་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཏེ། བཅུ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མི་བརྗེད་པར་འཛིན་པའི་ཕྱིར་ཐོས་པའི་གཟུངས་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རབ་ཏུ་འབྱེད་པའི་ཕྱིར་ཆོས་ཁོང་དུ་ཆུད་པའི་གཟུངས་དང་། ཆོས་ཀྱི་རང་བཞིན་རྗེས་སུ་རྟོགས་པའི་ཕྱིར་ཆོས་ཐམས་ཅད་ངེས་པར་རྟོགས་


TN01_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུངས་དང་། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ཆོས་སྣང་བ་རབ་ཏུ་ཐོབ་པའི་གཟུངས་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་མངོན་དུ་ཐོས་པ་ཡོངས་སུ་མི་ཟད་པའི་ཕྱིར་ཏིང་ངེ་འཛིན་གྱི་གཟུངས་དང་། སྒྲ་སྐད་དང་ཐ་སྙད་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཕྱིར་དབྱངས་ཀྱི་དཀྱིལ་འཁོར་ལ་འཇུག་པའི་གཟུངས་དང་། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་སྟོན་པའི་ཕྱིར་དུས་གསུམ་གྱི་གཟུངས་དང་། སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པ་རྣམ་པ་ཐ་དད་པ་ཐམས་ཅད་ཤིན་ཏུ་སྟོན་པའི་ཕྱིར་རྣམ་པ་སྣ་ཚོགས་སུ་སྤོབས་པའི་གཟུངས་དང་། སངས་རྒྱས་བྱུང་བ་བརྗོད་དུ་མེད་པ་ཐམས་ཅད་དུ་རྣ་བའི་དབང་པོས་ཁྱབ་པར་བྱེད་པའི་ཕྱིར་ཐོགས་པ་མེད་པའི་རྣ་བ་མངོན་པར་བསྒྲུབ་པའི་གཟུངས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་བསྙེངས་པ་ལ་རབ་ཏུ་བཀོད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཟུངས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཏེ། དེ་དག་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་པར་བྱ་བ་དག་གོ། །ཞེས་བྱང་སེམས་ཀྱི་དབང་དུ་མཛད་ནས་གཟུངས་བཅུ་གསུངས་སོ། །དེའང་ཐོས་པ་ཐམས་ཅད་མི་བརྗེད་པར་འཛིན་པ་ནི་དྲན་པའི་གཟུངས་དང་། ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བ་སྤྱི་དང་། བྱེ་བྲག་ཏུ་


TN01_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་ཐུན་མོང་མ་ཡིན་པའི་ཟབ་རྒྱ་ཆེའི་གནས་རྣམས་འབྱེད་པ་ལ་རྣོ་བ་གསུམ་ནི་ཤེས་རབ་ཀྱི་གཟུངས་ཀྱི་ཁྱད་པར་རོ། །དེ་ལྟ་བུའི་དྲན་ཤེས་ཀྱིས་ཐོས་པ་ཅི་ཙམ་ལ་སློབ་པ་ནི། མངོན་ཤེས་ལ་བརྟེན་ནས་ཞིང་རབ་འབྱམས་ཀྱི་རྒྱལ་བའི་སྤྱན་སྔར་གདམས་ངག་ནོད་པ་དང་། ཕྱོགས་བཅུའི་སེམས་ཅན་གྱི་སྐད་རིགས་དཔག་ཏུ་མེད་པའི་སྟེང་ནས་རྒྱལ་བའི་གསུང་དབྱངས་ལ་འཇུག་པ་དང་། དུས་བསྐལ་པ་མཐའ་ཡས་པར་འབྱུང་བའི་སངས་རྒྱས་རྣམས་ཀྱི་དྲུང་དུ་ཐོས་པ་གསོག་པ་དང་། གསུང་རབ་ཀྱང་བརྗོད་བྱ་དང་སྟོན་ཚུལ་ཐ་དད་སོགས་ཀྱིས་ཆེས་སྣ་ཚོགས་སུ་གྱུར་པ་ཀུན་ལ་མཚུངས་པར་སློབ་པ་དང་། ཞིང་གཅིག་ཏུ་འཁོད་པ་ན་ཡང་ལྷའི་རྣ་བའི་བདག་རྐྱེན་ལ་བརྟེན་ནས་ཞིང་གཞན་གྱི་རྒྱལ་བ་མང་པོ་ལས་ཆོས་ཉན་པ་སྟེ་ལྔའོ། །ཚུལ་དེས་ཆེད་དུ་བྱ་བ་རྣམ་མཁྱེན་ལ་སྦྱོར་བ་ནི་གཅིག་གོ་་།གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས་ནི། སྒྲ་དབྱངས་རྣམ་པར་དག་པ་དང་། མི་ཟད་པའི་ཟ་མ་ཏོག་དང་། འཁྱིལ་བ་མཐའ་ཡས་པ་དང་། རྒྱ་མཚོའི་ཕྱག་རྒྱ་དང་། པདྨ་བཀོད་པ་དང་། ཆགས་པ་མེད་པའི་སྒོར་འཇུག་པ་དང་། སོ་སོར་ཡང་དག་པར་རིག་པ་རྣམ་པར་ངེས་པ་ལ་འཇུག་པ་དང་། སངས་རྒྱས་ཀྱི་རྒྱན་བྱིན་གྱིས་བརླབས་པ་སྟེ། གཟུངས་བརྒྱད་གསུངས་སོ། །དེ་ལ་དང་པོ་ནི། སྒྲ་སྐད་ཀྱི་དེ་ཉིད་རྟོགས་པ་རབ་མཐར་སོན་པས་བྱང་སེམས་རང་ཉིད་ཀྱིས་ཆོས་སྟོན་པའི་དབྱངས་ཀྱིས་


TN01_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གཅིག་ནས་མང་པོའི་བར་དུ་ཁྱབ་པར་བྱིན་གྱིས་རློབ་པ་དང་། ཨ་ཡིག་གཅིག་པུས་བྱེད་པ་ངོ་བོ་ཉིད་མེད་པ་དང་། བྱ་བ་དང་ལས་མེད་པ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་དབྱེ་བ་མང་པོ་སྤྲོས་ནས་འཆད་པ་ལྟ་བུ་མདོར་ན་ཡི་གེ་རེ་རེས་ཀྱང་བསྐལ་པ་ལ་སོགས་པར་ཆོས་སྟོན་ནུས་པའོ། །གཉིས་པ་ནི། གཟུངས་མི་རྟག་པ་ལྟ་བུའི་དོན་གཅིག་དུས་ཚད་མེད་པར་བཤད་པས་གཏན་ལ་ཕབ་ཀྱང་ཟད་མི་ཤེས་ཤིང་དོན་མཐའ་ཡས་པ་ལའང་དེ་ལྟར་འཇུག་ནུས་པའི་དྲན་པ་ཡོངས་སུ་དག་པ་ཐོབ་པའོ། །གསུམ་པ་ནི། གང་ལ་དམིགས་ནས་བསྒོམ་ན་གཟུངས་སྐྱེ་བའི་སྒོར་གྱུར་པའི་སྔགས་ཀྱི་ཚིག་དང་ཡི་གེ་རྣམས་ཀྱི་དགོངས་པ་ཆེས་ཟབ་ཅིང་ཕྲ་བ་རྣམས་ལ་བློ་རྒྱས་པའོ། །བཞི་པ་ནི། བྱང་སེམས་དེའི་ངག་ལ་གཟུངས་ཀྱི་ཕྱག་རྒྱས་མ་ཐེབས་པའི་ངག་རང་དགའ་བ་མི་འབྱུང་གི་ཇི་ལྟར་སྨྲ་ཡང་གཟུངས་ཀྱི་ཕྱག་རྒྱ་ལ་འཇུག་པའི་སྒོ་འབའ་ཞིག་ཏུ་སོང་ནས་ངག་ཐམས་ཅད་རྒྱལ་བ་རྣམས་ཀྱི་གསུང་རབ་བལྟ་བའི་མེ་ལོང་ལྟ་བུ་འགྱུར་བ་སྟེ། འདི་དཀའ་ཡང་བཟོད་གཟུངས་ཀྱི་སྐབས་ལས་ཤེས་པས་འདིར་མ་ཕྱེའོ། །ལྔ་པ་ནི། རྒྱལ་བའི་སྲས་དེ་ཆོས་སྟོན་པར་རྩོམ་པ་ན་གཟུངས་ཐོབ་པའི་བྱིན་རླབས་ལས་འཁོར་གྱི་དབུས་སུ་པདྨའི་གདན་མཆོག་ཏུ་བཟང་བ་འབྱུང་སྟེ། དེ་ལ་འདུག་པ་ན་ནམ་མཁའ་ལས་པདྨ་སྣ་ཚོགས་ཀྱི་ཆར་དག་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་ཤིང་འབབ་པ་དང་། བ་སྦུའི་ཁུང་ནས་འོད་ཟེར་གྱི་རྩེ་ལ་བྱང་ཆུབ་སེམས་དཔའི་


TN01_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་པདྨ་ལ་འཁོད་པ་མང་པོ་བྱུང་སྟེ། ཞིང་མང་པོར་ཆོས་སྟོན་པའི་ཆོ་འཕྲུལ་བྱེད་པའོ། །འདི་ནི་ཏིང་ངེ་འཛིན་གྱི་གཟུངས་ལ་བརྟེན་ནས་ཕྱོགས་བཅུའི་འཇིག་རྟེན་དུ་ཕན་བདེ་སྒྲུབ་པའི་རིག་པ་དང་གཙུག་ལག་གི་བཀོད་པ་སྣ་ཚོགས་བྱེད་པའི་ཆེ་བར་བཤད་ན་དཀོན་མཆོག་སྤྲིན་དང་མཐུན་ནམ་སྙམ་མོ། །དྲུག་པ་ནི། སྙིང་རྗེ་ཆེན་པོ་བསྟན་པ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་གཅིག་ཀྱང་བཤད་པའི་སྒོ་གཞན་དང་གཞན་གྱིས་རྒྱས་པར་ཕྱེ་ནས་ཐུག་པ་མེད་པའི་བར་དུ་སྟོན་ནུས་པ་སྟེ། འདི་དང་གོང་གི་གཉིས་པའི་འཆད་ཚུལ་ལ། ཆོས་དོན་གྱི་གཟུངས་དང་། བཟོད་གཟུངས་ཀྱི་ལག་རྗེས་ལྟ་བུས་ཁྱད་འབྱེད་དམ་བརྟག་དགོས་སོ། །བདུན་པ་ནི། གཟུངས་ཀྱིས་སོ་སོ་ཡང་དག་པར་རིག་པ་བཞིའི་ཡུལ་ལ་དམིགས་ནས་སྒྲུབ་པ་མཐར་སོན་པར་སྦྱངས་པས། དེ་བཞི་ལས་བརྩམས་ཏེ་ཕྱོགས་བཞིའི་སེམས་ཅན་གྱི་གྲངས་སྙེད་ཀྱི་དྲི་བ་དྲིས་ཀྱང་སྐད་ཅིག་གཅིག་ལ་དེ་དག་གི་ཐེ་ཚོམ་གཅོད་ནུས་པའོ། །བརྒྱད་པ་ནི། གང་གི་མཐུས་སངས་རྒྱས་ཀྱི་ཕྱག་གཡས་པ་སྤྱི་བོར་བཞག་ནས་བྱིན་གྱིས་རློབ་སྟེ། དེའི་མོད་ལ་དྲན་པའི་མཐུ་བསམ་གྱིས་མི་ཁྱབ་པ་དེ་བཞིན་གཤེགས་པའི་གཟུངས་དང་རྗེས་སུ་མཐུན་པ་མངོན་དུ་གྱུར་ནས་འཁོར་སོ་སོའི་བསམ་པ་བཞིན་དུ་ཆོས་ཀྱིས་ཚིམ་པར་བྱེད་ཅིང་། ལོ་འབུམ་ཕྲག་མང་པོར་ཁ་ཟས་དང་བྲལ་བས་ཆོས་བསྟན་ཡང་བཤད་པ་ཟད་མི་ཤེས་ལ། ལུས་སེམས་ལ་ངལ་དུབ་མི་འབྱུང་བའོ། །དཀོན་མཆོག་


TN01_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ལས་འདི་དག་གི་སྟེང་དུ། དབང་བསྐུར་ལྡན་དང་། ཡེ་ཤེས་ལྡན་དང་། ཁ་དོག་མཐའ་ཡས་པ་དང་། སངས་རྒྱས་ཀྱི་སྐུའི་ཁ་དོག་རྫོགས་པ་མངོན་པར་སྒྲུབ་པའི་གཟུངས་ཏེ་བཞི་བསྣན་ནས་བཅུ་གཉིས་སུ་གསུངས་ཀྱང་བཤད་པ་མ་མཛད་དོ། །ཐུབ་པ་དགོངས་རྒྱན་དང་ཡུམ་གསུམ་གནོད་འཇོམས་ལས་ས་དང་པོ་ནས་བཅུ་པའི་བར་ལ་རིམ་པ་བཞིན་དུ། ཁྱད་པར་ཅན་གྱི་བྱིན་གྱིས་བརླབས་པའམ་གནས་ཁྱད་པར་དུ་འཕགས་པ་དང་། དྲི་མ་མེད་པ་དང་། ལེགས་པར་རབ་གནས་སམ་ཤིན་ཏུ་བརྟན་པ་དང་། ཐུབ་པར་དཀའ་བ་དང་། སེམས་ཀྱི་རྒྱན་ནམ་ཡོན་ཏན་གྱིས་སེམས་བརྒྱན་པ་དང་། ཡེ་ཤེས་དཀྱིལ་འཁོར་གྱི་སྒྲོན་མ་དང་། ཁྱད་པར་དུ་འགྲོ་བ་དང་། རྣམ་པར་མི་རྟོག་པ་དང་། སྒོ་མཐའ་ཡས་པ་དང་། མི་ཟད་པའི་ཟ་མ་ཏོག་སྟེ་གཟུངས་བཅུ་འཐོབ་པར་བཤད་པ་ནི་དཀོན་བརྩེགས་ཀྱི་བློ་གྲོས་མི་ཟད་པས་ཞུས་པ་དང་གསེར་འོད་དམ་པ་ལས་གསུངས་སོ། །དཀོན་བརྩེགས་ཀྱི་གླེགས་བམ་དུ། གཉིས་པ་ལ་གཞན་གྱིས་མི་ཐུབ་པ་དང་། ལྔ་པ་ལ་ཡོན་ཏན་སྣ་ཚོགས་ཞེས་བསྒྱུར་རོ། །དེའང་ས་དང་པོར་སྦྱིན་པའི་ཕར་ཕྱིན་ལྷག་པས་ཟང་ཟིང་ཀུན་འཛིན་གྱི་ཉེས་དམིགས་དང་བྲལ་ཏེ་དམ་པའི་ཆོས་ལ་དྲན་པ་རྟག་ཏུ་གནས་པས་ཆོས་ཀྱི་གནས་སུ་གྱུར་པ་དང་། གཉིས་པར་འཆལ་ཚུལ་གྱི་དྲི་མས་མི་བརྗི་བ་སྟེ་དབང་པོ་བསྡམས་པའི་མཆོག་ཐོབ་པས་དྲན་པ་སྟོབས་ལྡན་


TN01_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དང་། གསུམ་པར་བཟོད་པའི་ཕར་ཕྱིན་ལྷག་པས་དྲན་པ་འཁྲུགས་པ་མེད་པའམ། ཡང་ན་ཏིང་ངེ་འཛིན་གྱི་བསླབ་པས་དྲན་ཤེས་ལྷག་པར་བརྟན་པ་དང་། བཞི་པར་བརྩོན་འགྲུས་ལྷག་པས་བདུད་དང་ཕྱིར་རྒོལ་བས་མི་འཕྲོག་པ་དང་། ལྔ་པར་བསམ་གཏན་ལྷག་པས་མངོན་ཤེས་སོགས་ཡོན་ཏན་གྱི་རྒྱན་སྣ་ཚོགས་འཆང་བའམ་བདེན་བཞིར་མཁས་པའི་ཤེས་རབ་ཀྱིས་སྙིང་རྗེ་འཕེལ་ཏེ་བཟོ་དང་སྒྱུ་རྩལ་སོགས་སེམས་ཅན་བསྡུ་བའི་སྒོའི་ཡོན་ཏན་སྣ་ཚོགས་ལྷག་པར་སྒྲུབ་པ་དང་ལྡན་པ་ལ་སོགས་པར་གྲོགས་ཕར་ཕྱིན་ལྷག་པའི་ཁྱད་པར་དང་སྦྱར་ནས་བཤད་ན་སོ་སོའི་མིང་དོན་དང་འབྱོར་རོ། །ཡུམ་གསུམ་གནོད་འཇོམས་ལས་ཀྱང་ཕར་ཕྱིན་ལྷག་པའི་ཁྱད་པར་དང་སྦྱར་མོད། ཕར་ཕྱིན་དེ་དང་དེ་ལྷག་པའི་དབང་གིས་གཟུངས་ཁྱད་པར་དུ་འགྲོ་བ་ལ་མ་བཤད་པར། གཟུངས་དེ་དང་དེའི་དབང་གིས་ཕར་ཕྱིན་ལྷག་པའི་དོན་དུ་སྦྱར་རོ། །གཞན་ཡང་སྤྲིན་ཆེན་དང་སྡོང་པོ་བཀོད་པ་སོགས་ལས་གཟུངས་ཀྱི་བྱེ་བྲག་མང་དུ་གསུངས་ཏེ། འདིར་དེ་ཙམ་མོ། །གསུམ་པ་ནི། འཕགས་པ་ཐོགས་མེད་ཀྱིས་མདོ་སྡེའི་གནས་གསལ་བར་མཛད་པ་ན་གཟུངས་བཞིར་བཤད་དེ། བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་གང་ཞེ་ན། དེ་ནི་མདོར་བསྡུ་ན་རྣམ་པ་བཞིར་བལྟ་བར་བྱ་སྟེ། ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། གསང་སྔགས་ཀྱི་གཟུངས་དང་། བྱང་ཆུབ་སེམས་དཔའི་བཟོད་པ་


TN01_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པར་བྱེད་པའི་གཟུངས་སོ། །ཞེས་སོ། །དེ་ནི་མདོར་བསྡུ་ན། ཞེས་པའི་ངག་འདིས་མདོ་ལས་གསུངས་པའི་གཟུངས་ཐམས་ཅད་བཞི་པོ་འདིས་བསྡུས་པར་བསྟན་ཏེ། དེ་ལྟར་ན་འདི་དག་ཉིད་གོང་དུ་འཕེལ་བའི་གནས་སྐབས་དང་། བྱེད་ལས་སོགས་ཀྱི་དབྱེ་བས་མང་དུ་ཕྱེ་བར་གསལ་ལོ། །གཞུང་འདིའི་རྗེས་སུ་འབྲངས་ནས་སློབ་དཔོན་ཆེན་པོ་སེང་གེ་བཟང་པོ་དང་ཤནྟི་པ་སོགས་ཀྱིས་ཀྱང་བཞིར་བཤད་དོ། །འདི་བཞིན་གཟུང་བྱ་ཡུལ་གྱི་སྒོ་ནས་དབྱེ་བར་མཁས་པ་འགས་བཤད་དེ་ལེགས་སོ། །བཞི་ཁོ་ནར་བཞག་པའི་རྒྱུ་མཚན་ནི། མཁས་པ་ཁ་ཅིག །གཟུང་བྱ་ལ་ཡུལ་ཚིག་དོན་གཉིས་དང་། ཡུལ་ཅན་ཡེ་ཤེས་ཏེ་གསུམ་དུ་ངེས་ཤིང་། ཡུལ་ཅན་དེ་ལ་རང་དོན་དང་གཞན་དོན་གྱི་རྟོགས་པ་གཉིས་སུ་ངེས་པས། དེ་དག་འཛིན་བྱེད་ཀྱི་གཟུངས་ཀྱང་བཞིར་ངེས་ཞེས་གསུངས་ཏེ། འདི་ཐུབ་པ་དགོངས་རྒྱན་ལ་བརྟེན་པ་འདྲའོ། །གཞན་དག །རང་དོན་གྱི་ཡེ་ཤེས་འཛིན་པ་སོགས་མི་ཟེར་བར། རང་དོན་ཕུན་ཚོགས་སྒྲུབ་པའི་དབང་དུ་བྱས་ནས་བཟོད་གཟུངས་དང་། གཞན་དོན་ཕུན་ཚོགས་སྒྲུབ་པའི་དབང་དུ་བྱས་ནས་གསང་སྔགས་ཀྱི་གཟུངས་བཞག་ཅེས་སྨྲའོ། །འོན་ཀྱང་སྔགས་དང་བཟོད་པའི་གཟུངས་གཉིས་ཀྱིས་ཡུལ་ཅན་ཡེ་ཤེས་འཛིན་ཚུལ་བཤད་དཀའ་ཞིང་། ཡུལ་ཅན་ཡེ་ཤེས་ལ་སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་དང་། སྔགས་ཀྱི་


TN01_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལ་དམིགས་པ་གཉིས་སུ་ངེས་པའི་སྒྲུབ་བྱེད་ཀྱང་རྙེད་དཀའ་བ་དང་། གཟུངས་དང་པོ་གཉིས་དང་བཟོད་གཟུངས་ལ་རང་དོན་ཕུན་ཚོགས་སྒྲུབ་པའི་དབང་དུ་བྱས་པ་ཡིན་མིན་གྱི་ཁྱད་པར་དང་། གཞན་དོན་ཕུན་ཚོགས་སྒྲུབ་པའི་དབང་དུ་བྱས་པའི་ཡུལ་ཅན་ཡེ་ཤེས་ལ་སྔགས་གཟུངས་སུ་ངེས་ཚུལ་སོགས་ཀྱང་ཤིན་ཏུ་དཀའ་བར་སེམས་སོ། །རང་གི་ལུགས་ནི། བྱང་སར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་གང་ཞེ་ན། ཞེས་སོགས་བཞིར་བཞག་པ་བྱང་སེམས་ཀྱི་དབང་དུ་བྱས་པར་གསུངས་པ་ལྟར་བཤད་ན། དམ་ཆོས་མི་བརྗེད་པར་འཛིན་པའི་གཟུངས་དངོས་དང་། དེའི་སྟོབས་ཀྱིས་མཐུ་ཕུལ་བྱུང་གཞན་ཐོབ་པའི་དྲན་ཤེས་ཀྱི་ཁྱད་པར་ལ་གཟུངས་སུ་བཞག་པ་སྟེ་གཉིས་ལས། ཕྱི་མ་ནི་གསང་སྔགས་ཀྱི་གཟུངས་ཡིན་ལ། སྔ་མ་དེ་ལ་སྤྱིར་རྒྱལ་སྲས་རྣམས་ཀྱི་ཐོས་པ་འཛིན་པའི་གཟུངས་ལ་འཇིག་རྟེན་པ་དང་ཉན་རང་གི་ཡིད་གཞུངས་ལས་ཁྱད་པར་འཕགས་པའི་རྒྱུ་མཚན་ཆེན་པོ་གཉིས་ཏེ། གསུང་རབ་མཐའ་དག་དང་གཙོ་བོར་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱི་ཚིག་དོན་འཛིན་པ་ལ་ཆེས་རྣོ་བ་དང་། དེའི་སྲོག་བཟུང་སྟེ་མྱུར་དུ་དང་བདེ་བླག་ཏུ་བརྟན་པ་ཕུལ་བྱུང་རྙེད་བྱེད་ཕྱག་རྒྱའི་ཆོས་ཀྱི་རྣམ་གྲངས་ལ་མང་དུ་གནས་པའོ། །དང་པོའི་དབང་དུ་མཛད་ནས་ཆོས་དོན་གྱི་གཟུངས་གཉིས་དང་། ཕྱི་མའི་ལག་རྗེས་ཐུན་མོང་མ་ཡིན་པའི་དབང་དུ་མཛད་ནས་བཟོད་གཟུངས་བཞག་སྟེ། འཕགས་པ་


TN01_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་རྒྱ་མཚོས་ཞུས་པ་སོགས་ལ་བརྟེན་ནས་ཤེས་སོ། །ཐོས་པ་འཛིན་པའི་གཟུངས་ཐུན་མོང་བ་དང་། ཡིད་གཞུངས་སྐྱེ་བའི་སྒོ་མཆོག་ལ་དམིགས་ནས་ཐོབ་པའི་གཟུངས་ཐུན་མོང་མ་ཡིན་པ་གཉིས་ལས་སྔ་མ་ཆོས་དོན་དང་། ཕྱི་མ་བཟོད་གཟུངས་ཞེས་བཤད་ན་བྱང་སེམས་མ་ཡིན་པའི་གཟུངས་རྣམས་ཀྱང་སྡུད་དེ། གནད་གཅིག་གོ། །གལ་ཏེ་བཟོད་གཟུངས་ཀྱི་དམིགས་པར་གྱུར་པའི་ཚིག་དོན་གཉིས་མེད་ན་ནི་དེའི་རྣམ་བཞག་འཆད་འགྱུར་ཐམས་ཅད་དང་འགལ་ལ། ཡོད་ཀྱང་དེའི་སྒོ་ནས་གཟུངས་གཉིས་སུ་མི་འབྱེད་ན་ཆོས་དོན་གྱི་གཟུངས་གཉིས་ལའང་རིགས་པ་མཚུངས་པས་གཟུངས་གསུམ་དང་ལྔར་ཡང་ཅི་སྟེ་མི་འགྱུར་ཞེ་ན། མི་མཚུངས་ཏེ། ཆོས་དོན་གྱི་གཟུངས་ནི་སཾ་སྐྲྀ་ཏའི་སྐད་ཀྱི་དོན་མི་ཤེས་པས་ཤེས་རབ་སྙིང་པོ་སཾ་སྐྲྀ་ཏའི་སྐད་དུ་བློ་ལ་ཐོན་པ་དང་། ཤེར་སྙིང་གི་དོན་རིམ་པ་མ་འཆོལ་བར་བཟུང་ཡང་ཤེར་སྙིང་མ་བཟུང་བ་མི་འགལ་བ་ལྟར། གཞུང་གཅིག་གི་ཚིག་དོན་གང་རུང་ལ་ལྟོས་ནས་གཟུངས་སུ་སོང་ཡང་། ཅིག་ཤོས་ལ་མ་སོང་བ་ཡོད་པས་གཟུངས་ཐ་དད་དུ་བཞག་ལ། བཟོད་གཟུངས་ལ་སྒྲ་དང་དོན་གཉིས་ཀ་སྦྱར་ནས་མ་བཟུང་བར་གཟུངས་ཀྱི་ཕྱག་རྒྱ་སྒྲུབ་ལུགས་མེད་པས་གཅིག་ཏུ་མཛད་དོ། །གོ་རིམ་ནི། ཆོས་དོན་སྔགས་གསུམ་གྱི་གཟུངས་བཟོད་པའི་སྔོན་ནས་འཐོབ་ཅིང་། བཟོད་གཟུངས་ཀྱིས་དེ་རྣམས་བོགས་དབྱུང་བར་བྱེད་པས་སྐྱེ་བའི་རིམ་པ་ལྟར་དེ་གསུམ་ཐོག་མར་མཛད་ལ།


TN01_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཟུངས་ཀྱི་གཞིར་གཞན་གསུམ་ཅི་རིགས་ཤིག་འཐོབ་དགོས་པས་གསུམ་པོའི་ནང་ནས་སྔགས་གཟུངས་ཕྱི་མར་བཞག་ཅིང་། གཟུངས་ལྷག་མ་གཉིས་པོ་ཆོས་རྟེན་དང་། དོན་བརྟེན་པ་ཡིན་པས་དེའི་གོ་རིམ་ལྟར་བསྟན་ནོ། །གནོད་འཇོམས་གཉིས་དང་། དག་ལྡན་དང་། ཐུབ་པ་དགོངས་རྒྱན་ལས་ནི། བཟོད་གཟུངས་དང་པོར་བྱས་ནས་བཤད་དེ། དེ་ནི་བཟོད་གཟུངས་ཀྱི་སྟོབས་ཀྱིས་ཐོབ་པའི་ཆོས་དོན་སྔགས་གསུམ་ཕུལ་དུ་བྱུང་བ་ལ་ལྟོས་ནས་ཡིན་པར་དེ་དག་ཉིད་ན་གསལ་ལོ། །དེའང་ཡུམ་གསུམ་གནོད་འཇོམས་ལས་གཟུངས་བཞི་འཆད་པ་ལ་གཞུང་གོང་འོག་གཉིས་བྱུང་བའི་ཕྱི་མ་དང་། དག་ལྡན་སོགས་ལས། ཆོས་དང་། དོན་དང་། སྔགས་གཟུངས་ཀྱི་རིམ་པར་བཞག་སྟེ། གཟུངས་གསུམ་གཙོ་བོ་དང་། སྔགས་གཟུངས་དེ་དག་གི་ཞར་ལ་འོང་བར་སྣང་བས་དེའི་སྟེང་ནས་འཆད་ཆོག་གོ། །གནོད་འཇོམས་དེའི་གཞུང་གོང་མ་དང་འབུམ་ཊཱིཀ་ལས་ནི། སྔགས་དང་། ཆོས་དང་། དོན་གཟུངས་ཀྱི་རིམ་པས་བཤད་ཅིང་། ཏིང་འཛིན་རྒྱལ་པོའི་འགྲེལ་པ་ལས། སྔགས་དང་། ཆོས་དང་། དོན་དང་། མངོན་པར་རྟོགས་པའི་གཟུངས་ཞེས་བཤད་དེ། དེ་དག་གི་རྒྱུ་མཚན་ཡང་སྤྱི་བརྟོལ་བསྐྱེད་ན་འགྲིགས་འགྲིགས་འདྲ་བ་ཤོད་པར་སྣང་སྟེ། བཏང་སྙོམས་སུ་བྱས་སོ། །བཞི་པ་ལ། གཟུངས་དང་པོ་གཉིས་དང་། སྔགས་ཀྱི་གཟུངས་དང་། བཟོད་པའི་གཟུངས་བཤད་པ་སྟེ་གསུམ་ལས།


TN01_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ཆོས་ཀྱི་སྒྲ་འཇུག་པ་ལ་ས་སྡེ་ལས་ལྔ་དང་། རྣམ་བཤད་རིག་པར་བཅུ་གསུངས་ཀྱང་། ཆོས་གཟུངས་ཞེས་པའི་ཆོས་ནི་བཤད་པའི་ཆོས་སམ་གསུང་རབ་ལ་བྱ་སྟེ། སྤྱིར་གཟུངས་འདིའི་དམིགས་ཡུལ་ལ་སྒྲ་ཚད་བཟོ་གསོ་སོགས་རིག་གནས་ཐུན་མོང་བའི་གཞུང་ཡང་ཡོད་མོད་དེ། གཙོ་བོ་སངས་རྒྱས་ཀྱི་གསུང་རབ་ཡིན་ནོ། །དེའང་གཞུང་ཚད་ཆེས་ཆེ་བ་རྣམས་ཀྱང་དང་པོར་ཡང་ཡང་བཀླག་སྟེ་གོམས་པར་བྱས་པ་དང་། སླར་དུས་དང་དུས་སུ་ཁ་ཏོན་དུ་བཟུང་སྟེ་བྱང་བར་བྱས་པ་མེད་པར་ཐོས་པ་ཙམ་གྱིས་ཟིན་པ་དང་། འཛིན་ཚུལ་ཡང་། ཇི་ལྟར་ཐོས་པ་ལས་ཚིག་དང་ཡི་གེ་གཞན་དུ་འཁྲུལ་པ་དང་། གྲངས་ལྷག་ཆད་དང་། གོ་རིམ་འཁྲུགས་ཤིང་འཛིང་བའི་སྐྱོན་མ་ཞུགས་པ་དང་། ཚུལ་དེས་ཡུན་རིང་པོར་མི་བརྗེད་པ་སྟེ། ཁྱད་པར་དེ་རྣམས་དང་ལྡན་པའི་དྲན་པ་དང་ཤེས་རབ་རྣོན་པོ་ལ་ཆོས་ཀྱི་གཟུངས་ཞེས་བྱ་སྟེ། བྱང་ས་ལས། དེ་ལ་ཆོས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་ཐོས་པ་ཙམ་ཁོ་ནས། མི་གོམས་ཤིང་ཁ་ཏོན་བྱང་བར་མ་བྱས་པའི་མིང་དང་ཚིག་དང་ཡི་གེར་གཏོགས་པ་རིམ་བཞིན་དུ་བསྡེབས་ཤིང་རིམ་བཞིན་དུ་སྦྱར་བའི་གཞུང་ཚད་མེད་པ་དག་དུས་ཚད་མེད་པ་དག་ཏུ་འཛིན་པར་འགྱུར་བ་དེ་ལྟ་བུའི་དྲན་པ་དང་ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །རིམ་བཞིན་བསྡེབས་པ་ནི་ཚིགས་བཅད་དང་། སྦྱར་


TN01_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྷུག་པ་ལ་རྒྱ་མཚོ་སྤྲིན་གྱིས་བཤད་དོ། །ཁ་ཅིག་ཏུ། ཐོས་པ་ཙམ་ཁོ་ནས་ཞེས་པ་ཐོས་བསམ་ཁོ་ན་ལས་བྱུང་བའི་གཟུངས་སྟོན་བྱེད་དུ་སྦྱོར་ཏེ། བྱང་སར་ཆོས་དོན་གྱི་གཟུངས་འཐོབ་ཚུལ་སྟོན་པ་ན། དེ་ཚུན་ཆད་ནི་སྨོན་ལམ་གྱི་དབང་ངམ་བསམ་གཏན་ལ་བརྟེན་ནས་ཐོབ་པར་འགྱུར་ཏེ། ཞེས་འབྱུང་བའི་ཁ་སྐོང་དུ་བྱས་པ་འདྲ་ཡང་། སའི་སྟོད་འགྲེལ་ལས། ཐོས་པ་ཙམ་ཁོ་ནས་ཞེས་བྱ་བ་ནི་ཡང་དང་ཡང་དུ་གོམས་པར་བྱས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མ་གོམས་ཞེས་བྱའོ། །ཞེས་པ་ལྟར་ཐོས་པ་མྱུར་དུ་ཟིན་པའི་ཁྱད་པར་ལ་སྦྱོར་བ་འཐད་དོ། །དེ་ལྟར་གཟུངས་འདི་ཆོས་མང་པོ་འཛིན་པའི་ཆ་ནས་འཇོག་དགོས་ཀྱང་། དེའི་ཡུལ་ལ་ཆོས་མང་པོ་དགོས་པས་མ་ཁྱབ་སྟེ། ཚིགས་བཅད་གཅིག་ལ་དམིགས་པའི་ཆོས་གཟུངས་ཀྱང་ཡོད་པའི་ཕྱིར་ཏེ། ཉི་ཁྲི་ལྟ་བུ་མཐར་ཆགས་སུ་འཛིན་པ་ན་ཡང་ཚིག་རེ་རེ་ཞིང་ཆོས་གཟུངས་ཀྱིས་བཟུང་བར་འདོད་དགོས་པའི་ཕྱིར་རོ། །དོན་གྱི་གཟུངས་ནི། ཆོས་དེ་དག་གི་བརྗོད་བྱ་དོན་གྱི་གནས་མང་པོ་འཛིན་པ་སྟེ། ཐོས་པའི་མོད་ལ་འཛིན་པ་དང་། ཇི་ལྟར་བཤད་པའི་རིམ་པ་མ་འཆོལ་བར་འཛིན་པ་སོགས་ཆོས་གཟུངས་དང་འདྲའོ། །དེ་ལྟར་ཡང་བྱང་ས་ལས། དེ་ལ་དོན་གྱི་གཟུངས་གང་ཞེ་ན། སྔ་མ་དང་འདྲ་བ་ལས་དེའི་ཁྱད་པར་ནི་འདི་ཡོད་དོ། །ཆོས་དེ་དག་ཉིད་ཀྱི་དོན་ཚད་མེད་པ་དག་མ་གོམས་ཤིང་ཡིད་ཀྱིས་བྱང་བར་མ་བྱས་པར་དུས་ཚད་མེད་པ་དག་ཏུ་འཛིན་པའོ། །


TN01_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །ཏིང་འཛིན་རྒྱལ་པོའི་འགྲེལ་པར། དོན་ཚད་མེད་པ་གཅིག་ཏུ་བྱས་ནས་འཛིན་པར་བཤད་དེ། དེ་ནི་རྒྱུན་གཅིག་ཏུ་བསགས་ཤིང་བསྡོམས་ནས་འཛིན་པའི་དོན་ནོ། །འབུམ་ཊཱྀཀ་གནོད་འཇོམས་ལས་ནི། དོན་གྱི་གཟུངས་ནི་དེ་ལྟར་ཆོས་ཀྱི་ཚིག་མང་པོ་བཤད་པ་རྣམས་ཕྱིན་ཅི་མ་ལོག་པར་བཟུང་བའི་དོན་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་འབྲས་བུ་ཐོབ་པར་བྱ་བ་རྣམ་པ་མང་པོ་ཚད་མེད་གྲངས་མེད་པ་རྣམས་ཐོབ་པར་ནུས་པའི་དྲན་པ་དང་ཤེས་རབ་ཏུ་ལྡན་པ་ལ་དོན་གྱི་གཟུངས་ཞེས་བྱ་སྟེ། ཞེས་ས་དང་ཕར་ཕྱིན་སོགས་གདམས་ངག་གི་དོན་རྣམས་འཐོབ་པ་ལ་བཤད་ཅིང་། དེར་ཆོས་གཟུངས་བཤད་ཚུལ་ལས་དཔགས་ན་གཙོ་བོར་བྱང་འཕགས་ཀྱི་དབང་དུ་བྱས་པ་འདྲ་སྟེ། འདིའང་དཔེར་ན་རྒྱལ་སྲས་ཆེན་པོ་ཁ་ཅིག་སངས་རྒྱས་ལས་ཏིང་ངེ་འཛིན་གྱི་རྒྱལ་པོ་འགའ་ཞིག་བསྟན་པ་ཐོས་ནས་དེའི་མོད་ཁོ་ནར་ཏིང་ངེ་འཛིན་དེ་ཐོབ་པ་མདོ་སྡེ་ལས་མང་དུ་གསུངས་ཏེ། ཏིང་ངེ་འཛིན་དེ་མདོ་དེའི་བརྗོད་བྱའི་དོན་ཡིན་ལ། དེ་བཟུང་མ་ཐག་དངོས་སུ་ཐོབ་པ་ནི་མདོ་དོན་བཟུང་ལུགས་ཐུན་མོང་མ་ཡིན་པར་འགྲོ་བས། ས་དང་ཕར་ཕྱིན་གཞན་བསྟན་པ་སོགས་ལའང་དེ་ལྟར་སྦྱར་ཏེ། རྟོགས་པ་མཐོན་པོའི་དོན་གཟུངས་ཀྱི་ཁྱད་པར་སྨོས་ནས་དེས་གཞན་ཡང་མཚོན་པ་ཡིན་ཞེས་བྱང་ས་དང་མཐུན་པར་དྲང་ན་ལེགས་སམ་སྙམ་


TN01_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །གཉིས་པ་ནི། བྱང་ས་ལས། དེ་ལ་གསང་སྔགས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་གསང་སྔགས་ཀྱི་གཞི་གང་དག་སེམས་ཅན་རྣམས་ཀྱི་ཡམས་ཀྱི་ནད་ཡང་དག་པར་ཞི་བར་བྱ་བའི་ཕྱིར་བྱིན་གྱིས་རློབ་པར་བྱེད་དེ་ཡམས་ཀྱི་ནད་རྣམ་པ་དུ་མ་ཡང་དག་པར་ཞི་བར་བྱ་བ་ལ་དེ་དག་གྲུབ་ཅིང་མཆོག་ཏུ་གྲུབ་ལ་དོན་ཡོད་པ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་དབང་ཐོབ་པར་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །ཞེས་གསུངས་ཏེ། འདིར་ཏིང་ངེ་འཛིན་གྱི་དབང་ཞེས་པ་ཙམ་ལས་དྲན་ཤེས་ཀྱི་གསལ་ཁ་མ་བྱུང་ཡང་། འབུམ་གྱི་གནོད་འཇོམས་ལས། དྲན་པ་དང་ཤེས་རབ་ཀྱི་རང་བཞིན་གྱི་གཟུངས་ཉིད་ལ་སྔགས་གཟུངས་སོགས་བཞིར་དབྱེ་བར་བཤད་ཅིང་། ཐུབ་པའི་དགོངས་རྒྱན་ལས་ཀྱང་། གཟུངས་རྣམས་ཀྱང་སོ་སོར་འཐོབ་བོ། །དེ་ཡང་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་བཞི་རྣམས་ཏེ། ཞེས་གཟུངས་བཞི་ཀ་དྲན་ཤེས་ཀྱི་སྟེང་ནས་བཞག་པ་དང་། བརྒྱད་སྟོང་འགྲེལ་པ་ཟླ་འོད་ལས་ཀྱང་སྔགས་གཟུངས་འཆད་པ་ན། དྲན་པ་དང་ཤེས་རབ་ཀྱིས་གཅིག་ཏུ་བྱས་ནས་དེས་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱེད་པའི་སྒྱུ་མ་ལྟ་བུའི་སྔགས་རྣམས་གསུང་བ་ལ་དབང་བྱེད་པའི་སྔགས་ཀྱི་གཟུངས་སོ། །ཞེས་གསལ་བར་བཤད་དོ། །དེའང་ཆོས་འཛིན་པའི་དྲན་ཤེས་ཀྱི་ཆ་ནས་བཞག་དགོས་ཏེ། གཞན་དུ་ན་གཟུངས་སྤྱིའི་མཚན་ཉིད་


TN01_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞུགས་པས་བཞིར་བཞག་པ་སྒྲས་བརྗོད་རིགས་ཀྱི་དབྱེ་བར་བྱ་དགོས་པ་ལ། དེ་ལྟར་མཁས་པ་སུས་ཀྱང་མ་བཤད་དོ། །ཟླ་འོད་ལས། དྲན་པ་དང་ཤེས་རབ་ཀྱིས་གཅིག་ཏུ་བྱས་ནས། ཞེས་པ་ནི་དྲན་ཤེས་གཉིས་ཆར་གྱི་མཐུ་གཅིག་ཏུ་དྲིལ་ནས་བྱིན་གྱིས་རློབ་པ་ལ་བྱེད་པ་འདྲ་ལ། ཡམས་ནད་ཞི་བའི་སྔགས་བྱེད་པར་གསུངས་པ་ནི་མཚོན་བྱེད་ཙམ་སྟེ། དགོངས་རྒྱན་དང་ཏིང་འཛིན་རྒྱལ་པོའི་མདོ་འགྲེལ་སོགས་ལས་གནོད་པ་གཞན་དང་གཞན་ཞི་བའི་སྔགས་ལའང་སྦྱར་རོ། །དེ་བས་ན་ཏིང་ངེ་འཛིན་བྱུང་གི་གཟུངས་ཐོབ་པས་བསམ་གཏན་ལ་མཉམ་པར་བཞག་སྟེ། དྲན་པ་ཉམས་བྱེད་ཀྱི་འདུས་རིམས་ཞི་བ་ལ་སོགས་པའི་དགོས་པ་དེ་དང་དེའི་ཆེད་དུ་སྔགས་རྩོམ་པའི་བསམ་པས་ཇི་ལྟར་འདོད་པའི་ཚིག་སྦྱར་བ་ན་གྲུབ་ཅིང་མཆོག་ཏུ་གྲུབ་པ་སོགས་སུ་འགྱུར་བ་ལ་སྔགས་གཟུངས་ཞེས་བྱ་སྟེ། དེ་ལ་གྲུབ་པ་ནི་ཇི་ལྟར་བྱིན་གྱིས་བརླབས་པ་བཞིན་སྔགས་སུ་འགྱུར་བ་དང་། མཆོག་ཏུ་གྲུབ་པ་ནི་སྔགས་དེའང་མཐུ་ཆེན་པོ་དང་ལྡན་པས་གདོན་མི་ཟ་བར་དངོས་གྲུབ་ཀྱི་ལས་བྱེད་པའམ། ཡང་ན་གཟུངས་ཐོབ་པ་དེས་སྔགས་གང་དང་གང་སྦྱར་ཡང་ངེས་པར་དེ་བཞིན་དུ་འགྱུར་བ་དང་། དོན་ཡོད་པ་ནི་སྔགས་དེ་བརྩམས་ནས་ཡུན་རིང་པོ་ལོན་ཡང་ནུས་པ་མི་གཏུགས་པར་འབྱུང་བ་སྟེ། སའི་སྟོད་འགྲེལ་ལས། མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི་གཅིག་ཏུ་ངེས་པར་གྲུབ་པར་བསྟན་པ་ཡིན་ནོ། །


TN01_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་པ་ཞེས་བྱ་བ་ནི་གཏན་དུ་ངེས་པར་གྲུབ་པར་བསྟན་པ་ཡིན་ནོ། །ཞེས་སོ། །སྔགས་སུ་མ་ཟད་དེ་གང་གིས་འགྲུབ་པའི་དམ་ཚིག་དང་ཆོ་ག་བྱིན་གྱིས་རློབ་པ་ཡང་དེའི་ཁོངས་སུ་བསྡུ་སྟེ། ཐུབ་དགོངས་ལས། བྱང་སེམས་ཏིང་ངེ་འཛིན་ལ་དབང་བ་ཉིད་ཀྱིས་སྔགས་ཀྱི་ཡི་གེ་རྣམས་བྱིན་གྱིས་རློབ་སྟེ། སྔགས་ཀྱི་ཡི་གེ་འདི་རྣམས་དང་ཆོ་ག་འདི་ལྟ་བུ་སེམས་ཅན་ཐམས་ཅད་ཀྱི་ཡམས་དང་ཉེ་བར་འཚེ་བ་ནས། ངན་འགྲོ་ཐམས་ཅད་ཟད་པའི་ཆེད་དུ་གྲུབ་པར་གྱུར་ཅིག་ཅེས་དེ་ལྟར་བྱིན་གྱིས་བརླབས་པ་དེ་རྣམས་ཆོ་གའི་ཁྱད་པར་དེས་འགྲུབ་པ་ཁོ་ནའོ། །ཞེས་ཆོ་ག་ལ་བཤད་པ་དམ་ཚིག་ལའང་འདྲའོ། །གཙོ་བོའི་དབང་དུ་བྱས་ནས་ཏིང་ངེ་འཛིན་གྱི་དབང་གིས་བརླབས་པ་ཞེས་བཤད་ཀྱི། དེ་གཅིག་པུར་མ་ངེས་ཏེ། ཏིང་ངེ་འཛིན་ལ་མ་བརྟེན་པའི་སྔགས་གཟུངས་ཡོད་པ་འཆད་པར་འགྱུར་ལ། ཏིང་འཛིན་རྒྱལ་པོའི་མདོ་འགྲེལ་ལས་ཀྱང་། སྔགས་ཀྱི་ཚིག་ཏིང་ངེ་འཛིན་ལ་དབང་ཐོབ་པ་ལས་བྱུང་བའམ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བྱུང་བ་ཡང་རུང་བས་མངོན་པར་བྱིན་གྱིས་རློབ་སྟེ། ཞེས་ཏིང་ངེ་འཛིན་དང་སྨོན་ལམ་ལས་བྱུང་བ་སོ་སོར་བཤད་དོ། །སྤྱིར་སྔགས་བྱེད་པའི་ཤེས་མཐུ་ལ་འགྲོ་བ་དང་གྲུབ་པའི་ཁྱད་པར་ལས་བྱུང་བའི་བྱེ་བྲག་དུ་མ་རྣམ་སྣང་མངོན་བྱང་དང་། རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སོགས་ལས་གསུངས་ཀྱང་། དེ་འདྲ་གང་ཡིན་ཐམས་ཅད་འདིར་མི་སྟོན་གྱི། གཟུངས་སྔགས་འབའ་ཞིག་སྐབས་སུ་


TN01_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ་ཡིན་ལ། དེ་ནི་གཟུངས་ཀྱི་མཐུས་སྔགས་སྦྱར་བ་ལ་བྱེད་ཅིང་། དེའི་ཚུལ་ཡང་བསམ་གཏན་གྱི་སྟོབས་ཀྱིས་དྲན་ཤེས་ལ་མཐུ་བསམ་མི་ཁྱབ་སྐྱེས་པ་དང་། སྔོན་སེམས་ཅན་བརྗེད་ངས་ཀྱི་འཇིགས་པས་ཉེན་པ་རྣམས་ལ་ཕན་གདགས་པའི་ཆེད་དུ་སྔགས་རྩོམ་ནུས་པའི་དྲན་ཤེས་ཅན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་དབང་ཅི་རིགས་ལས་དེ་ལྟ་བུའི་ནུས་པ་ཐོབ་པར་འཆད་དམ་སྙམ་སྟེ། འདི་ནི་སྔགས་ཚིག་དེ་ཐོས་པ་བསགས་ནས་མ་བརྗེད་པའི་དྲན་ཤེས་ཀྱིས་བརྩམས་པ་ཡིན་ཡང་། དེས་བླ་མ་ལས་ཐོས་པ་བཞིན་བཤད་པ་མིན་གྱི། གཟུངས་ཀྱི་མཐུའི་ཡོན་ཏན་གཞན་ལ་བརྟེན་ནས་གང་འདོད་དུ་བཤད་པ་ཡིན་པས་གཟུངས་སུ་བཞག་པ་དང་། གསུམ་ལས་ཟུར་དུ་ཕྱེ་བ་གཉིས་ཀ་འདི་ལྟར་བཤད་ན་བདེ་བ་འདྲ་ཡང་མཁས་པས་དཔྱད་དགོས་སོ། །འདིར་གསང་སྔགས་ཀྱི་གཞི་ཞེས་པའི་གཞིའི་དོན་ནི་པ་དཱ་ཞེས་པ་གཞི་དང་གནས་དང་ཚིག་སོགས་ལ་འཇུག་པ་ལས་ཚིག་ལ་བཤད་པར་བྱ་ཞིང་། ཡུམ་གསུམ་གནོད་འཇོམས་དང་། ཐུབ་དགོངས་ལས། གཟུངས་ཀྱིས་དམིགས་པར་བྱ་བས་ན་ཡུལ་ཅན་གྱི་མིང་ཡུལ་ལ་བཏགས་ཏེ་གཟུངས་དང་། ཤེས་རབ་དང་སྙིང་རྗེ་ནི་མ་ན་ཤེས་པ་ལའོ། །ཏྲ་ཡ་སྐྱོབ་པ་ལའོ་ཞེས་ཡིད་སྐྱོབ་པའི་དོན་གྱིས་མནྟྲ་སྟེ། དེའི་རྒྱུ་མཐུན་པའི་ཚིག་ཡིན་པས་སྔགས་དང་། མ་རིག་པ་སྤོང་ཞིང་རིག་པ་སྐྱེད་པས་རིག་སྔགས་དང་། ཐམས་ཅད་མཁྱེན་པའི་གོ་འཕང་གི་གནས་སུ་གྱུར་པས་


TN01_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཞེས་བཤད་ཅིང་། གསང་བའི་དོན་མ་བཤད་ཀྱང་། རྣམ་སྣང་མངོན་བྱང་གི་འགྲེལ་པར། གསང་ཞིང་སྦས་ཏེ་བསྒྲུབས་པས་འགྲུབ་པ་ལ་བཤད་པ་སྦྱོར་རུང་བར་མངོན་ཏེ། དེ་དག་གི་ཕྱིར་གཟུངས་ཀྱི་གསང་སྔགས་ཀྱི་གཞི་དང་། རིག་པའི་གསང་སྔགས་ཀྱི་གཞི་ཞེས་བརྗོད་པར་འཕགས་པའི་སྔགས་གཟུངས་བཤད་པའི་ཐད་དུ་འབྱུང་ལ། རྟོག་གེ་འབར་བར་གསང་རིག་གཟུངས་གསུམ་གྱི་ཟླས་ཕྱེ་བའི་གསང་སྔགས་ལའང་བཤད་པ་མཛད་མོད་ཀྱི། སྔགས་གཟུངས་འཆད་པའི་སྐབས་མ་ཡིན་པས་བཞག་གོ། །སྔགས་ཀྱི་ཚིག་ལ་གཟུངས་སུ་བཏགས་པ་འདི་རྒྱུ་མིང་འབྲས་བུ་ལ་བཏགས་པར་བྱས་ཀྱང་རུང་ཞེས་གསུང་ངོ་། །སྤྱིར་གཟུངས་སྔགས་ལའང་། གཟུངས་སྐྱེད་པའི་ཆེད་དུ་གསུངས་པའི་སྔགས་དང་། དེའི་ཆེད་དུ་བྱས་པ་མིན་ཡང་གཟུངས་ཀྱི་བྱིན་རླབས་ཀྱིས་སྔགས་སུ་བྱས་པ་ཙམ་ལ་གཟུངས་སྔགས་སུ་བཞག་པ་གཉིས་སྣང་སྟེ། དེ་གཉིས་ཀ་གསང་སྔགས་ཀྱི་གཟུངས་ཞེས་པའི་སྔགས་སུ་འདོད་པར་བྱའོ། ཁ་ཅིག་སྔགས་གཟུངས་ཀྱི་སྔགས་ལ་ཡི་གེའི་ཕྱི་མོའི་གྲངས་སྙེད་དུ་དབྱེར་ཡོད་དེ། ཐུབ་དགོངས་ལས། ཕྱི་མོའི་ཡི་གེ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་གཟུངས་ཀྱི་སྒོ་རྣམས་སོ་ཞེས་གསུངས་པའི་ཕྱིར་ཞེས་འཆད་དེ། དབྱེ་བ་དེ་ལྟར་བྱེད་ཀྱང་མི་རུང་བ་མེད་མོད། གཞུང་དེའི་དོན་ནི་མ་ཡིན་ཏེ། ཡི་གེའི་ཕྱི་མོ་ཇི་སྙེད་ཀྱི་བཟོད་གཟུངས་སྐྱེ་བའི་སྒོ་ཡོད་པར་སྟོན་པ་ཡིན་པར་དེ་ཉིད་ཀྱི་གླེགས་བམ་བལྟས་ན་ཤེས་པར་འགྱུར་རོ། །དེ་ལྟར་ན་འདི་


TN01_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཟུངས་ཐོབ་པ་རང་ཉིད་ཀྱིས་བྱས་པའི་ཚིག་ལ་དམིགས་པ་ཡིན་ཞིང་། གཟུངས་ལྷག་མ་གསུམ་ནི་གཞན་ལས་ཐོས་པ་བཞིན་འཛིན་པ་ཡིན་པས་དམིགས་ཡུལ་མི་གཅིག་པར་ཤེས་པར་བྱའོ། །གསུམ་པ་ལ། བཟོད་གཟུངས་ཀྱི་རང་བཞིན་མདོར་བསྟན་པ་དང་། །དེ་སྒྲུབ་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པ་སྟེ་གཉིས་ལས། དང་པོ་ནི། ཉི་ཁྲི་སྣང་བ་ལས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གང་གསུངས་པ་ཡིན་ཏེ། ཡི་གེ་མཚན་མར་བྱེད་པ་དེ་དང་དེས་བསྐལ་པ་མང་པོར་ཆོས་སྟོན་པའི་རྒྱུའི་དྲན་པ་གཏུགས་པ་མེད་པར་འགྱུར་བའི་ཕྱིར་དང་། དྲན་པའང་ཡི་གེ་དང་དོན་འཛིན་པ་ཉིད་ཀྱིས་གཟུངས་ཡིན་པས་སོ། །ཞེས་ཡི་གེའི་ཕྱི་མོ་ལ་མཚན་མར་བྱས་ནས་ཚིག་དོན་འཛིན་པར་གསུངས་ཏེ། རྒྱན་སྣང་ལས་ཀྱང་དེ་ཇི་ལྟ་བ་བཞིན་བཤད་ལ་དག་ལྡན་དང་ཐུབ་པ་དགོངས་རྒྱན་སོགས་མང་པོ་ལས་མདོ་དེས་བསྟན་པ་ལྟར་ཡིག་འབྲུ་ལ་མཚན་མར་བྱེད་པའི་གཟུངས་དེ་བཟོད་པའི་གཟུངས་སུ་བཤད་དོ། །རྒྱན་སྣང་གི་འགྱུར་ལས། རི་མོར་བྱེད་པའི་ཡི་གེ་དེ་དང་དེས་བསྐལ་པ་མང་པོར་ཆོས་སྟོན་པའི་རྒྱུའི་དྲན་པ་ཡོངས་སུ་གཏུགས་པ་མེད་པར་འགྱུར་བའི་ཕྱིར་དང་། ཞེས་འབྱུང་བའི་རི་མོར་བྱེད་པ་ནི་མཚན་མར་བྱེད་པ་སྟེ། མཚན་མར་བྱེད་པའི་ཡི་གེ་དེ་དང་དེས་ཞེས་པ་ཡིན་པས་གོ་བདེའོ། །དེ་ལ་སྣང་བ་གཉིས་སུ་ཡི་གེའི་འབྲུ་རེ་རེ་ལས་བརྩམས་ཏེ་བསྐལ་པ་


TN01_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོར་ཆོས་བསྟན་ཀྱང་དྲན་པའི་མཐུ་གཏུགས་པ་མེད་པ་སྟེ། ཟད་མི་ཤེས་པར་གསུངས་པ་ནི་གསུང་རབ་སོ་སོ་ཐ་དད་ན་བཞུགས་པའི་མིང་ཚིག་དང་། དོན་གྱི་རྣམ་གྲངས་བསྐལ་པ་མང་པོར་བཤད་ཀྱང་མཐའ་མི་རྫོགས་པ་རྣམས་ཡིག་འབྲུ་རེ་རེའི་སྒོ་ནས་ཐོགས་མེད་དུ་དྲན་ནུས་པའི་དོན་ཡིན་ལ། དྲན་པའི་འཇུག་ཚུལ་ནི་སྔར་གྱི་མྱོང་བའི་རྗེས་སུ་བྱེད་པས་ཕྱིས་དྲན་པ་སྐྱེ་ལུགས་ཁྱད་པར་ཅན་དེ་ལྟ་བུ་འོང་བ་ཡང་དང་པོའི་འཛིན་ཚུལ་ལ་ཐུག་གོ། །དེའང་གསུང་རབ་ཀྱི་ཆོས་ལ་ཐུག་པ་མེད་ཀྱང་། ཡི་གེའི་མ་མོ་ཁོ་ན་ལས་བརྩམས་པར་ཐམས་ཅད་མཚུངས་ལ། ཡི་གེ་རྣམས་ནི་མིང་ཚིག་གི་ཁྱད་པར་ཇི་འདྲ་ཞིག་ཏུ་ཡོད་ཀྱང་བརྡ་དབང་གིས་སྒྲའི་གདངས་གཞན་དུ་མི་འགྱུར་བས་དེའི་སྐད་དོད་ལ་ཨ་ཀྵར་སྟེ་མི་འགྱུར་བ་ཞེས་པ་ཡོད་པས། དེ་རྣམས་མཚན་མར་བྱས་ནས་བཟུང་ན་མིང་ཚིག་གི་གསལ་བ་མཐའ་དག་བསྡུ་ནུས་ཤིང་གཟུང་བར་སླའོ། །རྒྱ་ཆེ་བ་འཛིན་པ་ན་བདེ་བླག་ཏུ་ཟིན་པའི་ཕྱིར་སྡོམ་དུ་བསྡུ་བ་བྱེད་པ་ནི་སྤྱིའི་ཚུལ་ལུགས་ཀྱང་ཡིན་ནོ། །འདི་ལ་དགོངས་ནས་བདག་ཉིད་ཆེན་པོ་ས་པཎ་གྱིས་ཀྱང་། འཛིན་དང་འཆད་པ་ཆོས་ཀྱི་སྒོ། །ཉུང་ངུས་ཆོས་རྣམས་བདེ་བླག་ཏུ། །སྟོན་མཛད་གཟུངས་ཀྱི་ཆོས་ཀྱི་གཏེར། ཁ་འབྱེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །ཡི་གེའི་ནང་ནས་གང་སྡོམ་དུ་བྱེད་པ་ནི། མིང་དང་ཚིག་གི་བྱེ་བྲག་ཇི་ལྟ་བུ་ཞིག་ལ་དྲན་པ་འཇུག་ཀྱང་། དང་པོ་གང་ནས་འཇུག་པའི་གྲོང་


TN01_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་གྱི་སྲང་སྒོ་ལྟ་བུ་ནི་རང་གི་ཐོག་མ་ན་ཡོད་པའི་ཡི་གེ་ཉིད་ཡིན་པས། དེ་ལ་བྱས་ནས་འཛིན་ཏེ། ས་བཅུ་པའི་དབྱིག་འགྲེལ་ལས། གཟུངས་ཀྱི་སྒོ་ཐ་དད་པ་མེད་པ་ལེགས་པར་རྟོགས་པའི་ཕྱིར་ཞེས་གསུངས་པ་སྟེ། དེ་ལ་ཡི་གེའི་ཕྱི་མོ་རྣམས་ཇི་སྙེད་པར་གཟུངས་ཀྱི་སྒོ་རྣམས་ཀྱང་དེ་སྙེད་དོ། །ཡི་གེའི་སྒོ་དེ་དང་དེ་སྔོན་དུ་འགྲོ་བའི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་འཛིན་པའི་ཕྱིར་རོ། །དེ་དག་ཐ་དད་པ་མེད་པ་ནི་སྔ་ཕྱི་མི་འགལ་བའོ། །ཞེས་མིང་ཚིག་ཡི་གེའི་ཚོགས་སམ་ཕུང་པོ་རྣམས་སོ་སོའི་སྔོན་དུ་འགྲོ་བ་སྟེ་ཐོག་མར་འགྲོ་བའི་ཡི་གེ་རྣམས་ཀྱི་སྒོ་ནས་འཛིན་པ་དང་། དེ་རྣམས་ཀྱང་དབྱངས་གསལ་གྱི་ཡི་གེའི་མ་མོ་རྣམས་སུ་མ་འདུས་པ་མེད་པས། གཟུངས་ཀྱི་སྒོའི་གྲངས་ནི་ཡི་གེའི་ཕྱི་མོའི་གྲངས་དང་མཉམ་པར་གསུངས་སོ། །དེའང་ཀུན་རྫོབ་པའི་དོན་ཅན་གྱི་ཡི་གེ་ཙམ་ལ་སྦྱངས་ཀྱང་དྲན་བློའི་ཤུགས་འཕེལ་སྟོབས་ཆུང་བས། ཇི་སྐད་བཤད་པའི་དྲན་པ་དང་ཤེས་རབ་ཀྱི་མཐུ་དེ་འདྲ་བ་ནི། དོན་དམ་པའི་གནས་ལུགས་ཟབ་ཅིང་ཕྲ་བ་སྟོན་པའི་ཡི་གེ་ལ་བརྟེན་ནས་འཐོབ་དགོས་ཤིང་། དེའང་ཐོག་མ་མེད་པའི་དུས་ནས་བརྗོད་བྱ་དང་རྗོད་བྱེད་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞེན་པའི་དབང་གིས་མིང་ཚིག་གི་ཐ་སྙད་སྣ་ཚོགས་ཀྱི་སྤྲོས་པའི་ཚང་ཚིང་སྟུག་པོར་དྲན་པ་མགོ་རྨོངས་ཤིང་འཁྲུགས་ནས་གནས་པའི་སྐབས་སུ་ནི་འཐོབ་པར་མི་ནུས་ཀྱི། མིང་ཚིག་དེ་དག་གི་དེ་ཁོ་ན་ཉིད་སྦྲང་རྩི་རོ་གཅིག་པ་ལྟ་བུའི་


TN01_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལ་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྣང་བ་ཆེར་ཐོབ་པ་དགོས་སོ། །དེ་ལྟར་བྱས་ན་ཚིག་དང་ཡི་གེ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་སྟེང་ནས། ངེས་དོན་ཟབ་མོ་སྟོན་བྱེད་ཀྱི་ཡི་གེའི་སྒོ་ལ་ལེགས་པར་བསླབ་པའི་ལྷག་མཐོང་ཕུལ་དུ་བྱུང་བ་ཐོབ་པའི་མཐུས། ཨ་ལྟ་བུའི་ཡིག་འབྲུ་གཅིག་དྲན་པ་ན། དེའི་སྟོབས་ཀྱིས་ཡི་གེ་དེས་ཐོག་མ་བྱས་ནས་བརྩམས་པའི་ལུང་གི་ཆོས་ཚད་མེད་པ་ཆེས་མྱུར་པོར་ས་ལེར་དྲན་པའི་གཟུངས་ནི་བཟོད་པའི་གཟུངས་སམ་བཟོད་པ་ཐོབ་པའི་སྒོའི་གཟུངས་ཞེས་བྱ་བ། གཟུངས་ཀུན་ལས་ཁྱད་པར་དུ་འཕགས་པ་སྟེ་འདི་ལ་ད་ལྟ་མཚན་ཉིད་ཡོངས་དཔྱོད་ཀྱི་སྒོ་ནས་སྒོམ་པ་ཙམ་ཡང་ཐེག་པ་མཆོག་གི་གཟུངས་ཁྱད་པར་ཅན་རྣམས་སྐྱེ་བའི་བག་ཆགས་འཇོག་པ་ལ་སྟོབས་གཞན་དང་མི་འདྲའོ། །གཉིས་པ་ལ། ཤེར་ཕྱིན་གྱི་མདོ་དང་ཀླུ་སྒྲུབ་ཞབས་ཀྱི་མན་ངག་ལས་འབྱུང་ཚུལ། དེ་དང་འཕགས་སེང་སོགས་ཀྱི་བཤད་པ་གུང་བསྒྲིགས་ནས་འཆད་ཚུལ། ཞར་བྱུང་རྣལ་འབྱོར་སྤྱོད་པའི་ལུགས་ལྟར་བཤད་པ་སྟེ་གསུམ་ལས། དང་པོ་ནི། ཡུམ་རྒྱས་པ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཏེ། ཡི་གེ་མཉམ་པ་ཉིད་དང་། བརྗོད་པ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེ་ལ་འཇུག་པ་སྟེ། དེ་ལ་ཡི་གེའི་སྒོ་དང་ཡི་གེ་ལ་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་


TN01_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་འཆི་འཕོ་དང་སྐྱེ་བ་མེད་པས་ཆོས་ཐམས་ཅད་ཀྱི་སྒོའོ། །ན་ཞེས་བྱ་བ་ནི་མིང་དང་བྲལ་ཞིང་མིང་གི་རང་བཞིན་མ་ཐོབ་མ་སྟོར་བས་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་པ་ནས། དྷ་ཞེས་བྱ་བ་ནི་གཡོགས་པ་མི་དམིགས་པས་མཐའ་ཐུག་པར་གནས་པར་འཆི་འཕོ་མེད་ཅིང་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་སྟེ། དེ་ཡན་ཆད་ཡི་གེའི་ཐ་སྙད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་ཡང་གང་གིས་ཐ་སྙད་དུ་བྱ་བ་དང་། གང་གིས་བརྗོད་པ་དང་། གང་གིས་བསྟན་པ་དང་། གང་བྲི་བ་དང་། གང་སྣང་བ་དང་། གང་བཀླག་པར་བྱ་བ་དེ་ལྟ་བུའི་མིང་གང་ཡང་མེད་དོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་མཁའ་བཞིན་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་སྟེ། རབ་འབྱོར་འདི་ནི་གཟུངས་ཀྱི་སྒོ་ལ་འཇུག་པ་ཨ་ལ་སོགས་པའི་ཡི་གེ་བསྟན་པ་ལ་འཇུག་པའོ། །ཞེས་པའི་བར་དུ་གསུངས་ཏེ། ཉི་ཁྲི་ལས་ཀྱང་དེ་བཞིན་ནོ། །ཉི་ཁྲི་ལེའུ་བརྒྱད་མ་དང་དག་ལྡན་གྱི་དཔེ་ལ། ཡི་གེའི་སྒོ་དང་ཡི་གེས་འཇུག་པ་གང་ཞེ་ན། །ཞེས་འབྱུང་ངོ་། །ཡི་གེ་རྣམས་སོ་སོར་འཆད་ཚུལ་ནི། ཨ་ཡིག་ལ་ཨ་ནུཏྤན་ཞེས་པའི་ངེས་ཚིག་གིས་བཤད་པས་སྐྱེ་བ་མེད་པ་ལ་འཇུག་པ་དང་། ར་ཡིག་ལ་ར་ཛོ་ཨ་པ་ག་ཏ་


TN01_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཤད་པས་རྡུལ་དང་བྲལ་བ་དང་། དེ་བཞིན་དུ་པ་ར་་ཞེས་པས་དོན་དམ་པ་དང་། ཙྱ་པ་ནོ་པ་པཏྟི་ཞེས་པས་འཆི་འཕོ་དང་སྐྱེ་བ་མེད་པ་དང་། ནཱ་མ་ཨ་པ་ག་ཏ་ཞེས་པས་མིང་དང་བྲལ་བ་སྟོན་པ་སོགས་ཏེ་གནོད་འཇོམས་སུ་བལྟའོ། །དེ་ཡན་ཆད་ཡི་གེའི་ཐ་སྙད་མེད་དོ་ཞེས་པ་འདི་ལ་ཤནྟི་པ་ནི། དེ་བཞིན་ཉིད་ལས་གཞན་དུའོ་ཞེས་འཆད་ཅིང་དེ་ཅིའི་ཕྱིར་ཞེ་ན་སོགས་ཀྱིས་དེ་ཉིད་སླར་ཡང་འཆད་པར་བཞེད། གནོད་འཇོམས་ལྟར་ན། ཡི་གེ་རྣམས་ནི་དེར་ཟད་དེ། །དེ་ལས་ལྷག་པ་གཞན་མེད་དོ། །ཞེས་པའི་དོན་དུ་བྱས་ནས། དེ་ཅིའི་ཕྱིར་སོགས་ཀྱིས་དེ་ཉིད་སྒྲུབ་པར་འཆད། འོན་ཀྱང་དེ་ཡན་ཆད་ཡི་གེའི་ཐ་སྙད་མེད་དོ་ཞེས་པ་ནི་རྒྱ་ཆེར་རོལ་པ་དང་དཀོན་བརྩེགས་ཀྱི་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་བསྟན་པར་དབྱངས་གསལ་གྱི་ཕྲེང་བ་སྨོས་ནས་དེ་ཙམ་གྱིས་ཡིག་འབྲུ་མཐར་ཕྱིན་པར་གསུངས་པ་དང་མཐུན་ནམ་སྙམ་པས་གནོད་འཇོམས་ལྟར་བྱ་ཞིང་། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་འདི་ལ། འདྲི་བའི་གཞི་ནི་གོང་དུ་ཡི་གེ་ཐམས་ཅད་དེ་ཁོ་ན་ཉིད་ལ་འཇུག་པའི་སྒོར་གསུངས་པ་དེ་ཡིན་ཞིང་། དེ་ཡན་ཆད་ཡི་གེའི་ཐ་སྙད་མེད་དོ་ཞེས་སྔ་མ་རྣམས་ཡི་གེའི་བསྡུ་བ་སྟོན་པའི་གཞུང་དུ་གསུངས་པ་ལའང་འདྲིས་སོ། །འདྲི་ཚུལ་ནི། ཨ་ཞེས་པ་དེ་ནུཏྤན་བསྣན་པའི་ངེས་ཚིག་གིས་བཤད་ན་སྐྱེ་མེད་ཀྱི་དོན་ལ་འཇུག་པ་ཡིན་ཡང་། དེ་ཙམ་གྱིས་ཨ་ཡིག་སྤྱི་ལྡོག་ནས་སྐྱེ་མེད་ཀྱི་ཆོས་སྒོར་བཤད་མི་ནུས་ཏེ། གལ་ཏེ་ནུས་ན་


TN01_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཡིག་ཙམ་ཞིག་ནི་མེ་བརྗོད་པའི་དོན་དུ་ཨ་ན་ལ་དང་། ཁབ་ལོང་བརྗོད་པ་ལ་ཨ་ཡ་ཿདང་། སྣུམ་ཁུར་ལ་ཨ་པཱུ་པ་ཞེས་སྒྲ་སྦྱོར་བ་ལྟ་བུར་ཡང་མཐོང་བས། དེ་དག་ཀྱང་སྐྱེ་མེད་རྗོད་པའི་ངག་གི་ཆ་ཤས་སུ་འདོད་རིགས་པར་འགྱུར་ལ། དེ་ལྟ་ན། ངག་ཐམས་ཅད་སྟོང་ཉིད་རྗོད་པའི་ངག་ཏུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཡི་གེའི་མ་མོ་སྤྱིའི་དབང་དུ་མཛད་ནས་དེ་ལྟར་གསུངས་པའི་དགོངས་པ་གང་ཡིན་ཞེས་དོགས་པ་བསླང་བའོ། །དེ་ལ་ངེས་ཚིག་གིས་ཇི་ལྟར་བཤད་ཀྱང་ཡི་གེ་མཉམ་པ་ཉིད་ཀྱི་ཆོས་ཉིད་ལས་མི་འདའ་བའི་ཚུལ་ལ་བརྟེན་ནས་དེ་ལྟར་བཤད་ཅེས་ལན་མཛད་པ་ནི། འདི་ལྟར་གང་ལ་ཡང་ཞེས་སོགས་ཏེ། ཡི་གེ་དེ་དག་རྣམ་པ་གཞན་དང་གཞན་དུ་འཆད་བྱེད་ཀྱི་བརྡ་རང་དབང་བ་མེད་པར་སྟོན་པའོ། །ལྷག་མ་ནི་འཆད་པར་འགྱུར་རོ། །འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་སོགས་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་པ་འགྲེལ་བ་ན་མིང་དང་ཚིག་ངོ་བོ་ཉིད་ཀྱིས་སྟོང་པའི་ཚུལ་རྒྱས་པར་གསུངས་ལ། དེ་ནི་ཡི་གེ་མཉམ་པ་ཉིད་དུ་སྟོན་པའི་མདོ་འདི་འདྲ་བ་རྣམས་ཀྱི་དོན་གཏན་ལ་འབེབས་པ་ཡིན་ཏེ། དཔེར་ན་རྩ་ཤེས་ཀྱི་འགྲོ་འོང་བརྟགས་པ་སོགས་ཀྱིས་མདོ་སྡེ་ལས་ཆོས་ཐམས་ཅད་འགྲོ་འོང་མེད་པ་ལ་སོགས་པར་གསུངས་པའི་དོན་འཆད་པར་ཚིག་གསལ་ལས་གསུངས་པ་བཞིན་ནོ། །དེའང་རྩོད་པ་བཟློག་པའི། དངོས་རྣམས་བརྟེན་ནས་འབྱུང་བ་གང་། །དེ་ནི་སྟོང་ཉིད་ཅེས་


TN01_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དང་། །གང་ཞིག་བརྟེན་ནས་འབྱུང་བ་དེ། །རང་བཞིན་མེད་ཉིད་ཡིན་པར་སྨྲ། །ཞེས་པའི་རང་འགྲེལ་ལས། དངོས་པོ་གང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་ནི་རང་བཞིན་དང་བཅས་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་ན་ནི་རྒྱུ་དང་རྐྱེན་མེད་ཀྱང་ཡོད་པར་འགྱུར་བ་ཞིག་ན། དེ་ལྟར་ཡང་མ་ཡིན་པས་དེའི་ཕྱིར་རང་བཞིན་མེད་པ་ཡིན་ཏེ། དེས་ན་སྟོང་པའོ་ཞེས་བྱ་བར་འཐད་དོ། །དེ་བཞིན་དུ་ངའི་ཚིག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། དེའི་ཕྱིར་རང་བཞིན་མེད་དོ། །ཞེས་རང་བཞིན་གྱིས་གྲུབ་པ་ནི་རང་དབང་བའི་དངོས་པོ་ཡིན་པའི་ཕྱིར་རྒྱུ་རྐྱེན་ལ་ལྟོས་པར་མི་འཐད་པས་རྟེན་ཅིང་འབྲེལ་བར་འབྱུང་བ་འགལ་ལ། ཚིག་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་པར་གསུངས་སོ། །གལ་ཏེ་ངའི་ཚིག་རྒྱུ་རྐྱེན་དང་། །ཚོགས་དང་ཐ་དད་པ་ཡང་མེད། །འོ་ན་དངོས་རྣམས་སྟོང་གྲུབ་སྟེ། །རང་བཞིན་མེད་པ་ཉིད་ཕྱིར་རོ། །ཞེས་པའི་འགྲེལ་པར་ཡང་ཚིག་རྣམས་རང་གི་རྐྱེན་གནས་ལྔའི་བྱེད་རྩོལ་སོགས་ལ་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་རང་བཞིན་མེད་པར་འགྲུབ་པར་གསུངས་ཏེ། དེ་ཉིད་ལས། གལ་ཏེ་ངའི་ཚིག་རྒྱུ་འབྱུང་བ་ཆེན་པོ་རྣམས་དང་མཚུངས་པར་ལྡན་པ་རྣམས་དང་། ལྡན་པ་མ་ཡིན་པ་རྣམས་ལའང་


TN01_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མེད། རྐྱེན་བྲང་དང་ལྐོག་མ་དང་མཆུ་དང་ལྕེ་དང་སོའི་བྲུན་དང་རྐན་དང་སྣ་དང་སྤྱི་བོ་ལ་སོགས་པ་དང་། འབད་པ་རྣམས་ལ་ཡང་མེད། གཉིས་ཀ་ཚོགས་པ་ལ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་ལ་ཡང་མེད། རྒྱུ་དང་རྐྱེན་ཚོགས་པ་ལས་མ་གཏོགས་པ་ཐ་དད་པ་ཡང་མེད་དོ། །དེའི་ཕྱིར་རང་བཞིན་མེད་པ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་སྟོང་པ་ཡིན་ནོ་ཞེ་ན། འོ་ན་ནི་ངའི་ཚིག་དེ་སྟོང་པར་གྲུབ་སྟེ། རང་བཞིན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཞེས་སོ། །དེའང་རང་བཞིན་གྱིས་གྲུབ་པ་ཁས་ལེན་པའི་གྲུབ་མཐའི་ལུགས་ལ། སྒྲ་རང་བཞིན་གྱིས་ཡོད་པ་ཉིད་སྒྲ་ཡོད་པའི་དོན་ཡིན་པས། ཚིག་རང་བཞིན་གྱིས་གྲུབ་པ་བཀག་པ་དང་། ཚིག་ཉིད་བཀག་པ་གཉིས་ལ་ཁྱད་པར་འབྱེད་མི་ནུས་པའི་ཕྱིར། །དེ་སྒྲ་མ་འབྱིན་ལྟ་བུའོ་ཞེས། ཁྱོད་བློ་སེམས་ན་དེ་མི་འཐད། །འདི་ལ་སྒྲ་ནི་ཡོད་པ་ཡིས། །འབྱུང་བར་འགྱུར་བ་དེ་བཟློག་ཡིན། །ཞེས་རྒོལ་བ་ལ་ཚིག་རང་བཞིན་གྱིས་གྲུབ་པས་དངོས་པོ་ཐམས་ཅད་ལ་རང་བཞིན་མེད་དོ་ཞེས་འགོག་པ་གཅིག་པུ་མི་འཐད་པར་མ་ཟད་ཀྱི། རང་བཞིན་གྱིས་གྲུབ་པ་གཞིར་བཞག་པ་ལ། སྒྲ་མ་འབྱིན་ཞེས་པའི་ངག་དང་། མི་འབྱིན་རྒྱུའི་སྒྲ་འབྱུང་བར་འགྱུར་བ་ཡང་རྣམ་པ་ཐམས་ཅད་དུ་མི་འཐད་པས། དཔེའི་འཆད་ཚུལ་དེ་མི་རུང་ཞེས་གསུངས་ཏེ། འདི་ཡང་ངག་ཚིག་དང་དེའི་དགག་སྒྲུབ་བྱེད་པ་ཐམས་ཅད་ནི་རྟེན་ཅིང་


TN01_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བར་འབྱུང་བའི་སྟེང་ནས་བཞག་པ་ཤ་སྟག་ཏུ་ཟད་པས། རང་གི་ངོ་བོས་གྲུབ་པ་ལ་མི་རུང་བར་དགོངས་སོ། །དེའི་ཕྱིར་དགག་བྱ་འགོག་པ་ལ་སོགས་པའི་བྱ་བ་དང་། དེ་བྱེད་པའི་ཚིག་སོགས་ནི་ཡིན་ལུགས་མཐར་ཐུག་དཔྱོད་པའི་རིགས་པས་མི་འཇོག་གི། ཐ་སྙད་ཀྱི་ཚུལ་ལ་བརྟེན་ནས་ཁས་བླང་བར་བྱའོ་ཞེས་གསལ་བར་གསུངས་ཏེ། དེ་ཉིད་ལས། དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་ཉིད་དུ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་སྒྲ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཡིན་པའི་ཕྱིར་རང་བཞིན་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་རང་བཞིན་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར། འདི་ལ་སྒྲ་ནི་ཡོད་པ་ཡིས། །འབྱུང་བར་འགྱུར་བ་དེ་བཟློག་ཡིན། །ཞེས་སྨྲས་པ་གང་ཡིན་པ་བཟློག་པ་ཡིན་ནོ། །གཞན་ཡང་ཐ་སྙད་ཀྱི་བདེན་པ་ཁས་མ་བླངས་ཤིང་མ་བརྟེན་པར་དངོས་པོ་ཐམས་ཅད་སྟོང་པའོ་ཞེས་མི་འཆད་དོ། །ཐ་སྙད་ཀྱི་བདེན་པ་ཁས་མ་བླངས་པར་ནི་ཆོས་བསྟན་པར་མི་ནུས་ཏེ། ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་མི་རྟོགས་ན། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདས་པ་མི་རྟོགས་སོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་སོ། །ཐ་སྙད་ཀྱི་འཇོག་ཚུལ་ཡང་སྔར་ཡང་ནས་ཡང་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ལ་མིང་ཚིག་ཐམས་ཅད་འཇོག་པར་གསུངས་པ་དེ་ཉིད་ཡིན་ཞིང་། དེ་རྫུན་པ་ཡིན་ཡང་བྱ་བ་བསླུ་མེད་དུ་བྱེད་ནུས་པའི་ཚུལ་ནི། དེ་ཉིད་ལས། ཡང་ན་ཁ་ཅིག་སྤྲུལ་པ་ཡི། །


TN01_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ལ་ནི་བུད་མེད་སྙམ། །ལོག་འཛིན་འབྱུང་ལ་སྤྲུལ་པ་ཡིས། །འགོག་བྱེད་འདི་ནི་དེ་ལྟ་ཡིན། །ཡང་ན་ཇི་ལྟར་སྐྱེས་བུ་ཁ་ཅིག་སྤྲུལ་པའི་བུད་མེད་རང་བཞིན་གྱིས་སྟོང་པ་ཡིན་པ་ལ་དོན་དམ་པར་བུད་མེད་དོ་སྙམ་དུ་ལོག་པར་འཛིན་པར་འགྱུར་རོ། །དེའི་ཕྱིར་དེ་ལོག་པར་འཛིན་པ་དེས་དེའི་འདོད་ཆགས་བསྐྱེད་པ་ལ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་སྤྲུལ་པ་ཞིག་སྤྲུལ་ལ། དེས་དེའི་ལོག་པར་འཛིན་པ་ཟློག་པར་བྱེད་དོ། །དེ་བཞིན་དུ་ངའི་ཚིག་སྟོང་པ་སྤྲུལ་པ་ལྟ་བུས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་མེད་པ་སྤྲུལ་པའི་བུད་མེད་དང་འདྲ་བ་དག་ལ་རང་བཞིན་ཡོད་པར་འཛིན་པ་གང་ཡིན་པ་ཟློག་པར་བྱེད་དོ། །ཞེས་གསུངས་སོ། །ཚིག་ལ་སྒོས་སུ་སྦྱར་ནས་བཤད་པ་འགའ་ཞིག་ཙམ་དྲང་བར་ཟད་ཀྱི། ཚུལ་འདི་ནི་རྩ་ཤེས་སོགས་ནས་གསུངས་པའི་རིགས་པ་མཐའ་དག་གིས་ཀྱང་འགྲུབ་པས། རྒྱས་པར་ནི་དེ་རྣམས་སུ་ཤེས་པར་བྱའོ། །དེ་ལྟར་ན་མདོ་ལས་ཡི་གེ་དང་བརྗོད་པ་ཐམས་ཅད་མཉམ་པ་ཉིད་དུ་གསུངས་པ་དང་། གང་གིས་ཐ་སྙད་དུ་བྱ་བ་ལ་སོགས་པའི་མིང་གང་ཡང་མེད་པ་ནམ་མཁའ་ལྟ་བུར་བསྟན་པའི་དོན་མིང་ཚིག་ངོ་བོ་ཉིད་མེད་པ་ལ་བཤད་ནས། དེ་ཉིད་ལ་རྟེན་འབྲེལ་གྱི་རིགས་པས་མཐའ་གཞན་དུ་སྲིད་པའི་དོགས་པ་བཅད་དེ་གཏིང་ཚུགས་པར་མཛད་པ་དང་། ཡི་གེ་ངེས་ཚིག་གི་བཤད་པས་དེ་ཁོ་ན་ཉིད་སྟོན་པའི་སྒོར་སྒྲུབ་པར་གསུངས་


TN01_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་རྟེན་འབྲེལ་ཕྲ་མོའི་སྟེང་ནས་ཚིག་གི་དགོས་པ་བྱེད་ཚུལ་ལ་བཤད་པ་འདི་དག་ནི་མདོ་སྡེའི་དགོངས་པ་མན་ངག་གིས་འགྲེལ་པའི་ཚུལ་ཡིན་ནོ། །དེ་བཞིན་དུ་རྩ་བ་ཤེས་རབ་ཀྱི་རྐྱེན་བརྟགས་པ་དང་། ཆགས་པ་བརྟགས་པའི་རབ་བྱེད་སོགས་ལས་ཆོས་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་དང་རྡུལ་མེད་པ་ལ་སོགས་པར་གཏན་ལ་ཕབ་པ་རྣམས་ཀྱིས་འདིར་ཨ་ཡིག་གི་དོན་དུ་གསུངས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། ར་ཡིག་གི་དོན་དུ་གསུངས་པའི་རྡུལ་དང་བྲལ་བ་སོགས་ཀྱང་བཤད་པར་འགྱུར་ཏེ། ཕྱོགས་འདིས་མཚོན་ནས་གཞན་ཡང་དུ་མ་ཞིག་ཤེས་པར་བྱའོ། །གཉིས་པ་ལ་གསུམ། ཡི་གེ་མཚན་མར་བྱེད་པའི་ཏིང་ངེ་འཛིན་སྒྲུབ་ཚུལ་དང་། དེའི་སྒོ་ནས་བཟོད་གཟུངས་གྲུབ་པའི་ཚད། གཟུངས་དེའི་ཆེ་བ་མདོ་ཙམ་བརྗོད་པའོ། །དང་པོ་ནི། ཡུམ་གསུམ་གནོད་འཇོམས་ལས། ཡི་གེའི་དང་པོ་ཨ་ཞེས་བྱ་བ་ལ་སྐྱེ་བ་མེད་པའི་དོན་སྒྲོ་བཏགས་ནས། ཨ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་དོན་ཡིན་པར་ཡོངས་སུ་བཏགས་ཏེ། གང་གི་ཚེ་ཞི་གནས་དང་ལྷག་མཐོང་གི་སྦྱོར་བས་ཡང་དག་པར་སྒོམ་པར་གྱུར་པ་དེའི་ཚེ། གོམས་པའི་སྟོབས་ཀྱིས་ཨ་ཞེས་བྱ་བ་གཅིག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པར་སྣང་སྟེ། དེ་ལྟར་ན་ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྟོགས་པར་བྱ་བའི་རྒྱུ་ཡིན་ནོ། །ཞེས་འབྱུང་ཞིང་། བྱང་ས་ལས་ཀྱང་འདིས་ཐེག་ཆེན་སྦྱོར་ལམ་བཟོད་པས་བསྡུས་པའི་མཉམ་བཞག་


TN01_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་སྐྱེད་པར་གསུངས་པ་ལྟར་ཞི་ལྷག་ཟུང་འབྲེལ་དུ་བྱས་ནས་སྒོམ་པ་ཡིན་ཏེ། གང་གིས་བཞག་པའི་བག་ཆགས་ལ་བརྗེད་ངས་ཀྱི་གཡེང་བས་བརྫི་བར་མི་ནུས་པའི་དྲན་ཤེས་ཕུལ་དུ་བྱུང་བ་སྐྱེད་པའི་ཆེད་དོ། །སྒོམ་ཚུལ་དངོས་ནི། བོད་ཀྱི་ཕར་ཕྱིན་པ་ཁ་ཅིག །དང་པོར་ཡེ་གེ་ཨ་ལྟ་བུ་ལ་དམིགས་ནས་དེ་དང་པོ་གང་ནས་བྱུང་། མཐར་གང་དུ་འགག །རང་གི་ངོ་བོ་ཇི་ལྟར་གནས་པ་རྣམས་བདེན་མེད་དུ་གཏན་ལ་ཕབ་ནས་རྩེ་གཅིག་ཏུ་ཡིད་ལ་བྱེད། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བདེན་པའི་སྐྱེ་མེད་དུ་གཏན་ལ་ཕབ་ནས་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཚུལ་གྱིས་སྒྲུབ་པ་ཙམ་ཞིག་མདོ་འདིའི་དགོངས་པར་འཆད་དེ། ཡི་གེའི་གནས་ལུགས་ཤེས་ན་ཆོས་གཞན་ཡང་དེའི་རིགས་པས་བདེན་མེད་དུ་རྟོགས་ནུས་པ་ཉིད་ཡི་གེ་ཆོས་ཐམས་ཅད་ཀྱི་སྒོར་འགྱུར་ཚུལ་དུ་འདོད་པ་ཡིན་ནོ། །འོན་ཀྱང་མདོ་ལས་ནི་ཨ་དང་ར་དང་པ་ཡིག་སོགས་ཡི་གེ་བསྣན་པའི་ངེས་ཚིག་གི་སྟེང་ནས་སྐྱེ་བ་མེད་པ་དང་། རྡུལ་དང་བྲལ་བ་དང་། དོན་དམ་པ་སོགས་སྟོན་བྱེད་དུ་བཤད་ནས་དེའི་རྒྱུ་མཚན་གྱིས་ཆོས་ཐམས་ཅད་ཀྱི་སྒོར་འགྱུར་བར་གསུངས་པས་མི་འགྲིགས་ལ། སྒོར་འགྱུར་ཚུལ་སྔ་མ་དེ་ཙམ་ཡིན་ན་སྐྱེས་བུ་དང་མྱུ་གུ་སོགས་ཀྱང་དེར་འགྱུར་བས། མདོ་ལས་ཡི་གེ་ཁོ་ན་ངེས་བཟུང་དུ་བསྟན་པའང་ཇི་ལྟར་དྲང་། དེ་བས་ན་མདོར་བསྟན་དུ་བརྗོད་པ་


TN01_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཚིག་དོན་ཞེ་གཉིས་ཚིག་དེ་དག་གི་ཐོག་མར་འོང་བའི་ཡི་གེ་རྣམས་སུ་བསྡུས་ནས་སེམས་པར་བྱེད་པ་ཡིན་ལ། སྡུད་ཚུལ་ནི། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་སོགས་གོང་དུ་དྲངས་པ་ལྟར། ཨཱདྱ་ནུཏྤན་ལ་སོགས་པའི་ངེས་ཚིག་གིས་བསྒྲུབས་པའི་འོག་ཏུ་སྡུད་པ་ཡིན་ཏེ། ཡི་གེ་དེ་དག་བཤད་གཞིར་བཟུང་། ཚིག་དེ་དག་འཆད་བྱེད་དུ་བྱས། གང་དུ་འཆད་ན། དོན་དེ་དང་དེ་སྟོན་བྱེད་དུ་འཆད་པའི་ཚུལ་ལ་བརྟགས་ནས་ཚིག་དོན་དེ་དག་ཡི་གེ་དེར་སྡུད་པ་ཡིན་པའི་ཕྱིར་ཏེ། འགྲེལ་པའི་ཚིག་དོན་རྩ་བར་སྡུད་ཚུལ་བཞིན་ནོ། །དེའང་ཚིག་དོན་ཞེ་གཉིས་ཉིད་འཛིན་པའི་ཆེད་ཙམ་མིན་གྱི། ས་བཅུ་པའི་འགྲེལ་པ་དང་། འཕགས་སེང་གཉིས་ཀྱི་གཞུང་སྔར་དྲངས་པ་ལྟར་མིང་ཚིག་གི་གསལ་བའི་དབྱེ་བ་མཐའ་ཡས་པ་ཡི་གེ་འདི་དག་གི་སྒོ་ནས་འཛིན་པའི་ཆེད་ཡིན་པས། ཨ་ཡིག་ལྟ་བུ་ལ་མཚོན་ན། མིང་ཚིག་སོ་སོས་མ་ཕྱེ་བའི་ཨ་ཡིག་སྤྱི་ལྡོག་དེ་ལ་མཚན་མར་བཟུང་བ་ཡིན་གྱི། སྐྱེ་མེད་སྟོན་པའི་ངེས་ཚིག་གིས་བྱེ་བྲག་ཏུ་བྱས་པའི་ཨ་ཡིག་ནི་མ་ཡིན་ཏེ། དེའི་ནང་དུ་མིང་ཚིག་གཞན་རྣམས་བསྡུ་བར་མི་རུང་བའི་ཕྱིར་རོ། །ཨ་ནུཏྤན་ཞེས་པ་ལྟ་བུའི་ཐོག་མའི་ཡི་གེ་དང་། དེའི་ཐོག་མར་འོང་རྒྱུའི་ཡི་གེ་གཉིས་ཀྱང་མ་འཛིང་བ་གཅེས་ཏེ། ལའི་མེ་ཡོད་དང་། ལ་ལ་མེ་ཡོད་མི་གཅིག་པ་བཞིན་ནོ། །འོན་ཏེ་ཚིག་ཚོགས་སྐྱུང་བའི་ཕྱིར་སྒྲ་སྡུད་སྨོས་པའང་ཡོད་


TN01_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱེད་པར་བྱའོ། །གཟུངས་ཀྱི་སྒོར་འགྱུར་རྒྱུའི་ཡི་གེ་རྣམས་མིང་ཚིག་ཐམས་ཅད་ལ་འགྲོ་བའི་ཡི་གེ་སྤྱི་ཙམ་ལ་མི་བྱེད་པར་དཀོན་བརྩེགས་ཀྱི་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་བསྟན་པའི་ལེའུ་ལས་ཀྱང་གསུངས་ཏེ། དེ་ཉིད་ལས། བཀོད་པ་མཐའ་ཡས་གཟུངས་འདི་ལྟ་བུ་ནི་བཤད་པ་དང་། བསྔགས་པ་དང་། བརྗོད་པ་དང་། རབ་ཏུ་བརྗོད་པ་དང་། དཔེར་བསྟན་པ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པ་ཡིན། ནང་དུ་འདུས་པ་དང་། གཙོ་བོར་གྱུར་པ་དང་། སྙིང་པོར་གྱུར་པ་ཡིན་ཏེ། བསྔགས་པ་དང་། བཤད་པ་དང་། དཔེར་བསྟན་པ་ཐམས་ཅད་ནི་ཡི་གེའི་རྣམ་པར་རིག་པས་རྗོད་པར་བྱེད། སྟོན་པར་བྱེད། རབ་ཏུ་གསལ་བར་བྱེད་དོ། །བཀོད་པ་མཐའ་ཡས། དེ་ལ་ཡི་གེའི་རྣམ་པར་རིག་པ་ནི་ཨ་ཞེས་བྱ་བ་སྔོན་དུ་འགྲོ་བ་ཡིན་ལ། ཡི་གེ་བསྟན་པ་ནི་ཧ་ཞེས་བྱ་བས་མཐར་གཏུགས་པ་ཡིན་ནོ། །བཀོད་པ་མཐའ་ཡས་དཔེར་ན་མངལ་དུ་བུ་ཆགས་ཤིང་འཛིན་པའི་སྔོན་དུ་འགྲོ་བ་ནི་མ་ཡིན་ལ། ས་བོན་ཉེ་བར་འཇོག་པའི་སྔོན་དུ་འགྲོ་བ་ནི་ཕ་ཡིན། ཕུང་པོའི་ན་ཚོད་འགྱུར་བའི་སྔོན་དུ་འགྲོ་བ་ནི་སྐྱེ་བ་ཡིན། དེའི་འོག་ཏུ་ནི་ཡན་ལག་མཐའ་དག་གི་དབྱིབས་རྣམ་པར་ཕྱེ་བ་དང་། སྐྱེ་མཆེད་རྣམ་པར་ཕྱེ་བ་དང་། །དབང་པོ་རྣམ་པར་ཕྱེ་བ་དང་། དབང་པོ་ཡོངས་སུ་སྨིན་པའི་དབྱིབས་རྣམ་པར་ཕྱེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་པར་འགྲུབ་པ་ལྟར་རྣམ་པར་དབྱེ་བ་དང་ལྡན་པ་ཐམས་ཅད་ཀྱི་སྔོན་དུ་ཡི་གེའི་ཕྱི་མོ་འགྲོ་བའང་དེ་དང་འདྲའོ། །དེ་ལ་ཡི་གེའི་ཕྱི་མོ་


TN01_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཞེས་བྱ་བ་གསལ་བ་ཉེ་བར་གནས་པ་ནི་སྔོན་དུ་འགྲོ་བ་ཡིན། ཧ་ཞེས་བྱ་བ་ནི་མཐར་ཐུག་པ་ཡིན་ལ། ཡི་གེ་གཞན་དག་ནི་དེའི་ཁོངས་སུ་གཏོགས་ཤིང་རྗེས་སུ་འབྲང་བ་དང་། རྗེས་སུ་འབྲེལ་བ་ཡིན་ཏེ། འདི་ནི་གཟུངས་ཀྱི་སྒོར་འཇུག་པ་བསྟན་ཅིང་བརྗོད་པ་ཡིན་ནོ། །ཞེས་མདོ་དང་པོས་ཡི་གེ་ཚིག་ཀུན་ཏུ་འགྲོ་བར་བཤད་ཅིང་། གཉིས་པས་ཡི་གེ་ཐམས་ཅད་ཨ་ནས་ཧའི་བར་ལ་འདུ་བར་བསྟན། གསུམ་པས་མིང་ཚིག་རྣམས་ཡི་གེའི་ཕྱི་མོ་ཐོག་མར་བཞག་ནས་རྩོམ་ཚུལ་དང་། བཞི་པས་ཐོག་མའི་ཡི་གེ་དེ་དག་ཀྱང་ཨ་ཧའི་བར་དུ་གྲངས་ངེས་པར་བསྟན་ནས་དེ་དག་བཟུང་བ་ལས་མིང་ཚིག་གི་དབུས་དང་མཐའི་ཡི་གེ་རྣམས་ཀྱང་གཟུང་བར་འགྱུར་ཚུལ་དོན་གྱིས་བསྟན་ཏེ། དེའི་ཕྱིར་ཡི་གེའི་མ་མོ་རྣམས་མིང་ཚིག་ཐམས་ཅད་འཛིན་པའི་གཟུངས་ཀྱི་སྒོར་བཞག་པར་གསུངས་སོ། །ཕྱོགས་འདིར་ཚིག་ཐམས་ཅད་འཛིན་པའི་སྡོམ་ཡི་གེའི་ཕྱི་མོ་རྣམས་སུ་གསུངས་པ་དང་། རྣམ་པར་བཤད་པ་བསྡུ་བ་ལས་ཡི་གེའི་མ་མོ་རྣམ་པར་མ་བཞག་ན་ཡི་གེ་རྣམས་མི་གསལ་གྱི། བཞག་ན་གསལ་བར་བཤད་པ་གཉིས་གནད་མཐུན་ནོ། །དེའི་ཕྱིར་ཡུམ་ལས། ཨ་ཞེས་བྱ་བ་ནི་ཞེས་དང་། ར་ཞེས་བྱ་བ་ནི་ཞེས་སོགས་བཀའ་སྩལ་བའི་ཨ་ཡིག་སོགས་ཀྱང་སྤྱི་ལྡོག་ཙམ་གྱི་ཡིག་འབྲུ་དེ་དག་ལ་བཤད་དགོས་ཏེ། དག་ལྡན་དང་ཐུབ་པ་དགོངས་རྒྱན་ལས་ཨ་ཡིག་ཙམ་བསྒོམས་པས་བཟོད་པ་ལ་འཇུག་པར་བཤད་པའི་ཙམ་སྒྲའི་དོན་ཡང་


TN01_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་གཅིག་ཏུ་ན་དེ་ལྟར་རོ། །དེའང་ཨ་ཡིག་དེ་ཕྱིས་མིང་ཚིག་གང་དང་ཇི་ལྟ་བུའི་ཐོག་མ་ན་མཐོང་ཡང་། དེའི་སྟོབས་ཉིད་ཀྱིས་སྔར་ཨ་ལས་སྐྱེ་མེད་སྟོན་ཚུལ་བཟུང་བ་དེ་ཐོད་རྒལ་དུ་དྲན་ནུས་པ་མེད་ན། ཨ་ཞེས་པ་དྲན་པ་ཙམ་གྱིས་དེ་སྔོན་དུ་འགྲོ་བའི་མིང་ཚིག་མཐའ་ཡས་པ་གཅིག་ནས་གཅིག་ཏུ་ཐོགས་པ་མེད་པར་དྲན་པ་ལ་དབང་སྒྱུར་བའི་གཞི་མེད་ལ། ཨ་ལ་སྐྱེ་མེད་སྟན་པའི་ངེས་ཚིག་གི་བཤད་པ་སྦྱར་ནས་བཟུང་བ་གཅིག་པུས་ནི་དེ་ལྟར་མི་ནུས་ཏེ། ཐོག་མའི་ཡི་གེ་དེ་དག་ངེས་ཚིག་དང་སྐབས་ཤིན་ཏུ་ཐ་དད་ཀྱིས་བར་དུ་ཆོད་པའི་ཕྱིར་རོ། །དེ་ལྟར་སྔར་ཨ་ཞེས་པའི་སྟེང་དུ་སྐྱེ་མེད་སྟོན་པའི་ངེས་ཚིག་གིས་བསྒྲུབས་པའི་ཨ་ཡིག་བཟུང་བ་དེ། ཕྱིས་ངེས་ཚིག་གཞན་དང་སྐབས་གཞན་གྱིས་སྒྲིབ་ཏུ་མེད་པར་བྱ་བའི་ཆེད་དུ། ཨ་ཡིག་དེ་ངེས་ཚིག་ཐ་དད་ཀྱིས་ཇི་ལྟར་རྣམ་པ་གཞན་དང་གཞན་དུ་བཤད་ཀྱང་། ཤུག་པ་དང་སེང་ལྡེང་ལྟ་བུའི་ངོ་བོའི་ཁྱད་འཇུག་ཏུ་མེད་པར་མ་ཟད། བརྡ་དབང་གིས་ཁྱད་ཞུགས་པ་དེའང་རང་ངོས་ནས་ཐ་སྙད་དུ་ཡང་མ་གྲུབ་པས་བྲག་ཆའི་དབྱངས་ལྟར་ཨ་ཞེས་པའི་སྒྲ་གདངས་གཅིག་པུ་འདི་ཙམ་དུ་མཉམ་པར་མཐོང་བའི་ངེས་པ་ཤུགས་དྲག་པོའི་སྟེང་ནས་ཇི་སྐད་བརྗོད་པའི་ཡི་གེའི་བསྡུ་བ་བྱེད་དེ། འདི་ནི་སྔར་དྲངས་པའི་ཡུམ་གྱི་མདོ་ལས། ཡི་གེ་མཉམ་པ་ཉིད་དང་། བརྗོད་པ་མཉམ་པ་ཉིད་དང་། ཞེས་དང་། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་ཡང་གང་


TN01_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐ་སྙད་དུ་བྱ་བ་དང་། གང་གིས་བརྗོད་པ་དང་། གང་གིས་བསྟན་པ་དང་། གང་གིས་རྟོགས་པར་བྱེད་པ་དང་། གང་གིས་མཐོང་བའི་མིང་ནི་འགའ་ཡང་མེད་དོ། །ཞེས་བཀའ་སྩལ་པའི་དགོངས་པ་ཡིན་ནོ། །འདིར་ཡི་གེ་དང་། བརྗོད་པ་མཉམ་ཉིད་ཅེས་པ་གཉིས་ནི་གནོད་འཇོམས་ལས་རིམ་བཞིན་རྗོད་བྱེད་དང་བརྗོད་བྱ་བདེན་མེད་ལ་སྦྱར་ཡང་། སངས་རྒྱས་འགྲོ་བའི་མདོར། ཡི་གེ་མཉམ་པ་ཉིད་དང་། སྐད་མཉམ་པ་ཉིད་དང་། ཞེས་གསུངས་པ་དང་འདྲ་བར་མངོན་པས་ཡི་གེ་དང་། དེ་འཆད་པའི་ངེས་ཚིག་གཉིས་སོ། །གང་གིས་ཐ་སྙད་དུ་བྱ་བ་སོགས་ལྔ་ནི་དག་ལྡན་ལས། ཐ་སྙད་འདོགས་པ་ཞེས་བྱ་བ་ནི་སྟོན་པ་པོ་དང་ཉན་པ་པོ་དག་གོ། །བརྗོད་པ་དང་བསྟན་པ་ཞེས་བྱ་བ་ནི་སྟོན་པ་སྟེ། དེ་ལ་རང་གི་ངོ་བོ་བརྗོད་པ་ནི་བ་ལང་ཞེས་བྱ་བ་དང་། ཁྱད་པར་བསྟན་པ་ནི་དཀར་པོ་ཞེས་བྱ་བ་ལྟ་བུའོ། །རྟོགས་པ་ནི་མངོན་སུམ་མ་ཡིན་པའི་ཤེས་པས་སོ། །མཐོང་བ་ནི་མངོན་སུམ་གྱིས་སོ། །ཞེས་འཆད་དོ། །ཡུམ་ལས། དེ་ཅིའི་ཕྱིར་ཞེ་ན། སོགས་ཀྱི་དོགས་སྤོང་མཛད་ཚུལ་གོང་དུ་བཤད་པ་འདི་ཉིད་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས་ཀྱང་ཆེས་གསལ་བར་གསུངས་ཏེ། དེ་ཉིད་ལས། རིགས་ཀྱི་བུ་ཚིག་ཐམས་ཅད་ནི་ཡང་དག་པའོ། །སྨྲས་པ། འཇམ་དཔལ་གང་རྫུན་གྱི་ཚིག་ཡོད་པ་མ་ཡིན་པ། ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ཡང་དག་པ་ཡིན་ནམ།


TN01_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། རིགས་ཀྱི་བུ་དེ་ཡང་ཡང་དག་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངག་ཐམས་ཅད་ནི་དབང་དུ་གྱུར་པ་སྟེ། ཡུལ་ལ་གནས་པ་ཡང་མ་ཡིན། ཕྱོགས་ན་གནས་པ་ཡང་མ་ཡིན་ནོ། །གང་དབང་དུ་གྱུར་ཅིང་ཡུལ་ལའང་མི་གནས་པ་དེ་ནི་མེད་པའི་ཕྱིར་ཡང་དག་པ་སྟེ། དེའི་ཕྱིར་ཚིག་ཐམས་ཅད་ཀྱང་ཡང་དག་པ་ཞེས་བྱའོ། །གང་ཡང་ལྷ་སྦྱིན་གྱིས་ཚིག་སྨྲས་པ་དང་། གང་དེ་བཞིན་གཤེགས་པས་ཚིག་སྨྲས་པ་ཚིག་དེ་གཉིས་ཐ་དད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཚིག་སྟེ། ཚིག་ཐམས་ཅད་ནི་དེ་བཞིན་ཉིད་ལས་མི་འདའ་བའོ། །གང་ཚིག་གིས་རྣམ་པར་རིག་པར་བྱས་པ་དེ། རྣམ་པར་རིག་པ་མེད་པས་རྣམ་པར་རིག་པར་བྱས་པ་སྟེ། དེ་བས་ན་ཚིག་ཐམས་ཅད་ཡི་གེ་མཉམ་པའི་ཕྱིར། ཡི་གེ་མཚུངས་པའི་ཕྱིར། ཡི་གེ་སྟོང་པའི་ཕྱིར་ཚིག་ཐམས་ཅད་ནི་མཚུངས་པའོ། །མཉམ་པར་གནས་པས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་འཕགས་པའི་ཐ་སྙད་དུ་འདོགས་པ་དང་། འཕགས་པ་མ་ཡིན་པའི་ཐ་སྙད་དུ་འདོགས་པ་ཞེས་མ་གསུངས་སམ། སྨྲས་པ། རིགས་ཀྱི་བུ་ཡི་གེ་གང་དག་གིས་འཕགས་པ་རྣམས་ཀྱི་ཐ་སྙད་དུ་འདོགས་པའི་ཡི་གེ་དེ་དག་ཉིད་ཀྱིས་འཕགས་པ་མ་ཡིན་པ་རྣམས་ཀྱང་ཐ་སྙད་དུ་འདོགས་སོ། །སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །སྨྲས་པ། ཅི་ཡི་གེ་དེ་དག་འཕགས་པའམ། འཕགས་པ་མ་ཡིན་པ་ཞེས་རྟོག་གམ།


TN01_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་དེ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཏེ་དེར་ཚིག་ཐམས་ཅད་ཡང་དག་པའི་ཚིག་ཏུ་གསུངས་པ་ནི་ཡུམ་ལས་ཡི་གེ་ཐམས་ཅད་ཀྱིས་ཤེས་བྱའི་དེ་ཉིད་སྟོན་པར་གསུངས་པ་དང་འདྲ་ལ། དེ་ལ་འོ་ན། རྫུན་གྱི་ཚིག་ཀྱང་ཡང་དག་པ་སྟེ་བདེན་པའི་ཚིག་ཏུ་ཐལ་ཞིང་། དེ་འདོད་ན། དེ་བཞིན་གཤེགས་པས་འཕགས་པ་དང་འཕགས་པ་མ་ཡིན་པའི་ཐ་སྙད་ཀྱི་དབྱེ་བ་མཛད་པ་མི་འཐད་པར་ཐལ་ལོ་ཞེས་པ་ནི། ཡུམ་གྱི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་དང་གཅིག་ཏུ་འོང་ཞིང་། དེ་ལ་རྗེ་བཙུན་གྱིས་ཚིག་དང་ཡི་གེ་ཐམས་ཅད་མཚུངས་ཤིང་མཉམ་པའི་སྟེང་ནས། ཡུམ་གྱི། འདི་ལྟར་གང་ལ་ཡང་སོགས་དང་དབྱངས་གཅིག་ཏུ་མཐུན་པར་ལན་མཛད་པ་ཡིན་ནོ། །ཡི་གེ་རྣམས་ངེས་ཚིག་ཐ་དད་ཀྱི་སྒོ་ནས་དོན་མི་འདྲ་བ་གཞན་དང་གཞན་ལ་ཅི་ཙམ་བཤད་ཀྱང་། སྐད་དང་ཡི་གེ་མཉམ་པ་ཉིད་ཀྱི་ཆོས་ཉིད་ལས་འདའ་མི་སྲིད་པའི་ཚུལ་རྒྱས་པར་ནི་འཕགས་པ་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོའི་རྣམ་པའི་རྗེས་སུ་འཇུག་པའི་གཟུངས་གསུངས་པའི་སྐབས་སུ། །ཞི་བའི་བློ་གྲོས་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་ནི་གང་ཡི་གེ་རྣམས་ལ་ཡི་གེའི་རྗེས་སུ་འཇུག་པ་ཤེས་པ་སྟེ། ཞི་བའི་བློ་གྲོས་ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་རྗེས་སུ་འཇུག་པའོ། །ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་སྒོའོ། །ཨ་ཞེས་བྱ་བ་ལས་བྱུང་བའོ། །ཨ་ཞེས་བྱ་བའི་མཐའ་འོ། །ཨ་ཞེས་བྱ་བ་ནི་ཚིག་གི་ལས་ཐམས་ཅད་ལ་ལས་བྱེད་དོ། །ཨ་ཞེས་


TN01_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་མི་ཤེས་པའོ། །རྣམ་པར་མི་ཤེས་པའོ། །ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་རྗེས་སུ་འཇུག་སྟེ། དེའི་ཕྱིར་རྣམ་པའི་རྗེས་སུ་འཇུག་པའི་གཟུངས་ཞེས་བྱའོ། །ཞི་བའི་བློ་གྲོས་རྗེས་སུ་འཇུག་པ་ནི་དེ་ལ་ཆོས་ཕྲ་རབ་ཙམ་ཡང་ཞུགས་པ་མེད་པ་དང་བྱུང་བ་མེད་པའོ། །ཞི་བའི་བློ་གྲོས་ཡི་གེ་དེ་དག་ནི་གཞི་གནས་ལྷགས་ནས་ཁོང་པའི་ནང་དུ་འཇུག་པ་མེད་དོ། །ཡི་གེ་དེ་དག་ནི་ཁོང་པའི་ནང་དུ་གནས་པ་མ་ཡིན་ནོ། །ཡི་གེ་དེ་དག་ནི་བྱུང་ནས་ཕྱོགས་འགའ་ཞིག་ཏུ་འགྲོ་བ་མ་ཡིན་ནོ། །ཡི་གེ་དེ་དག་ནི་ཕན་ཚུན་འབར་བར་བྱེད་པ་མ་ཡིན་ནོ། །ཡི་གེ་དེ་དག་ནི་སྨྲས་ཀྱང་རུང་མ་སྨྲས་ཀྱང་རུང་སྟེ། ཟད་པར་འགྱུར་བའམ། འཕེལ་བར་འགྱུར་བ་མ་ཡིན་ནོ། །ཡི་གེ་དེ་དག་ནི་ཆོས་ཞེའམ། ཆོས་མ་ཡིན་ཞེས་བྱ་བར་མི་རྟོག་གོ། །ཡི་གེ་དེ་དག་ནི་སུས་ཀྱང་བསྐྱེད་པའམ་བཀག་པ་མེད་དོ། །ཡི་གེ་དེ་དག་ནི་སུས་ཀྱང་བྱས་པའམ་ཆུད་གཟོན་པ་མེད་དོ། །ཞེས་གསུངས་སོ། །དེའང་མིང་ཚིག་མཐའ་ཡས་པ་ཨ་ཡིག་གི་རྗེས་སུ་འབྲང་བ་དང་། ཨ་ཡིག་འཆད་བྱེད་ཀྱི་སྒོ་དང་། ཨ་ཡིག་ལས་བརྩམས་ཏེ་འབྱུང་བ་དང་། ཨ་ཡིག་ལ་ཡི་གེ་གཞན་སྦྱོར་བ་ནི་མིང་དང་ཚིག་ཏུ་གྲུབ་པའི་ཆེད་ཡིན་པས་མིང་ཚིག་དེ་དག་ཨའི་དགོས་པ་རྫོགས་པའི་མཚམས་སམ་མཐའ་ཡིན་པ་དང་། ཨ་ཡིག་ནི་མིང་ཚིག་དེ་དག་འདྲེན་པའི་ལས་བྱེད་པ་དང་། ཨ་ཞེས་པའི་སྒྲ་གདངས་རང་ཉིད་ཀྱིས་དོན་གྱི་ངོ་བོ་དང་ཁྱད་པར་གང་ཡང་ཤེས་པར་མི་ནུས་པས་མིང་ཚིག་གི་བརྡ་སྣ་


TN01_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྗེས་སུ་སྦྱར་བ་ལ་ལྟོས་པ་ནི་མདོ་དང་པོའི་དོན་ཏེ་སྐབས་འདིའི་སྒྲོ་འདོགས་གཅོད་པའི་གཞིའོ། །དེ་ནས་མདོ་གཉིས་པས་ཡི་གེ་ལ་ཡི་གེ་གཞན་རྗེས་སུ་འཇུག་ཅིང་བསྣན་པ་དང་དེའི་བཟློག་ཕྱོགས་ཕྱིར་འབྱུང་བ་གང་ཡང་རང་བཞིན་གྱིས་མེད་དོ་ཞེས་སྒྲོ་འདོགས་གཅོད་ཚུལ་མདོར་བསྟན་ནས་ལྷག་མས་དེ་རྒྱས་པར་འཆད་དེ། འདི་ལྟར་ཡི་གེའི་ཕྲེང་བ་དེ་དག་ཕྱི་རོལ་ནས་ལྷགས་ཏེ་སྐྱེས་བུའི་ཁོག་པ་དང་ལྕེ་རྐན་སོགས་ལ་འཇུག་པའམ། དང་པོ་ནས་ཁོག་པ་སོགས་ལ་གནས་པའམ། གནས་ལྔའི་བྱེད་རྩོལ་ལས་སྐྱེས་ནས་ཕྱི་རོལ་དུ་འགྲོ་བ་གང་ཡང་མིན་ཞེས་ཕྱི་ནང་གང་དུ་ཡང་ཡི་གེ་བསག་པ་མི་རྙེད་པར་གསུངས་ཏེ། དེ་ལྟར་བྱས་ན་རང་བཞིན་གྱིས་གྲུབ་པའི་ཕྱོགས་ལ་ཡི་གེ་ཕྱི་མས་སྔ་མ་ལ་ཕན་འདོགས་པ་མི་འཐད་པས། ཡི་གེ་ཕན་ཚུན་འབར་བར་བྱེད་པ་ཞེས་པ་ཕྱི་མས་སྔ་མ་རྒྱས་པར་ཕྱེ་སྟེ་འཆད་པ་ལྟ་བུའི་རྣམ་གཞག་ཀྱང་མི་རུང་བར་གསུངས་སོ། །གལ་ཏེ་ཡི་གེ་ཕྱི་མས་སྔ་མ་རྒྱས་པར་སྤྲོས་ཏེ་འཆད་ཚུལ་དེ་རང་བཞིན་གྱིས་གྲུབ་ན། ཕྱི་མ་དེ་དག་བརྗོད་པས་སྔ་མ་ཇེ་འཕེལ་དུ་འགྲོ་དགོས་པ་ལ། ཡིག་འབྲུ་སྔ་མ་ནི་བརྗོད་མ་ཐག་ཏུ་འགག་པས་དུས་གཉིས་པར་ཡི་གེ་གཞན་སྨྲས་མ་སྨྲས་ཇི་ལྟར་ཡང་འཕེལ་འགྲིབ་བྱར་མེད་དོ་ཞེས་གོང་གི་ཁྱབ་པ་བསྒྲུབས་སོ། །དེ་དག་ནི་ཡི་གེ་དུ་མ་འདུས་པ་རང་དབང་བ་ཁེགས་པའི་རྒྱུ་མཚན་གྱིས། དེ་ལས་མིང་དང་ཚིག་ཏུ་གྲུབ་པའི་རྣམ་གཞག་རང་བཞིན་གྱིས་གྲུབ་པ་མི་སྲིད་པར་སྟོན་པའོ། །


TN01_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཐ་སྙད་པའི་ངོར་ཡི་གེ་འདུས་པ་ལས་མིང་དང་ཚིག་ཏུ་འགྲུབ་པ་ནི་ཡི་གེ་སྔ་མ་བརྗོད་པའི་དུས་དང་། ཕྱི་མ་བརྗོད་པའི་དུས་གཉིས་ཆ་ཤས་སུ་ལྡན་པའི་དུས་ལ་ལྟོས་ཏེ་འཇོག་ཆོག་པས། ཡི་གེ་དེ་དག་འདུས་པའི་དུས་གཅིག་ཡོད་ཀྱང་། དེ་དག་དུས་གཅིག་ཏུ་འདོད་མི་དགོས་ལ། འདུས་པ་རང་དབང་བའི་རྣམ་གཞག་བྱེད་ན་ཚུལ་དེ་འགལ་བ་ཡིན་ཏེ། རང་དབང་བ་ལ་ལྟོས་གྲུབ་མི་རུང་བའི་ཕྱིར་རོ། །རིགས་པ་གཞན་ཡང་ཡི་གེའི་ངོས་ནས་འདི་ནི་ཆོས་སོ་འདི་ན་ཆོས་མིན་ནོ་ཞེས་སོགས་རྗོད་པར་བྱེད་ན་ཡི་གེ་དེ་དག་དོན་འཇལ་བའི་རྟོག་བློ་ཅན་དུ་འདོད་དགོས་ཀྱང་། དེ་དག་ནི་པི་ཝཾ་དང་གླིང་བུ་སོགས་ཀྱི་དབྱངས་ལྟར་སྒྲ་བླུན་པོའི་ངོ་བོ་ཉིད་འབའ་ཞིག་ཏུ་ཟད་པས་དེ་ལྟར་རྗོད་པ་མི་འཐད་དོ། །ཅི་སྟེ་ཡི་གེ་རྐྱང་པའི་ངོས་ནས་རྗོད་བྱེད་དུ་རྩོམ་ན་སྐྱོན་དེ་ཡོད་ཀྱང་། སྐྱེས་བུས་བརྡ་བྱས་པ་ལ་ལྟོས་ནས་བཞག་པའི་རྗོད་བྱེད་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་འདིས་མི་ཁེགས་སོ་ཞེ་ན། དེ་ལའང་བརྡའི་དབང་གིས་ཡི་གེ་སེམས་ལྡན་དུ་སྐྱེ་བར་ཐལ་བ་བཟློག་མི་ནུས་པས་ཉེས་པ་སྔ་མ་སོ་ན་གནས་སོ། །གཞན་ཡང་དེ་ལྟར་ན་ཡི་གེ་དེ་དག་སྐྱེས་བུའི་བརྗོད་འདོད་ཀྱིས་དོན་དེ་རང་དབང་དུ་སྟོན་བྱེད་དུ་བསྐྱེད་པར་འགྱུར་ལ། དེའི་ཚེ་དངོས་པོ་རང་དབང་བ་ནི་བཅོས་ཤིང་བསྒྱུར་དུ་མི་རུང་བས་བརྡ་དབང་གིས་ཀྱང་དོན་གཞན་ལ་འཇུག་པ་བཀག་པར་འགྱུར་བ་ལས་དེ་ལྟར་བསྐྱེད་པ་དང་བཀག་པ་མེད་དོ། །ཚུལ་འདི་ལྟར་མདོ་སྡེ་ལས་ཡང་དང་ཡང་དུ་གསུངས་ཏེ། གཙུག་ན་


TN01_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེས་ཞུས་པ་ལས། དེ་ལ་རྡོ་རྗེ་ཚིག་གི་གཟུངས་གང་ཞེ་ན། འདི་ལྟ་སྟེ། ཚིག་གཅིག་གིས་ཚིག་ཐམས་ཅད་ལ་འཇུག་པའོ། །ཚིག་གཅིག་པོ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཚིག་མི་ཟད་པའོ། །ཚིག་མི་ཟད་པ་དེ་ཡང་གང་ཞེ་ན། ཚིག་མི་ཟད་པ་ཞེས་བྱ་བ་ནི་གང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཟད་པར་བྱེད་མི་ནུས་པའོ། །ཚིག་མི་ཟད་པ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཨ་ཞེས་བྱ་བ་ནི་ཚིག་མི་ཟད་པ་སྟེ། ཨ་ཞེས་བྱ་བ་ལ་ཞུགས་ན་ཡི་གེའི་འབྲུ་ཐམས་ཅད་ལ་འཇུག་པར་འགྱུར་རོ། །དེ་ལྟར་ན་ཡི་གེ་ཐམས་ཅད་ནི་མི་ཟད་པ་སྟེ། ཡི་གེ་འབྲུ་གཉིས་སྔ་ཕྱི་མེད་པར་ཐོས་པར་བྱ་མི་ནུས་སོ། །ཡི་གེའི་འབྲུ་རེ་རེ་ནས་བརྗོད་ཀྱི་ཡི་གེ་ཡང་ཡི་གེ་གཉིས་དང་འབྲེལ་བ་མ་ཡིན་ནོ། །དེ་བས་ན་ཚིག་གཅིག་པོ་དེ་ཉིད་རྣམ་པར་རིག་པའི་ཚིག་སྟེ། གང་རྣམ་པར་རིག་པའི་ཚིག་དེ་ཡང་རྣམ་པར་རིག་པའི་ཚིག་ཅེས་རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་དོ། །དེ་ལྟར་ཚིག་དེ་མི་རྟོག་རྣམ་པར་མི་རྟོག་པར་དགོས་པ་བྱེད་དེ། རིགས་ཀྱི་བུ་འདི་ནི་རྡོ་རྗེའི་ཚིག་གི་གཟུངས་ལ་འཇུག་པའོ། །ཞེས་ཡི་གེ་སྔ་ཕྱི་མི་འཕྲད་པ་དང་། དོན་འཛིན་པའི་རྟོག་པ་མེད་པ་གཉིས་རྒྱུ་མཚན་དུ་མཛད་དེ། དོན་སྣ་ཚོགས་ལ་འཇུག་པའི་ངེས་ཚིག་ཟད་མི་ཤེས་པ་རྣམས་ཀྱི་སྔོན་དུ་འགྲོ་བའི་ཨ་རྣམས་གཅིག་པའམ་མཉམ་པར་བསྟན་ནས། ཚུལ་དེས་ཨ་ཞེས་པ་གཅིག་པུས་ངེས་ཚིག་མཐའ་ཡས་པའི་གཏེར་ཁ་འབྱེད་ནུས་པས་


TN01_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཚིག་ཅེས་བཤད་པར་གསུངས་ལ། ཚངས་པ་ཁྱད་པར་སེམས་ཞུས་ལས། ཆོས་ཐམས་ཅད་ཀྱི་ཚུལ་ནི་འདི་ཡིན་ཏེ། གང་འདི་སྟོང་པ་ཉིད་ཀྱི་ཚུལ་དང་། མཚན་མ་མེད་པའི་ཚུལ་དང་། སྨོན་པ་མེད་པའི་ཚུལ་ནས། དབེན་པའི་ཚུལ་གྱི་བར་དུའོ། །རང་བཞིན་གྱིས་བེམ་པོ་ཡིན་པའི་ཕྱིར་ཕན་ཚུན་མི་ཕྲད་པས་ན་དེ་བཞིན་གཤེགས་པས་ཡི་གེ་ཐམས་ཅད་ལས་ཐར་པའི་སྒོའི་ཚུལ་སྨོས་སོ། །ཚངས་པ་ཡི་གེ་ཐམས་ཅད་ལ་བདེན་པའི་གཏམ་དུ་ལྟ་སྟེ། གཏམ་ཐམས་ཅད་ནི་དེ་བཞིན་གཤེགས་པས་ཐར་པའི་ཚུལ་བདེན་པ་བསྟན་པར་བསྟན་ཏོ། །དེ་བཞིན་གཤེགས་པའི་ཆོས་བསྟན་པ་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་གང་ཡང་མེད་དོ། །ཆོས་བསྟན་ཏོ་ཅོག་ཏུ་ཐར་པར་འདྲེན་ཅིང་མྱ་ངན་ལས་འདས་པ་སྟན་ཏོ། །ཚངས་པ་འདི་ནི་དེ་བཞིན་གཤེགས་པའི་ཚུལ་བསྟན་པ་མིན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །ཞེས་གསུངས་པའི་མདོ་གཉིས་པ་ཡང་། རང་བཞིན་གྱིས་བེམ་པོ་ཡིན་པའི་ཕྱིར་དང་། ཕན་ཚུན་མ་འཕྲད་པའི་ཕྱིར་ཞེས་སོ་སོར་གཅོད་རྒྱུ་ཡིན་པ་འདྲ་བས་རིགས་པ་སྔ་མ་ཉིད་ཡིན་ཏེ། དེའང་བརྗོད་པ་ཐམས་ཅད་མཉམ་པ་ཉིད་ཀྱི་ཚུལ་ལ་བརྟེན་ནས་གཏམ་གྱི་རྣམ་པ་མཐའ་དག་ལས་དེ་ཁོ་ན་ཉིད་བསྟན་པ་འབྱུང་བ་དང་། དེ་བཞིན་གཤེགས་པའི་བཀའ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཞོལ་ཞིང་འབབ་པ་སྟེ། མདོར་ན་བཤད་པའི་ཆོས་ཐམས་ཅད་ཀྱི་སྙིང་པོའི་ཚུལ་ལུགས་


TN01_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དུ་གྲུབ་པར་སྟོན་པའི་མདོའོ། །ངེས་ཚིག་གིས་དོན་དེ་ལ་བྱེ་བྲག་ཏུ་བཤད་པ་དང་མ་བཤད་པའི་ཨ་ཡིག་གཉིས་ཀྱི་ངོ་བོ་ཉིད་མཉམ་པར་གནས་པ་འདི་ལ་དགོངས་ནས་ཨ་ཡིག་ལ་ཁྱད་པར་མ་ཕྱེ་བར་ཆོས་རྣམས་སྐྱེ་བ་མེད་པར་སྟོན་པའི་བཤད་པ་མཛད་པར་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་གསུངས་ཏེ། ཇི་སྐད་དུ། ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་སྒོ་ཅན་ཏེ། ཨ་ཞེས་བྱ་བ་ལ་འཇུག་པ་ནི་རྣམ་པ་མེད་པའི་སྒོ་གདགས་པའི་བཤད་པའི་གནས་སོ། །དེ་མངོན་པར་སྒྲུབ་པ་ནི་མཚམས་སྦྱོར་བར་བྱེད་པའོ། །དེ་ལ་མཚམས་སྦྱོར་བའི་ཡི་གེ་དག་གིས་ཨ་ཞེས་བྱ་བ་མ་བྱས་ཏེ། དེའི་ཕྱིར་ཆོས་ནི་ཨ་ཞེས་བྱ་བ་ཞེས་བྱའོ། །དེ་ནི་ཨ་ཞེས་བྱ་བས་རྣམ་པར་རིག་པར་བྱེད་ཅིང་། རྣམ་པར་རིག་པ་དེ་ཡང་དེའི་མཚམས་སྦྱོར་བའི་ཚིག་དང་ཡི་གེ་དག་དང་ལྡན་པར་ཡོངས་སུ་རྫོགས་པར་བྱེད་དོ། །དེས་ན་དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་སྒོ་ཅན་ནོ། །ཞེས་གསུངས་སོ། །ཞེས་པ་སྟེ། འདིའང་སྔར་ཡུམ་གྱི་མདོ་ལས་དོགས་གཅོད་མཛད་ཚུལ་བཤད་པ་དང་ཆེས་མཐུན་ནོ། །དཀོན་བརྩེགས་ཀྱི་ལེའུ་གཉིས་པར། ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ལ་མཁས་པ་ཞེས་བསྔགས་པའི་བསྡུ་ཚུལ་ཡང་འདི་ཉིད་ཡིན་ཏེ། མདོ་དེ་ལས། བཀོད་པ་མཐའ་ཡས་གཟུངས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཆོས་རིམ་པར་ཕྱེ་བ་བསྟན་པའི་སྒོར་འཇུག་པ་དེ་གང་ཞེ་ན། བཀོད་པ་མཐའ་ཡས་


TN01_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཆོས་ཐམས་ཅད་ཡི་གེ་མངོན་པར་སྒྲུབ་པའི་ཕྱག་རྒྱ་ཞེས་བྱ་བ་གང་དུ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཡིན་ནོ། །ཇི་ལྟར་ཡང་དག་པར་འདུ་ཞེ་ན། ཆོས་འདི་དག་ཐམས་ཅད་ནི་མཉམ་པ་ཉིད་དུ་ཡང་དག་པར་འདུའོ། །མཉམ་པ་ཉིད་ཀྱིས་ནི་མཉམ་པ་ཉིད་ཡང་དག་པར་མི་མཐོང་། རབ་ཏུ་མི་ཤེས། ཉེ་བར་མི་དམིགས་སོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་རྣམ་པར་མི་རྟོག་ན། འདིར་ཆོས་ཐམས་ཅད་ཡང་དག་པར་འདུ་བར་འགྱུར་བས་འདུས་བྱས་དང་འདུས་མ་བྱས་དང་བྲལ་བའི་སྒོ་ནས་ཡང་དག་པར་འདུ་བར་འགྱུར་བ་ཡིན་ནོ། །ཡི་གེ་མངོན་པར་སྒྲུབ་པ་བསྟན་པ་དང་། ངག་གི་ལས་སུ་བརྗོད་པ་གང་དག་གིས་འདུས་བྱས་སྟོན་པར་འགྱུར་བ་དེ་ལ་ཡང་ཡི་གེ་མངོན་པར་སྒྲུབ་པ་བསྟན་པ་གང་ཡིན་པ་དང་། ངག་གི་ལས་སུ་བརྗོད་པ་གང་ཡིན་པ་འདི་གཉིས་ཀ་ཡང་ཆོས་ཉིད་ཇི་ལྟ་བ་བཞིན་རང་བཞིན་གྱིས་མཉམ་པ་ཉིད་ཡིན་པས་ཡོད་པ་མ་ཡིན་ནོ། །ཡོད་པ་མ་ཡིན་པ་ལ་ནི་བརྗོད་པ་དེ་ཡང་ཡང་དག་པ་ཉིད་དུ་མི་འགྱུར་ལ་ཡི་གེར་གདགས་པ་ཡང་ཡང་དག་པ་ཉིད་མ་ཡིན་ནོ། །ངག་གི་ལས་སུ་བརྗོད་པ་ཡང་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་དབྱེར་མེད་པའི་ཚིག་བླ་དྭགས་ཡིན་ནོ། །ཞེས་གང་དུ་འདུ་ན་གཟུངས་ཀྱི་ཕྱག་རྒྱའི་ཡི་གེ་རྣམས་སུ། གང་འདུ་ན་འདུས་བྱས་འཇིག་རྟེན་པ་དང་། འདུས་མ་བྱས་འཇིག་རྟེན་ལས་འདས་པ་སྟོན་པའི་སྒྲ་ཐམས་ཅད། ཇི་ལྟར་འདུ་ན་ཚིག་


TN01_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡི་གེ་མཉམ་པ་ཉིད་ཀྱི་ཚུལ་གྱིས་འདུ་བར་གསུངས་ཏེ། འདུ་བའི་དོན་ནི་ཡི་གེ་རྣམས་བཟུང་བས་སྒྲ་དེ་རྣམས་ཀྱང་གཟུང་བར་འགྱུར་བའོ། །དེའང་དཔེར་ན་མདོར་བསྟན་གྱིས་རྒྱས་བཤད་འཛིན་པ་ལ་མདོར་བསྟན་ཉིད་ལ་བསླབ་པ་དང་། དེ་རྒྱས་བཤད་དང་སྦྱར་ནས་སྦྱང་བ་གཉིས་དགོས་པ་ལྟར་ཡི་གེའི་མ་མོར་ངེས་ཚིག་འཛིན་པ་ལ་ཡང་། སྡུད་བྱེད་ཉིད་སྒོམ་པ་དང་། དེ་ལ་ངེས་ཚིག་སྦྱར་ནས་སྒོམ་པ་གཉིས་དགོས་པའི་སྔ་མ་ནི་ཡི་གེ་མཉམ་པ་ཉིད་ཀྱི་སྒོ་ནས་བསྡུ་བ་ལ་མཁས་པ་སྟེ་བཤད་ཟིན་ཏོ། །ཕྱི་མ་ནི་ངེས་ཚིག་གིས་དོན་བརྡ་སྤྲོད་པའི་ཚུལ་ལ་བརྟེན་ནས་ཡི་གེ་འབྱེད་པའམ་འགྲེལ་པ་ལ་མཁས་པ་སྟེ། དེའི་ཚུལ་ནི། སྔར་བཤད་པ་ལྟར་ཨ་ཡིག་ལ་མཚན་མར་བཟུང་བ་གཞིར་བཞག་སྟེ། ཨཱདྱ་ནུཔྟན་ཞེས་པ་ལྟ་བུའི་སྒྲ་བཤད་ཀྱི་སྟེང་ནས་སྟོང་པ་ཉིད་ཀྱི་ངེས་པ་ཡང་དང་ཡང་དུ་དྲངས་ཏེ། ཚིག་དེས་སྟོང་ཉིད་ཇི་ལྟར་གོ་ཚུལ་ལ་སོ་སོར་རྟོག་པའི་མྱོང་བ་བརྟན་པོ་རྙེད་རྙེད་དུ་སྦྱངས་པས། སྤྱིར་སྟོང་ཉིད་ལ་དོན་སྤྱིའི་གསལ་སྣང་ཇི་ལྟར་རྙེད་པ་དེ་ལྟར་སྒྲ་དོན་གྱི་སྤྱི་གཉིས་ཀྱི་སྣང་ཆ་ཇེ་དག་ཏུ་འགྲོ་བ་ཡིན་ཡང་། ཇི་སྲིད་སྒྲ་སྤྱིའི་སྣང་བ་དང་བཅས་པ་དེ་སྲིད་དུ་ཟབ་མོའི་དོན་སྤྱི་དང་སོ་སོར་མི་སྣང་བར་འདྲེས་ནས་སྣང་བའི་དབང་གིས་ཚིག་དེ་ཉིད་ཀྱང་ཆེས་ཟབ་ཅིང་གཏིང་མེད་པའི་རྣམ་པར་འཆར་ཏེ། དེའང་སྟོང་པ་ཉིད་ལ་ངེས་པ་ཅི་ཙམ་ཤུགས་ཆེ་བ་དེ་ཙམ་དུ་འཆར་ཕུལ་ཆེར་འགྲོའོ། །དེའང་སྟོང་ཉིད་ངེས་པའི་བློ་དེས་བརྡ་ངེས་པ་མིན་


TN01_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། བརྡ་ལ་མཚན་མར་བཟུང་བའི་སྟེང་ནས་ལྷག་མཐོང་གི་ཤེས་རབ་དེ་སྦྱངས་པའི་གནད་ཀྱིས་བློ་དེའི་མཐུ་ལ་བརྟེན་ནས་ངེས་པ་དེ་ལྟ་བུ་བར་མ་ཆད་དུ་འདྲེན་པ་ཡིན་ཏེ། བརྗོད་བྱ་ཟབ་པའི་དབང་གིས་རྗོད་བྱེད་ཀྱང་ཟབ་པར་འཆར་བ་ནི། དཔེར་ན་སྙན་དངགས་མཁན་གྱི་བརྡའི་དབང་གིས་སྙན་དངགས་རྣམས་ལ་སྒེག་པ་ལ་སོགས་པའི་རོ་ཉམས་ཐ་དད་དམིགས་པ་བཞིན་ནོ། །དེའི་ཚེ་བརྗོད་འདོད་ཀྱི་རྟོག་པས་འདོད་རྒྱལ་ཁོ་ནར་བཞག་པའི་སྒྲོ་བཏགས་འདི་ཙམ་ཞིག་བརྡ་འདི་དག་གི་གནས་ཚོད་ཡོངས་སུ་རྫོགས་པ་ཡིན་གྱི། དེའི་ཕ་རོལ་ན་རྗོད་བྱེད་དུ་རང་ངོས་ནས་གྲུབ་པའི་གནས་ཚོད་ནི་ཅུང་ཟད་ཀྱང་འདྲིས་པར་བྱ་རྒྱུ་མེད་དོ་ཞེས་མྱོང་སྟོབས་ཀྱིས་གསལ་བར་ངེས་ནས་རྗོད་བྱེད་སྒྲ་རྣམས་ཀྱི་རྒྱུས་ལ་ཤིན་ཏུ་མཁས་པར་འགྱུར་རོ། །དེའང་ཨ་ནས་ཧའི་བར་གྱི་ཡི་གེ་རྣམས་རྣམ་དབྱེ་དང་བྱིངས་མཐའི་ཡི་གེ་སོགས་ལ་ལྟོས་ནས་ཤེས་བྱ་ཇི་ལྟ་བ་ལུང་དུ་སྟོན་པའི་སྒོ་སོགས་ཡིན་མིན་གྱི་ཁྱད་པར་པདྨའི་འདབ་མ་ལྟར་མ་འདྲེས་པར་དམིགས་ཤིང་། མཆོག་གམ་དམ་པ་ལ་པ་ར་མ་ཞེས་པའི་སྒྲ་སྦྱོར་བ་ན། ཡི་གེའི་ངོ་བོ་དང་གྲངས་ཚང་བ་སོགས་གསུམ་དུ་ངེས་པ་དང་། གོ་རིམ་པ་ཐོག་ར་དབུས་མ་མཐར་ངེས་པ་ལྟ་བུ་ནི། སྔོན་གྱི་ལྷ་དང་མ་ག་དྷཱ་པ་སོགས་ཀྱིས་ཡི་གེ་འདི་ཐོག་མའི་རྩོམ་བྱེད་དུ་བྱས་ཏེ་མིང་འདི་ལྟར་སྦྱར་བ་ལས་དོན་འདི་ལྟ་བུ་སྟོན་ནོ་ཞེས་བརྡ་སྦྱོར་བའི་རྟོག་པ་རྐྱང་པས་བཅོས་ནས་སྒྲོ་བཏགས་


TN01_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཙམ་གྱི་རྗེས་སུ་ཞུགས་ཏེ་རྣམ་གཞག་བྱས་པས། ཇི་སྐད་དུ། འཆི་མེད་མཛོད་ཀྱི་འགྲེལ་པ་ལས། འདིས་འབོད་ཅིང་སྒྲོག་པར་བྱེད་པའི་ཕྱིར་ཨ་ཧཱ་ཡཿམིང་ངོ་། །འདིས་འཆད་ཅིང་འདོད་པའི་ཕྱིར་བླ་དྭགས་སོ། །འདིས་མངོན་པར་བརྗོད་པའི་ཕྱིར་ཨ་བྷི་དྷཱ་ནི་མངོན་བརྗོད་དོ། །འདི་ལས་གོམས་པར་བྱེད་པའི་ཕྱིར་ནཱ་མ་མིང་ངོ་། །ཞེས་པ་ལྟར་དེའི་སྒོ་ནས་དོན་རྣམ་པ་སྣ་ཚོགས་ལ་གོམས་པར་བྱེད་པ་དང་། གཞན་དག་ལ་སོ་སོར་བརྡ་སྤྲོད་པའི་བྱ་བ་མཐའ་ཡས་པ་བསླུ་མེད་དུ་བྱུང་བས་དེ་ལྟར་འཇིག་རྟེན་གྱི་གྲགས་པ་འབའ་ཞིག་ལ་ལྟོས་ནས་བཞག་པར་ཟད་ཀྱི། རྒྱུ་མཚན་གཞན་བཙལ་བར་མི་བྱའོ། །དེ་ལྟར་ཨ་ལ་སོགས་པའི་ཡི་གེ་ལ་བརྟེན་ནས་བརྡ་དང་ཐ་སྙད་བྱེད་པའི་རྟོག་པ་ཁོ་ནའི་དབང་གིས་རྗོད་བྱེད་ཀྱི་སྒྲ་རྣམས་ཇི་ལྟར་འགྲུབ་པའི་ཚུལ་ལ་ཟབ་མོའི་ངེས་ཚིག་གི་སྒོ་ནས་གཏུགས་པ་མེད་པར་འཇུག་པའི་ཤེས་རབ་བསྒོམས་པས། ཆེར་འདྲིས་ཤིང་དབང་དུ་གྱུར་ནས་ཡིད་ཀྱིས་ཡི་གེ་དེ་དག་བརྗོད་པ་ཙམ་གྱིས་སྟོང་ཉིད་ལ་མི་སྐྲག་པའི་བཟོད་པའི་ཏིང་ངེ་འཛིན་འདྲེན་ནུས་པ་ན་ཕུང་ཁམས་སྐྱེ་མཆེད་ས་དང་ཕར་ཕྱིན་བསྟན་པ་ལ་སོགས་པའི་སྐབས་གཞན་ཐམས་ཅད་དུའང་བརྡའི་ཚུལ་ལ་ཤིན་ཏུ་རྣམ་པར་ངེས་པའི་ཤེས་རབ་མི་འཕྲོག་པ་དང་། ཤེས་རབ་ཀྱི་འཇུག་པ་ཆེས་མྱུར་བ་སྐྱེ་སྟེ། ད་དུང་ཡང་འཆད་པར་འགྱུར་རོ། །འདི་དག་ཀྱང་རང་དགར་བཤད་པ་ནི་མ་ཡིན་ཏེ། ཡུམ་ལས་ཡི་གེ་ཞེ་གཉིས་ལ་དེ་ཁོ་ན་ཉིད་སྟོན་ཚུལ་


TN01_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་གི་བཤད་པ་མཛད་ནས་དེའི་ཕྱིར་ཡི་གེའི་མ་མོ་རྣམས་གཟུངས་ཀྱི་སྒོར་འགྲོ་ཞེས་དེ་རྣམས་གཟུངས་ཀྱི་སྒོར་འགྲོ་བ་ཟབ་མོའི་ངེས་ཚིག་དེ་དག་ལ་ལྟོས་པར་གསུངས་ཤིང་། དེའི་དོན་དུ་མཛད་ནས་དག་ལྡན་དང་ཐུབ་པ་དགོངས་རྒྱན་སོགས་ལས་ཡི་གེ་དེ་དག་དེ་ཁོ་ན་ཉིད་སྟོན་བྱེད་དུ་བྱས་ནས་བཟོད་པ་ཐོབ་ཐོབ་སྒོམ་དགོས་པ་དང་། བཟོད་པ་དེ་ནམ་སྐྱེས་པ་ན་གཟུངས་གྲུབ་པར་བཤད་ཅིང་། ཡུམ་གསུམ་གནོད་འཇོམས་ལས་ཀྱང་། བདག་མེད་པའི་དོན་དང་སྦྱར་དགོས་པར་ངེས་བཟུང་དུ་བཤད་པས་ཡི་གེ་མཉམ་པའི་སྟེང་ནས་དོན་གང་ཡང་རུང་བ་རེ་སྟོན་ཚུལ་ལ་འདྲིས་པར་བསླབ་པ་ཙམ་གྱིས་མི་ཆོག་པར་ཤིན་ཏུ་གསལ་བ་ཡིན་ནོ། །འདིར་དག་ལྡན་ལས། ཡི་གེ་ཨའི་སྒོ་ནི་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་དང་རྒྱུའོ། །ཅིའི་ཕྱིར་ཞེ་ན། གཟོད་མ་ནས་སྐྱེ་བ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་གཟོད་མ་ནས་དྲི་མ་དང་བཅས་པའི་གནས་སྐབས་ཉིད་ན་སྐྱེ་བ་མེད་པ་དེའི་ཕྱིར་རྣལ་འབྱོར་སྤྱོད་པ་བ་འདི་ཡི་གེ་ཨ་མ་སྐྱེས་པའི་དོན་དུ་སྒྲོ་བཏགས་ནས་སྒོམ་པ་ན་གོམས་པའི་སྟོབས་ལས་ཡི་གེ་ཨ་ཙམ་ཤིན་ཏུ་བསྒོམ་པས་ཆོས་ཐམས་ཅད་མི་སྐྱེ་བའི་བཟོད་པ་འཐོབ་སྟེ། དེ་བས་ན་བཟོད་པའི་གཟུངས་སུ་འགྱུར་རོ། །ཞེས་དང་། ཐུབ་པ་དགོངས་རྒྱན་ལས་ཀྱང་། སྐྱེ་བ་མེད་པའི་དོན་དུ་ཨ་ཡིག་ལ་སྒྲོ་བཏགས་ནས་སྒོམ་པ་གོམས་པའི་སྟོབས་ལས་ཨ་ཡིག་ཙམ་


TN01_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་སྒོམ་པ་ན་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པའི་བཟོད་པ་འཐོབ་བོ། །ཞེས་པས་མ་སྐྱེས་པ་ཉིད་ནི་ཨ་ཡིག་གི་དོན་ཏོ། །ཞེས་བཤད་པ་ནི། དང་པོའི་དུས་སུ་ཨ་ཡིག་ལ་མཚན་མར་བཟུང་ནས་ཨ་ནུཔྟན་ཏེ་སྐྱེ་བ་མེད་པའོ་ཞེས་རྩེ་གཅིག་ཏུ་སྒོམ་པར་བྱེད་ལ། གོམས་པ་ན་ངེས་ཚིག་ལྷག་མ་མི་མངོན་པར་བྱས་ཏེ་ཨ་ཞེས་པ་ཙམ་གྱི་སྒོ་ནས་སྟོང་ཉིད་འཆར་བ་ལ་བསླབ་ཅིང་ཇི་སྲིད་བཟོད་པ་མ་སྐྱེས་བར་དུ་སྒོམ་ཞེས་པ་སྟེ། ཡི་གེ་ངེས་ཚིག་གིས་སྒྲུབ་ཚུལ་དང་། དེ་གྲུབ་པ་ལ་མཚན་མར་བྱེད་པའི་རིམ་གཉིས་སུ་བཞེད་དམ་བརྟག་གོ་།ཡི་གེ་ལས་དེ་ཁོ་ན་ཉིད་ལ་འཇུག་པའི་ཏིང་ངེ་འཛིན་དེ་ཡང་ཅུང་ཟད་ཙམ་གྱིས་ཆོག་པར་མི་བཟུང་གི་།བརྡའི་ཚུལ་ཞིབ་མོ་ལ་བློ་གྲོས་རྒྱས་པའི་ཕྱིར་ངེས་ཚིག་དུ་མའི་སྒོ་ནས་རྒྱ་ཆེར་རྩལ་སྦྱང་དགོས་ལ། དེ་སྦྱང་ཚུལ་ལ། ཡི་གེ་མང་པོ་ངེས་ཚིག་ཐ་དད་ཀྱིས་སྒྲུབ་པ་དང་། ཡི་གེ་གཅིག་ངེས་ཚིག་མང་པོས་བཤད་པ་ལ་བརྟེན་པ་གཉིས་ལས། དང་པོ་ནི། ཡུམ་རྒྱས་འབྲིང་ལས་གསུངས་པ་འདི་ལྟ་བུ་རྣམས་ཡིན་ཞིང་། ཕྱི་མ་ནི་འཕགས་པ་ཡབ་སྲས་མཇལ་བ་ལས་གསུངས་ཏེ། ཇི་སྐད་དུ། ཡི་གེ་གཅིག་གིས་འཇུག་པ་ཡི། །བྱང་ཆུབ་བློ་ལྡན་རྣམས་ལ་བསྟན། །ཆོས་རྣམས་ཐམས་ཅད་མ་བྱས་པ། །ཨ་ཡིག་སྒོ་ཡི་གཟུངས་སུ་བསྟན། །དེ་ལྟར་སྤྱོད་པ་བྱེད་རྣམས་ལ། །མཚན་ཉིད་མཐའ་ཡས་ངས་བསྟན་ཏེ། །འདི་འདྲའི་ཚུལ་ལ་འཇུག་པ་ནི། །


TN01_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཡི་སྒོ་ཡི་གཟུངས་སུ་བསྟན། །ཆོས་རྣམས་ཐམས་ཅད་འགག་མེད་པ། །ཨ་ཡིས་ཆོས་ལ་འཇུག་པར་བསྟན། །ཞེས་པ་ནས། ཆོས་རྣམས་འོང་བ་མེད་པ་སྟེ། །མེད་པས་དེ་དག་འོང་བའང་མེད། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། །ཨ་ལ་བརྟེན་ནས་འཇུག་པར་བྱ། །ཆོས་རྣམས་གདགས་པ་མེད་པ་སྟེ། །མེད་པས་དེ་དག་གདགས་པ་མེད། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། །ཨ་ལ་བརྟེན་ནས་འཇུག་པར་བྱ། །ཆོས་རྣམས་རང་བཞིན་མེད་པ་སྟེ། །མེད་པས་དེ་དག་རང་བཞིན་མེད། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། །བདེ་བར་གཤེགས་པས་གཟུངས་སུ་བསྟན། །ཞེས་སོགས་ཨ་ཡིག་གཅིག་ཉིད་ངེས་ཚིག་གཞན་དང་གཞན་གྱིས་བཤད་པས། བྱས་པ་མེད་པ་དང་། འགག་པ་མེད་པ་དང་། འོང་བ་མེད་པ་དང་། གདགས་པ་མེད་པ་ལ་སོགས་པའི་དོན་སོ་སོར་སྟོན་ཚུལ་རྒྱས་པར་གསུངས་པ་ལྟར་རོ། །དེ་ཡང་། ཆོས་རྣམས་འོང་བ་མེད་པ་སྟེ། །ཞེས་པས་ཆོས་རྣམས་ལ་འོང་བ་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་བསྟན་ནས། མེད་པས་དེ་དག་འོང་བའང་མེད། །ཅེས་པས་དེའི་རྒྱུ་མཚན། གང་འོང་རྒྱུའི་དངོས་པོ་ཉིད་རང་བཞིན་མེད་པས་དེ་དག་གི་འོང་བ་ངོ་བོ་ཉིད་ཀྱིས་ཇི་ལྟར་ཡོད་ཅེས་བཀའ་སྩལ་པ་སྟེ། མདོ་ཉིད་ཀྱི་གོང་འོག་བསྒྲིགས་ན་གསལ་ལོ། །གདགས་པ་མེད་པ་སོགས་ཀྱང་དེས་ཤེས་སོ། །ཡུམ་གསུམ་གནོད་འཇོམས་ལས།


TN01_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཨ་ཞེས་བྱ་བ་དེ་ཉིད་མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། འགག་པ་མེད་པ་ལ་སོགས་པའི་དོན་ལ་བརྟེན་ཏེ་སྒོམ་ན་ཆོས་ཐམས་ཅད་སོ་སོར་རྟོག་པའི་རྒྱུར་འགྱུར་རོ། །ཞེས་འབྱུང་བ་ཡང་ཡི་གེ་གཅིག་ངེས་ཚིག་མང་པོ་དང་སྦྱོར་བའི་གཞུང་ངོ་། །ཡི་གེ་རྣམས་སྟོང་པ་ཉིད་ལ་འཇུག་པའི་སྒོར་སྒྲུབ་པ་དང་། དེ་ལྟར་བསྒྲུབས་པ་དེས་དོན་ལ་འཇུག་པ་འདི་ཉིད་ཡུམ་ལས། ཡི་གེའི་སྒོ་དང་། ཡི་གེས་འཇུག་པ་དང་། ཞེས་གསུངས་པའི་དོན་དུ་བྱས་ན་ལེགས་ཤིང་འབུམ་གྱི་གནོད་འཇོམས་དང་ཡང་མཐུན་ནོ། །འོན་ཀྱང་འབུམ་ཊཱིཀ་ལྟར་ན། ཡིག་འབྲུ་ཚིག་ཏུ་བརྗོད་པ་དེ་ཡང་བྱང་ཆུབ་སེམས་དཔའ་དབང་རྣོན་ཁ་ཅིག་ནི་སྐྱེ་མེད་ཀྱི་དོན་གཅིག་ལ་བརྟེན་ཏེ་བསྒོམ་ན་དང་། དབང་འབྲིང་ཡི་གེ་གཉིས་ལ་བརྟེན་ཏེ་ཚིག་ཏུ་བརྗོད་པ་གཉིས་ལ་གོམས་པར་བྱས་པས་དང་། དབང་རྟུལ་རྣམས་ཚིག་ཏུ་བརྗོད་པ་དུ་མ་ལ་བརྟེན་ནས་བསྒོམས་པས་རྫོགས་པའི་བྱང་ཆུབ་འཐོབ་པའི་རྒྱུར་འགྱུར་ཞེས་ཡི་གེ་དང་ངེས་ཚིག་གི་སྒོ་སྣ་ཚོགས་གསུངས་པའི་ལུང་དོན་དེ་ལྟར་འཆད་དོ། །ཡི་གེའི་མ་མོ་རྣམས་ལ་གཟུངས་ཀྱི་ཕྱག་རྒྱ་ཞེས་གསུངས་པའང་གནོད་འཇོམས་མཁན་པོས། ཕྱག་རྒྱ་ཞེས་བྱ་བ་ནི་ཨ་ལ་སོགས་པ་ཡི་གེའི་འབྲུ་རེ་ལའང་མ་སྐྱེས་པ་ལ་སོགས་པའི་དོན་སྟོན་པའི་རྟགས་དང་། མཚན་མ་ཡིན་པའི་ཕྱིར་རོ། །ཞེས་དང་། ཤནྟི་པས། ཡི་གེ་ཉིད་ནི་ཕྱག་རྒྱ་སྟེ། དོན་དམ་


TN01_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྡ་གཟུངས་ཀྱི་གཞུང་གི་ཚོགས་ཞེས་བྱ་བའི་དོན་ཏོ། །ཞེས་པ་ཙམ་ལས་མ་བཤད་ཀྱང་། དགོངས་པ་བརྟགས་ན་ཡི་གེ་དེ་རྣམས་སྟོང་ཉིད་སྟོན་པའི་ཕྱག་རྒྱའམ་མཚན་མར་བརྟགས་ཏེ་གོམས་པར་བྱས་ནས། གདོད་མིང་ཚིག་ཇི་སྙེད་པ་ལ་དེ་དག་ཐོག་མར་འགྲོ་བའི་ཚུལ་གྱིས་བཏབ་པས་འདེབས་ཡུལ་མིང་ཚིག་རྣམས་བརྗེད་ངེས་ཀྱིས་ཆུད་འཛའ་བ་ལས་སྐྱོབ་པའི་དོན་ཡིན་པར་མངོན་ནོ། །མདོར་ན་ཤེས་བྱ་ངོ་བོ་ཉིད་ཀྱིས་གྲུབ་པ་ལྷག་མ་མེད་པར་མ་ཁེགས་ན་ཡི་གེ་མཉམ་པ་ཉིད་ཀྱི་མདོའི་དོན་དཔྱིས་ཕྱིན་པར་འཆད་མི་ནུས་ལ། བཏགས་པ་ཙམ་ལ་བརྗོད་བྱ་རྗོད་བྱེད་ཀྱི་རྣམ་བཞག་ཐམས་ཅད་བསྙོན་མེད་དུ་འཐད་པའི་ཚུལ་མི་ཤེས་ན་ངེས་ཚིག་གིས་ཡི་གེ་འགྲེལ་པའི་མདོའི་གནད་མི་ཟིན་ཅིང་། སྣང་སྟོང་གི་ཕྱོགས་གཉིས་ཕན་ཚུན་གྲོགས་སུ་འགྲོ་བའི་ཚུལ་ལ་མི་མཁས་ན་མདོའི་དོན་དེ་དག་རྩ་བའི་གནད་གཅིག་ཏུ་འདྲིལ་ལུགས་མི་རྙེད་པས་གཟུངས་ཀྱི་སྒོ་སྒྲུབ་པའི་གནད་ལ་མི་འཕྱུག་པའི་གཟེར་བུ་ཐེབས་པར་འདོད་པས་བདེན་པ་གཉིས་ཀྱི་ཚུལ་ལུགས་ཞིབ་མོ་ལ་སྦྱང་བར་བྱའོ། །དེའང་རྣམ་འགྲེལ་ལས། གྲགས་པ་བརྡ་ཡི་རྗེས་འགྲོ་ཅན། །དེ་ཡང་བརྗོད་འདོད་རྗེས་འགྲོ་ཅན། །ཐ་སྙད་དོན་དུ་བྱས་པ་སྟེ། །སྡེབ་སྦྱོར་མིང་དང་སྒྲ་ཆ་བཞིན། །ཞེས་སྡེབ་སྦྱོར་འགའ་ཞིག་ལ་རྨ་བྱའི་འགྲོས་དང་ཆུ་རླབས་ཕྲེང་བ་སོགས་དང་། སྒྲའི་ཆ་འགའ་ཞིག་ལ་བྱིངས་དང་རྐྱེན་ཞེས་བརྗོད་པ་ལྟར་བརྡ་རྣམས་


TN01_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོས་ཐ་སྙད་ཀྱི་དོན་དུ་བརྗོད་འདོད་ཀྱིས་རང་དགར་བཏགས་ནས་བཞག་པ་ཙམ་དུ་གསུངས་པ་ལྟར། མདོ་སེམས་ཀྱི་མཁས་པ་རྣམས་ཀྱང་རྗོད་བྱེད་སྒྲ་དངོས་པོའི་སྟོབས་ལས་འོང་བར་མི་བཞེད་མོད། འོན་ཀྱང་དེ་དག་བརྡ་རང་བཞིན་གྱིས་གྲུབ་པ་ཉིད་བརྡ་ཚད་མས་གྲུབ་པའི་དོན་དུ་བཞེད་པས་སློབ་དཔོན་སངས་རྒྱས་བསྐྱང་ལ་སོགས་པའི་ལུགས་ཀྱིས་དཔྱད་ན་ད་དུང་སྒྲ་དངོས་དབང་གིས་འཇུག་པའི་རྣམ་བཞག་སྨྲ་བའི་གླགས་དང་བཅས་པར་འགྱུར་ཏེ། བརྗོད་བྱ་རྗོད་བྱེད་ཡུལ་རང་གི་ངོ་བོའི་སྟེང་ནས་གྲུབ་པར་ཞལ་གྱིས་བཞེས་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོའི་དབང་ལས་བྱུང་བའི་རྗོད་བྱེད་ཐམས་ཅད་ཀྱི་ཐམས་ཅད་དུ་བཀག་པའི་སྐད་དང་ཡི་གེ་མཉམ་པ་ཉིད་ནི་དབུ་མ་ཐལ་འགྱུར་པའི་ལུགས་ཁོ་ན་ལ་ལེགས་པར་གནས་ཤིང་། དེ་ཉིད་ཀྱི་ཕྱིར་ན་བརྡ་ཐམས་ཅད་བཏགས་པ་ཙམ་དུ་གནས་པའི་ཐ་སྙད་ཀྱི་འཇོག་མཚམས་ཕྲ་མོ་ཡང་དེའི་ལུགས་བཞིན་བྱས་ནས་བཤད་མོད་ཀྱི། བདག་ཉིད་ཆེན་པོ་འཕགས་སེང་གཉིས་ཀྱིས་མིང་ཚིག་དོན་དམ་པར་རང་བཞིན་གྱིས་གྲུབ་པ་མེད་ཀྱང་། བརྡ་དང་ཐ་སྙད་བྱེད་པའི་བློས་བཞག་པའི་རང་གི་ངོ་བོ་མི་འགོག་པའི་ཕྱོགས་ལྟར་མཛད་པ་ཡང་གདུལ་བྱ་གཞུག་པའི་ཐབས་མཁས་ཀྱི་དམ་པར་བསྔགས་པས་དེ་དང་མཐུན་པར་འཆད་ཚུལ་ཡང་ཤེས་པར་བྱའོ། །དེ་ལྟར་ཡི་གེ་ལ་དམིགས་ནས་གཟུངས་སྐྱེད་ཚུལ་བཤད་པ་འདིས་ནི་གཟུངས་ཀྱི་སྒོ་ཞེས་པའི་དོན་ཡང་ལེགས་པར་བཤད་དེ། ཉི་ཁྲི་སྣང་བ་ལས། གཟུངས་ཀྱི་


TN01_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཏེ། །དེའང་ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གང་གསུངས་པ་ཡིན་ཏེ། ཞེས་བཤད་བྱའི་མདོ་བཀོད་ནས། དེའི་དོན་འཆད་པ་ལ། ཡི་གེ་མཚན་མར་བྱེད་པ་དེ་དང་དེས་བསྐལ་བ་མང་པོར་ཆོས་སྟོན་པའི་རྒྱུའི་དྲན་པ་གཏུགས་པ་མེད་པར་འགྱུར་བའི་ཕྱིར་དང་། ཞེས་འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཏེ། ཞེས་པའི་མདོས་ནི་ཡི་གེ་རྣམས་བསྟན་ལ། དེ་རྣམས་གཟུངས་ཀྱི་སྒོར་འགྱུར་བ་ནི། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་སོགས་ལྟར་མཚན་མར་བྱེད་པ་ལ་རག་ལས་པ་དང་། དེ་ལས་གཟུངས་ཀྱི་སྒོར་འགྱུར་ཚུལ་ནི་ཆོས་མི་བརྗེད་པའི་དྲན་པ་ཟད་མི་ཤེས་པར་སྐྱེ་བའི་སྒོར་འགྲོ་བ་ལ་བྱེད་ཅེས་བསྟན་ནས། དེ་འདྲའི་དྲན་པ་སྐྱེ་བའི་སྒོར་གྲུབ་པས་གཟུངས་ཀྱི་སྒོར་ཇི་ལྟར་འགྲུབ་སྙམ་པ་ལ། དྲན་པའང་ཡི་གེ་དང་དོན་འཛིན་པ་ཉིད་ཀྱིས་གཟུངས་ཡིན་པས་སོ། །ཞེས་གཟུངས་ཀྱི་མཚན་གཞི་ངོས་འཛིན་དང་། དེ་གཟུངས་སུ་འཇོག་པའི་རྒྱུ་མཚན། སྒྲ་བཤད་དང་བཅས་པ་གསུངས་ཏེ། འཕགས་པ་རྣམ་གྲོལ་སྡེའི་དགོངས་དོན་ཟུར་ཕྱིན་པར་བཤད་པ་ཡིན་ནོ། །དེ་ལྟར་བཤད་ན། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོར། ཨ་སོགས་ཡི་གེ་འབྲུ་བརྒྱད་དེ་ཁོ་ན་ཉིད་སྟོན་པའི་ངེས་ཚིག་བརྒྱད་ཀྱིས་བཤད་ནས་


TN01_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སྤོབས་པ་མི་ཟད་པ་སྐྱེ་བའི་ས་བོན་གྱི་ཚིག་ཏུ་བཞག་པར་གསུངས་པའང་ལེགས་པར་དྲངས་པར་འགྱུར་ཏེ། འདིར་སྤོབས་པ་ནི་ས་བཅུ་པའི་འགྲེལ་པ་ལས། དེ་ལ་སྤོབས་པ་ནི་ཇི་ལྟར་འདྲིས་པའི་ཆོས་ཀྱི་དོན་མ་བརྗེད་པའོ། །སྤོབས་པའི་རྩ་བ་དེ་ལ་བརྟེན་ནས་ཞེས་པ་ལྟར་རོ། །དག་ལྡན་དང་གནོད་འཇོམས་ལས་ཀྱང་གཟུངས་ཀྱི་སྒོའི་དོན་དེ་ལྟར་བཤད་དེ་མ་དྲངས་སོ། །གལ་ཏེ་ཡུམ་ལས་ཡི་གེ་ཞེ་གཉིས་གསུངས་པ་འདི་འདྲ་བའི་མདོ་རྣམས་ཀྱིས་ཡི་གེའི་མ་མོ་མཐའ་དག་གཟུངས་ཀྱི་སྒོར་སྟོན་པ་ཡིན་ན་ལེགས་སྦྱར་གྱི་སྐད་ལ་མེད་པའི་ཡི་གེ་རྣམས་ཀྱང་ཅི་སྟེ་མ་བསྟན། ལེགས་སྦྱར་ཁོ་ནའི་དབང་དུ་བྱེད་ནའང་དབྱངས་གསལ་གྱི་གྲངས་དང་གོ་རིམ་རྒྱ་ཆེར་རོལ་པའི་ལེའུ་བཅུ་པ་ལྟར་མཛད་རིགས་པ་ལ། གཞན་དུ་མཛད་པའི་རྒྱུ་མཚན་གང་ཡིན། འདིར་པ་དང་ཙ་ལ་སོགས་པའི་ཡི་གེ་འགའ་ཞིག་ལན་གཉིས་རེ་འབྱུང་བ་ལྷག་སྐྱོན་དུ་ཡང་ཇི་ལྟར་མི་འགྱུར། བསྐལ་པ་བཟང་པོའི་མདོ་ལས་ཡི་གེའི་སྒོ་བཅུ་དྲུག་དང་། བསོད་ནམས་ཐམས་ཅད་བསྡུས་པ་ལས་བརྒྱད་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས་བཅུ་དགུ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཞེ་ལྔར་བསྟན་པ་རྣམས་ཀྱང་ཇི་ལྟར་ཡིན་ཞེ་ན། འདི་དག་ཡི་གེའི་མ་མོའི་དབང་དུ་མཛད་པར་ནི་བཤད་ཟིན་ལ། ཐུབ་པ་དགོངས་རྒྱན་ལས་ཀྱང་། ཕྱི་མོའི་ཡི་གེ་རྣམས་ཇི་སྙེད་པ་དེ་ཉིད་ཀྱི་གཟུངས་ཀྱི་སྒོ་རྣམས་སོ། །ཞེས་བཤད་དོ། །དེའང་མདོའི་དངོས་བསྟན་རྣམས་ནི་སཾ་སྐྲྀ་ཏའི་སྐད་གཅིག་ཉིད་ཀྱི་ཡི་གེའི་མ་མོ་ལ་མཛད་


TN01_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་ཏེ། ངེས་ཚིག་གི་བཤད་པ་རྣམས་ཀྱིས་ཤེས་པའི་ཕྱིར་རོ། །དེ་ལྟར་མཛད་པའང་གདུལ་བྱ་མཆོག་རྣམས་གང་དུ་འབྱུང་བའི་ཕྱོགས་ནི་ཡུལ་དབུས་ཡིན་ཞིང་། དེའི་སྐད་ནི་ལྷ་དང་མིའི་སྐྱེ་བོ་མཁས་པ་རྣམས་ལ་གྲགས་པའི་སྐད་ཀྱི་དམ་པ་ཡིན་པས། སྟོན་པ་ཉིད་ཀྱང་ཤས་ཆེར་དེ་ལ་བརྟེན་ཏེ་ཆོས་འཆད་པ་ལ་དགོངས་སོ། །འོན་ཀྱང་དེའི་ཡི་གེའི་མ་མོ་འཆད་ན་གོ་རིམ་གཅིག་ཁོ་ནར་ངེས་པ་དང་། ཡི་གེ་གཅིག་ལན་གཉིས་སུ་མི་འབྱུང་བར་ངེས་པ་ནི་མ་ཡིན་ཏེ། རྒྱུ་མཚན་དང་དགོས་པ་གཞན་དང་གཞན་ལ་ལྟོས་ནས་ཡི་གེ་དེ་དག་གི་གྲངས་དང་གོ་རིམ་ཐ་དད་དུ་འགྱུར་བའི་ཕྱིར་ཏེ། པ་ཎི་བྱཱ་ཀ་ར་ཎཱའི་ཡི་གེའི་བསྡུ་བ་ལས། ཨ་ཨི་ཨཱུ་ཎ། ཞེས་པ་ནས། ཧ་ཡ་ཝ་ར་ལ་ན། ཞེས་སོགས་གོ་རིམ་མི་འདྲ་བ་དང་། ཧ་ཡིག་ལན་གཉིས་སུ་འབྱུང་བས་གྲངས་མི་འདྲ་བར་འདོན་པ་བཞིན་ནོ། །འབུམ་གྱི་གནོད་འཇོམས་ལས་ནི། གཟུངས་སྔགས་རྣམས་ལས་ཡི་གེ་འདི་དག་གོ་རིམ་ངེས་མེད་དུ་འབྱུང་བས། འདིར་ཡང་དེའི་དབང་དུ་བྱས། ཞེས་དང་། མདོར་བ་ཡིག་ལན་གཉིས་སྨོས་པའི་ཟློས་སྤོང་དུ། སྔ་མ་བའི་རིས་དང་། ཕྱི་མ་ཝའི་རིས་སུ་གཏོགས་པས་མི་ཟློས་ཞེས་བཤད་ནས་ལྷག་མ་ལ་རྒྱུ་མཚན་མ་བཤད་དོ། །རྣལ་མའི་དོན་ནི་འདི་ལྟར་ཡིན་ཏེ། གཟུངས་ཀྱི་སྒོའི་ཡི་གེ་གང་ཡོད་ཐམས་ཅད་མདོ་གཅིག་ཏུ་ཚང་བར་སྟོན་དགོས་པའི་ངེས་པ་མེད་ཀྱི། གདུལ་བྱ་ཉེ་བའི་བསམ་པ་དང་སྐབས་ཀྱི་དོན་ལ་ལྟོས་ནས་ཡི་གེའི་ངོ་བོ་དང་། གོ་རིམ་


TN01_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མང་ཉུང་སྣ་ཚོགས་སུ་གསུངས་པ་ཡིན་ཏེ། དཔེར་ན་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས། འདི་ལྟ་སྟེ། ཡི་གེ་འབྲུ་བརྒྱད་ཀྱི་དོན་ཁོང་དུ་ཆུད་པར་བྱའོ། །བརྒྱད་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། པ་ཞེས་བྱ་བ་དོན་དམ་པར་ཆོས་ཐམས་ཅད་ལ་བདག་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ལ་ཞེས་བྱ་བ་མཚན་དང་དཔེ་བྱད་བཟང་པོ་དང་། མཚན་དང་དཔེ་བྱད་བཟང་པོ་མེད་པ་དེ་བཞིན་གཤེགས་པའི་ལས་ཀྱི་སྐུ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། བ་ཞེས་བྱ་བ་བྱིས་པའི་ཆོས་རྣམས་དང་། མཁས་པའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་གཉིས་སུ་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ཛ་ཞེས་བྱ་བ་སྐྱེ་བ་དང་རྒ་བ་དང་འཆི་བ་དང་། སྐྱེ་བ་དང་རྒ་བ་དང་འཆི་བ་མེད་པའི་འགྲོ་བའི་མི་སྐྱེ་མི་འགག་པ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ཀ་ཞེས་བྱ་བ་ལས་དང་རྣམ་པར་སྨིན་པ་དང་ལས་དང་རྣམ་པར་སྨིན་པ་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། དྷ་ཞེས་བྱ་བ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ཤ་ཞེས་བྱ་བ་ཞི་གནས་དང་ལྷག་མཐོང་དང་། ཞི་གནས་དང་ལྷག་མཐོང་མེད་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ཀྵ་ཞེས་བྱ་བ་ཆོས་ཐམས་ཅད་སྐད་ཅིག་པ་སྟེ། གཟོད་མ་ནས་ཞི་བའི་ཕྱིར་ཟད་པ་མེད་པ་དང་། འཇིགས་པ་མེད་པ་དང་། རྒྱུ་བ་མེད་པ་དང་། ཆོས་ཐམས་ཅད་མྱ་


TN01_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པར་འཇུག་པ་ཁོང་དུ་ཆུད་པ་སྟེ། དེ་ལྟར་ཡི་གེ་འབྲུ་བརྒྱད་པོ་དེ་དག་གི་དོན་ཁོང་དུ་ཆུད་པར་རྟོགས་པར་བྱ་བ་འདི་ནི། དོན་ཁོང་དུ་ཆུད་པ་དང་པོའོ། །ཞེས་གསུངས་པ་ལ། འགྲེལ་པ་ལས། ཡི་གེ་གཅིག་གི་དོན་ཁོང་དུ་ཆུད་པས་ཐམས་ཅད་རྟོགས་ན། ཅིའི་ཕྱིར་ཡི་གེ་འབྲུ་བརྒྱད་ཅེས་བསྟན། འོན་ཏེ་ཡི་གེ་སོ་སོའི་དོན་ཤེས་པར་སྒྲུབ་པ་ཡིན་ན་ནི། །དེ་ལྟ་ན་འཇིག་རྟེན་ན་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཆེས་མང་པོ་ཞིག་ཡོད་པས་ཡི་གེ་འབྲུ་བརྒྱད་ཅེས་བྱ་བ་འདི་ཡང་ཧ་ཅང་ཉུངས་སོ་ཞེ་ན། ཞེས་དོགས་པ་བཀོད་ནས། དེའི་ལན་དུ། བསྟན་བྱ་སྟོན་པ་ཉན་པ་ཡི། །ངོ་བོ་དེ་ཉིད་རྣམ་གསུམ་བསྟན། །ཞེས་བསྟན་བྱ་སྟོན་པ་ཉན་པོ་གསུམ་ལ་བདེན་ཞེན་ཟློག་པའི་ཆེད་དུ་དེ་ལྟར་བསྟན་པར་བཤད་དེ། ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་སྤྱིར་སྟོན་པ་དང་པོ་དང་། འོག་མིན་དང་འདོད་ཁམས་སུ་ཆོས་སྟོན་པའི་སྐུ་གཉིས་ལ་བདེན་པར་རྟོག་པ་འགོག་བྱེད་གཉིས་པ། ཉན་པ་པོ་བྱིས་པ་དང་མཁས་པ་གཉིས་ལ་རྟོག་པ་ཟློག་པ་གསུམ་པ། བསྟན་བྱ་ལ་འཁོར་བར་འདྲིས་པ་དང་མ་འདྲིས་པ་གཉིས་ལས། འདྲིས་པ་ལ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འཇིག་གནས་གསུམ་གྱི་སྒོ་ནས་བདེན་པར་རྟོག་པ་ཟློག་ཆེད་བཞི་པ། མཚན་གཞི་ལས་དང་འབྲས་བུར་རྟོག་པ་ཟློག་བྱེད་ལྔ་པ། མ་འདྲིས་པ་ལ། ལམ་གྱི་དམིགས་པ་མཐར་ཐུག་ལ་རྟོག་པ་ཟློག་བྱེད་དྲུག་པ། དེ་ལ་དམིགས་པའི་ལམ་ལ་རྟོག་པ་ཟློག་བྱེད་བདུན་པ།


TN01_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྡུའི་ཚུལ་དུ་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པར་སྟོན་བྱེད་ཐ་མ་སྟེ། དེ་ལྟར་བརྒྱད་དུ་ངེས་པར་བཤད་པ་བཞིན་ནོ། །ཡི་གེའི་སྒོ་རེ་རེར་ངེས་ཚིག་རེ་རེ་ལས་མ་གསུངས་པ་རྣམས་ཀྱང་ཚུལ་འདིས་བཤད་པར་བྱའོ། །དེ་ལྟ་ནའང་སྡོང་པོ་བཀོད་པའི་ཚོང་དཔོན་གྱི་བུ་བཟོ་མངོན་པར་ཤེས་པའི་རྣམ་ཐར་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་རྣམས་སུ་ངེས་ཚིག་གཞན་དང་གཞན་གྱིས་བཤད་པ་ནའང་ཡི་གེའི་ངོ་བོ་དང་། གོ་རིམ། ཨ་ར་པ་ཙ་ན་ལ་ད་སོགས་ཕལ་ཆེར་ཡུམ་ལས་འབྱུང་བ་འདི་ཉིད་གཞིར་བཟུང་སྟེ་བཤད་ཅིང་། ཀུན་བཏུས་འགྲེལ་པ་རྒྱལ་སྲས་མར་ཡང་། གཟུངས་ཀྱི་སྒོ་ཀུན་ཏུ་འཛིན་པ་ཡང་དག་པར་འབྱོར་པའི་ཞེས་བྱ་བ་ནི་ཡི་གེ་བཞི་བཅུ་རྩ་གཉིས་ལས་ཡི་གེ་གང་ཡང་རུང་བ་ཡིད་ལ་བྱེད་པ་ན། དེས་ཐོག་མ་ཁོ་ནར་ཆོས་ཀྱི་རྣམ་གྲངས་ཐམས་ཅད་རྗོད་ནུས་པ་ཐོབ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།ཞེས་ཡི་གེ་ཞེ་གཉིས་སུ་མཛད་པ་འདི་ཉིད་གཟུངས་ཀྱི་སྒོ་སྤྱི་ཁྱབ་ལྟ་བུར་གསུངས་པ་ནི། གནོད་འཇོམས་སུ་ཡུམ་ལས་གསུངས་པ་འདི་གཟུངས་ཀྱི་ཚིག་ལ་ཡི་གེ་རེ་རེ་ནས་རྣལ་འབྱོར་བྱེད་ཚུལ་ཡིན་པར་བཤད་པ། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་འགྲེལ་པར། གལ་ཏེ་ཡི་གེ་རེ་རེ་ལ་རྣལ་འབྱོར་དུ་བྱེད་ནུས་ན་ལྟ་རབ་ཏུ་ལེགས་པ་ཡིན་ནོ། །ཞེས་འབྱུང་བ་དང་མཐུན་པར་སྣང་སྟེ། དེ་ཙམ་མ་གཏོགས་རྒྱུ་མཚན་གཞན་བཤད་པ་མ་མཐོང་ལ། མདོ་དེ་དག་ཏུ་གསུངས་པའི་ཡི་གེའི་བཤད་པ་


TN01_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བསྡུས་དོན་བྱེད་ཚུལ་ཞིབ་མོར་བཀྲལ་བ་སོགས་ཀྱང་མ་རྙེད་པས་ད་དུང་བློའི་མཐུ་ཤིན་ཏུ་ཆེ་བ་རྣམས་ཀྱིས་དཔྱད་པར་བྱའོ། །གཉིས་པ་ནི། ཡུམ་གསུམ་གནོད་འཇོམས་ལས། གོམས་པའི་སྟོབས་ཀྱིས་ཨ་ཞེས་བྱ་བ་གཅིག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པར་སྣང་སྟེ་ཞེས་དང་། ཤནྟི་པ་དང་ཨ་བྷྱས་བཤད་ཚུལ་དྲངས་ཟིན་པ་ལྟར། ཡི་གེའི་མ་མོ་རྣམས་སུ་སྟོང་ཉིད་ལ་མི་སྐྲག་པའི་བཟོད་པའི་སྟོབས་ཀྱིས་ཟབ་མོའི་དོན་འཛིན་ནུས་པ་ན་གཟུངས་དེ་གྲུབ་པ་ཡིན་ཏེ། འདིའི་འཛིན་ཚུལ་ལ། ཡི་གེ་དེ་དང་དེ་དམིགས་པ་ཙམ་གྱིས་སྟོང་པ་ཉིད་ཀྱི་དོན་ངེས་པར་འཆར་ཐུབ་པ་དགོས་ཤིང་། དེ་བཟོད་པ་ཐོབ་པ་ལ་ལྟོས་པའི་ཕྱིར་ཏེ། སྔར་བཤད་པས་ཤེས་སོ། །ཡི་གེ་ཙམ་ལས་སྟོང་པ་ཉིད་ཀྱི་དོན་ངེས་པར་འཆར་ཐུབ་པ་ནི། རྡོ་རྗེ་སྙིང་པོའི་གཟུངས་མདོ་ལས་ཡི་གེ་དེ་རྣམས་ངག་གང་གི་སྔོན་དུ་དམིགས་ཀྱང་སྟོང་ཉིད་སྟོན་པའི་ངེས་ཚིག་དྲན་བྱེད་ཀྱི་སྒོར་འགྱུར་བར་དཔེར་བརྗོད་ཀྱི་སྟེང་ནས་བཤད་པ་དང་དོན་འདྲ་ལ། དེའི་ཚུལ་ཡང་མདོ་དེ་ཉིད་ལས། འཇམ་དཔལ་ཆོས་ཐམས་ཅད་ནི་ལྷའི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་འདུལ་བའི་ས་ལ་གནས་པ་སྟེ། དེ་ནི་ལྷ་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །ཞེས་ལྷའི་སྐད་དོད་དེ་བ་དང་། དུལ་བའི་སྐད་དོད་ད་མ་སྟེ།


TN01_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཀའི་དང་པོ་ན་ད་ཡིག་ཐུན་མོང་དུ་ཡོད་པས་ལྷའི་མིང་ཐོག་མཐོང་བ་ན་དུལ་བའི་ངེས་ཚིག་གི་ཚུལ་གྱིས་ཟབ་མོའི་གནས་ལུགས་དྲན་པར་གསུངས་སོ། །དེ་བཞིན་དུ། འཇམ་དཔལ་ཆོས་ཐམས་ཅད་ནི་ཀླུའི་སྒོ་སྟེ། ཆོས་ཐམས་ཅད་ནི་མིང་མེད་པ། ཡི་གེ་ཡོངས་སུ་ཆད་པ། ཡི་གེ་མེད་པ། ཡི་གེ་ཡོངས་སུ་བརྗོད་པའོ། །ཞེས་ཀླུའི་སྐད་དོད་ནཱ་ག་ཞེས་པའི་ནཱ་ཡིག་ལས་ནཱ་མ་ལ་དགག་སྒྲ་སྦྱར་བས་མིང་རང་བཞིན་མེད་པའི་དེ་ཁོ་ན་ཉིད་སྟོན་ཚུལ་དྲན་པ་དང་། འཇམ་དཔལ་ཆོས་ཐམས་ཅད་ནི་ནམ་མཁའ་ལྡིང་གི་སྒོ་སྟེ། འོང་བ་མེད་ཅིང་འགྲོ་བ་མེད་པ། ཞེས་དང་། ཆོས་ཐམས་ཅད་ནི་མིའམ་ཅིའི་སྒོ་སྟེ། བྱེད་པ་པོ་ལས་ལོག་པ་ཞེས་དང་། ཆོས་ཐམས་ཅད་ནི་ལྟོ་འཕྱེ་ཆེན་པོའི་སྒོ་སྟེ། དྲི་མ་དང་བྲལ་ཞིང་ཤིན་ཏུ་འོད་གསལ་བ། ཞེས་ག་རུ་ཊ་དང་། ཀིནྣ་ར་དང་། མ་ཧོ་ར་གེ་རྣམས་ཀྱི་དང་པོ་ལས། རིམ་བཞིན། ག་ཏི་དང་། ཀ་ར་ཀ་དང་། མ་ལ་རྣམས་ལ་དགག་སྒྲ་སྦྱར་བས་འགྲོ་བ་མི་དམིགས་པ་དང་། བྱེད་པ་པོ་མ་གྲུབ་པ་དང་། དྲི་མ་མེད་པའི་དེ་ཁོ་ན་ཉིད་སྟོན་ཚུལ་དྲན་པ་སོགས་རྒྱ་ཆེར་གསུངས་ལ། དཀོན་བརྩེགས་ཀྱི་ཀུན་ནས་སྒོའི་ལེའུ་ལས་ཀྱང་། ཆོས་དེ་ཤིན་ཏུ་འགྲོ་མེད་ཀྱང་། །འགྲོ་བའི་སྒྲར་ནི་བརྗོད་པས་ན། །འགྲོ་བས་འགྲོ་བ་མེད་ཤེས་པས། །དྲི་ཟས་ཏིང་འཛིན་བསྟན་པ་ཡིན། །ཞེས་དང་། ཨ་ཡིས་རྒྱས་བཏབ་ལྷ་མིན་ཏེ། །སྐྱེ་བ་མེད་ལས་ཡང་དག་བྱུང་། །འགག་མེད་འབྱུང་བ་ཡིན་མིན་པས། །ལྷ་མ་ཡིན་


TN01_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཏིང་འཛིན་བསྟན། །ཞེས་སོགས་གནྡྷར་བྷ་དང་། ག་ཏི་གཉིས་དང་། ཨ་སུ་ར་དང་། ཨ་ནུཏྤན་གཉིས་སོགས་ཐོག་མའི་ཡི་གེ་མཚུངས་པ་ལ་བརྟེན་ནས་སྔ་མ་བཞིན་དུ་གསུངས་སོ། །དེའང་དནྟ་ཞེས་པའི་ཐད་དུ་དང་པོའི་ད་ཡིག་མཚན་མར་ཟིན་པ་ཉིད་ཀྱིས། དེ་ཝ་ཞེས་པའི་སྒྲའི་སྐབས་སུ་ཡང་ད་ཡིག་ལ་མཚན་མར་ཟིན་པ་དང་། དེའི་གནད་ཀྱིས་དེ་ཝའི་སྒྲ་ལས་ཀྱང་ད་མའམ་དནྟ་ཞེས་པ་ལ་འཇུག་པར་འགྱུར་བ་དང་། དེའི་རྒྱུ་མཚན་ཡང་སྟོང་པ་ཉིད་སྟོན་པའི་ཡི་གེའི་སྒོ་ཉིད་ལྷ་ལ་སོགས་པ་བརྗོད་པའི་སྒོ་དེ་དང་དེར་ཤར་བའི་ཚུལ་རྣམས་བཀའ་སྩལ་པ་སྟེ། དེ་ཐམས་ཅད་ཀྱང་ཡི་གེ་མཉམ་པ་ཉིད་ཀྱི་རྣལ་འབྱོར་གྲུབ་པའི་ཚད་གསལ་བར་སྟོན་པ་ཡིན་ལ། དུལ་བ་དང་ལྷ་གཉིས་ཀ་ཡི་གེ་གཅིག་ལས་དྲན་པར་མཚུངས་ཀྱང་། ལྷའི་མིང་ཡིག་དང་པོའི་སྒོ་ནས་དུལ་བ་ལ་འཇུག་པ་ལ་སོགས་པའི་ཕྱོགས་ནས་བཤད་ཀྱི། བཟློག་ནས་མ་བཤད་པ་ནི། ཇི་ལྟ་བ་སྟོན་པའི་ཡི་གེའི་ཕྱག་རྒྱས་ཇི་སྙེད་པའི་དོན་ཅན་གྱི་སྒྲ་རྣམས་ལ་ཕར་འདེབས་པ་ཡིན་གྱི། བཟློག་ནས་འདེབས་པར་བཤད་དུ་མེད་པས་ཡིན་ཏེ། འདི་དག་ངག་ཐམས་ཅད་ལ་གཟུངས་ཀྱི་ཕྱག་རྒྱས་འདེབས་ཚུལ་སྟོན་པའི་མདོར་ཡང་གསལ་བའི་ཕྱིར་རོ། །ཡུམ་རྒྱས་འབྲིང་ལས་ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་སོགས་ཡི་གེའི་མ་མོ་མཐའ་དག་ཤེས་བྱའི་དེ་ཁོ་ན་ཉིད་རྗོད་པའི་སྒོར་འཆར་བར་གསུངས་པའི་ལུང་དོན་ཡང་དེ་ཇི་ལྟ་བ་བཞིན་བཤད་པར་བྱའོ། །དེ་ལྟར་ཨ་ལ་སོགས་པའི་


TN01_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྒོ་རྣམས་ཡི་གེ་མཉམ་པ་ཉིད་ཀྱི་ངེས་པ་སྔོན་དུ་བཏང་སྟེ་བསྒོམ་པས། གང་གི་ཚེ་ལག་རྗེས་རྙེད་དེ། བྱེ་བྲག་མེད་པར་ཨ་ཞེས་པ་དྲན་པའི་སྟོབས་ཁོ་ནས་ཨ་ཡིག་དེ་སྐྱེ་བ་མེད་པའི་ཆོས་ཉིད་དུ་བཤད་པ་ལ་ངེས་པ་གསལ་བ་ཆེས་ཕུལ་དུ་བྱུང་བ་དྲངས་ཏེ། སྒོ་དེ་ལས་བཟོད་པ་སྐྱེད་ནུས་པ་ན། སྐྱེ་མེད་ཀྱི་སྐད་དང་ཡི་གེ་དེ་དག་སྔོན་མ་འདྲེས་པའི་སྒྲ་རྣམས་དང་མགོ་སྙོམས་བྱེད་པའི་སྟེང་ནས་བཟུང་བར་སོང་བས། དེ་ཕན་ཆད་ཨའི་ནང་དུ་སྐྱེ་མེད་ཀྱི་མིང་དོན་བསྡུ་བ་དེ་གོམས་བྱང་གི་རྩོལ་བ་གཉིས་པ་ལ་མི་ལྟོས་པར་སོང་བ་ཡིན་ལ། དེའི་ཚེ་ཨ་ཞེས་པ་དེ་བརྡའི་དབང་གིས་དོན་གང་དང་གང་ལ་བཤད་ཀྱང་དེ་དང་དེ་བཞིན་དུ་འགྱུར་བའི་ཚུལ་ལ་ཐབས་མཁས་ཟབ་མོའི་འཕྲུལ་གྱིས་བློ་བྱང་ནས། སྔོན་མ་འདྲིས་པའི་སྒྲ་རྣམས་ཀྱང་ཚུལ་དེ་ཉིད་ཀྱིས་འཛིན་པར་ནུས་ཏེ། ཀློག་ཤིན་ཏུ་བྱང་བས་བསླབས་པ་དང་མ་བསླབས་པའི་གཞུང་ཐམས་ཅད་སྐྱེན་པར་འདོན་པ་བཞིན་ནོ། །དེའང་འཛིན་བྱང་བ་ཙམ་མིན་གྱི། ཆོས་གང་རྗོད་ཀྱང་གང་དུ་ཟབ་མོའི་དོན་བཟུང་བའི་ཆོས་ཀྱི་སྒོ་དེ་དག་ཉིད་ཀྱིས་བརྗོད་པ་ཁོ་ནར་འཆར་བས་ཡི་གེ་དེ་རྣམས་བཟོད་པ་ལ་འཇུག་པའི་སྒོར་ཇི་ལྟར་སོང་བའི་དྲན་པ་གསོས་ནས་སྒྲ་གཞན་དེ་དག་ཀྱང་དེའི་ཚུལ་གྱིས་ཡི་གེའི་མ་མོའི་སྒྲོམ་དུ་བཅུག་སྟེ་འཛིན་པ་ཡིན་ནོ། །འདི་ནི་ལོབ་སྐྱེན་པའམ་འཛིན་མྱུར་བའི་ཡིད་གཞུངས་ཀྱི་ཁྱད་པར་ཡིན་ཏེ། སྔར་སྒྲ་ཐམས་ཅད་གཟུངས་ཀྱི་ཕྱག་རྒྱས་འདེབས་ཚུལ་བཤད་པའི་དོན་ཡང་འདི་ཁོ་ནའོ། །དོན་འདིའི་ཕྱིར་


TN01_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། གཟུངས་དང་ཡེ་ཤེས་ལྡན་པས་ན། །སྐད་ཀྱི་བྱིངས་ལ་མྱུར་དུ་འཇུག །སྒྲ་དབྱངས་ཀྱི་ནི་ཐོག་མའི་མཐའ། །ཇི་ལྟ་བཞིན་དུ་རྟོགས་པར་འགྱུར། །ཞེས་གཟུངས་ཐོབ་པའི་དབང་གིས་སྐད་དམ་ངེས་ཚིག་འཇུག་ཚུལ་གྱི་གཏིང་ལ་མྱུར་དུ་སླེབ་ནུས་པར་གསུངས་ཏེ། མཐར་ཕྱིན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ནས་རྙེད་ཀྱང་། མཚན་ཉིད་ཚང་བ་མོས་སྤྱོད་ནས་ཀྱང་ཐོབ་པ་ཡིན་ནོ། །དེས་ན་གཟུངས་འདིའི་དམིགས་པ་ལ་དེ་ཁོ་ན་ཉིད་སྟོན་པའི་མིང་ཚིག་ཡི་གེ་འབའ་ཞིག་གསུངས་པ་རྣམས་ནི་རྩོམ་པ་དང་པོའི་སྐབས་ཀྱི་དབང་དུ་མཛད་ཅིང་། ཡི་གེའི་མཐའ་ལས་བྱུང་བའི་མིང་ཚིག་ཇི་སྙེད་པ་འཛིན་པར་བཤད་པ་ནི། གྲུབ་པའི་འོག་ཏུ་ཡིན་པས་མི་འགལ་བར་ཤེས་པར་བྱའོ། །ཤིན་ཏུ་དཀའ་བའི་གནས་འདི་ནི་གཞུང་བཀླགས་མ་ཐག་ཏུ་ཤེས་པར་མི་འགྱུར་བས། བརྒྱ་ལ་དོན་གཉེར་ཡོད་ན་རིག་པ་བསྒྲིམ་ལ་ཞིབ་ཏུ་དཔྱད་པར་བྱའོ། །ཡང་བཟོད་གཟུངས་ནི་ཟབ་མོའི་ཚིག་དོན་འཛིན་པས་རབ་ཏུ་ཕྱེ་བ་ཡིན་ཡང་། དེ་ལས་གཞན་པའི་བརྡའི་ཡུལ་ཅན་གྱི་དྲན་ཤེས་མང་པོའང་དེར་འཇོག་པ་ནི། ཀུན་བྱང་གི་བརྡ་སྣ་ཚོགས་འཛིན་པ་ཙམ་མིན་གྱི། བརྡ་སྣ་ཚོགས་དེ་ཁོ་ན་ཉིད་ལ་འཇུག་པའི་ཡི་གེའི་སྒོར་བསྡུས་ནས་འཛིན་པ་འབའ་ཞིག་ལ་བྱེད་པས་དེ་དག་ཀྱང་ཟབ་མོའི་ཚིག་དོན་འཛིན་པའི་ཕྱོགས་སུ་འགྲོ་བའི་ཕྱིར་མི་འགལ་ཏེ། ཡི་གེའི་མ་མོ་མཐའ་དག་སྟོང་ཉིད་སྟོན་པའི་ཕྱོགས་སུ་སྦྱར་བ་མི་འཐད་པའི་རྩོད་སྤོང་ཡུམ་གྱི་མདོ་


TN01_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས་གསུངས་ཚུལ་སྔར་བརྗོད་པ་དང་བསྒྲིགས་ན་ངེས་པ་ཆེན་པོ་སྟེར་རོ། །དེ་ལྟར་བྱས་ན་ཡི་གེ་དང་བརྗོད་པ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་ཡི་གེས་རབ་ཏུ་འཇུག་པའི་མདོ་རྣམས་ཀྱིས། ཡི་གེའི་མ་མོ་ཐམས་ཅད་གཟུངས་ཀྱི་ཕྱག་རྒྱར་སྒྲུབ་ལུགས་དང་། དེ་གྲུབ་པ་ན་སྒྲ་ཐམས་ཅད་ལ་ཕྱག་རྒྱ་དེས་འདེབས་ལུགས་གཉིས་ཀ་གསལ་བར་བསྟན་ཞིང་། དེའི་སྔ་མ་ནི་ཟབ་མོའི་ཆོས་ཀྱི་བརྡ་རྣམས་ལན་རེས་མི་བརྗེད་པར་འཛིན་པ་སྒྲུབ་ཚུལ་དང་། ཕྱི་མ་དེའི་སྒོ་ནས་ཆོས་ཀྱི་བརྡ་གཞན་ཡང་མྱུར་པོར་འཛིན་ཚུལ་བསྟན་པར་འགྲོ་བ་བཤད་ཟིན་པས་གཟུངས་འདིས་ལས་དང་ཉོན་མོངས་ལམ་དང་གང་ཟག་ལ་སོགས་པའི་ཡུལ་ཅན་གྱི་སྒྲ་སྣ་ཚོགས་འཛིན་ཚུལ་ཡང་ཡུམ་གྱི་དངོས་བསྟན་ལ་གསལ་བར་མ་ཐོན་པ་མིན་ནོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཡི་གེ་མཉམ་ཉིད་ལ་མཁས་པ་ཉིད་ཀྱིས་ངག་གི་བརྡ་ཐམས་ཅད་མཉམ་པ་ཉིད་དུ་མཐོང་ཚུལ་སྤྲོས་ཏེ་གསུངས་པའང་ཆོས་དེ་རྣམས་བརྗོད་པ་མཉམ་པ་ཉིད་ཀྱི་སྟེང་ནས་འཛིན་པ་འདི་རང་སྟོན་པར་མངོན་ཏེ། དེའང་འདི་ལྟར། ཀླུའི་བདག་པོ་དཔེར་ན་ཡི་གེ་རྣམས་མི་ཟད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བསྟན་པ་མི་ཟད་དོ། །དཔེར་ན་ཡི་གེ་རྣམས་ནི་ལུས་སམ་སེམས་གང་ནས་ཀྱང་མི་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གང་ནས་ཀྱང་མི་འབྱུང་སྟེ། ལུས་ལ་ཡང་མི་གནས་སེམས་ལ་ཡང་མི་གནས་སོ། །ཡི་གེ་རྣམས་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་ལ། ཀུན་ཉོན་


TN01_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྗོད། རྣམ་པར་བྱང་བར་མི་འགྱུར་ལ་རྣམ་བྱང་ཡང་རྗོད་དོ། །དེ་བཞིན་དུ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པའི་བྱང་སེམས་ཡང་ཀུན་ཉོན་ཡང་རྗོད་ལ་དེས་ཀྱང་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བའི་ཆོས་ཀྱང་རྗོད་ལ་དེས་ཀྱང་རྣམ་པར་དག་པར་མི་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཡི་གེ་རྣམས་ནི་གང་ནས་ཀྱང་མ་འཕོས་ལ་གོ་བར་ཡང་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གང་ནས་ཀྱང་མ་འཕོས་ལ་གོ་བར་ཡང་བྱེད་དེ་གཞན་གྱི་སེམས་ཀྱང་རྣམ་པར་དག་པར་བྱེད་དོ། །ཡི་གེ་ནི་བརྗོད་པ་རྣམས་ཀྱང་ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་མེད་ལ་མ་བརྗོད་པ་རྣམས་ཀྱང་ནང་དུ་སོག་པ་མེད་པ་དེ་བཞིན་དུ་ཆོས་བརྗོད་པའམ་བསྟན་པ་ཐམས་ཅད་ཀྱང་ཕྱོགས་དང་ཕྱོགས་མཚམས་སུ་འགྲོ་བ་མེད་ལ་མ་བསྟན་པ་རྣམས་ཀྱང་ནང་དུ་སོག་པ་མེད་དོ། །ཡི་གེ་རྣམས་ནི་གཟུགས་མེད་ཅིང་བསྟན་དུ་མེད་པར་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་གཟུགས་མེད་ཅིང་བསྟན་དུ་མེད་པར་སེམས་ཀྱི་དམིགས་པ་རྣམས་ལས་འབྱུང་ངོ་། །ཡི་གེ་རྣམས་ནི་སྐད་ཅིག་པ་དང་ཡ་མ་བརླ་དང་གསོབ་དང་གསོག་ཡིན་ལ་དེ་རྣམས་ཀྱི་བྱེད་པ་པོ་འགའ་ཡང་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྐད་ཅིག་པ་ནས་བྱེད་པ་པོ་འགའ་ཡང་མེད་པའི་བར་ཡིན་ནོ། །ཡི་གེ་རྣམས་ནི་ཆགས་པ་ཡང་མེད། སྡང་བ་ཡང་མེད། རྨོངས་པ་ཡང་མེད་ལ། ཡི་གེའི་རྣམ་པར་རིག་


TN01_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེས་ཀྱང་བྱིས་པ་རྣམས་རྗེས་སུ་ཆགས་པའམ་ཁོང་ཁྲོ་བའམ་རྨོངས་པར་འགྱུར་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཆགས་པ་ཡང་མེད། སྡང་བ་ཡང་མེད། རྨོངས་པ་ཡང་མེད་པར་རྟོགས་ལ་མངོན་པར་ཞེན་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྐྱེ་བར་འགྱུར་རོ། །ཡི་གེའི་བརྡས་ནི་འབྲས་བུ་ཐོབ་པར་ཡང་བསྟན་ལ་ཡི་གེ་རྣམས་ཀྱིས་ཐོབ་པ་ཡང་མེད་མངོན་དུ་བྱ་བ་ཡང་མེད་པ་དེ་བཞིན་དུ་ཆོས་རྣམ་པར་བཞག་པས་འབྲས་བུ་ཐོབ་པ་བསྟན་མོད་ཀྱི། འདི་ལ་ཆོས་འགའ་འཐོབ་པའམ་མངོན་སུམ་དུ་བྱ་བ་ཡང་མེད་དོ། །དཔེར་ན་ཆོས་གང་ཡང་ཡི་གེ་རྣམས་ཀྱིས་མ་བསྡུས་པ་མེད་པ་དེ་བཞིན་དུ་ཆོས་གང་ཡང་བྱང་ཆུབ་ཀྱིས་མ་བསྡུས་པ་མེད་དེ། ཀླུའི་བདག་པོ་དེ་ལྟར་ན་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་སེམས་ནི་ཡི་གེ་རྣམས་ཁོ་ནས་བྱང་ཆུབ་ཚོལ་བར་བྱེད་དོ། །ཡི་གེ་རྣམས་ཁོ་ནས་བྱང་ཆུབ་སྟོན་པར་བྱེད་དོ། །ཡི་གེ་རྣམས་ཁོ་ནས་བྱང་ཆུབ་གླེང་བར་བྱེད་དོ། །ཡི་གེ་རྣམས་ཁོ་ནས་བྱང་ཆུབ་ལ་རེག་པར་བྱེད་དོ། །ཞེས་པ་སྟེ། འདིའི་ཆོས་ཐམས་ཅད་ཅེས་པ་རྣམས་གསུང་རབ་བམ་བཤད་པའི་ཆོས་ལ་བྱ་དགོས་པ་ནི་ཆོས་བརྗོད་པའམ་བསྟན་པ་ཐམས་ཅད་ཀྱང་ཞེས་པས་གསལ་ལོ། །ཡི་གེས་ཀུན་བྱང་རྗོད་ཀྱང་དེ་དག་ཏུ་མི་འགྱུར་བའི་ཟླ་ལ་ཆོས་ཐམས་ཅད་ཅེས་མ་སྨོས་པར་གཟུངས་ཐོབ་པའི་བྱང་སེམས་ཞེས་གསུངས་ཀྱང་དོན་འདྲ་སྟེ། གཟུངས་ཐོབ་པ་བརྡའི་སྒོ་ནས་ཀུན་བྱང་དུ་མི་ཞེན་པར་སྟོན་པ་ཡིན་པའི་ཕྱིར་རོ། །


TN01_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཚོལ་ཞིང་སྟོན་པ་ལ་ཡི་གེ་ལས་བྱང་ཆུབ་ཚོལ་ཞིང་སྟོན་པར་གསུངས་པ་ནི། བཤེས་སྤྲིང་ལས། གང་གིས་འདི་ནི་ཡང་དག་སུས་ཤེས་པ། །སངས་རྒྱས་དེ་ཉིད་རིག་པ་རྣམས་མཆོག་མཐོང་། །ཞེས་པ་དང་ཚུལ་མཐུན་ནོ། །དེ་ལྟར་ཡི་གེ་རྣམས་བརྡའི་གསལ་བ་སྣ་ཚོགས་ཀྱིས་རྣམ་པར་ཕྱེ་སྟེ་ཅི་ཙམ་སྟོན་ཀྱང་། ཡི་གེ་མཉམ་པ་ཉིད་རྗེས་སུ་དྲན་པ་ལས་ཉམས་པར་མི་འགྱུར་ཞིང་། །ཕྱི་ཕྱིར་དྲན་པ་དེ་གསོ་བར་བྱེད་པ་འདི་ལ་ཏིང་འཛིན་རྒྱལ་པོར་ཚིག་གིས་སེམས་མི་འཕྲོག་པ་ཞེས་གསུངས་ཏེ། དེ་ཉིད་ལས། བཤད་པ་ན་ཡང་ཡི་གེ་འཕོ་བ་མེད། །མ་བཤད་ན་ཡང་ཡི་གེ་འགྲིབ་མི་འགྱུར། །ཡི་གེ་དག་ནི་ཕྱོགས་སུའང་མི་འགྲོ་སྟེ། །ཡི་གེ་གང་ནས་ཀྱང་ནི་འོང་མ་ཡིན། །ཞེས་སོགས་མང་དུ་གསུངས་པའི་འཕྲོར། མཁས་པ་དེ་ནི་ཚིག་ཀུན་སྨྲ་བྱེད་ཀྱང་། །ཚིག་གིས་སེམས་ནི་འཕྲོག་པར་མི་འགྱུར་ཏེ། །ཚིག་རྣམས་ཐམས་ཅད་རི་ཡི་བྲག་ཆ་བཞིན། །དེ་ཕྱིར་ནམ་ཡང་ཚིག་ལ་ཆགས་མི་འགྱུར། །ཞེས་རྐང་པ་སྔ་མ་གཉིས་ཀྱིས་ཚིག་གིས་མི་འཕྲོག་པ་དང་། གསུམ་པས་མི་འཕྲོག་པའི་རྒྱུ་མཚན། བཞི་པས་དེའི་ཕྱིར་ཚིག་ལ་མི་ཞེན་ཞེས་སྟོན་ཏེ། གོང་གི་རྐང་པ་གཉིས་པ་དང་བསྒྲིགས་པས་མ་ཞེན་ན་མི་འཕྲོག་ཅེས་བཤད་པར་འགྱུར་རོ། །སྒྲའི་དབང་གིས་བློ་སྣ་ཚོགས་སུ་མི་འགྱུར་བ་ཞེས་ཀྱང་གསུངས་ཏེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། སྒྲ་རྣམས་


TN01_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྒྲ་གཅིག་རབ་ཤེས་ན། །སྣ་ཚོགས་སུ་ནི་ནམ་ཡང་འགྱུར་བ་མེད། །ང་ཡིས་གང་བཤད་མུ་སྟེགས་དེ་དག་འཆད། །དེ་དག་འདི་འདྲའི་ཆོས་ཉིད་ཤེས་པ་ཡིན། །ཞེས་བརྗོད་པ་སྣ་ཚོགས་ཀྱིས་ཁྲིད་ནས་དྲན་པ་གཞན་དུ་བསྒྱུར་བའི་གཡེང་བ་མི་འབྱུང་བ་རྐང་པ་གཉིས་པའི་དོན་དང་། དེའི་རྒྱུ་མཚན་རྐང་པ་དང་པོ་ལྟར་སྒྲ་ཐམས་ཅད་ཚུལ་གཅིག་ཏུ་ཤེས་པ་དང་། གཅིག་ཏུ་ཤེས་ཚུལ་རྐང་པ་ཐ་མ་གཉིས་ཀྱིས་བསྟན་པ་ལྟར་རོ། །ཆོས་ཀྱི་བརྡ་གང་ཡང་ཡི་གེའི་མ་མོ་ཙམ་ལ་བསྡུས་ནས་འཛིན་ཚུལ་བཤད་པ་འདིའི་གནད་ཀྱིས། ཡི་གེའི་མ་མོ་མ་བརྗེད་པ་ཉིད་ཀྱིས་ཆོས་ཀྱི་བརྡའི་རྣམ་གྲངས་ཐམས་ཅད་བློ་ལ་གནས་པར་འགྱུར་བ་དང་། སླར་ཡི་གེའི་མ་མོ་གཅིག་དྲན་པ་ན་དེ་ལས་དྲངས་པའི་འགྲོ་བ་དང་ཡུལ་གྱི་སྐད་དང་། སངས་རྒྱས་བྱང་སེམས་ཀྱིས་གསར་དུ་བརྡ་མཛད་པའི་སྒྲའི་བྱེ་བྲག་སྔར་གང་ཐོས་ཐམས་ཅད་གོ་རིམ་གྱི་ངེས་པ་ལ་མི་ལྟོས་པར་དྲན་པ་དང་། དེའི་མཐུས་སྣང་བ་གཉིས་ལས་གསུངས་པ་ལྟར་ཆོས་སྟོན་པ་ན་དྲན་པ་བར་མཚམས་སུ་འཕྲོ་ཆད་པར་མི་འགྱུར་བའི་སྒོ་ནས་ཟད་མི་ཤེས་པའི་ཚུལ་ནི་བློ་ཁ་ཕྱོགས་པ་ཙམ་གྱིས་གོ་ནུས་སོ། །གཟུངས་འདི་འདི་ལྟ་བུའི་ཚུལ་གྱིས་བཤད་ན་དེ་སྒྲུབ་ལུགས་སྔར་བཤད་པ་རྣམས་ཀྱི་གནད་ཀྱང་འདི་ལྟར་ངེས་པར་འགྱུར་ཏེ། གཟུངས་མ་ཐོབ་པའི་དུས་སུ་སྐད་དང་ཡི་གེའི་གནས་ལུགས་ལ་རྨོངས་པའི་ཉེས་པས་མིང་དང་ངེས་ཚིག་ཐ་དད་ཀྱི་ཡི་གེ་རྣམས་སོ་སོར་རིས་སུ་ཆད་པར་འཆར་ཞིང་། དེའི་སྟོབས་ཀྱིས་


TN01_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་སྣ་ཚོགས་ཀྱིས་ཕྲོགས་ནས་དྲན་པ་འཁྲུགས་ཤིང་མགོ་རྨོངས་པ་དང་། བརྡ་ཡུན་རིང་དུ་འདྲིས་པ་རྣམས་ལ་དོན་དང་འདྲེས་ནས་གནས་པ་ལྟ་བུ་དང་། གསར་དུ་བསླབ་པ་རྣམས་ལ་དོན་དང་རྒྱང་ཆད་ལྟ་བུར་འཆར་བའི་རྨོངས་པ་ཤས་ཆེར་ཡོད་པས། དེ་ཡི་གེ་མཉམ་པ་ཉིད་ལ་དམིགས་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་བཤིག་ནས་སྒོམ་པར་གསུངས་པ་ནི་རྒྱལ་སྲས་ཀྱི་ཡིད་གཞུངས་ཁྱད་པར་ཅན་སྐྱེ་བའི་གེགས་བསལ་བ་དང་གཞི་སྒྲུབ་པ་ཡིན་ཞིང་། ཡིད་གཞུངས་དེ་སྐྱེད་པའི་སྒོ་དངོས་ནི་ཡི་གེ་མཚན་མར་བྱེད་པའི་སྒོ་ནས་ཟབ་མོའི་དོན་ལ་དྲན་པ་རྩལ་སྦྱངས་ནས་མྱུར་པོར་བྱེད་པ་ཉིད་ཡིན་ལ། འདི་ལྟར་བརྡའི་གནས་རྣམས་ཟབ་མོར་འབིགས་པའི་ཤེས་རབ་ཁྱད་པར་དུ་བསྒོམས་པ་ལས་ཐོབ་པའི་དྲན་པ་ཚིག་དོན་གྱི་ཆ་ལ་གསལ་བར་འཛིན་པའམ་མི་ཕྱེད་པར་བསྡམས་ནས་འཛིན་པའི་མཐུ་ཆེས་ཆེར་རྒྱས་པ་ནི་མཐའ་ཡས་པའི་ཆོས་ཀྱི་བརྡ་རྣམས་དུས་ཚད་མེད་པའི་བར་དུ་འཛིན་ནུས་པའི་ཡང་གནད་ཀྱི་གཟེར་བུ་གཅིག་པུ་ཡིན་ནོ། །ཐབས་དེ་དག་གིས་ཡིད་གཞུངས་བཤད་ཚོད་བཞིན་དུ་འགྲུབ་པ་ཡང་རྒྱུད་གཡེང་བ་དྲག་པོས་ཟིལ་གྱིས་མནན་པ་ལ་འོང་བ་གནས་མེད་པས་མཚན་ཉིད་རྫོགས་པ་ཞི་ལྷག་གི་རྣལ་འབྱོར་ལེགས་པར་བརྟན་པའི་འོག་ཏུ་སྒོམ་པ་དང་། དེའི་ཆེད་དུ་ད་ལྟ་ནས་སེམས་རྒྱུད་ལོག་པའི་ཡུལ་ལ་གཡོ་བ་ཚར་བཅད་ནས་ཤིན་ཏུ་རྒྱས་པའི་དམ་ཆོས་ལ་ཕྱོགས་པར་བྱེད་པའི་ཚོགས་སྔར་བཤད་བཞི་པོ་མང་དུ་སྟེན་པར་གསུངས་ཞེས་བྱ་བ་འདི་ལེགས་པར་


TN01_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོ། །དེ་ལ་སྤྱིར་ཡི་གེའི་མ་མོ་སྔོན་དུ་འགྲོ་བ་ལ་གཞུང་སྟོང་ཕྲག་བརྒྱ་པ་ལྟ་བུའང་ཡོད་མོད། འོན་ཀྱང་འདིར་ནི་རྡོ་རྗེ་སྙིང་པོའི་གཟུངས་མདོ་ལས། ཆོས་ཀྱི་སྒོའི་ཚིག་གཅིག་ལ་ཆོས་ཀྱི་སྒོའི་ཚིག་ཐམས་ཅད་རྗེས་སུ་འཇུག་པར་བྱེད་པ་དང་། ཆོས་ཀྱི་སྒོའི་ཚིག་ཐམས་ཅད་ལ་ཆོས་ཀྱི་སྒོའི་ཚིག་གཅིག་རྗེས་སུ་འཇུག་པར་བྱེད་པའི་ཆོས་ཀྱི་སྒོ་དེ་ཇི་ལྟ་བུ་ཞིག་ལགས། ཞེས་དྲི་བ་ཞུས་པའི་ལན་དུ། ལྷ་ལྟ་བུར་འཇུག་པ་སོགས་སྔར་བཞིན་གསུངས་ཏེ། ལྷ་དང་ཀླུ་ལ་སོགས་པའི་སྒྲ་ཐམས་ཅད་ཆོས་ཀྱི་སྒོའི་ཚིག་ཏུ་གསུངས་པ་ནི། དེ་རྣམས་ཡི་གེ་གཞན་བསྣན་པའི་ངེས་ཚིག་གིས་ཆོས་ཀྱི་སྒོར་བཤད་པར་དགོངས་པ་ཡིན་ལ། དེ་འདྲའི་ཆོས་ཚིག་མཐའ་ཡས་པ་ཚིག་གཅིག་ཏུ་འཇུག་པ་ནི་ཆོས་ཐམས་ཅད་བསྡུ་བ་ལ་མཁས་པ་སྟེ། དེ་ཝ་སོགས་ད་ཡིག་དང་པོར་བྱས་ནས་བརྩམས་པའི་ཆོས་ཚིག་གྲངས་མེད་པ། ད་མ་ལྟ་བུའི་ཆོས་ཀྱི་སྒྲ་གཅིག་ཏུ་སྡུད་པ་ལ་མཛད་ཅིང་། ཆོས་ཚིག་གཅིག་ཚིག་ཐམས་ཅད་དུ་འཇུག་པ་ནི་སྒྲ་ཐམས་ཅད་གཟུངས་ཀྱི་ཕྱག་རྒྱས་འདེབས་པ་སྟེ། ད་མ་ལྟ་བུའི་ཆོས་ཚིག་གཅིག་དེ་ཝ་སོགས་ད་ལས་དྲངས་པའི་ཚིག་གང་མཐོང་དུ་དྲན་པ་ལ་མཛད་དེ། འདི་དང་ཀུན་ནས་སྒོའི་ལེའུ་གཉིས་ཀར་བསྡུ་བྱའམ་རྒྱས་གདབ་བྱ། །ལྷ་དང་། ཀླུ་དང་། དྲི་ཟ་ཞེས་པ་ལྟ་བུའི་མིང་རེའི་སྒོ་ནས། སྡུད་བྱེད་དམ་རྒྱས་འདེབས་བྱེད། དུལ་བ་དང་། མིང་དང་བྲལ་བ་དང་། ནམ་མཁའ་དང་མཉམ་པ་ལྟ་བུ་ཟབ་མོའི་ཆོས་ཀྱི་སྒོའི་ཚིག་རེ་ལ་ཐད་ཀ་ཐད་ཀར་འཇུག་ལུགས་ཙམ་གསུངས་ཤིང་།


TN01_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རྒྱས་འབྲིང་དང་རྒྱ་མཚོས་ཞུས་པ་སོགས་ལས་ཀྱང་ཡི་གེ་རྣམས་ཆོས་ཀྱི་སྒོར་འཇོག་པའི་རྒྱུ་མཚན་དུ། དེ་ལྟར་ངེས་ཚིག་གིས་སྒྲུབ་ལུགས་རེ་ཙམ་བསྟན་གྱི། མིང་ཚིག་གི་ཕྲེང་བ་རིང་པོར་བརྒྱུས་པ་མ་གསུངས་པ་དང་། འདིར་བརྡའི་རྣམ་གྲངས་མང་པོ་དཀྱུས་ཐོག་རེ་རེར་དྲན་ནུས་པ་ཡང་། སྔོན་བརྡ་དེ་རྣམས་དཀྱུས་གཅིག་ལ་གཟུང་བས་མིན་གྱི། ཡི་གེ་གཅིག་གི་སྟེང་ནས་འཛིན་ཚུལ་ཐུན་མོང་མ་ཡིན་པའི་ལག་རྗེས་སུ་འདོད་དགོས་པས་མིང་ཚིག་སིལ་བུའི་དབང་དུ་བཏང་ནས་འཆད་དགོས་པར་གོའོ། །དེའི་རྒྱུ་མཚན་ཡང་། གསུང་རབ་ཏུ་འགྲུབ་པའི་གཞིའི་མིང་ཚིག་རིས་སུ་མ་བཅད་པར་བསྡུ་བ་དང་ཕྱག་རྒྱས་འདེབས་པ་ཡིན་པའི་ཕྱིར་རོ། །ས་བཅུ་པའི་དབྱིག་འགྲེལ་སྔར་དྲངས་པ་ལས་ཚིག་གི་ཚོགས་འཛིན་པར་བཤད་པ་ནི་ཚིག་སིལ་བུའི་ཚོགས་ལ་བཤད་པར་ནུས་ཤིང་། སློབ་དཔོན་མཛེས་བཀོད་ཀྱིས་ཚིགས་སུ་བཅད་པ་དགུ་པའི་འགྲེལ་པར། གཟུངས་ནི་རྣམ་པ་གཉིས་ཏེ། ཚིག་གི་གཟུངས་དང་། དོན་གྱི་གཟུངས་སོ། །དེ་ཡང་གང་ཞེ་ན། དྲན་པ་སྟེ། འདིས་ཚིག་དང་དོན་འཛིན་པའི་ཕྱིར་རོ། །དེའི་སྒོ་ནི་ཡི་གེ་རྣམས་ཏེ། འདི་ལྟར་ཡི་གེ་འབྲུ་གཅིག་ཏུ་མདོ་སྡེ་འབུམ་པ་རྣམས་བསྡུས་ནས་འཛིན་པའི་ཕྱིར་རོ། །ཞེས་བཤད་པ་ཡང་། འབུམ་པ་ལྟ་བུའི་མདོ་སྡེ་ཆེན་པོ་ན་བཞུགས་པའི་མིང་ཚིག་རེ་རེ་ནས་ཕྱེ་བ་རྣམས་སོ་སོའི་སྔོན་དུ་འགྲོ་བའི་ཡི་གེ་ལས་དྲན་པའི་དོན་དུ་བཤད་ན་རུང་བ་ཙམ་དུ་སྣང་མོད། དེ་ལྟར་དྲན་པའི་གཟུངས་དེ་གཟུངས་བཞིར་ཕྱེ་བའི་ནང་གི་ཚིག་གི་


TN01_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་དང་། དོན་གྱི་གཟུངས་སུ་འདོད་ན་ནི་བརྟགས་དགོས་ཤིང་། བཟོད་གཟུངས་ལ་གཉིས་སུ་འབྱེད་པའི་དོན་ཡིན་ན་ཡང་ལྡོག་པའི་དབྱེ་བ་ཙམ་དུ་བྱ་དགོས་སོ། །མདོ་སྡེའི་དང་པོ་ན་གནས་པའི་ཚིག་གཅིག་ཡི་གེ་ལས་དྲན་པ་ན། དེའི་སྟོབས་ཀྱིས་མདོ་སྡེ་དེ་ཚང་བར་ཐོན་པ་བྱུང་ཡང་། ཕྱི་མ་ནི་ཆོས་གཟུངས་ཀྱི་ལག་རྗེས་ཡིན་གྱི། ཡི་གེ་མཚན་མར་བྱས་པས་མིན་པས་དེས་མ་ངེས་པར་མི་འགྱུར་རོ། །འོན་ཀྱང་ས་མཐོན་པོའི་གཟུངས་ལ་འདི་ལྟར་བཤད་དུ་མི་བཏུབ་བམ་སྙམ་སྟེ། རྒྱན་སྣང་ལས། ཡང་ན་སྐད་ཅིག་མ་གཅིག་ལ་ཐོས་སོ་ཞེས་བྱ་བའི་དོན་ཏེ། རྨི་ལམ་དུ་ལྷ་ལ་སོགས་པའི་མཐུས་དུས་ཅུང་ཞིག་ལ་ཡང་ལོ་བརྒྱ་ལ་སོགས་པར་དམིགས་པ་དང་འདྲ་བར། ཞེས་པ་ནས། གདུལ་བྱའི་ཚོགས་ལྷག་མ་རྣམས་ཀྱང་འདི་ལྟ་བུར་ཅིའི་ཕྱིར་མ་གྱུར་ཞེ་ན། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་རྗེས་སུ་འབྲང་ན་བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་དག་པ་ནི་དེ་ལྟར་འགྱུར་བ་ཉིད་ཡིན་གྱི། ཐམས་ཅད་ལ་ནི་མ་ཡིན་ཏེ། ཁྱད་པར་དུ་འཕགས་པའི་སྐལ་པ་ཉིད་མ་ཚང་བས་དེ་ལྟ་བུར་འཛིན་པའི་ནུས་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་སོགས་ཀྱིས་དཔགས་ནས་ཤེས་པར་བྱའོ། །ངེས་ཚིག་འཛིན་པ་ལ་དྲན་ཤེས་ཀྱི་མཐུ་ལྷག་ཚུལ་ཇི་སྐད་བཤད་པའི་གནད་ཀྱིས་ཆོས་ཀྱི་མིང་ཐམས་ཅད་སྔོན་མི་ཤེས་པའི་ཞིང་དང་འགྲོ་བ་དང་ཡུལ་གྱི་སྐད་རིགས་དང་ཐ་སྙད་མི་འདྲ་བ་མང་པོར་བསྒྱུར་ནས་བཤད་ཀྱང་མགོ་རྨོངས་པ་མེད་ཅིང་ལན་རེས་བྱང་བ་ན་ཟིན་པས་ཡི་གེའི་སྒོའི་གཟུངས་ཐོབ་


TN01_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ཆོས་ཀྱི་བརྡ་སྣ་ཚོགས་ལ་མཁས་པ་ཕུལ་དུ་བྱུང་བ་འཐོབ་པར་རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ་གཞན་ཡང་གཟུངས་འདི་ནི་སྒྲ་ཐམས་ཅད་ལ་འཇུག་པ་སྟེ། འདི་ན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རིན་ཆེན་གདུགས་གཅིག་གི་ཞིང་མི་ཟད་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ན་མཉམ་པར་བཞག་པ་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། འདི་ན་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་སྲེད་མེད་ཀྱི་བུའི་ཞིང་ཁྱད་པར་བསྡུས་པ་ན་ཐམས་ཅད་དང་ལྡན་པ་ཞེས་བྱའོ། །འདི་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་གྲུབ་པར་གཤེགས་པའི་ཞིང་ཞི་བ་ན་གཟི་བྱིན་ཅན་ཞེས་བྱའོ། །འདི་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཞེས་བྱ་བ་དེ་མྱ་ངན་བྲལ་བའི་ཞིང་མྱ་ངན་མེད་པ་ན་ལེགས་སོ་ཞེས་བྱ་བའི་ཚུལ་ཞེས་བྱའོ། །དེ་བཞིན་དུ་བཟོད་པ་ལ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཞལ་གྱི་ཞིང་ན་རྒྱ་ཆེན་པོ་མི་ཟད་པ་དང་ལྡན་པ་དང་། བརྩོན་འགྲུས་ལ་དྲི་མེད་འོད་ཀྱི་ཞིང་ན་སྒྲོལ་བར་བྱེད་པ་དང་། བསམ་གཏན་ལ་བསྟན་པའི་སྙིང་པོའི་ཞིང་ན་ཉེར་ཞིང་སྤྱོད་པ་དང་། ཤེས་རབ་ལ་སྤྲིན་གྱི་རྒྱལ་པོའི་ཞིང་ན་ཡོངས་སུ་དག་པ་དང་། ཐབས་མཁས་པ་ལ་ཕྱག་དྲི་མ་མེད་པའི་ཞིང་ན་འཇིག་རྟེན་དང་མཐུན་པ་ཞེས་བྱའོ། །ཞེས་སོགས་རྒྱ་ཆེར་བཀའ་སྩལ་ནས། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་དག་གི་ངེས་པའི་ཚིག་ཅེས་བྱའོ། །ཀླུའི་བདག་པོ་ངེས་པའི་ཚིག་དང་བརྡའི་


TN01_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བསྟན་པ་ཕྱོགས་བཅུ་དག་ཏུ་འབྱུང་བ་གང་ཡིན་པ་དེ་དག་ནི་བསྐལ་པའམ་བསྐལ་པ་ལས་ལྷག་པར་ངས་བསྟན་ཀྱང་མཐར་ཐུག་པ་གང་ཡང་མེད་དོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་ཞིང་གཅིག་ཏུ་ཞིང་མཐའ་ཡས་པའི་ངེས་ཚིག་གིས་དང་། ཞིང་མཐའ་ཡས་པར་ཞིང་གཅིག་གི་ངེས་ཚིག་ཏུ་ཆོས་སྟོན་ནུས་སོ། །མདོ་འདི་ཡི་གེའི་སྒོའི་གཟུངས་ཀྱིས་ངེས་ཚིག་འཛིན་ཚུལ་ལ་གཏན་མི་འཆད་ན་མ་གཏོགས་གཟུངས་དེའི་དམིགས་པའི་ཡི་གེ་ལ་སྟོང་ཉིད་སྟོན་པའི་ཁྱབ་པ་ཁས་བླང་དུ་མི་རུང་ངོ་། །རྟོག་གེ་འབར་བ་ལས། རིག་པའི་ཚིག་གང་དག་གི་དོན་རྟོགས་པར་མ་གྱུར་པ་ནི་དེ་དག་འཇིག་རྟེན་ལས་འདས་པའི་སྐད་ཀྱིས་བསྟན་པའི་ཕྱིར་དང་། ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པའི་སྐད་ཀྱིས་བསྟན་པའི་ཕྱིར། ཆོས་ཉིད་སྟོན་པར་མི་བྱེད་པ་ཡང་མ་ཡིན་པས་དམ་ཚིག་རིག་པ་དང་། གཟུངས་ཐོབ་པར་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་ཡང་ཡིན་ཏེ། ཞེས་གཟུངས་ཐོབ་པ་སྐད་རིགས་ལ་མཁས་པར་བཤད་པ་ཡང་དེ་འདྲ་ལ་བརྟེན་པར་གསལ་ལོ། །དེ་ལྟར་ན་སྔོན་ཡུལ་དུས་གཞན་དང་གཞན་དུ་བཤད་པའི་གཞི་ཤིན་ཏུ་ཐ་དད་ལ་བརྟེན་པའི་ངེས་ཚིག་དཔག་ཏུ་མེད་པ་སོ་སོར་ཐོས་པ་རྣམས་ཡི་གེའི་མ་མོ་ཙམ་ལས་ཐོགས་མེད་དུ་དྲན་ནུས་པའི་ཚུལ་གྱིས་ཡུན་རིང་པོར་མི་བརྗེད་པ་འདི་ནི་ཆོས་གཟུངས་སོགས་གཞན་གྱི་སྐབས་སུ་བཤད་པ་གཏན་མེད་པས། བཟོད་གཟུངས་ཀྱིས་ཐོས་པ་འཛིན་ལུགས་ཐུན་མོང་མ་ཡིན་པ་ཡིན་ཞིང་། ཡི་གེའི་སྒོ་ལ་རྣལ་འབྱོར་བྱེད་ཚུལ་རྣམས་ཀྱང་འདིའི་ཆེད་དུ་གསུངས་པ་ཡིན་པས།


TN01_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་རྣམས་གཟུངས་ཀྱི་སྒོར་འཇོག་ཚུལ་འཆད་པའི་སྐབས་སུ་གཟུངས་འདི་སྐྱེ་བའི་སྒོར་འགྲོ་ལུགས་འཆད་པ་པོར་ན་སྐབས་དོན་གཙོ་བོ་ལས་ཉམས་པར་མཐོང་བས་ཁོ་བོ་ནི་སྔར་བརྗོད་པའི་ཉི་ཁྲི་སྣང་བ་དང་རྒྱན་སྣང་གི་གཞུང་གཉིས་ཀྱང་མདོའི་དངོས་བསྟན་གཙོ་བོའི་གཟུངས་འདི་སྟོན་བྱེད་དུ་སྦྱོར་ཏེ། འདི་ཐོབ་པ་ན་གཟུངས་གཞན་ཡང་རྣམ་པར་དག་པར་འགྱུར་བས། ཆོས་དོན་གསང་སྔགས་ཀྱི་གཟུངས་གསུམ་ནི་དེས་མཚོན་ནས་བསྟན་པར་ཤེས་སོ། །བསྐལ་པ་མང་པོར་ཆོས་སྟོན་པའི་རྒྱུའི་དྲན་པ་གཏུགས་པ་མེད་པར་འགྱུར་བ། ཞེས་པ་གསུང་རབ་དང་དེའི་དོན་བསྐལ་པ་མང་པོར་མི་བརྗེད་པའི་ཆོས་དོན་གྱི་གཟུངས་གཉིས་ལ་བཞེད་པ་ལྟར་ནའང་། གཟུངས་འདི་དང་དེ་དག་གསུམ་ཆར་ལ་བཤད་ན་ལེགས་ཏེ། དེ་ལྟར་བཞེད་པའི་མཁས་པ་རྣམས་ཀྱིས་ཡི་གེའི་མ་མོ་རྣམས་བཟོད་གཟུངས་བར་དུ་བརྒྱུད་ནས་ཚིག་གཟུངས་སོགས་ཀྱི་སྒོར་འགྱུར་བར་བཞེད་པའི་ཕྱིར་རོ། །ད་ལྟ་ཚེ་རབས་སྔ་མ་དང་། ཚེ་འདིའི་ཡང་དུས་གཞན་དུ་ཐོས་པའི་ལུང་གི་ཆོས་བརྗེད་དམ་ནག་ནོག་ཏུ་སོང་བ་རྣམས་སླར་ཡང་ཆོས་དེ་དག་མཉན་ན་བྱང་བར་འགྱུར་བ་ལྟར། གཟུངས་འདི་ཐོབ་ནས་ཐ་ན་གྲོང་པའི་ངག་ལ་སོགས་པའི་ཡི་གེ་རྣམས་ཀྱང་ཐོས་པ་བྱང་བར་བྱེད་པའི་སྒོ་ཉག་གཅིག་ཏུ་འཆར་ཞིང་། ཁྱད་པར་དུ། ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་ཡི་གེར་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡི་གེ་


TN01_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་འགྱུར་བས་དེའི་སླད་དུ་ཡི་གེ་ཞེས་བགྱིའོ། །བཅོམ་ལྡན་འདས་གང་བརྗོད་པ་དེ་ནི་ཡི་གེ་ཙམ་དུ་བས་ཏེ། བཅོམ་ལྡན་འདས་ཡི་གེའི་འབྲུ་དེ་དག་ནི་ཁོང་ནས་ཀྱང་སྒྲ་མི་འབྱིན། སླད་རོལ་ནས་ཀྱང་སྒྲ་མི་འབྱིན་ཏེ། སྒྲ་འབྱིན་པ་དེ་དག་ཀྱང་འདི་ལྟར་བདག་ཅག་ནི་སྒྲ་འབྱིན་ཏོ་སྙམ་དུ་མི་སེམས་སོ། །བཅོམ་ལྡན་འདས་ཡི་གེའི་འབྲུ་རྣམས་ནི་ཟད་པར་ཡང་མི་འགྱུར། འཕེལ་བར་ཡང་མི་འགྱུར་ཏེ། བྱང་ཆུབ་སེམས་དཔས་ཡི་གེ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་བགྱིའོ། །དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ནི་སྒྲ་ཐམས་ཅད་ལ་ཁོང་ཁྲོ་བ་མ་མཆིས་ཏེ། གཞན་དུ་ན་སྒྲ་ཐམས་ཅད་ཆོས་ཀྱི་སྒྲར་ཐོས་པ་དང་། སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། ཆོས་ཀྱི་དབྱིངས་ཀྱི་སྒྲ་དང་། ཡང་དག་པའི་མཐའི་སྒྲར་ཐོས་སོ། །དེའི་ཆོས་གང་ཡང་ཐམས་ཅད་མཁྱེན་པ་རྟོགས་པར་འགྱུར་བ་དང་འགལ་བ་མ་ལགས་སོ། །ཞེས་ངག་ཐམས་ཅད་ངེས་དོན་ཟབ་མོ་འདོམས་པའི་གདམས་ངག་ལྟ་བུར་འགྱུར་བར་གསུངས་ཏེ། འདི་དང་གོང་དུ་བཤད་མ་ཐག་པ་ལྟར་བརྡ་ཐོས་སོ་ཅོག་གིས་ཟབ་མོའི་ཆོས་ལ་འཇུག་ནུས་པ་ནི་དྲན་ཤེས་ཀྱི་འཇུག་པ་མྱུར་བའི་ཡིད་གཞུངས་ཕུལ་དུ་བྱུང་བ་ཡིན་པས། སྐད་དང་ཡི་གེ་ཐམས་ཅད་ཀྱིས་ཡིད་གཞུངས་ལ་བོགས་རྒྱུན་མི་འཆད་དུ་དབྱུང་བའི་སྒོ་ནས་ཐོས་པ་འཛིན་པའི་མཐུ་ལྷག་པར་བྱེད་པ་སྟེ། གཟུངས་མ་ཐོབ་པ་དང་པོར་སྟོང་ཉིད་སྟོན་


TN01_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡི་གེ་ལས་འཐོབ་དགོས་པར་མ་ཟད། གྲུབ་ནས་ཀྱང་དེ་དག་ལ་བརྟེན་ནས་རྣམ་པར་དག་པར་བྱ་དགོས་པས། ཐོབ་ཟིན་ཡོངས་སྦྱོང་གི་སྒོ་ཡང་ཡིན་ནོ། །དོན་གྱི་དབང་འདི་གཟིགས་ནས། བློ་གྲོས་རྒྱ་མཚོས་ཞུས་པར་ཡི་གེའི་སྒོ་རྣམས་ཀྱིས་རང་གི་སེམས་ཡོངས་སུ་དག་པར་འགྱུར་བར་གསུངས་པ་ཡིན་ལ། ཆོས་ཡང་དག་པར་སྡུད་པ་ཉིད་ལས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་གང་ཞེ་ན། གང་གིས་ཇི་ལྟར་ཐོས་པའི་ཆོས་རྣམས་ཆུད་མི་གསོན་པ་དང་། ཞེས་པ་ནས། གང་གིས་སྨྲས་པ་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པར་འཚལ་བ་འདི་ནི་གཟུངས་ཞེས་བྱའོ། །ཞེས་གཟུངས་གང་གི་མཐུས་ཕ་རོལ་གྱིས་སྨྲས་པ་ཅི་དང་ཅི་ཐོས་ཀྱང་སངས་རྒྱས་ཀྱི་གསུང་རབ་ཉན་པའི་བྱ་བ་བྱེད་པར་གསུངས་ཤིང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཀྱང་། ཀླུའི་བདག་པོ་གཞན་ཡང་ཡི་གེ་ཅི་ཡང་རུང་བ་དང་། ཚིག་ཅི་ཡང་རུང་བ་དེ་དག་ནི་སངས་རྒྱས་ཀྱི་གསུང་མ་ཡིན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དེ་དག་ཉིད་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བའི་ཕྱིར་རོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་ཡི་གེ་དང་ཚིག་དང་ངེས་པའི་ཚིག་གང་ཡང་རུང་བ་དེ་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱ་བ་ལ་འཇུག་སྟེ། དེས་ན་དེ་ནི་ཆགས་པ་མེད་ཅིང་ཐོགས་པ་མེད་པར་བསྐལ་པ་སྟོང་གི་བར་དུ་ཡང་སྟོན་


TN01_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འཆད་དེ་ཐོགས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡིན་ཏེ། ཞེས་ཡི་གེ་མཉམ་པ་ཉིད་ཀྱི་ཚུལ་ལ་བརྟེན་ནས་ཚིག་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་མཐོང་བར་གསུངས་ཏེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་བྱང་སེམས་གཟུངས་ཐོབ་པས་སྨྲས་པའི་ཚིག་ལ་སངས་རྒྱས་ཀྱི་བཀའ་མ་ཡིན་པ་མེད་པར་གསུངས་པའི་རྩ་བའང་འདི་ལ་ཐུག་གོ་།ཇི་ལྟར་བཅོམ་ལྡན་འདས་ཀྱིས་མིའམ་ཅིའི་རྒྱལ་པོའི་བུ་དྲི་མ་མེད་པའི་མིག་སོགས་རྗེས་སུ་བཟུང་བའི་ཆེད་དུ་དེ་དག་གི་ཚེ་ཇི་སྲིད་པར་རྩེ་སྤྱད་ཀྱི་རོལ་མོའི་སྒྲ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་སྒྲར་འབྱུང་བར་བྱིན་གྱིས་བརླབས་པ་བཞིན་དུ། །གཞན་ལ་སེམས་གཡེང་བས་འཕྲོག་པའི་སྒོར་འགྲོ་བ་དེ་ཉིད་དྲན་པ་ཉམས་པ་མེད་པའི་སྒོར་བྱེད་པའི་ཐབས་མཁས་ཤིན་ཏུ་ངོ་མཚར་བ་འདི་ནི་བྱང་སེམས་ཚེ་རབས་དཔག་ཏུ་མེད་པར་འཁོར་བ་ན་གནས་ཤིང་ཐོས་པ་རྒྱ་ཆེན་པོ་བྱེད་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་ལྟར་གཅེས་སྤྲས་བྱ་བ་ཡིན་ནོ། །སྒྲ་ཐམས་ཅད་ཀྱིས་མང་ཐོས་ཀྱི་མཛོད་གསོ་བ་དང་། ཡིག་འབྲུ་གཅིག་གི་ངེས་ཚིག་བསྐལ་པ་ལ་སོགས་པར་འཆད་ནུས་པ་སོགས་བཟོད་གཟུངས་སྤྱི་ལ་སྦྱོར་བ་མི་འཐད་དེ། གཟུངས་འདི་བྱང་སེམས་སོ་སྐྱེས་ཀྱང་འཐོབ་པའི་ཕྱིར་རོ་ཞེ་ན། མ་ངེས་ཏེ། བསླབ་བཏུས་སུ་མོས་སྤྱོད་མཐོན་པོ་ལ་གནས་པའི་རྒྱལ་སྲས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པར་མདོ་དྲངས་ནས་བསྒྲུབས་པའི་ཕྱིར་ཏེ། རྒྱས་པར་དཀོན་མཆོག་


TN01_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ལ་ལྟའོ། །གཟུངས་ཐོབ་པའི་ལྟས་ཀྱི་རྨི་ལམ་ནི། བཞི་པ་སྒྲུབ་པ་ལས། ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་འཐོབ་པའི་རྒྱུ་མཐུན་པའི་རྨི་ལམ་མོ། །བཞི་གང་ཞེ་ན། གཏེར་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་མཐོང་བ་དང་། རྫིང་བུ་མེ་ཏོག་པདྨ་རྒྱས་པས་ཡོངས་སུ་གང་བ་མཐོང་བ་དང་། བདག་གོས་དཀར་པོའི་ཕྲུགས་སྙེད་པར་མཐོང་བ་དང་། ལྷ་ཞིག་སྤྱི་བོའི་གཙུག་ན་གདུགས་འཛིན་པར་མཐོང་བ་སྟེ། བཞི་པོ་དེ་དག་གོ་།ཞེས་སོ། །གསུམ་པ་ནི། གསུང་རབ་ཀྱི་བརྡའི་གནད་ལ་ཤེས་རབ་དང་དྲན་པ་རྩལ་འབྱོངས་པས་མི་འཕྲོགས་ཤིང་དབང་དུ་གྱུར་པའི་ཚད་དེ་ལྟ་བུ་རྙེད་པ་ན་སྐྱེ་བ་གཞན་དུའང་ཆོས་ཀྱི་ཚིག་དོན་མི་བརྗེད་ཅིང་། འཇིག་རྟེན་དུ་བདེ་བར་གཤེགས་པའི་གསུང་རབ་ཀྱི་མཛོད་ཕལ་ཆེར་ནུབ་སྟེ། ལྷག་མ་ཙམ་ལུས་པའང་ཆོས་སྨྲ་བ་མཁས་པ་རྣམས་ཟད་པའི་དབང་གིས་ཉམས་ཤིང་མི་གསལ་བ་དང་། སྨྲ་བ་ངན་པའི་ཚོགས་སྟོབས་དང་ལྡན་པར་གྱུར་ནས་ཡུན་རིང་པོར་སོན་པའི་དུས་སུ་སྐྱེས་ཀྱང་། སྔོན་གྱི་བྱང་སེམས་མཁས་པའི་མཁས་པ་རྣམས་ཀྱི་ལེགས་བཤད་དྲི་མ་མེད་པའི་སྲོལ་སླར་ཡང་གསོས་ཏེ། བསྟན་པ་རིན་པོ་ཆེ་ཉིན་མོའི་གཟུགས་ལྟར་གསལ་བར་བྱེད་ཅིང་། ཕས་ཀྱི་རྒོལ་བ་རྣམས་ཆོས་དང་མཐུན་པས་ཚར་གཅད་པར་ནུས་སོ། །དེ་ལྟར་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་གཟུངས་ཀྱི་སྒོ་ལ་དྲི་ཞུས་མཛད་པའི་སྐབས་སུ། དོན་ལས་སྐྱེས་པའི་ཚིག་ཇི་ལྟ་བུས་


TN01_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཐོབ་པར་འགྱུར་བ་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། བདེ་བ་དང་སོགས་ནས། གང་མ་འོངས་པའི་བྱང་སེམས་ཆེན་པོ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ལ། དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་དུ་མར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པའི་བྱང་ཆུབ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ནུབ་ནས་སླར་ཡང་དེ་དག་ཆོས་ཀྱི་སྒྲོན་མ་འབར་བར་བགྱིད་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་སླད་དུ་འཇུག་པར་འགྱུར་བ་དང་། ལྷག་པའི་ང་རྒྱལ་ཅན་རྣམས་ཚར་གཅད་པར་འགྱུར་བ་དང་། མུ་སྟེགས་ཅན་གཞན་སྤྱོད་པ་ཅན་དང་ཀུན་ཏུ་རྒྱུ་དག་ཚར་གཅོད་པར་འགྱུར་བ་ལགས་སོ། །ཞེས་གསལ་བར་གསུངས་ལ། ས་བཅུ་པའི་དབྱིག་འགྲེལ་ལས། གཟུངས་ཀྱི་སྒོ་ཐ་དད་པ་མེད་པ་ལེགས་པར་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་ཚུལ་ལ་འཇུག་པའི་རྒྱུ་ཡིན་ཏེ། ཆོས་ཀྱི་ཚུལ་ནུབ་པ་ན་སྟོན་པ་གཞན་གྱི་གསུང་རབ་ལ་འཇུག་པའི་ཕྱིར་རོ། །ཞེས་བསྟན་པ་ནུབ་པ་ན་ཡང་རང་ཉིད་མང་ཐོས་ལ་སྦྱངས་པའི་བག་ཆགས་ལས་སྐྱེས་པའི་དྲན་པ་མི་ཉམས་པར་དམ་པའི་ཆོས་གནས་པའི་ཞིང་གཞན་དུ་སྐྱེ་བ་བཟུང་སྟེ། སྔོན་རང་དང་ལྷན་ཅིག་འགྲོགས་པར་སྨོན་ལམ་བཏབ་པའི་གདུལ་བྱ་རྣམས་དེར་ཡང་དེ་བཞིན་གཤེགས་པའི་གསུང་རབ་ལ་འཛུད་པར་བཤད་པའང་དེ་དང་ཕྱོགས་མཐུན་ནོ། །དབྱིག་འགྲེལ་གྱི་ཚིག་འདི། རང་ཉིད་ཚུལ་ལ་འཇུག་པའི་རྒྱུ་ཡིན་ཏེ། ཞེས་མི་སྦྱོར་བ་ནི་དེ་ཉིད་ལས་གོང་འོག་གི་བསྡུས་དོན་མཛད་


TN01_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐད་ནས་ཤེས་ལ། བཤད་མ་ཐག་པ་འདི་ནི། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། །ཇི་ལྟར་རྒྱ་མཚོ་ལས་བྱུང་རིན་ཆེན་ནི། རིན་ཆེན་སྡུད་ཅེས་བྱ་བ་སྲ་བསྔགས་པ། །སྲེག་པའི་བསྐལ་པ་བྱུང་ཡང་མི་ཚིག་སྟེ། །དེ་ཡང་འཇིག་རྟེན་འཇིག་ཚེ་གཞན་དུ་འགྲོ། །དེ་བཞིན་དྲི་མ་མེད་པའི་ཆོས་འཇིག་ཚེ། །བརྩོན་འགྲུས་མཆོག་ལྡན་དེ་དག་འབད་ཅིང་འཛིན། །སྣོད་མིན་འཇིག་རྟེན་ཆོས་མིན་འདོར་རིགས་ནས། །མཁས་པ་རྒྱལ་བ་གཞན་གྱི་དྲུང་དུ་འགྲོ། །ཞེས་གསུངས་པ་དང་བསྟུན་ནས་བཤད་དོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་སྲུང་བ་དང་། སྦ་བ་དང་། ཡུན་རིང་དུ་གནས་པར་བྱ་བ་སོགས་ཀྱི་ཕྱིར་སྒོའི་ཚིག་དང་། ཕྱག་རྒྱའི་ཚིག་དང་། རྡོ་རྗེའི་ཚིག་འདི་དག་གཟུང་བར་བྱའོ། །བཟུང་ནས་ཀྱང་བརྟགས་པར་བྱའོ། །ཤེས་རབ་དང་རབ་ཏུ་ལྡན་པའི་སྦྱོར་བས་ངེས་པར་བསམ་པར་བྱའོ། །ཞེས་མདོ་སྡེ་ཡུན་རིང་པོར་མི་ནུབ་པར་གཟུང་བའི་ཆེད་དུ་གཟུངས་ཀྱི་ཕྱག་རྒྱ་རྣམས་བཞག་པར་གསུངས་པ་སོགས་ཤིན་ཏུ་རྒྱས་པའི་མདོ་སྡེ་མང་པོའི་ཡོངས་གཏད་ཀྱི་སྐབས་སུ་གཟུངས་ཀྱི་སྒོ་འདི་སྒྲུབ་ལུགས་རེ་བཀའ་སྩལ་པའི་དགོངས་པའང་ཕྱོགས་འདིས་བཤད་པར་བྱ་སྟེ། འདིར་འཕགས་པ་ད་མ་ཤི་རིའི་བྱུང་བ་སོགས་ཀྱང་བརྗོད་པར་བྱའོ། །འགའ་ཞིག་ཆོས་སྨྲ་བ་མཁས་པའི་གོ་འཕང་ཐོབ་ཏུ་ཟིན་ཀྱང་ཚིག་དང་ཡི་གེར་ཞེན་པའི་རྗེས་


TN01_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབྲང་ན། བསྟོད་པ་དང་གྲགས་པའི་སྒྲ་དོན་གཉེར་གྱིས་ཆོས་སྦྱིན་དྲི་མ་ཅན་དུ་བྱེད་པ་དང་། ཕ་རོལ་གྱིས་བསྟོད་ཅིང་སྙན་པར་གྲགས་པའི་སྒྲས་དྲེགས་ཤིང་བག་མེད་དུ་འགྱུར་བ་དང་། སྨད་པ་དང་མི་སྙན་པར་བརྗོད་པའི་སྒྲས་ཞུམ་ཞིང་སྨ་བབ་པའི་འཇིགས་པ་དང་། འཕགས་པའི་མི་སྨྲ་བ་གཙོ་བོར་བྱེད་པའི་དམ་པ་རྣམས་ལ་མི་མཐུན་པའི་འདུ་ཤེས་སྐྱེ་བ་དང་། ཆོས་སྨྲ་བ་གཞན་ལ་བསྟོད་གྲགས་བྱུང་བ་ན་ཕྲག་དོག་གིས་གདུངས་ཤིང་ཆོས་ཀྱི་སྒྲིབ་པ་མང་དུ་འཛིན་པ་དང་། རྟག་ཏུ་རྩོད་པ་སྨྲ་བ་སོགས་སྒྲ་ཙམ་སྨྲ་བ་ལྷུར་ལེན་པ་ལ་ཆགས་པ་དང་། བསྟོད་གྲགས་ཀྱི་ཕྱིར་དུ་ཁྱིམ་པའི་ཀུན་སྤྱོད་ལྟ་བུའི་བྱ་བ་སྣ་ཚོགས་ཀྱིས་རྣམ་པར་གཡེངས་ནས་སྒྲུབ་པ་སྙིང་པོར་བྱེད་པ་ལས་ཉམས་པ་དང་། དེའི་དབང་གིས་དྲན་པ་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཆུ་དང་བྲལ་བའི་ཨུཏྤ་ལ་བཞིན་དུ་རྒུད་ཅིང་ཉམ་ཆུང་བ་སོགས་ཉེས་དམིགས་མཐའ་ཡས་པ་འབྱུང་ལ། ཚིག་དང་ཡི་གེས་མི་འཕྲོགས་པའི་རྣལ་འབྱོར་ལ་འདི་དང་མཉམ་པ་གཞན་མེད་པར་བཤད་ཟིན་ཏེ། དེའི་སྒོ་ནས་བསྔགས་པ་ཡང་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས་རྒྱས་པར་འབྱུང་ཡང་མ་བྲིས་ལ། ཡུམ་རྒྱས་འབྲིང་དང་སངས་རྒྱས་འགྲོ་བའི་ཡི་གེ་ཞེ་གཉིས་ལ་བསླབ་པའི་ཕན་ཡོན་གྱི་སྐབས་ནས་ཀྱང་། གཞན་ལས་ངག་སྙན་པ་ཐོས་ཀྱང་ཆགས་པར་འགྱུར་བ་མེད་ཅིང་། ཞེ་གཅོད་པའི་ཚིག་ཐོས་ཀྱང་ཁོང་ཁྲོ་བར་མི་འགྱུར་བས་མཐོ་བ་མེད་ཅིང་དམའ་བ་


TN01_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་ཚུལ་བཞིན་དུ་གནས་པར་འགྱུར་བ་དང་། ཞེས་གསུངས་སོ། །མཐའ་དང་མུ་མེད་པའི་འཇིག་རྟེན་གྱི་ཁམས་ན་སྲིད་ཞིའི་ལེགས་ཚོགས་ཇི་སྙེད་ཅིག་ཡོད་པ་ནི་དེ་བཞིན་གཤེགས་པའི་ཚངས་དབྱངས་ཉག་གཅིག་ལ་བརྟེན་པར་རྒྱུད་བླ་མ་ལས་གསུངས་ཤིང་། གསུང་དེ་ནི། མདོ་རྒྱན་ལས། རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བའི། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་སོ་སོ་ཡང་དག་པར་རིག་པ་བཞིའི་ལག་རྗེས་ཡིན་ལ། དེ་བཞི་ཡང་ཐེག་ཆེན་ཚོགས་ལམ་དུ་གཟུངས་ཀྱི་སྒོ་ལ་ཐོས་བསམ་གྱིས་བག་ཆགས་བརྟན་པོ་བཞག་ནས། སྦྱོར་ལམ་དུ་གཟུངས་དངོས་སུ་བསྒྲུབ། དེ་ཉིད་ས་དང་པོར་ཆོས་ཉིད་མངོན་སུམ་དུ་རྟོགས་པ་དང་། གཉིས་པར་ལྷག་པའི་ཚུལ་ཁྲིམས། གསུམ་པར་ཏིང་ངེ་འཛིན། བཞི་པ། ལྔ་པ། དྲུག་པ་རྣམས་སུ་རིམ་བཞིན་བྱང་ཕྱོགས་དང་བདེན་བཞི་དང་རྟེན་འབྲེལ་ལ་མཁས་པའི་ཤེས་རབ་དང་། བདུན་པར་མཚན་མེད་རྩོལ་བཅས་དང་། བརྒྱད་པར་མཚན་མེད་རྩོལ་མེད་ཀྱི་ལམ་གྱིས་སྦྱངས་པས། དགུ་པར་བྱང་སེམས་ཀྱི་སོ་སོ་ཡང་དག་རིག་བཞི་དངོས་ཐོབ་ཅིང་། བཅུ་པར་དེ་ལས་ཀྱང་ཆེར་རྒྱས་ཏེ་སེམས་རྒྱུད་གཟུངས་སྤྲིན་གྱིས་ཁྱབ་པའི་ཆོས་ཀྱི་སྤྲིན་ཞེས་བྱ་བར་གྱུར་པའི་རྒྱུན་ལས་འཐོབ་དགོས་པ་ཡིན་ཏེ། བྱང་སེམས་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་གང་ལ་བསླབ་པས་སོ་སོ་ཡང་དག་


TN01_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བཞི་ཐོབ་པར་འགྱུར་བའི་ཐབས་དཔྱིས་ཕྱིན་པ་ནི་འདི་ཉིད་ཡིན་པར་གསུངས་པའི་ཕྱིར་ཏེ། དཀོན་བརྩེགས་ཀྱི་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་བསྟན་པ་ལས། བཅོམ་ལྡན་འདས་གཟུངས་ཞེས་བགྱི་བ་ནི་ཆོས་རྣམས་དང་མཚམས་སྦྱོར་བ་ལ་མཁས་པའི་ཚིག་བླ་དྭགས་ལགས་སོ། །གཟུངས་ཞེས་བགྱི་བ་ནི་རྗེས་སུ་དྲན་པའི་ལས་ཀུན་འཛིན་པར་བགྱིད་པ་ལགས་སོ། །ཤེས་རབ་ཀྱི་གཏེར་གྱི་སྟོབས་ཀྱིས་ཀུན་འཛིན་པའི་གསང་ཚིག་གི་གཞི་འདི་དག་བསྟན་པ་དེའི་སླད་དུ་གཟུངས་ཞེས་བགྱི་བའི་གྲངས་སུ་མཆིའོ། །ཞེས་པ་ནས། བརྗོད་པ་མཉམ་པ་ཉིད་དང་། རྗེས་སུ་བཟུང་བ་དང་། རྗེས་སུ་བསྟན་པ་ཞེས་བགྱི་བ་ནི་སྟོན་མཁས་པ་དང་། མཉམ་པ་མ་མཆིས་པ་ཞེས་བགྱི་བའི་གྲངས་སུ་མཆིའོ། །ཡི་གེའི་རྣམ་པར་དབྱེ་བ་ཡོངས་སུ་རྫོགས་པས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དོན་ལ་ཉེ་བར་རྟོག་ཅིང་སྟོན་པ་ལ་མཁས་པས་དོན་སོ་རིག་དང་། ཆོས་རྣམས་ཀྱི་རྣམ་པར་ངེས་པ་རབ་ཏུ་སྟོན་པ་ལ་མཁས་པས་ཆོས་སོ་རིག་དང་། ཆོས་རྣམས་ཀྱི་སྒོ་ལ་སྤོབས་པ་ཡོངས་སུ་དག་པས་སྤོབས་པ་སོ་རིག་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་ཤིང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཀྱང་། ཀླུའི་བདག་པོ་བྱང་ཆུབ་སེམས་དཔས་ཕྱོགས་བཅུར་ཆགས་པ་མེད་ཅིང་ཐོགས་པ་མེད་པར་སོ་སོར་ཡང་དག་པར་རིག་པ་བཞིས་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་པ་གང་ཡིན་པ་དེ་ཡང་མི་ཟད་པའི་ཟ་མ་ཏོག་གི་གཟུངས་འབའ་ཞིག་


TN01_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱུ་མཐུན་པ་ལས་གྱུར་པ་ཡིན་ནོ། །ཞེས་ཡི་གེའི་སྒོའི་གཟུངས་ཀྱི་ཐད་དུ་གསུངས་ཏེ། གཟུངས་ཀྱི་སྒོ་ཇི་ལྟར་སྦྱོང་བའི་ཚུལ་ནི། ཡིན་ལུགས་ཕུ་ཐག་ཆོད་པའི་ཤེར་ཕྱིན་གྱི་རྣལ་འབྱོར་ལ་བརྟེན་ནས་བཤད་བྱ་ཆོས་དང་དོན། འཆད་བྱེད་ངེས་ཚིག་དང་སྤོབས་པ་སྟེ་བཞི་པོ་ཤིན་ཏུ་བྱང་བར་བྱེད་པ་ཉིད་ཡིན་པས། ཆོས་སོགས་བཞི་ལ་མཁས་པ་སྒྲུབ་བྱེད་ཀྱི་མཐིལ་དུ་འགྱུར་བར་དགོངས་སོ། །འདི་དག་ལས་བརྩམས་ཏེ་བཤད་པར་བྱ་བ་མང་ཡང་རེ་ཞིག་ཕྱོགས་ཙམ་བསྟན་པར་ཟད་དོ། །དེ་ལྟར་ན་དབང་ཕྱུག་ཆེན་པོའི་འོག་མིན་གྱི་བར་ན་ཡོད་པའི་རིག་པའི་གནས་དང་། ལེགས་བཤད་ཀྱི་འབྱོར་པ་ཐམས་ཅད་འདི་ཉིད་ལས་འབྱུང་བ་ཁོ་ནར་ཟད་པས་ནམ་མཁའི་མཐས་གཏུགས་པའི་ལུས་ཅན་མཐའ་དག་འཚོ་བའི་འདོད་སྦྱིན་གྱི་སྡོང་པོ་གཅིག་པུར་གཟིགས་ནས། གཟུངས་ཐོབ་པའི་རྒྱལ་སྲས་ཀྱི་ཆེ་བའི་ཡོན་ཏན་ཟད་མི་ཤེས་པར་གསུངས་ཏེ། ཀླུའི་རྒྱལ་པོ་གངས་ཆེན་མཚོས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་གང་གཟུངས་འདིས་ཆོས་ཀྱི་ཀུན་དགའ་ལ་དགའ་བ་དེ་ནི་རྒྱལ་པོ་བཙུན་མོའི་འཁོར་གྱི་ནང་ན་མགོ་བོར་གྱུར་པ་ལྟ་བུ་དང་། བརྒྱ་བྱིན་རི་རབ་ཀྱི་ཟོམ་ན་བདག་པོར་གྱུར་པ་ལྟ་བུ་དང་། ཚངས་པ་ལྟ་བུར་ཚངས་པར་གྱུར་པ་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལྟ་བུར་ལུས་ཁྱད་པར་དུ་འཕགས་པ་དང་། རྒྱ་མཚོ་གཏིང་དཔག་དཀའ་ཞིང་མུ་མེད་པ་ལྟ་བུ་དང་། རི་རབ་ལྟ་བུར་བསོད་ནམས་དག་གིས་མངོན་པར་འཕགས་པ་དང་། ལྷ་རྣམས་ཀྱི་སྙིང་དུ་སྡུག་པ་དང་ཡིད་


TN01_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོང་བ་དང་ཕ་མའི་བུ་གཅིག་པ་ལྟ་བུ་དང་། ནམ་མཁའི་དཀྱིལ་ན་ཟླ་བ་ཉ་བ་འདུག་པ་ལྟ་བུར་བལྟ་ན་སྡུག་པ་དང་། སྟོན་པ་ལྟ་བུར་ལྷ་དང་མི་རྣམས་ཀྱིས་ཕྱག་བྱས་པའི་གནས་དང་། ཉི་མ་ཤར་བ་ལྟ་བུར་སྣང་བར་བྱེད་པ་དང་། ནགས་ན་འདུག་པའི་རྨ་བྱ་ལྟ་བུར་སྐད་སྙན་པ་དང་། རིའི་ཕུག་ན་འདུག་པའི་སེང་གེ་ལྟ་བུར་ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པ་དང་། སེམས་ཤིན་ཏུ་དུལ་བའི་གླང་པོ་ཆེ་ལྟ་བུར་ཅང་ཤེས་ཀྱི་ཟས་ལ་ལོངས་སྤྱོད་པ་དང་། ཆོས་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བ་ལྟ་བུར་ཆོས་ཀྱི་རྒྱལ་སྲིད་སྟོན་པ་དང་། ཀླུའི་ཚོགས་རྩེ་བ་ལྟ་བུར་ཆོས་ཀྱི་སྤྲིན་འགྱེད་པ་དང་། ཀླུའི་བདག་པོ་ཆར་ཆེན་པོ་འབེབས་པ་ལྟ་བུར་ཆོས་ཀྱི་འབྲུག་སྒྲ་མངོན་པར་སྒྲོགས་པ་དང་། བརྒྱ་བྱིན་ལྟ་བུར་དུས་སུ་ཆོས་ཀྱི་ཆར་ཆེན་པོ་འབེབས་པ་དང་། དཔའ་བོས་གཞན་གྱི་དམག་ལ་བྱ་བ་ལྟ་བུར་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བྱེད་པ་དང་། ཆུའི་རྒྱུན་གྱིས་མེ་ལ་བྱ་བ་ལྟ་བུར་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། རླུང་གིས་ཕུབ་མ་སྤར་གང་ལ་བྱ་བ་ལྟ་བུར་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང་། མ་མས་བྱིས་པ་ལ་བྱ་བ་ལྟ་བུར་སེམས་ཅན་ཐམས་ཅད་དང་མཐུན་པར་བྱེད་པ་དང་། ས་གཞི་རྫས་རྣམས་ཀྱིས་མི་བསྐྱོད་པ་ལྟ་བུར་བདེ་བ་དང་སྡུག་བསྔལ་རྣམས་ཀྱིས་མི་བསྐྱོད་པ་དང་། རླུང་གིས་ཤིང་གི་ལོ་མ་རྣམས་ལ་བྱ་བ་ལྟ་བུར་ཕས་ཀྱི་རྒོལ་བ་ཐམས་ཅད་གཡོ་བར་བྱེད་པ་དང་། རྣམ་ཐོས་ཀྱི་བུ་རིན་པོ་ཆེ་ཐམས་ཅད་འབྱོར་པ་ལྟ་བུར་ཆོས་ཀྱི་ནོར་མཐུན་པར་སྦྱིན་


TN01_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། འགྲོ་བ་ཐམས་ཅད་ཀྱི་བཀོད་པའི་སྙིང་པོ་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཡང་ཡིན་ཏེ། ཀླུའི་བདག་པོ་དེ་ལྟར་ན་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པ་ཞེས་བརྗོད་དོ། །ཀླུའི་བདག་པོ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེ་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་པ་དེ་བཞིན་དུ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་། ཆོས་ཐམས་ཅད་ཀྱི་ཟ་མ་ཏོག་ཡིན་ནོ། །ཀླུའི་བདག་པོ་དཔེར་ན་སྤོས་བརྒྱ་ཕྲག་དུ་མ་ཡོད་པའི་སྤོས་ཀྱི་ཟ་མ་ཏོག་ནི་སེམས་ཅན་ཐམས་ཅད་སྤོས་ཀྱིས་ཡོངས་སུ་མགུ་བར་བྱེད་པ་དེ་བཞིན་དུ་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་ལེགས་པར་སྨྲ་བས་ཡང་དག་པར་མགུ་བར་བྱེད་དོ། །ཞེས་པ་ལྟ་བུ་སྟེ། རྒྱ་ཆེར་ཤེས་པར་འདོད་ན་མདོ་དེ་ཉིད་དང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དང་གསང་བ་བསམ་གྱིས་མི་ཁྱབ་པའི་ལེའུ་སོགས་ལས་བཙལ་བར་བྱའོ། །གསུམ་པ་ནི། བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་འཐོབ་པར་བྱེད་པའི་གཟུངས་གང་ཞེ་ན། ཞེས་པ་ནས། བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་འགྱུར་


TN01_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གསང་སྔགས་ཀྱི་གཞི་གང་དག་དེ་བཞིན་གཤེགས་པས་གསུངས་པ། ཏདྱ་ཐཱ། ཨི་ཊི་མི་ཊི་ཀི་ཊི་བྷིཿཀྵན་ཏི་པ་དཱ་ནི་སྭཱ་ཧཱ། ཞེས་བྱ་བའི་གསང་སྔགས་ཀྱི་གཞི་དེ་དག་གི་དོན་སེམས་ཤིང་འཇལ་ལ་ཉེ་བར་རྟོག་སྟེ། དེ་གསང་སྔགས་ཀྱི་གཞི་འདི་དག་ལ་ཡང་དག་པར་ཞུགས་ཏེ། སུ་ལས་ཀྱང་མ་ཐོས་པར་བདག་ཉིད་ཀྱིས་འདི་ལྟར་གསང་སྔགས་ཀྱི་གཞི་འདི་དག་ལ་ནི་དོན་ཡོངས་སུ་གྲུབ་པ་ཅི་ཡང་མེད་དེ། འདི་དག་ནི་དོན་མེད་པ་ཁོ་ནའོ། །འདི་དག་གི་དོན་ནི་འདི་ལྟ་སྟེ། དོན་མེད་པ་འདི་ཁོ་ན་ཉིད་དོ་སྙམ་དུ་དེ་ལྟ་བུའི་དོན་ཁོང་དུ་ཆུད་པར་འགྱུར་ཏེ། དེའི་ཕ་རོལ་ཏུ་དོན་གཞན་ཚོལ་བར་ཡང་མི་བྱེད། དེ་ཙམ་གྱིས་ན་དེས་གསང་སྔགས་ཀྱི་གཞི་དེ་དག་གི་དོན་ལེགས་པར་ཁོང་དུ་ཆུད་པ་ཡིན་ནོ། །དེས་གསང་སྔགས་ཀྱི་གཞི་དེ་དག་གི་དོན་ཡང་དག་པར་ཁོང་དུ་ཆུད་ནས། དོན་དེ་ཉིད་ཀྱི་རྗེས་སུ་འབྲངས་པས་ཆོས་ཐམས་ཅད་ཀྱི་དོན་ཡང་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ལས་མ་ཐོས་པར་བདག་ཉིད་ཀྱིས་དོན་འདི་ལྟ་བུ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། བརྗོད་པ་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ཡོངས་སུ་གྲུབ་པ་མེད་དོ། །དེ་དག་གི་བརྗོད་དུ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་དོན་ཡིན་ནོ་སྙམ་མོ། །དེས་དེ་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་ལེགས་པར་ཁོང་དུ་ཆུད་ནས། དེ་ལས་དོན་གཞན་མི་ཚོལ་ལ་དོན་དེ་ཁོང་དུ་ཆུད་པས་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཡང་ཐོབ་པར་འགྱུར་རོ། །ཞེས་གསུངས་


TN01_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེའང་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་འགྱུར་བའི་གསང་སྔགས་ཀྱི་གཞི། ཞེས་པ་ནས། སེམས་ཤིང་འཇལ་ལ་ཉེ་བར་རྟོག་སྟེ། ཞེས་པའི་བར་གྱིས་ནི་གཟུངས་འདི་སྐྱེད་པའི་ཐབས་བསྟན་པ་ཡིན་ཞིང་། དེ་མན་ཆད་ཀྱིས་ནི། ཐབས་དེ་ལས་གཟུངས་ཇི་ལྟར་སྐྱེ་བའི་ཚུལ། གཟུངས་རང་གི་དམིགས་རྣམ་ངོས་འཛིན་དང་བཅས་པ་སྟོན་ནོ། །དེ་ལ་གཞུང་དང་པོའི་དོན་ནི། དམིགས་པ་གང་ལ་བརྟེན་ནས་སྒྲུབ་ན་བཟོད་པ་སྐྱེད་པའི་ཆེད་དུ་གསུངས་པའི་གསང་སྔགས་ཀྱི་གཞི་ལ་བརྟེན་ནས་སྒྲུབ། རྣམ་པ་གང་གིས་སྒྲུབ་ན། དེའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྒོ་ནས་སྒྲུབ། ཚུལ་ཇི་ལྟར་སོ་སོར་རྟོག་པ་ནི་གཞུང་འོག་མའི་ཤུགས་ཀྱིས་གོ་བས་ལོགས་སུ་མ་གསུངས་ཀྱང་ཕྱོགས་ཙམ་སྨོས་ན། དང་པོར་རེ་ཞིག་སྔགས་ཚིག་དེས་བསྟན་པའི་དོན་རྣམས་ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་འདྲེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང་། །བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །ཞེས་གསུངས་པའི་རིགས་པ་རྣམས་ཀྱིས་དོན་དམ་པར་བརྗོད་དུ་མེད་པའི་ངོ་བོ་ཉིད་དུ་གཏན་ལ་འབེབས་པར་བྱེད་དེ། དེ་ལྟར་ཕབ་པ་ན་སྔགས་ཚིག་དེ་ལ་རྟོག་པས་རྗོད་བྱེད་དུ་ཞེན་པའི་གཞིར་རང་མཚན་གྱིས་གྲུབ་པ་ཁེགས་པས། དོན་དམ་པར་ནི་ཨ་ལ་སོགས་པའི་སྒྲའི་གདངས་ཙམ་ཞིག་ལྷག་མར་ལུས་པར་འགྱུར་ཏེ། བརྒྱད་སྟོང་དོན་བསྡུས་ལས།


TN01_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རིག་པས་མིང་རྣམས་ཀུན། །དོན་ཇི་ལྟ་བར་ཡང་དག་ཏུ། །དམིགས་པ་མེད་ཉིད་དེ་ཡི་ཕྱིར། །སྒྲ་འདི་ཟློག་པར་བྱེད་མ་ཡིན། །ཞེས་མིང་རྣམས་དོན་ཇི་ལྟ་བ་བཞིན་དུ་མི་དམིགས་པ་དང་། རྣ་ཤེས་ཀྱི་གཟུང་བྱའི་སྒྲ་ཙམ་མི་ཟློག་པ་སྟེ་མི་འགོག་པར་བཤད་དོ། །ཚུལ་དེས་ཡི་གེ་ཐམས་ཅད་མཉམ་པར་ལྟ་བ་ནི་ཡུམ་ལས་ཡི་གེ་དང་བརྗོད་པ་མཉམ་པ་ཉིད་དུ་གསུངས་པའི་དགོངས་པ་འགྲེལ་ལུགས་ཀྱི་གནད་ཀྱང་ཡིན་པར་སྣང་སྟེ། སློབ་དཔོན་སྐུ་མཆེད་ཀྱིས་ཡུམ་མདོའི་དོན་འཆད་ཚུལ་སྤྱིའི་ཁོག་ལ་བརྟགས་ན་ཤེས་སོ། །དེ་ལྟ་ནའང་བྱང་ས་ལས། དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་ན། ཅིའི་ཕྱིར་བརྗོད་པ་སྦྱོར་བར་བྱེད་ཅེ་ན། འདི་ལྟར་བརྗོད་པ་མེད་ན་ཡང་བརྗོད་དུ་མེད་པའི་ཆོས་ཉིད་དེ་གཞན་དག་ལ་བསྙད་པ་དང་། ཐོས་པར་བྱེད་ཀྱང་མི་ནུས་ལ། ཚིག་དང་ཐོས་པ་མེད་ན་ཡང་བརྗོད་དུ་མེད་པའི་ངོ་བོ་ཉིད་དེ་ཤེས་པར་མི་ནུས་སོ། །དེ་བས་ན་ཐོས་པ་དང་ཤེས་པར་བྱ་བའི་ཕྱིར་བརྗོད་པར་ཡང་སྦྱོར་བར་བྱེད་དོ། །ཞེས་པ་ལྟར་སྒྲ་ལས་དོན་གོ་བའི་རྣམ་གཞག་གཏན་མེད་ན་འཆད་ཉན་བྱེད་པ་ཐམས་ཅད་མི་སྲིད་པར་འགྱུར་བས། བརྗོད་དུ་མེད་པའི་ངོ་བོ་ཉིད་དེ་ཉིད་ཀུན་རྫོབ་ཏུ་འདི་ལྟར་བརྗོད་པ་ཡིན་ནོ་ཞེས་དེ་ལྟ་བུའི་ཚུལ་གྱིས་སྔགས་ཚིག་དེའི་དོན་ལ་སེམས་པར་བྱེད་དོ། །ལུགས་འདིར་འགྲོ་བ་དང་གནས་མི་དམིགས་པ་ལྟ་བུའི་ཡིག་དོན་རྣམས་ཀྱང་འགྲོ་བ་སོགས་སུ་མིང་གིས་ཀུན་བཏགས་པའི་ངོ་བོ་ཉིད་རྣམས་རང་


TN01_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཚན་ཉིད་ཀྱིས་མ་གྲུབ་པ་ལ་བཤད་དགོས་པ་འདྲ་སྟེ། རྣལ་འབྱོར་སྤྱོད་པའི་གཞུང་གི་དཀའ་བའི་གནས་སོ། །དེ་ལྟར་མང་དུ་བསྒོམས་པས་གསང་སྔགས་ཀྱི་གཞི་དེ་ལ་སྒྲོ་སྐུར་གཉིས་སྤངས་ཏེ་ལེགས་པར་ཞུགས་པའི་ལྷག་མཐོང་སྒོམ་བྱུང་སྐྱེ་བ་ནི། དེ་གསང་སྔགས་ཀྱི་གཞི་འདི་དག་ལ་ཡང་དག་པར་ཞུགས་ཏེ། ཞེས་སོ། །དེ་ལས་གཟུངས་དངོས་སུ་འགྱུར་བའི་ཚུལ་ནི། གཞན་གྱིས་དྲན་གསོ་བྱས་པ་སོགས་ལ་མི་ལྟོས་པར་སྔགས་ཚིག་དེ་དམིགས་པ་ཙམ་ནས་བརྗོད་དུ་མེད་པའི་ཆོས་ཉིད་ལ་འཇུག་ཅིང་། དེའི་བརྗོད་བྱ་རྗོད་བྱེད་བཏགས་པ་ཁོ་ན་ལས་མ་བརྒལ་བར་འཇོག་པའི་ཚུལ་ལ་ངེས་པ་འདྲེན་པར་སྟོན་པ་ནི། སུ་ལས་ཀྱང་མ་ཐོས་པར། ཞེས་པ་ནས། དེས་གསང་སྔགས་ཀྱི་གཞི་དེ་དག་གི་དོན་ལེགས་པར་ཁོང་དུ་ཆུད་པ་ཡིན་ནོ། །ཞེས་པའི་བར་རོ། །དེའི་འོག་ཏུ་མིང་ཚིག་གཞན་ལའང་དེ་ཁོ་ན་བཞིན་དུ་འཇུག་ནུས་པའི་ཚུལ་ནི། དེས་གསང་སྔགས་ཀྱི་གཞི་དེ་དག་ཅེས་པ་ནས། ཁོང་དུ་ཆུད་པར་འགྱུར་རོ། །ཞེས་པ་སྟེ། འདི་ནི་སྤྱིར་ངག་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་ཙམ་མིན་གྱི། རྗོད་བྱེད་སྒྲའི་ཁྱད་པར་གང་མཐོང་ཡང་དེའི་མོད་ལ་སྔ་མ་ལྟར་ངེས་པ་འདྲེན་པའི་དོན་ནོ། །དེ་ཉིད་སླར་ཡང་འཆད་པ་ནི། གཞན་ལས་མ་ཐོས་པར་བདག་ཉིད་ཀྱིས་ཞེས་པ་ནས་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཡང་ཐོབ་པར་འགྱུར་རོ། །ཞེས་པའི་བར་ཏེ། འདིའི་གཞན་ལས་མ་


TN01_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པར་བདག་ཉིད་ཀྱིས། །ཞེས་པ་དང་། གོང་དུ། དོན་དེ་ཉིད་ཀྱི་རྗེས་སུ་འབྲངས་པས་ཞེས་སོགས་འབྱུང་བ་བསྒྲིགས་ན། གསུང་རབ་གཞན་ཡང་ནམ་དམིགས་པ་ན། གཞན་གྱིས་དེ་མཉམ་པ་ཉིད་དུ་ཉེ་བར་བསྟན་མི་དགོས་པར། སྔགས་ཚིག་ལ་བསྟེན་ནས་དོན་ངེས་ཚུལ་དེ་ཉིད་ཀྱི་རྗེས་སུ་འབྲངས་པའམ་བློ་འཇུག་པའི་སྒོ་ནས་བརྗོད་པ་དེ་དག་གི་གཏིང་ལ་རེག་པར་འགྱུར་ཞེས་པ་ཡིན་པས་གསང་སྔགས་ཀྱི་གཞི་དེ་ཆོས་གཞན་ལ་རྒྱས་འདེབས་པའི་གཟུངས་ཀྱི་ཕྱག་རྒྱར་འགྲོ་ཚུལ་ཡང་བསྟན་པར་གསལ་ཏེ། སྔར་བཤད་པའི་གྲུབ་ཚད་དང་ཕྱོགས་ཤིན་ཏུ་མཐུན་ནོ། །གཞུང་གོང་མར། སུ་ལས་ཀྱང་མ་ཐོས་པར། ཞེས་གསུངས་པ་ཡང་འདིའི་གནད་ཀྱིས་ཡིན་ཏེ། དེ་ལྟར་གཞན་དྲིང་མི་འཇོག་པའི་གོམས་པ་དབང་གྱུར་མ་ཐོབ་ན། སྔགས་ཚིག་དེས་ཆོས་གཞན་ལ་རྒྱས་ཐེབས་མི་ནུས་པའི་ཕྱིར་རོ། །དེ་ལྟར་ཚིག་ཐམས་ཅད་ལ་ཟབ་མོའི་ཤེས་རབ་ཀྱིས་འཇུག་པ་བྱང་བ་ན་སྔོན་མེད་པའི་དགའ་བ་ཁྱད་པར་ཅན་འབྱུང་བར་སྟོན་པ་ནི། དོན་དེ་ཁོང་དུ་ཆུད་པས། ཞེས་སོགས་སོ། །བྱང་སའི་དེ་ཁོ་ན་ཉིད་ཀྱི་ལེའུར་དཔྱོད་གཞིའི་གཙོ་བོ་གཟུགས་སོགས་ལ་བྱེད་པར་གསུངས་ཀྱང་། འདིར་གསང་སྔགས་ཀྱི་གཞི་འདི་དག་ལ་ནི་དོན་ཡོངས་སུ་གྲུབ་པ་ཅི་ཡང་མེད་དེ། ཞེས་གསང་སྔགས་ཀྱི་ཚིག་གཞིར་བཟུང་སྟེ་འཇུག་པར་བཤད་ཅིང་། གསང་སྔགས་ཀྱི་གཞི་དེ་དག་གི་དོན་སེམས་ཤིང་འཇལ་ལ། ཞེས་ཚིག་དེའི་དོན་ལ་མཁས་པར་


TN01_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་ཡང་གསུངས་ཏེ། སྒྲ་ཚིག་གི་ཚུལ་ལ་མཁས་པ་གཙོ་བོར་བྱེད་ན་སྔ་མ་ལྟར་དགོས་ཤིང་། དེའི་སྟེང་ནས་དོན་འཛིན་པ་བྱང་བར་ལོབ་པ་ལ་ཕྱི་མ་ཡང་དགོས་པ་སོགས་གོང་འོག་ཏུ་གསུངས་པའི་གནད་རྣམས་ཀྱི་སྤུ་རིས་ཞིབ་ཏུ་ངེས་པར་བྱའོ། །གཞུང་འདིར་མིང་ཚིག་ཐམས་ཅད་ཡི་གེའི་མ་མོ་ལ་བསྡུས་ནས་འཛིན་པ་དངོས་སུ་མ་བཤད་ཀྱང་། འདིར་བཤད་པ་ལྟར་བསྒྲུབས་ནས་གྲུབ་པ་ན། དེ་ལྟར་ཡང་འཛིན་ནུས་པར་གསལ་ཏེ། དེ་ལྟར་སྡུད་པའི་གནད་དུ་ཡུམ་ལས་གསུངས་པའི་གཙོ་བོ་དག་འདིར་ཡང་སྣང་བའི་ཕྱིར་རོ། །དེས་ན་ཡུམ་གསུམ་གནོད་འཇོམས་དང་ཐུབ་པ་དགོངས་རྒྱན་ལས་འདི་དང་ཡུམ་ལས་གསུངས་པའི་ཚུལ་གཉིས་མི་འདྲ་བར་བཤད་པ་ནི་ཐོག་མའི་ཡི་གེ་ལ་སྡོམ་དུ་མཚན་མར་བྱེད་མི་བྱེད་ཀྱི་ཁྱད་ཀྱིས་གཟུངས་ཀྱི་སྒོ་སྒྲུབ་ལུགས་གཉིས་སུ་འགྱུར་བར་བཤད་པ་ཡིན་གྱི། གྲུབ་པའི་གཟུངས་མི་འདྲ་བ་གཉིས་ཡོད་པར་སྟོན་པ་མིན་ནོ། །གཟུངས་ཀྱི་ཚིག་ལ་འཇུག་ཚུལ་ཇི་སྐད་བཤད་པ་དེ་ནི་ལུགས་འདིའི་ཆོས་ཀྱི་བདག་མེད་སྒོམ་པ་ཡང་ཡིན་ཞིང་། དེ་ལ་སྔར་བཤད་པའི་རྟོགས་པ་ཐོབ་པ་ན་ཐེག་ཆེན་སྦྱོར་ལམ་བཟོད་པ་ལ་ཞུགས་པར་སྟོན་པ་ནི། ལུང་སྔ་མའི་འཕྲོ་ཉིད་ལས། བྱང་ཆུབ་སེམས་དཔའ་ངེས་གཟུངས་ཀྱི་ཚིག་ཐོབ་པ་དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་བྱ་སྟེ། དེ་ཐོབ་པས་ཀྱང་བྱང་ཆུབ་སེམས་དཔའ་དེ་རིང་པོར་མི་ཐོགས་པར་ལྷག་པའི་བསམ་པ་དག་པ་ཐོབ་པར་འགྱུར་ཞིང་།


TN01_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པས་སྤྱོད་པའི་སའི་བཟོད་པ་ཆེན་པོ་ལ་གནས་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་ཏེ། འདི་མོས་སྤྱོད་ཀྱི་སའི་བཟོད་པ་ཆེན་པོར་གསུངས་པ་ནི། ཉན་ས་ལས། བཟོད་པ་ཆུང་ངུ་དང་ལྡན་པ་དེ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་དྲོ་བར་གྱུར་པ་ཞེས་བྱའོ། །བཟོད་པ་འབྲིང་གིས་ཡང་དག་པར་བསྡུས་པ་གང་ཡིན་པ་དེ་ནི་རྩེ་མོ་ཞེས་བྱའོ། །བཟོད་པ་ཆེན་པོས་ཡང་དག་པར་བསྡུས་པ་གང་ཡིན་པ་དེ་ནི་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་ཞེས་བྱའོ། །ཞེས་པ་ལྟར་ཡིན་གྱི། བཟོད་པ་ཉིད་ལ་ཆེ་འབྲིང་གསུམ་དུ་ཕྱེ་བའི་ཆེན་པོ་མིན་ནོ། །དབུ་སེམས་གཉིས་ཀྱི་བཞེད་པའི་གཟུངས་སྒྲུབ་ཚུལ་གྱི་སྤྱིའི་ཁོག་ནི་གཅིག་ཏུ་སྣང་བས་དབྱིག་གཉེན་དང་འཕགས་སེང་སོགས་ཀྱི་བཤད་པ་རྣམས་བསྲེས་ནས་སྔར་བཀོད་པ་ལྟར་གཟུང་སྟེ། དཔེར་ན་ལུགས་གཉིས་ཀྱི་ཞི་ལྷག་སྒྲུབ་ཚུལ་ཁོག་གཅིག་ཏུ་གནས་པ་བཞིན་ནོ། །གཟུངས་འདིའི་སྒྲ་བཤད་ལ། བྱང་ཆུབ་སེམས་དཔའི་བཟོད་པ་འཐོབ་བྱེད་ཅེས་པ་ནི། བྱང་སེམས་ཀྱི་བཟོད་པ་སྐྱེད་པའི་ཆེད་དུ་གསུངས་པའི་ཚིག་དང་ཡི་གེའི་སྒོ་ཁྱད་པར་ཅན་རྣམས་ཏེ། བྱང་སར་དངོས་སུ་སྨོས་པའི། ཏདྱ་ཐཱ། ཨི་ཊི་མི་ཊི་སོགས་ནི་དེའི་མཚན་གཞི་བསྟན་པ་ཙམ་མོ། །དེ་དག་ལ་དམིགས་ནས་སྐྱེ་བས་ན་བཟོད་པ་འཐོབ་པར་བྱེད་པའི་གཟུངས་ཞེས་བྱ་སྟེ། བཟོད་པའི་སྒོའི་གཟུངས་ཞེས་ཀྱང་བྱའོ། །འདི་ནི་རྩོམ་པ་དང་པོའི་དུས་


TN01_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམིགས་ཡུལ་ལས་བཏགས་པ་སྟེ། དེར་མ་ངེས་ཀྱང་རྩོམ་པ་དང་པོ་ལ་ལྟོས་ནས་བཏགས་པ་ནི། མཐར་གནས་སྙོམས་འཇུག་ལྟ་བུ་གཞན་ཡང་ཡོད་དོ། །འདི་ལྟར་བྱས་ན་གཟུངས་བཞི་ཀའི་མིང་འདོགས་དམིགས་ཡུལ་གྱི་སྒོ་ནས་མཛད་པར་འཆད་ནུས་སོ། །འབུམ་གྱི་གནོད་འཇོམས་ལས། བཟོད་པའི་རྒྱུར་གྱུར་པའི་གཟུངས་ཞེས་འབྱུང་ཞིང་། གཟུངས་འདི་བཟོད་པའི་སྔོན་ལ་སྐྱེ་བར་བཤད་པ་དང་། ཤནྟི་པ་དང་ཨ་བྷྱ་ཀ་རས་བཟོད་པའི་གཟུངས་ཞེས་སྨོས་ནས། དེའི་དོན་ལ་ཨ་བྷྱས། ཤེས་རབ་ཀྱི་བཟོད་པས་འཛིན་པའི་ཕྱིར་རོ། །ཞེས་བཤད་པ་དང་། བོད་ཀྱི་ཤིང་རྟ་ཆེན་པོས། །བཟོད་པའི་རྒྱུའི་གཟུངས་དང་། བཟོད་པ་དངོས་ཀྱི་གཟུངས་གཉིས་སུ་མཛད་པ་སོགས་ཡོད་དེ། རེ་ཞིག་དེ་ཙམ་མོ། །ལྔ་པ་གཟུངས་ཀྱི་བྱེད་ལས་ནི། །དམ་པའི་ཆོས་རྒྱ་ཆེར་སྟོན་པ་དང་འཛིན་པའི་སྒོ་ནས་རང་གཞན་ལ་རྟག་ཏུ་རྒྱུན་མི་ཆད་པར་ཕན་འདོགས་པ་གཉིས་ཡིན་ཏེ། མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའ་ཡང་དང་ཡང་། །དེ་ལ་ཡང་དག་བརྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང་། །རབ་ཏུ་སྟོན་ཅིང་འཛིན་པར་བྱེད། །ཅེས་དང་། དེའི་འགྲེལ་བཤད་ལས། བྱང་ཆུབ་སེམས་དཔའ་དག་གོང་དུ་བཤད་པའི་གཟུངས་གསུམ་ལ་གནས་ཤིང་བརྟེན་ནས་རྒྱུན་དུ་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་དམ་པའི་ཆོས་ཀྱི་ཚིག་དང་དོན་ཀྱང་སྟོན་ཅིང་། བདག་ལ་ཕན་པར་བྱ་བའི་ཕྱིར་སངས་རྒྱས་


TN01_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་ཆུབ་སེམས་དཔས་གསུངས་པའི་དོན་དང་ཚིག་ཀྱང་འཛིན་པར་བྱེད་དེ། དེ་ནི་གཟུངས་ཀྱི་ལས་སོ། །ཡང་དང་ཡང་ཞེས་བྱ་བ་ནི་རྟག་པ་དང་རྒྱུན་མི་འཆད་པར་ཞེས་བྱ་བའི་དོན་ཏོ། །ཞེས་བཤད་ལ། ཏིང་འཛིན་རྒྱལ་པོ་ལས་ཀྱང་། བདེ་བར་གཤེགས་པས་རབ་ཏུ་བཤད་པའི་ཆོས་ཉན་ཏེ། །གཟུངས་ལ་རབ་ཏུ་གནས་པས་ཐམས་ཅད་འཛིན་པར་བྱེད། །བྱང་ཆུབ་སེམས་དཔའ་གང་དག་གཟུངས་ལ་གནས་པ་ནི། །མདོ་སྡེ་དཔག་ཏུ་མེད་པ་མཐའ་ཡས་རབ་ཏུ་སྟོན། །ཞེས་གསུངས་སོ། །གཟུངས་ཉིད་ལ་གཟུངས་ཀྱི་སྒོ་ཞེས་པའི་སྒྲ་སྦྱོར་བ་ན་བྱེད་ལས་དེ་གཉིས་སྒྲུབ་པའི་སྒོ་ཡིན་པའི་སྟེང་ནས་བཤད་དེ། ས་བཅུ་པའི་དབྱིག་འགྲེལ་ལས། གཟུངས་དེ་དག་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བཤད་པའི་དོན་དང་ཚིག་མི་བརྗེད་པར་འཛིན་པའི་རྒྱུར་གྱུར་པ་དང་། སེམས་ཅན་ལ་ཆོས་རྣམ་པ་སྣ་ཚོགས་སྟོན་པའི་རྒྱུར་གྱུར་པས་ན་སྒོ་ཞེས་བྱ་སྟེ། ཞེས་སོ། །དེ་ལ་ཐོས་པ་མི་བརྗེད་པར་འཛིན་པས་ནི། དགེ་བའི་བཤེས་གཉེན་གྱི་གདམས་ངག་བྱང་བར་བྱེད་པ་དང་། ཇི་ལྟར་གདམས་པ་ལྟར་ནན་ཏན་གྱིས་སྒྲུབ་པ་ན་གཞན་ལ་རག་མ་ལས་པས་ཡུན་རིང་པོར་ཆོས་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་དེ། རང་ལ་ཕན་པའོ། །འཛིན་པའི་ལས་འདི་དཀོན་མཆོག་སྤྲིན་ལས་ཀྱང་གསུངས་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རླུང་མར་ནི་རླུང་གི་དཀྱིལ་འཁོར་མུ་མེད་ཅིང་རྒྱ་ཆེ་ལ་བརྟན་ཞིང་སྲ་བས་འཇིག་རྟེན་གྱི་ཁམས་འཇིག་པ་དང་འབྱུང་བ་ཆར་


TN01_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་དང་བཅས་པ། རྒྱ་མཚོ་དང་། གླིང་ཆེན་པོ་བཞི་པར་བཅས་པ། རི་རབ་དང་། རི་བཏང་བཟུང་དང་། རི་བཏང་བཟུང་ཆེན་པོ་དང་། གངས་དང་། ཁོར་ཡུག་རི་དང་། ཁོར་ཡུག་རི་ཆེན་པོ་དང་། རི་སྤོས་ཀྱི་ངད་ལྡང་བ་དང་། གྲོང་རྡལ་དང་། འབབ་ཆུ་དང་། ནགས་ཚལ་དང་། གཞལ་མེད་ཁང་གི་རྣམ་པར་བཅས་པ་དག་ཡོངས་སུ་འཛིན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་གཟུངས་ཀྱི་རླུང་མར་གྱི་དཀྱིལ་འཁོར་མུ་མེད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲིན་གྱིས་ཕབ་པའི་གཏན་པ་མེད་པའི་ཆོས་ཀྱི་ཆར་གྱི་རྒྱུན་ཆེན་པོ་ཐམས་ཅད་ཡོངས་སུ་འཛིན་ཏོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འབྱུང་བའི་ཚེ་ཇི་སྐད་དུ་བརྗོད་པའི་རི་རབ་དང་། རྒྱ་མཚོ་ནས། གཞལ་མེད་ཁང་གི་བར་གྱི་རྣམ་པ་ལྟ་བུ། བསོད་ནམས་བརྒྱ་པའི་མཚན་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། མངོན་པར་ཤེས་པ་དང་། དབང་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མ་འདྲེས་པ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་འཛིན་ཏོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཕུང་པོ་བརྒྱ་སྟོང་མུ་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་ཡོངས་སུ་འཛིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་


TN01_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཆར་སྤྲིན་དཔག་ཏུ་མེད་པ་ཀུན་འཛིན་ནུས་པ་ཡིན་ནོ། །ཞེས་སངས་རྒྱས་རྣམས་ལས་ཐོས་པའི་རྒྱ་མཚོ་གསོག་པ་དང་། དེ་ལ་ཐེག་ཆེན་གྱི་ཡོན་ཏན་རླབས་པོ་ཆེ་རྣམས་བརྟེན་པའི་ཕན་ཡོན་དང་། ཡོན་ཏན་དེ་དག་དང་པོར་སྐྱེད་པའི་ཆེད་དུ་མ་ཟད། སྐྱེས་པ་མཐར་ཕྱིན་པའི་ཆེད་དུ་ཕྱི་ཕྱིར་ཡང་ལེགས་པར་གསུངས་པ་ངོམས་མེད་དུ་འཛིན་ཅིང་ལེན་པ་རྣམས་བསྟན་ཏོ། །ཡང་ན་མདོ་དང་པོའི་དོན་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡེ་སྣོད་འཛིན་པ་དང་། གཉིས་པ་སྔར་བཞིན། གསུམ་པས་ཡོན་ཏན་དེ་དག་གི་ཕྱིར་འཛིན་རྒྱུའི་ཆོས་ཆར་ལ་སྔ་མ་དེ་ཙམ་དུ་ངེས་སམ་ཞེ་ན། དེ་གཙོ་བོ་ཡིན་གྱི། འཇིག་རྟེན་པ་དང་ཉན་རང་དང་ཐུན་མོང་བའི་ཆོས་ཕུང་ཐམས་ཅད་ཀྱང་འཛིན་ཞེས་དེར་བསྟན་པའི་ལྷག་མ་འཆད་པ་ལ་སྦྱར་རོ། །དེའང་ཆོས་དོན་གྱི་གཟུངས་གཉིས་ཀྱིས་སྡེ་སྣོད་རབ་འབྱམས་དང་། དེའི་དོན་རྣམས་ཟུར་མ་ཉམས་ཤིང་ཅུང་ཟད་ཀྱང་མ་འཁྲུགས་པར་འཛིན་ལ། བཟོད་གཟུངས་ཀྱིས་ནི་གསུང་རབ་ཀྱི་ཚིག་དོན་གྱི་ཆ་རྣམས་ལ་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་སྟེ་ནམ་ཡང་མི་ཉམས་པར་བྱེད་ཅིང་དང་པོར་ཇི་ལྟར་ཐོས་པའི་གོ་རིམ་ལ་མ་ལྟོས་པར་ཐབས་མཁས་པའི་འཇུག་ཚུལ་ཁྱད་པར་ཅན་གྱི་སྒོ་ནས་དྲན་ཤེས་རྩལ་སྦྱངས་ཏེ་གཏུགས་པ་མེད་པའི་མཐུ་སྒྲུབ་པར་བྱེད་དོ། །ཆོས་ཐོས་པ་རྣམས་ནག་ནོག་གི་དྲི་མས་མ་སྦགས་པར་བསྟན་ཏེ་སེམས་ཅན་གྲངས་མེད་པ་རྒྱལ་བའི་ལེགས་བཤད་མ་ནོར་བ་འཛིན་པའི་མཁས་པའི་གོ་


TN01_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ལ་འགོད་པ་ནི་གཞན་ལ་ཕན་པ་སྟེ། ཕལ་པོ་ཆེའི་འཇིག་རྟེན་འདས་ལེའི་བྱང་སེམས་ཀྱི་དགའ་བ་བཅུའི་ཐད་དུ། ཐོས་པ་ཐམས་ཅད་འཛིན་པ་ཉམས་པ་མེད་པར་ཀུན་ཏུ་འཛིན་ཅིང་སེམས་ཅན་གཞན་གྱི་རྒྱུད་ཀྱིས་འཐོབ་པར་བྱེད་པས་གཟུངས་ཀྱི་དགའ་བ་དང་། ཞེས་དང་། རྣམ་པར་བསྒྱིང་བ་བཅུའི་སྐབས་སུ་ཡང་། ཐོས་པ་ཐམས་ཅད་ཡོངས་སུ་བཟུང་སྟེ་མི་བརྗེད་པར་བཞག་པས་སེམས་ཅན་གཞན་གྱི་དབང་པོའི་རྒྱུད་དུ་ཕྱིན་པར་བྱ་བའི་ཕྱིར་གཟུངས་ཀྱི་རྣམ་པར་བསྒྱིང་བ་དང་། ཞེས་གསུངས་པ་ལྟར་རོ། །འདི་ལའང་ཆོས་གཟུངས་ཀྱིས་ནི་གཞུང་ཚད་དཔག་པར་དཀའ་བའི་གསུང་རབ་རྣམས་ཀྱང་། གླེགས་བམ་སོགས་ལ་མི་ལྟོས་པར་ཐོགས་མེད་དུ་སྟོན་ཅིང་། དོན་གཟུངས་ཀྱིས་དེ་དག་གི་དོན་རྣམས་ལེགས་པར་འཆད་པར་བྱེད་ལ། བཟོད་གཟུངས་ཀྱིས་གསུང་རབ་ཀྱི་བརྡའི་གནས་རྒྱ་མཚོའི་ཆུ་རྡུལ་ལྟར་ཟད་མི་ཤེས་པ་ཐམས་ཅད་བསྡུ་བ་དང་རྣམ་པར་འབྱེད་པ་ལ་ཟབ་པ་དང་། གསལ་བ་དང་། མྱུར་བའི་ཕ་རོལ་ཏུ་ཕྱིན་པས་སྤོབས་པའི་རྒྱན་དང་ལྡན་པའི་ཆོས་སྨྲ་བའི་ཁྱུ་མཆོག་ཏུ་འགྱུར་ཞིང་། བཤད་བྱའི་ཆོས་རྣམས་གོ་རིམ་འཆོལ་བའི་རྒྱུད་དུ་བསྟན་པ་དང་། ལྡེམ་པོའི་སྒྲ་སྣ་ཚོགས་སྦྱར་བ་དང་། དྲི་ལན་གྱི་རྣམ་པ་སྣ་ཚོགས་སུ་འཕྲོས་པ་ལ་སོགས་པས་དྲན་པ་ཟིལ་གྱིས་མི་ནོན་པས། གཏམ་གྱི་རྒྱུན་ལ་བརྫིར་མེད་པ་ཡིན་ནོ། །ནམ་མཁའ་མཛོད་ཀྱིས་ཞུས་པ་ལས། རྒྱལ་བ་


TN01_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་གསུངས་པ་འཛིན་བྱེད་ཅིང་། །ལེགས་པར་གསུངས་པས་སེམས་ཅན་ཚིམ་བྱེད་པ། །དྲན་དང་ཏིང་ངེ་འཛིན་དང་བྲལ་མི་འགྱུར། །གཟུངས་ལ་ངེས་པའི་ཡོན་ཏན་འདི་དག་གོ་།ཞེས་གསུངས་པའི་རྐང་པ་གསུམ་པའི་དོན་ནི། ཀུན་ནས་སྒོའི་ལེའུར་མིང་གི་སྒྲ་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བའི་སྒོ་ནས་མིང་དེ་དག་གིས་བཏགས་པའི་དངོས་པོ་རྣམས་རང་བཞིན་མེད་པའི་དེ་ཁོ་ན་ཉིད་ལ་འཇུག་པར་གསུངས་ནས། དེ་འདྲ་བ་དེ་ལ། འཇམ་དཔལ་དེ་ལྟར་ན་གནོད་སྦྱིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་དྲི་ཟ་སོགས་གཞན་ལའང་འདོན་པ་བསྒྱུར་ཏེ་གསུངས་པ་ལྟར་མིང་ཚིག་ཡི་གེ་ཐམས་ཅད་ཀྱིས་ཟབ་མོ་བཟོད་པའི་ཏིང་ངེ་འཛིན་ལ་སྦྱོར་བས་ཏིང་ངེ་འཛིན་དང་ཡིད་གཞུངས་ལས་མི་ཉམས་པར་བྱེད་པའི་དོན་ཡིན་ཏེ། ལུང་དེའི་གོང་ཉིད་དུ། སྒྲ་སྐད་དབྱངས་དང་ཡི་གེ་ཐམས་ཅད་ནི། །བྲག་ཆ་འདྲ་བར་དེ་ཡིས་རབ་མཐོང་ཞིང་། །དེ་ལ་ཉན་པའང་ཤིན་ཏུ་ཡོད་མིན་པར། །དེ་ལྟར་རབ་ཏུ་ཤེས་པ་གཟུངས་ཐོབ་བོ། །ཞེས་སོགས་བཀའ་སྩལ་པས་བཟོད་གཟུངས་འཆད་པའི་སྐབས་ཡིན་པར་ཤེས་སོ། །འདི་ལ་བརྟེན་ནས་བཟོད་གཟུངས་ཀྱིས་གཟུངས་གཞན་ཡང་བརྟན་པར་བྱེད་ཚུལ་ཤེས་པར་བྱའོ། །གསང་སྔགས་ཀྱི་གཟུངས་ཀྱིས་ནི་གནོད་པ་དང་མི་བདེ་བ་ཞི་བར་བྱེད་པ་རྩི་སྨན་ཆེན་པོ་ལྟ་བུའི་སྔགས་མང་དུ་སྦྱོར་ཞིང་། དེ་ལས་རེ་རེའང་འདོན་པ་པོ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡུལ་དུས་དུ་མའི་སེམས་ཅན་རྒུད་པས་ཉེན་པ་རྣམས་དབུགས་


TN01_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པས་གཟུངས་ཀྱི་བདག་ཉིད་ཆེ་བ་སྟོན་པར་བྱེད་དོ། །དེ་ལྟར་བྱས་ན་རང་གི་མང་ཐོས་ཀྱི་མཛོད་མི་ཉམས་པར་དངོས་སུ་སྲུང་བྱེད་ཆོས་དོན་གྱི་གཟུངས་གཉིས་དང་། དེ་གཉིས་ལ་མི་འཕྲོག་པའི་སྟོབས་བསྐྱེད་དེ་སྲུང་བའི་རྒྱབ་དཔུང་ལྟ་བུར་ཆོས་ཀྱི་རྒྱལ་པོའི་ཕྱག་རྒྱའམ་བཀའ་རྟགས་ཐུན་མིན་འཛིན་པ་བཟོད་པའི་གཟུངས་དང་། གཟུངས་དེ་དག་གི་ནུས་པ་བསམ་མི་ཁྱབ་གསལ་བར་བསྟན་ནས་ཕོངས་ཤིང་འཇིགས་པས་ཉེན་པའི་སེམས་ཅན་མང་པོ་ལ་དངོས་སུ་ཕན་འདོགས་པ་སྔགས་ཀྱི་གཟུངས་ཞེས་བཤད་པར་ཡང་འགྱུར་ཏེ། རྣམ་པ་གཅིག་ཏུ་ན་ཀུན་མཁྱེན་རོང་པའི་གཟུངས་བཞིའི་གྲངས་ངེས་ཀྱི་བཤད་ཚུལ་ཡང་འདི་བཞིན་དགོངས་པ་དྲང་བར་ནུས་སམ་སྙམ་མོ། །ཆོས་དོན་གྱི་གཟུངས་གཉིས་ཀྱིས་ཆོས་ཀྱི་མཛོད་འཛིན། སྔགས་གཟུངས་ཀྱིས་མཛོད་དེ་སྲུང་། བཟོད་གཟུངས་ཀྱིས་དེ་གསུམ་ག་ཕུན་སུམ་ཚོགས་པར་བྱེད་ཅེས་བཤད་ནའང་ལེགས་ཏེ། དོན་སྔ་མ་དང་མི་མཐུན་པ་མེད་དོ། །སྔགས་གཟུངས་ཀྱིས་ཆོས་ཀྱི་མཛོད་སྲུང་ཚུལ་ནི། ཆོས་འཛིན་པ་དང་། ཆོས་ལ་མཆོད་པ་བྱེད་པ་རྣམས་གནོད་པ་ལས་སྲུང་བའི་སྒོ་ནས་སོ། །དེ་དག་སྲུང་བའི་སྒོ་ནི་མངོན་ཤེས་རྫུ་འཕྲུལ་སོགས་གཞན་ཡང་ཡོད་ལ། ཆོས་གཟུངས་ཀྱིས་བཟུང་བའི་ལྷ་དང་འཕགས་པ་གཞན་གྱིས་བྱས་པའི་སྔགས་བསྒྲུབ་ནས་སྲུང་བའང་ཡོད་པ་མིན་ནམ་ཞེ་ན། གཟུངས་ཁོ་ན་གཞིར་བཞག་སྟེ་བྱེད་ལས་ཀྱི་ཁྱད་པར་དཔྱོད་པའི་


TN01_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཡིན་པས་སྔ་མ་དང་མི་མཚུངས་ལ། ཕྱི་མའང་གཟུངས་ཀྱིས་བཟུང་བའི་སྔགས་ཀྱི་མཐུར་ཟད་ཀྱི་གཟུངས་རང་གི་མཐུ་མ་ཡིན་པས་ཆེས་མི་འདྲའོ། །གསུམ་པ་ལ། འཐོབ་ཚུལ་གྱི་སྒོ་ནས་གསུམ་དུ་འཇོག་ཚུལ་དང་། དེ་དག་བཤད་ཟིན་གྱི་གཟུངས་བཞིར་དབྱེ་བའི་ཚུལ་གཉིས་ལས། དང་པོ་ནི། མདོ་སྡེ་རྒྱན་ལས། རྣམ་སྨིན་ཐོས་ལ་གོམས་པ་དང་། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཆུང་ངུ་དང་ནི་ཆེན་པོ་སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ། །བློ་ལྡན་མ་ཞུགས་ཞུགས་པ་ཡང་། །ཞེས་སོགས་དང་། དེའི་དབྱིག་འགྲེལ་ལས། དེ་ལ་གཟུངས་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་དང་། མཐོང་བའི་ཆོས་ལ་མང་དུ་ཐོས་པས་ལེན་པ་དང་འཛིན་པར་ནུས་པའི་ཁྱད་པར་གྱི་སྒོ་ནས་ཐོས་པ་ལ་གོམས་པ་དང་། ཏིང་ངེ་འཛིན་ལ་བརྟེན་ནས་རྣམ་པ་གསུམ་མོ། །ཞེས་སྔོན་གྱི་ལས་ཀྱི་རྣམ་སྨིན་ལས་བྱུང་བ་དང་། ཚེ་འདིར་ཐོས་པ་གོམས་པ་ལས་དང་། ཏིང་ངེ་འཛིན་ལས་བྱུང་བའི་གཟུངས་ཏེ་གསུམ་གསུངས་སོ། །དེ་ལས་དང་པོ་ནི་སྔོན་གྱི་སྐྱེ་བ་གཞན་དུ་དམ་པའི་ཆོས་ལ་གུས་པ་བགྱིས་ཤིང་། བླ་མ་ལས་ལེགས་པར་མཉན་ཅིང་དྲི་བ་བྱས་པ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཡི་གེར་བྲིས་པ་དང་། གླེགས་བམ་བཀླག་ཅིང་ཁ་ཏོན་དུ་བཟུང་བ་དང་། གཞན་ལ་ཆོས་ཀྱི་སྦྱིན་པ་བྱས་པ་དང་། ཆོས་འཛིན་པའི་ཆེད་དུ་སྨོན་ལམ་བཏབ་པ་ལ་སོགས་པའི་རྒྱུས་ཇི་སྐད་དུ་སྐྱེས་རབས་ལས། དགེ་དང་མི་དགེའི་ལས་རྣམས་


TN01_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་བྱས་ན། །མི་རྣམས་ལ་ནི་འདྲིས་པ་ཉིད་དུ་འགྱུར། །དེ་ལྟ་བུ་དག་ཆེད་དུ་མ་བསྒྲིམས་ཀྱང་། །ཚེ་རབས་གཞན་ལ་རྨི་ལམ་བཞིན་དུ་སྤྱོད། །ཅེས་གསུངས་པ་ལྟར་ཚེ་འདིར་ཐོས་པ་འཛིན་པའི་དྲན་ཤེས་སྟོབས་ལྡན་ངང་གིས་ཐོབ་པ་སྟེ། རྒྱན་གྱི་འགྲེལ་བཤད་ལས། དེ་ལ་ཚེ་རབས་གཞན་དུ་དམ་པའི་ཆོས་དྲིས་པ་དང་། མཆོད་པ་དང་། བཅངས་པ་དང་། བཀླག་པ་ལ་སོགས་པ་གཟུངས་ཐོབ་པར་འགྱུར་བའི་ལས་དགེ་བ་བསགས་པས་གང་དུ་སྐྱེས་པར་འདི་ལྟ་བུའི་ཕུང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། ཕུང་པོ་གང་གྲུབ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་བཤད་པའི་དོན་དང་ཚིག་རྣམས་ལན་གཅིག་བཤད་པས་ཀུན་འཛིན་པར་ནུས་ཏེ། འདི་ནི་རྣམ་པར་སྨིན་པ་ལས་བྱུང་བའི་གཟུངས་ཞེས་བྱའོ། །ཞེས་སོ། །དེའང་རྒྱུའི་དུས་སུ་རིགས་ཀྱི་དབྱེ་བ་དང་། སློབ་ཡུལ་སྡེ་སྣོད་ཀྱི་ཁྱད་པར་དང་། བསམ་པ་དམན་མཆོག་དང་། རྟག་འགྲུས་རྒྱུན་མི་འཆད་པའི་སྦྱོར་བ་ཡོད་མེད་སོགས་ལས་རྒྱ་ཆེ་ཆུང་དང་། བརྟན་མི་བརྟན། རྣོ་རྟུལ་སོགས་སྟོབས་ཀྱི་བྱེ་བྲག་སྣ་ཚོགས་སུ་འགྱུར་རོ། །གཉིས་པ་ནི། ཚེ་འདིར་བླ་མ་ལས་ཐོས་པ་འཛིན་པ་ལ་བསྒྲིམས་ནས་རྩོལ་བ་མང་དུ་བསྟེན་པས་རིམ་གྱིས་དྲན་ཤེས་ཀྱི་ཤུགས་ཇེ་མྱུར་དུ་སོང་ནས་ཚེགས་ཆུང་ངུས་ཆོས་མང་པོ་ཟིན་པ་སྟེ། དེ་ཉིད་ལས། ཚེ་འདིར་དགེ་བའི་བཤེས་གཉེན་མང་པོ་ལ་ལན་མང་དུ་མཉན་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་


TN01_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ལ་སོགས་པས་བཤད་པ་དང་། མཁན་པོ་དང་སློབ་དཔོན་ལ་སོགས་པས་བཤད་པའི་ཆོས་ཀྱི་དོན་དང་ཚིག་མ་ལུས་པར་འཛིན་ནུས་པར་འགྱུར་ཏེ། འདི་ནི་ཐོས་པ་གོམས་པ་ལས་བྱུང་བའི་གཟུངས་ཞེས་བྱའོ། །ཞེས་སོ། །དེ་ཡང་ཇི་ལྟ་ཇི་ལྟར་མཉན་བྱའི་ཆོས་ཕྲ་བ་དང་ཟབ་པ་དང་སྣ་ཚོགས་དང་རྒྱས་པ་ལ་བརྟེན་ནས་ཡང་དང་ཡང་དུ་བསླབ་པ་དེ་ལྟ་དེ་ལྟར་འཛིན་པའི་ནུས་པ་ཕྱོགས་མེད་དུ་རྒྱས་ནས་བྱང་བར་འགྱུར་རོ། །གླེགས་བམ་ལས་མང་དུ་བཟུང་བས་འཛིན་རྣོན་པོར་སོང་བའང་འདིར་བསྡུ་ཆོག་པ་འདྲའོ། ཁ་ཅིག་ཏུ་འདི་ལ་ཚེ་འདིར་ཐོས་བསམ་ལ་འབད་པ་ལས་བྱུང་བའི་གཟུངས་ཞེས་བཤད་པ་མདོ་རྒྱན་གཞུང་དུ་བསམ་པའི་ཚིག་ཟིན་དངོས་སུ་མེད་ཀྱང་ཐོས་གོམས་ཞེས་པའི་གོམས་བྱེད་ལ་བསམ་པའང་ཡོད་ཆོག་པས་མི་འགལ་ཏེ། ཐོས་བྱུང་དང་ཐོས་པ་གོམས་པ་ལས་བྱུང་བ་དོན་གཅིག་པར་མི་བཟུང་ངོ་། །གལ་ཏེ་ཚེ་འདིར་ཐོས་པ་མང་དུ་བསྟེན་ཡང་འགའ་ཞིག་རང་བཞིན་གྱིས་བློ་རྟུལ་བ་དང་། སྦྱོར་བ་རྟག་འགྲུས་ཀྱི་ཡན་ལག་དམན་པས་ཐོས་གོམས་ཀྱི་གཟུངས་སྐྱེད་མི་ནུས་ནའང་ཆོས་སྤོང་བའི་ལས་སྒྲིབ་སོགས་འགལ་རྐྱེན་དུ་མེད་ན་སྐྱེ་བ་གཞན་དུ་རྣམ་སྨིན་གྱི་གཟུངས་ངེས་པར་འཐོབ་ཅིང་། དེར་ཡང་ད་ལྟའི་ལས་ཀྱི་རྒྱུ་མཐུན་འཕེལ་བས་ཐོས་པ་འཚོལ་བ་ལ་སྤྲོ་བར་འགྱུར་ཏེ། ཁ་ཅིག་ཚེ་རབས་བརྒྱུད་མར་གཟུངས་གཉིས་ཕན་ཚུན་འཁོར་ལོ་ལྟར་འཇུག་པའི་ཚུལ་གྱིས་གོང་འཕེལ་དུ་འགྲོ་བ་ཡོད་པའང་དེས་ཤེས་སོ། །གསུམ་པ་ནི། སྟོང་པ་ཉིད་ཀྱི་


TN01_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལ་སོགས་པ་སྒོམ་བྱུང་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བ་ཕུལ་བྱུང་རྙེད་པ་ལས་ཐོབ་པའི་གཟུངས་ཏེ། སྔ་མ་ལས། གང་གིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་གང་ཡང་རུང་བ་ཅིག་བསྒོམས་ཏེ་མངོན་དུ་བྱས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཤད་པའི་དོན་དང་ཚིག་རྣམས་ལན་ཅིག་གིས་འཛིན་པར་ནུས་པ་ནི་ཏིང་ངེ་འཛིན་གྱི་གཟུངས་ཞེས་བྱའོ། །ཞེས་སོ། །འདི་ལ་བསམ་གཏན་གྱི་སེམས་རྟེན་ལ་བརྟེན་པ་དང་། དེ་ལྟར་མ་བརྟེན་ཡང་བསམ་གཏན་སོགས་གྲུབ་པའི་སྟོབས་ལས་སྐྱེས་པ་ཅི་རིགས་ཡོད་པར་མངོན་ནོ། །དེ་ལ་སྒོམ་བྱུང་ཏིང་ངེ་འཛིན་ནི་ཤེས་རབ་ཀྱིས་ཆོས་དང་དོན་བལྟ་བ་ན་མིག་ལ་སྣང་བ་བཞིན་དུ་ཕན་འདོགས་པའི་ཡན་ལག་གཙོ་བོ་དང་། བརྗེད་ངས་ཀྱི་གཡེང་བ་ལྡོག་པའི་ཐབས་མཆོག་ཡིན་པས་དེའི་སྟོབས་ཀྱིས་ཐོབ་པའི་གཟུངས་ནི་འཐུག་ཅིང་རྒྱ་ཆེ་བའི་ཕྱིར་ཆེན་པོ་ཞེས་བྱ་ལ། རྣམ་སྨིན་ཙམ་ལས་བྱུང་བ་དང་། ཐོས་གོམས་ཙམ་ལས་བྱུང་བ་གཉིས་ནི་མཉམ་པར་མ་བཞག་པའི་ས་པའི་རྒྱུ་ཅན་ཡིན་པས་དེ་ལས་ལྡོག་པ་སྟེ། གོང་དུ་དྲངས་པའི། ཆུང་ངུ་དང་ནི་ཆེན་པོ་སྟེ། །ཞེས་པའི་དབྱིག་འགྲེལ་ལས། དེ་ཡང་རྣམ་པར་སྨིན་པ་དང་། ཐོས་པ་ལ་གོམས་པ་དག་གིས་ནི་ཆུང་ངུ་ཡིན་པར་རིགས་པར་བྱའོ། །ཏིང་ངེ་འཛིན་གྱིས་ནི་ཆེན་པོ་ཡིན་ནོ། །ཞེས་གསུངས་སོ། །


TN01_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཆུང་ངུ་གཉིས་ལ་གོང་འཕེལ་དུ་འགྲོ་བ་ཙམ་ཡོད་ཀྱང་རབ་ཀྱི་མཐར་ཕྱིན་པར་འགྲོ་བ་མེད་པས་ཆེ་འབྲིང་གི་དབྱེ་བ་མ་མཛད་ལ། གཟུངས་ཆེན་པོ་ནི། དེ་ལྟ་བུའི་རིམ་གྱིས་མཐའ་མེད་དུ་འཕེལ་བར་བྱར་ཡོད་པས་གོང་འོག་གི་ཁྱད་པར་ཆེས་ཆེ་བའི་དབྱེ་བ་རགས་པ་ཙམ་ལ་གསུམ་གསུངས་ཏེ། བློ་ལྡན་མ་ཞུགས་ཞུགས་པ་ཡང་། །མ་དག་ས་པ་རྣམས་ཀྱི་ནི། །ཆུང་ངུ་དང་ནི་འབྲིང་པོ་སྟེ། །དག་པའི་ས་པའི་གཟུངས་ཆེན་ཡིན། །ཞེས་པའི་དབྱིག་འགྲེལ་ལས། ཆེན་པོ་དེ་ཡང་རྣམ་པ་གསུམ་སྟེ། ས་ལ་མ་ཞུགས་པ་རྣམས་ཀྱི་ཆུང་ངུའོ། །ས་ལ་ཞུགས་པ་མ་དག་པའི་ས་པ་རྣམས་ཀྱི་ནི་འབྲིང་སྟེ་ས་བདུན་པོ་དག་གིའོ། །ཡོངས་སུ་དག་པའི་ས་པའི་ནི་ཆེན་པོ་སྟེ་ས་ལྷག་མ་རྣམས་ཀྱིའོ། །ཞེས་སོ། །དེ་གསུམ་གྱི་ཁྱད་པར་ནི། འཐོབ་བྱེད་ཏིང་ངེ་འཛིན་གྱི་སྒོ་ནས་དབྱེ་སྟེ། འགྲེལ་བཤད་ལས། ས་དང་པོ་ལ་མ་ཞུགས་པ་མོས་པས་སྤྱོད་པ་རྣམས་ཏིང་ངེ་འཛིན་འགའ་ཞིག་བསྒོམས་པ་ལས་གཟུངས་ཐོབ་པ་ནི་ཆུང་ངུ་ཞེས་བྱ་སྟེ། ཆུང་ངུ་ནི་ཆོས་དབྱིངས་མངོན་དུ་མ་བྱས་པའི་ཕྱིར་རོ། །ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་བརྟན་པ་རྣམས་ཀྱི་གཟུངས་ལ་ཡང་ས་དང་པོ་ཡན་ཆད་ས་བདུན་པ་མན་ཆད་མ་དག་པའི་ཏིང་ངེ་འཛིན་ལས་གྲུབ་པའི་གཟུངས་ནི་འབྲིང་པོ་ཞེས་བྱ་སྟེ། ས་དེ་དག་ནི་བརྩལ་བ་དང་འབད་པ་ཡོད་པའི་ཕྱིར་རོ། །དག་པའི་ས་པའི་གཟུངས་ཆེན་ཡིན་ཞེས་བྱ་བ་ལ་ས་བརྒྱད་པ་དང་། ས་དགུ་པ་དང་། ས་བཅུ་པ་དག་པའི་ས་ལ་


TN01_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་གཟུངས་ནི་བརྩལ་འབད་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་ཏེ། དེས་ནི་གཟུངས་ཀྱི་རབ་ཏུ་དབྱེ་བ་བསྟན་ཏོ། །ཞེས་ཆོས་ཀྱི་དབྱིངས་མངོན་སུམ་དུ་མཐོང་མ་མཐོང་དང་། མཐོང་ཡང་དེ་སྒོམ་པ་འབད་རྩོལ་རགས་པ་ལ་ལྟོས་མི་ལྟོས་ཀྱི་སྟེང་ནས། ཁྱད་ཞུགས་ཚུལ་བཤད་དོ། །སྤྱིར་ཏིང་ངེ་འཛིན་གྱི་གཟུངས་ཞེས་པའི་ཏིང་ངེ་འཛིན་ལ་བདག་མེད་རྣམ་ཅན་སོགས་ཀྱིས་མ་ཁྱབ་ཀྱང་ཏིང་ངེ་འཛིན་གཟུངས་ལ་ས་མཚམས་ཀྱི་དབང་གིས་གསུམ་དུ་ཕྱེ་བ་འདི་ནི་གཙོ་བོར་བྱང་སེམས་ཀྱི་ལམ་དུ། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང་། །བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟག་ཉེར་ཞི་ཡིན་ཞེས་བྱ། །ཞེས་ཇི་སྐད་བཤད་པའི་ཡུལ་ཅན་གྱི་ཏིང་ངེ་འཛིན་བསྒོམ་པ་ཁོ་ནའི་ལག་རྗེས་ཡིན་པས། དྲངས་མ་ཐག་པའི་འགྲེལ་བཤད་ཀྱི། གང་གིས་སྟོང་པ་ཉིད་དང་། ལ་སོགས་པའི་གཞུང་གོང་འོག་འདི་དག་བྱུང་བར་གསལ་ལོ། །གཟུངས་རང་གི་ངོ་བོའི་སྒོ་ནས་གསུམ་པའི་ཁྱད་པར་འབྱེད་ཚུལ་ནི་དབྱིག་འགྲེལ་དང་འགྲེལ་བཤད་དུ་མི་གསལ་ཡང་། བྱང་སར། བློ་ལྡན་མ་ཞུགས་ཞུགས་པ་ཡང་། །ཞེས་པ་གཉིས་ཀྱི་ཁྱད་པར་ལ། ངེས་པ་དང་། བརྟན་པ་དང་། རྒྱ་ཆེ་བའི་སྒོ་ནས་ས་ལ་ཞུགས་པའི་གཟུངས་ཁྱད་པར་འཕགས་ཤིང་། ཅིག་ཤོས་དེ་ལས་ལྡོག་པས་དམན་པར་གསུངས་ཏེ། དེ་ལ་ངེས་པ་ནི། རྟོག་གེ་རྟེན་ཅིང་མ་ངེས་ལ་ཞེས་པའི་ཐད་ཀྱི་དབྱིག་འགྲེལ་


TN01_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དུས་གཞན་ན་གཞན་དུ་ཤེས་པའི་ཕྱིར་མ་ངེས་པ་ཉིད་དོ། །ཞེས་གསུངས་པའི་ལོག་ཕྱོགས་དང་། ལྷག་མ་གཉིས་ནི་རྒྱ་མཚོ་སྤྲིན་གྱིས། བརྟན་པ་ནི་ཉམས་པ་མེད་པའོ། །རྒྱ་ཆེ་བ་ནི་ཆོས་ཀྱི་སྒོ་བརྒྱ་ཡང་སྐད་ཅིག་ལ་རིག་པར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་སོ། །ཞེས་བཤད་པ་ལྟར་ཏེ། ཉམས་པ་མེད་པ་ནི་གཟུངས་དེ་མི་ཤིག་ཅིང་ནམ་ཡང་ཉམས་པར་མི་འགྱུར་བ་ཡིན་ལ། ཡང་ན་གཟུངས་དེས་ཆོས་བཟུང་བ་ནམ་ཡང་ཆུད་མི་ཟ་བའི་དོན་དུ་བྱས་ནས་རིམ་བཞིན་ཤེས་རབ་དང་དྲན་པ་དང་གཉིས་ཀའི་མཐུའི་ཁྱད་པར་དུ་སྦྱར་ན་འཐད་དམ་བརྟག་པར་བྱའོ། །རྒྱ་མཚོ་སྤྲིན་གྱི་འགྲེལ་པ་དེར། ངེས་མ་ངེས་ཀྱི་དོན་ས་དེ་དང་དེར་ཚིག་དོན་གྱི་གཟུངས་འཐོབ་པར་ངེས་མ་ངེས་ལ་བཤད་དོ། ཁྱད་པར་འདི་གསུམ་སྔགས་གཟུངས་ལའང་ཅུང་ཟད་སྦྱོར་བཏུབ་པ་འདྲ་མོད། འགྲེལ་པར་མི་གསལ་བས་བཏང་སྙོམས་སུ་བཞག་གོ་།ཏིང་ངེ་འཛིན་གཟུངས་ཆེ་འབྲིང་གཉིས་ཀྱི་ཁྱད་འབྱེད་ལའང་དེ་གསུམ་ཅི་རིགས་སུ་སྦྱར་རུང་བར་སེམས་སོ། །འགྲེལ་བཤད་ལས་རྣམ་ཐོས་ཀྱི་གཟུངས་གཉིས་བློ་གྲོས་མི་ཟད་པའི་མདོ་དང་སྦྱར་ནས་བཤད་པའི་མདོ་ནི། དེ་ལ་གཟུངས་མི་ཟད་པ་གང་ཞེ་ན། གཟུངས་ཞེས་བྱ་བ་ནི་གང་དགེ་བའི་རྩ་བའི་ཚོགས་བསགས་པ། དྲན་པས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཛིན་པ་དང་། ཀུན་འཛིན་པ་དང་། མི་བརྗེད་པ་དང་། དྲན་པས་ཀུན་འཛིན་པ་འདི་ནི་གཟུངས་ཞེས་


TN01_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཞེས་པ་རྣམ་སྨིན་གྱི་གཟུངས་དང་། ཡང་གཟུངས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་སྨྲས་པ་དང་ལེགས་པར་སྨྲས་པ་ཐམས་ཅད་མ་ལུས་པར་འཛིན་པ་སྟེ་འདི་ནི་གཟུངས་ཞེས་བྱའོ། །ཞེས་ཐོས་གོམས་ཀྱི་གཟུངས་ལ་དྲངས་ཏེ། ཏིང་ངེ་འཛིན་གཟུངས་ལ་མདོ་ལུང་དངོས་སུ་མ་སྨོས་ཀྱང་། དེ་དག་གི་ཟླས་དྲང་ཚེ་མདོ་སྔ་མའི་འཕྲོ་ཉིད་ལས། གང་གི་ཚེ་བསྐལ་པ་གཞན་དུ་བརྗེས་པར་གྱུར་ཏམ། ཚེ་གཞན་དུ་བརྗེས་པར་གྱུར་པ་དེ་ཡང་བྱང་ཆུབ་སེམས་དཔའ་དེའི་གཟུངས་ཀྱི་དྲན་པའི་ཤེས་པ་དེ་ཆུད་ཟ་བར་མི་འགྱུར། བརྗེད་པར་ཡང་མི་འགྱུར། ཆོས་ཐམས་ཅད་འཕགས་པའི་ཤེས་རབ་ཀྱི་མིག་གིས་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་འདུག་པ་བཞིན་དུ་མཐོང་བ་འདི་ནི་གཟུངས་མི་ཟད་པ་ཞེས་བྱའོ། །ཞེས་འབྱུང་བ་འདི་སྦྱོར་རྒྱུར་མངོན་ནོ། །དེ་ལ་དེ་དག་ནི་མི་ཟད་པ་བརྒྱད་ཅུའི་ཡ་གྱལ་གཟུངས་དང་སྤོབས་པ་དང་ལྡན་པའི་སེམས་བསྐྱེད་བཀོད་མའི་ཆུ་ལྟ་བུའི་མདོ་ཡིན་ལ། དེ་ཡང་ས་མཐོན་པོས་བསྡུས་པར་ཆེན་པོ་རྣམས་ཀྱིས་བཤད་མོད། །འོན་ཀྱང་འདི་ལྟར་དྲངས་པ་ནི་སོ་སྐྱེའི་སར་སྐྱེ་བས་ཐོབ་པ་དང་། ཐོས་གོམས་ཀྱི་སྦྱོར་བ་ལས་བྱུང་བ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཐོབ་པའི་གཟུངས་གསུམ་ཡོད་པ་དང་ཚུལ་མཚུངས་


TN01_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱང་འཕགས་ཀྱིས་གོང་མར་ཡང་སྔོན་དགེ་ཚོགས་བསགས་པ་དང་། ཚེ་འདིར་ལེགས་བཤད་འཛིན་པས་མི་ངོམས་པ་དང་། འཕགས་པའི་ཤེས་རབ་ཀྱི་མིག་སྦྱངས་པའི་སྟོབས་ཀྱིས་གཟུངས་མི་ཟད་པ་འཐོབ་པར་བཤད་ནས་ལུང་དྲངས་མཚམས་སྔ་མ་ལ་བྱེད་ཆོག་པས་འགལ་བ་མེད་དོ། །གཉིས་པ་ནི། དེ་ལྟར་གསུམ་ལས། དང་པོ་རྣམ་སྨིན་གྱི་གཟུངས་དེ་ལ། ཆོས་གཟུངས་དང་དོན་གཟུངས་གཉིས་སུ་དབྱེར་ཡོད་པ་ནི་ཤེས་པར་སླ་ལ། སྔོན་དྲན་ཤེས་སྐྱེ་བའི་ཆེད་དུ་སངས་རྒྱས་བྱང་སེམས་སོགས་ཀྱི་གཟུངས་སྔགས་བཟླས་པས་གྲུབ་སྟེ། དེའི་སྒོ་ནས་གཞན་ལ་ཕན་མང་དུ་བཏགས་པའི་རྒྱུ་མཐུན་གྱིས་ཚེ་འདིར་སྔགས་ཚིག་རྩོམ་ནུས་པའི་དྲན་ཤེས་ཅན་དུ་གྱུར་པ་སོགས་སྔགས་གཟུངས་སྐྱེས་ཐོབ་ཀྱང་ཡོད་པར་མངོན་པས་གསུམ་མོ། །ཐོས་པ་གོམས་པ་ཙམ་ལས་བྱུང་བ་ལ་ནི་སྔགས་གཟུངས་མ་བཤད་པས་སྔ་མ་གཉིས་ཙམ་མོ། །ཏིང་ངེ་འཛིན་ལས་བྱུང་བའི་གཟུངས་ལ། ཚིག་དོན། །གསང་སྔགས། བཟོད་པའི་གཟུངས་ཏེ་བཞི་ལས། སྔ་མ་གསུམ་ལ་བཟོད་པ་མ་ཐོབ་གོང་གི་དང་། ཐོབ་རྗེས་ཀྱི་ཏིང་ངེ་འཛིན་གཟུངས་གཉིས་ལས། དང་པོ་ལའང་། ཚིག་དོན་གྱི་གཟུངས་གཉིས་ནི་ཐེག་ཆེན་ཚོགས་ལམ་ཆེན་པོར་ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ་སངས་རྒྱས་ཀྱི་ཞིང་མང་པོ་ན་བཞུགས་པའི་མཆོག་གི་སྤྲུལ་སྐུ་རྣམས་ལས་གདམས་ངག་གི་མཛོད་རྒྱ་ཆེར་ནོད་དེ་འཛིན་པར་གསུངས་པའི་དྲན་ཤེས་ལྟ་བུ་ཡིན་ལ། །སྔགས་གཟུངས་


TN01_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེའི་ཚེ་བསམ་གཏན་ལས་སྐྱེས་པའི་དྲན་ཤེས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་གཞན་དོན་དུ་སྔགས་བྱིན་གྱིས་རློབ་ནུས་པ་སྟེ། སྤྱིར་འདི་གསུམ་ཚོགས་ལམ་ཆེན་པོའི་སྔོན་ནས་ཀྱང་འཇོག་ཆོག་པ་འདྲའོ། །བཟོད་ཐོབ་ཀྱི་གཟུངས་གསུམ་ནི་བྱང་ས་ལས་བཟོད་གཟུངས་བཤད་པའི་འཕྲོ་ཉིད་དུ། བྱང་ཆུབ་སེམས་དཔའ་དེས་གཟུངས་ཀྱི་ཚིག་ཐོབ་པ་དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་བཟོད་པ་ཞེས་བྱ་སྟེ། དེ་ཐོབ་པས་ཀྱང་བྱང་ཆུབ་སེམས་དཔའ་དེ་རིང་པོར་མི་ཐོགས་པར་ལྷག་པའི་བསམ་པ་དག་པ་ཐོབ་པར་འགྱུར་ཞིང་མོས་པས་སྤྱོད་པའི་སའི་བཟོད་པ་ཆེན་པོ་ལ་གནས་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་པར་བྱེད་པའི་གཟུངས་ཡིན་པར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་གཟུངས་དང་དོན་གྱི་གཟུངས་ནི་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས་ལྷག་པའི་བསམ་པ་དག་པའི་ས་ལ་ཞུགས་པའི་ཚེ་ཐོབ་པར་འགྱུར་ཏེ། ངེས་པ་དང་བརྟན་པ་དང་རྒྱ་ཆེ་བ་ཡིན་ནོ། །དེ་ཚུན་ཆད་ནི་སྨོན་ལམ་གྱི་དབང་ངམ་བསམ་གཏན་ལ་བརྟེན་ནས་ཐོབ་པར་འགྱུར་ཏེ། ངེས་པ་ཡང་མ་ཡིན། བརྟན་པ་ཡང་མ་ཡིན། རྒྱ་ཆེ་བ་ཡང་མ་ཡིན་ནོ། །ཆོས་དང་དོན་གྱི་གཟུངས་ཇི་ལྟ་བ་བཞིན་དུ་གསང་སྔགས་ཀྱི་གཟུངས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །ཞེས་གསུངས་ཏེ་ལུང་འདིའི་དོན་ཞིབ་ཏུ་བརྟག་ན་འདི་ལྟར་མངོན་ཏེ། ཆོས་དོན་གསང་སྔགས་


TN01_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཟུངས་གསུམ་ཆེས་མཆོག་ཏུ་གྱུར་པ་ནི་ས་རབ་ཏུ་དགའ་བ་ཡན་ཆད་ཁོ་ནས་བསྡུས་པ་ཡིན་ཏེ། དེ་ཡང་གཙོ་བོར་བཟོད་གཟུངས་ཀྱི་ལག་རྗེས་ཡིན་ལ། དེ་ཚུན་ཆད་ཚེ་རབས་ཕྱི་མ་རྣམས་སུ་གཟུངས་འཐོབ་པ་རྒྱུན་མི་འཆད་ཅིང་གོང་འཕེལ་དུ་འགྲོ་བར་སྔོན་སྨོན་ལམ་བཏབ་པའི་དབང་དང་། བསམ་གཏན་ལ་བརྟེན་ནས་ཐོབ་པ་ཙམ་ལས་ལྷག་པ་མེད་པས་སྔ་མ་ལས་ཆེས་དམན་ནོ། །དེ་ཚུན་ཆད་ཅེས་པ་འདི་གཙོ་བོར་བཟོད་པ་མ་ཐོབ་གོང་གི་སོ་སྐྱེའི་སྐབས་ལ་བཤད་དགོས་པར་སེམས་ཏེ། བཟོད་པ་ཆོས་མཆོག་གཉིས་སུ་ནི་བཟོད་གཟུངས་ཀྱི་སྟོབས་ཀྱིས་ཐོབ་པའི་ཆོས་དོན་སྔགས་གསུམ་ཡང་ཡོད་པའི་ཕྱིར་རོ། །དེ་ཡང་ཡིན་ཏེ། ལམ་མ་ཞུགས་ཀྱི་ཚེ་ཡང་ཐོས་པ་མང་དུ་གོམས་པ་ལས་རང་གི་ལག་རྗེས་སུ་གྱུར་པའི་གཟུངས་ཚེ་འདི་ཉིད་ལ་སྐྱེད་ནུས་ཤིང་། །བཟོད་གཟུངས་ཐོབ་ནས་ས་རབ་དགའ་མ་ཐོབ་པའི་བར་བསྐལ་པ་བརྒྱ་སྟོང་དུ་མས་འདའ་དགོས་པའི་ཡུན་རིང་པོ་དེ་སྙེད་དུ་རང་གི་ལག་རྗེས་ཀྱི་གཟུངས་གསུམ་གང་ཡང་སྐྱེད་མི་ནུས་པ་ནི་ཆེས་མི་འཐད་པའི་ཕྱིར་རོ། །འོན་ཀྱང་དེ་དངོས་བསྟན་ལ་མ་གསུངས་པ་ནི་བཟོད་གཟུངས་ཀྱིས་ཆོས་གཟུངས་སོགས་ལ་ཐུན་མོང་མ་ཡིན་པའི་ལག་རྗེས་ཀྱི་ཁྱད་པར་གང་འཇོག་པ་ནི་ངེས་བརྟན་རྒྱ་ཆེའི་ཡོན་ཏན་རྣམས་ཡིན་ལ། བཟོད་པ་དང་ཆོས་མཆོག་གི་སྐབས་སུ་ནི་མ་ངེས་པ་དང་མི་བརྟན་པའི་སྐྱོན་སོགས་ཤས་ཆུང་བ་དང་། ངེས་བརྟན་སོགས་ཀྱི་ཡོན་


TN01_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་མ་ཐོབ་པ་གཉིས་ཀ་ཡིན་པས་དེ་ལ་དགོངས་པ་འདྲ་སྟེ། བྱང་ས་ཉིད་ཀྱི་གནས་པའི་ལེའུ་ལས། མོས་པས་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། ཞེས་པ་ནས། ཆེད་འགའ་ནི་ཡིད་གཞུངས་པར་ཡང་འགྱུར་ཏེ། ཆོས་རྣམས་ལེན་པ་དང་འཛིན་པ་དང་དོན་འཇུག་པར་ནུས་ལ། ཆེད་འགའ་ནི་དེ་ལྟ་མ་ཡིན་ནོ། །ཆེད་འགའ་ནི་དྲན་པ་དང་ལྡན་པར་འགྱུར་ལ། ཆེད་འགའ་ནི་བརྗེད་ངས་པའི་རང་བཞིན་ཅན་དུ་འགྱུར་རོ། །ཞེས་སོགས་མང་དུ་གསུངས་པའི་མཇུག་ཐོགས་སུ། མོས་པས་སྤྱོད་པ་ལ་གནས་པ་ལ་བཟོད་པ་ཆུང་ངུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་རྣམ་པ་དང་རྟགས་དང་མཚན་མ་ཇི་སྐད་བསྟན་པ་དེ་དག་ཤས་ཆེ་བར་རིག་པར་བྱའོ། །བཟོད་པ་འབྲིང་ལ་གནས་པ་ལ་ནི་འབྲིང་དུ་རིག་པར་བྱའོ། །བཟོད་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་རྣམ་པ་དང་རྟགས་དང་མཚན་མ་དེ་དག་ཆུང་ཞིང་བྲལ་བར་རིག་པར་བྱའོ། །བཟོད་པ་ཆེན་པོ་ལ་གནས་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ནི་རྣམ་པ་དང་རྟགས་དང་མཚན་མ་དེ་དག་ཀྱང་མ་ལུས་པར་སྤོང་ལ། དེ་མ་ཐག་ཏུ་རབ་ཏུ་དགའ་བའི་གནས་པ་ལའང་འཐོབ་པའི་ཚུལ་གྱིས་འཇུག་པར་རིག་པར་བྱའོ། །རབ་ཏུ་དགའ་བའི་གནས་པ་ལ་གནས་པ་དེ་ལ་ནི་མོས་པས་སྤྱོད་པ་ལ་གནས་


TN01_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པས་གནས་པ་ལ་ཡོད་པར་བསྟན་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །ཞེས་གསུངས་པ་བཞིན་ཏེ། བཟོད་པ་ཆུང་འབྲིང་སོགས་ནི་སྔར་བཤད་པ་ལྟར་རོ། །གནོད་འཇོམས་གཉིས་དང་དག་ལྡན་ཐུབ་དགོངས་རྣམས་ལས་གཟུངས་གསུམ་པོ་འཕགས་ལམ་གྱིས་བསྡུས་པར་བཤད་པའང་དེ་ལྟར་བྱའོ། །འོན་ཀྱང་ཡུམ་གསུམ་གནོད་འཇོམས་ཀྱི་སྐབས་གཅིག་ན། དེ་ལ་སྔར་བཤད་པའི་བཟོད་པའི་གཟུངས་གང་ཡིན་པ་དེ་ནི། མོས་པས་སྤྱོད་པའི་ས་ཡོངས་སུ་རྫོགས་པ་ན་མངོན་པར་བརྩོན་པའི་སྟོབས་ཀྱིས་འབྱུང་ངོ། །གཟུངས་ལྷག་མ་གསུམ་ནི་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བར་འགྱུར་ཏེ། ས་དང་པོ་པ་དེ་དག་ཆུང་ཡང་བརྟན་པར་འགྱུར་རོ། །ཞེས་ཀྱང་འབྱུང་སྟེ། བྱང་ས་དང་བསྟུན་ན་འདི་ཅུང་ཟད་དཔྱད་དགོས་སོ། །དེ་ལ་བཟོད་གཟུངས་ཀྱིས་ཆོས་དོན་གྱི་གཟུངས་གཉིས་མི་འགྲིབ་ཅིང་འཕེལ་རྒྱས་སུ་བྱེད་པའི་ཚུལ་ནི། གཟུངས་ཀྱི་སྒོའི་ཡི་གེ་རྣམས་ལས་ཡིད་གཞུངས་ཕུལ་དུ་བྱུང་བ་ཐུན་མིན་སྐྱེ་ཚུལ་སྔར་རྒྱས་པར་བཤད་ཟིན་ཏེ། དེའི་དབང་གིས་སངས་རྒྱས་དང་བྱང་སེམས་གོང་མ་རྣམས་ཀྱི་སྤྱན་སྔར་ཆོས་ཀྱི་ཚིག་དོན་ཚད་མེད་པ་འཛིན་པ་ན་ཆེས་ལྷག་པར་གོམས་སླ་ཞིང་། ལོབ་སྐྱེན་པ་དང་། དེ་ཡང་ཤིན་ཏུ་བྱང་བའི་སྒོ་ནས་ཁྱད་ཞུགས་པར་འགྱུར་བ་ཡིན་ཏེ། གནོད་འཇོམས་དེ་ཉིད་ལས་ཀྱང་བཟོད་གཟུངས་བཤད་པའི་འཕྲོར། ཡང་ཡི་གེ་དེ་དག་ཉིད་སྒྲིམ་པ་ཐམས་ཅད་ཀྱིས་ལེགས་པར་གོམས་


TN01_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུན་ཆགས་པར་ཤིན་ཏུ་མྱུར་བར་བཤད་པའི་ཆོས་ཀྱི་རྒྱུན་དང་དེའི་དོན་རྣམས་ཀྱང་ཡང་དག་པར་འཛིན་པའི་རྒྱུར་འགྱུར་ཏེ། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ལ་ཤིན་ཏུ་གོམས་པར་འགྱུར་བས་ན་དྲན་པ་དང་ཤེས་རབ་དེ་ཉིད་ལ་ཆོས་ཀྱི་གཟུངས་དང་དོན་གྱི་གཟུངས་ཞེས་བྱའོ། །ཞེས་བཤད་དོ། །ཡང་གོང་དུ་བཟོད་གཟུངས་ཐོབ་པས་གང་དང་ཅི་སྨྲ་བ་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་མཐོང་བར་བཤད་པའི་སངས་རྒྱས་ཀྱི་གསུང་ནི་གཟུངས་ཀྱི་ཕྱག་རྒྱ་ཞེ་གཉིས་པོ་ཡིན་ཏེ། དེ་དག་ནི་ཆོས་ཀྱི་དབྱིངས་ལ་འཇུག་པའི་སྒོའི་སྔགས་ཀྱི་ཡི་གེར་རྒྱལ་བ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གསུང་གི་ཉིང་ཁུ་ཡིན་པའི་ཕྱིར་རོ། །ཚིག་དང་ཡི་གེ་ཐམས་ཅད་ཕྱག་རྒྱ་དེ་དག་དང་མཉམ་པར་མཐོང་བའི་ཡིད་གཞུངས་བཤད་ཟིན་ལྟར་རྙེད་སྟོབས་ཀྱིས་གཞན་སྐྱོབ་པར་ནུས་པའི་ཡི་གེ་དང་ཡི་གེའི་བཀོད་པ་ཁྱད་པར་ཅན་གསར་དུ་བྱེད་པ་ལ་དབང་བ་ནི་སྔགས་གཟུངས་སྐྱེ་བའི་ཚུལ་ཏེ་བཟོད་གཟུངས་ཀྱི་བཤད་པ་སོགས་ལས་འཐད་པ་བཙལ་བ་ཡིན་ཅིང་། གནོད་འཇོམས་ཀྱི་གཞུང་སྔ་མའི་འཕྲོར། ཡང་ཡི་གེ་དེ་དག་ཉིད་བྱང་ཆུབ་སེམས་དཔས་ཡང་དག་པར་བསྒོམ་ནས་ཡིད་བཞིན་གྱི་ནོར་བུ་ལྟ་བུར་དངོས་པོ་ཐམས་ཅད་རབ་ཏུ་སྦྱིན་པར་འགྱུར་ཏེ། འདི་ལྟར་དེ་དག་ནི་སྔོན་གྱི་སྨོན་ལམ་གྱི་མཐུ་དང་ཏིང་ངེ་འཛིན་གྱི་མཐུས་གནོད་པ་ཐམས་ཅད་ཞི་བར་བྱ་བ་


TN01_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡིག་པ་ཐམས་ཅད་བྱང་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་དགོས་པར་བྱིན་གྱིས་བརླབས་ན་དོན་ཐམས་ཅད་སྒྲུབ་པར་བྱེད་པ་གྲུབ་པར་འགྱུར་ཏེ་དེའི་ཚེ་བྱིན་གྱིས་རློབ་པའི་ཤེས་པ་དེ་ཉིད་ལ་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །གཟུངས་དེའི་དམིགས་པར་བྱ་བ་ཡིན་པས་ན་ཡི་གེ་དེ་དག་ལ་ཡང་གཟུངས་ཞེས་བྱ་བར་བརྗོད་དོ། །ཞེས་འབྱུང་བ་དང་ཡང་མཐུན་ཤས་ཆེའོ། །དེའང་སྔགས་བྱིན་གྱིས་རློབ་པའི་སྨོན་ལམ་དང་མོས་པ་ཅི་རིགས་ཀྱིས་ཟིན་པ་སྟེ། དེ་དག་གང་རུང་དང་ལྡན་པའི་ཡིད་གཞུངས་ཀྱི་ཁྱད་པར་ལ་ངོས་བཟུང་ན་འཐད་དམ་སྙམ་མོ། །དེ་ལྟར་ན་མཐའ་ཡས་ཤིང་མུ་མེད་པའི་སེམས་ཅན་གྱི་མ་རིག་པའི་སྦུབས་རྣམ་པར་དྲལ་ཏེ་ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པའི་དཀྱིལ་འཁོར་བསྟན་པའི་ཆེད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དོན་དུ་གཉེར་བས་གཞི་བཟུང་སྟེ། ལུས་ཅན་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བའི་སྨན་དང་། བདེ་ལེགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་གཅིག་པུ་ཐེག་པ་ཆེན་པོའི་ཆོས་ཡོངས་སུ་བཟུང་བའི་སྤྱོད་པ་རྫོགས་པར་བྱ་བ་དང་། ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་འབྱོར་པ་མཆོག་ཏུ་རྒྱ་ཆེ་ཞིང་གྱ་ནོམ་པས་རང་གཞན་མཐའ་དག་ཉེ་བར་འཚོ་བའི་ཐབས་སུ་སྔར་བཤད་པའི་གཟུངས་ཀྱི་ཚོགས་བཞི་དང་། དེའི་ནང་ནས་ལྷག་པར་ཡང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དམ་སྡེ་སྣོད་ཀྱི་མ་མོ་ལས་བརྩམས་ཏེ་ཆོས་ལ་ཀུན་ཏུ་དགའ་ཞིང་ཆོས་ལ་དགའ་བ་ཡིན་ནོ། །


TN01_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་གཟུངས་ཀྱི་སྒོའི་ཆོས་ཀྱི་རྣམ་གྲངས་གཙོ་བོར་གྱུར་པའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་མཐའ་དག་ལ། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་དབུས་མཐའ་ལས་གསུངས་པའི་ཆོས་སྤྱོད་རྣམ་པ་བཅུས་མང་དུ་གནས་ཤིང་། གཞན་ཡང་དེ་དག་ལ་འགོད་པ་དང་། སྤྱོད་པ་དེ་དག་དང་ལྡན་པ་རྣམས་ལ་ཡི་རང་སྒོམ་པ་དང་། སེམས་རྒྱུད་ཆོས་སྤོང་བའི་ལས་ཀྱིས་སྦགས་པར་མི་འགྱུར་བ་ལ་ནན་ཏན་བྱ་བ་དང་། ཚུལ་ཁྲིམས་ལ་གནས་ཏེ་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེས་ཡོངས་སུ་བསྔོ་བ་ལ་རྒྱ་ཆེར་བསླབ་པས། དང་པོར་རྣམ་སྨིན་དང་ཐོས་གོམས་ལས་བྱུང་བའི་གཟུངས་ཇི་ལྟར་རིགས་པར་སྐྱེ་ཞིང་། རིམ་གྱིས་ཏིང་ངེ་འཛིན་གྱི་གཟུངས་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་། དེའང་གནས་ཁྱད་པར་དུ་འཕགས་པ་དང་། དྲི་མ་མེད་པ་ལ་སོགས་པ་ས་བཅུ་སོ་སོའི་གཟུངས་རེ་རེའང་གཟུངས་བརྒྱ་ཕྲག་དུ་མའི་འཁོར་དང་ལྡན་པར་འབྱུང་བའི་རིམ་པས་འཕེལ་ཏེ། ཤིན་ཏུ་མཐར་ཐུག་པ་ན་དཔལ་ནཱ་ག་རྫུ་ནས། རང་གི་འབྱོར་པ་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་མཛད་བརྒྱ་ཡི་འབྲས་བུ་ནི། །བློ་ལྡན་རྣམས་ཀྱི་དགའ་བ་སྐྱེད་ཕྱིར་འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར་སྟོན་མཛད་ཅིང་། །


TN01_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་འཕྲོ་བར་མཛད་པ་པོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་པ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་འོག་མིན་གྱི་གནས་སུ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་ཐབས་བརྙེས་ཤིང་། དེའི་མཐུ་ལས་གང་ཞིག་གང་གིས་ཇི་ལྟར་འདུལ་བ་དང་འཚམས་པར་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུའི་རྣམ་པར་རོལ་པ་ཚད་མེད་པས་རིས་མེད་པའི་འཇིག་རྟེན་རྒྱས་པར་བཀང་སྟེ་འགྲོ་བ་དབུགས་འབྱིན་ཅིང་ཕན་བདེའི་དགའ་སྟོན་དང་ལྡན་པའི་ཆོས་ཀྱི་གཎྜིའི་སྒྲ་དབྱངས་རྒྱུན་མི་འཆད་པར་འབྱུང་བའི་ཕྲིན་ལས་མཛད་པ་ཡིན་ཏེ། རྒྱལ་བ་མི་ཕམ་པའི་ཞལ་སྔ་ནས། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་གྲངས་མེད་རྒྱལ་བའི་མྱུ་གུ་བྱང་ཆུབ་སྤྱོད་པའི་དགའ་སྟོན་ལ། །རོལ་པའི་ས་མཆོག་སྐལ་བཟང་ལྡན་པ་གཟུངས་ཀྱི་དགའ་ཚལ་ལ་འཇུག་པའི། །ལེགས་བཤད་ལམ་སྲང་དྲི་མེད་ལུང་གི་མེ་ཏོག་གསར་པས་ཁྱབ་པ་འདི། །དཔལ་ལྡན་བླ་མའི་ལམ་མཁན་དྲིན་གྱིས་ཕྱོགས་ཙམ་རིག་ནས་དང་བས་ཕྱེས། །ཐུབ་གསུང་མདོ་སྡེ་སྣ་ཚོགས་ལས་བསྐྱེད་ཅིང་། །རྒྱ་བོད་མཁས་པའི་གཞུང་མང་གིས་བཅུས་ཏེ། །དོན་བཟང་ལང་ཚོ་རྫོགས་པའི་


TN01_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་འདི། །བློ་ལྡན་བློ་ཡི་མིག་ལ་བདུད་རྩིའི་སྐྱེས། །ཐེག་མཆོག་ལུས་བཟང་ཁེབ་པའི་ཡིད་བཞིན་གོས། །སྣ་ཚོགས་ཡོན་ཏན་རོ་ལྡན་འཕགས་པའི་ཟས། །གསུང་རབ་རྒྱ་མཚོའི་རིན་ཆེན་ལྟད་མོ་དང་། །རྒྱལ་བའི་ཡུམ་གསུམ་རྒྱན་ཡང་མཛེས་བྱེད་ཡིན། །འོན་ཏེ་བློ་སྐྱོན་སྨིག་རྒྱུའི་རྫུན་རིས་ལ། །སངས་རྒྱས་དགོངས་དོན་འབབ་ཆུར་འཁྲུལ་པའི་དྲིས། །བསླད་པའི་ནོངས་པ་མཆིས་ན་རྒྱལ་རྣམས་དང་། །དབང་གྱུར་མཁས་པའི་སྤྱན་སྔར་སྙིང་ནས་འཆགས། །ཆོས་འདི་འབད་པ་བརྒྱ་ཡིས་ལེགས་བཙལ་བའི། །བསོད་ནམས་གང་ཐོབ་དེ་ཡིས་འགྲོ་བ་ཀུན། །དཔལ་ཕྲེང་སེང་གེའི་སྒྲ་ཡི་སྨོན་ལམ་གྲུས། །བྱང་ཆུབ་མཆོག་གི་རྒྱ་མཚོར་འཇུག་གྱུར་ཅིག །བདག་ཀྱང་སྲས་བཅས་རྒྱལ་བའི་ཐུགས་རྗེ་ཡི། །གསེར་སྦྱངས་འཁོར་ལོ་རིན་ཆེན་གྱིས་བསུ་ཞིང་། །ཐེག་མཆོག་བསྟན་པའི་རྒྱལ་ཐབས་སྲིད་མཐའི་བར། །བཟུང་སྟེ་གཞན་ཕན་བདེ་བ་མཐའ་ཡས་ཤོག །བྱང་ཆུབ་སེམས་དཔའི་གཟུངས་ཀྱི་རྒྱན་རྣམ་པར་བཤད་པ་རྒྱལ་ཡུམ་ལུས་བཟང་མཛེས་བྱེད་ལེགས་བཤད་ཕྲེང་བ་ཞེས་བྱ་བ། །འཕགས་མཆོག་འཇམ་དཔལ་གཞོན་ནུ་དུས་མཐར་དགེ་སློང་གི་གཟུགས་ཀྱིས་དངོས་སུ་བྱོན་པ་དཔལ་ལྡན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བློ་གྲོས་རྒྱ་མཚོ་དྲི་མ་མེད་པའི་འོད་ལ་སོགས་པ་རྣམ་འདྲེན་དམ་པ་དུ་མའི་བཀའ་


TN01_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་གྱིས་འཚོ་ཞིང་། ཆོས་འདིའི་ཕྱོགས་སུ་འབད་པ་མང་པོས་དུབ་པའི་མཐར་ངལ་གསོའི་ཟིལ་མངར་གྱི་ཐིགས་པ་ཕྲ་མོ་ཙམ་རྙེད་པར་རློམ་པ་འཇིགས་མེད་བསྟན་པའི་ཉི་མས་རབ་བྱུང་བཅོ་ལྔ་པའི་རྔ་ཆེན་གྱི་ལོ་ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་དྲང་སྲོང་ལྷའི་བླ་མ་རྒྱུ་སྐར་གྲུབ་པའི་རྒྱལ་མོ་དང་རྩེ་བའི་འགྲུབ་སྦྱོར་བཟང་པོའི་སྔ་དྲོ་ལ་རྫོགས་པར་བྱས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་ལ་བྱ་བ་བྱེད་ནུས་པར་གྱུར་ཅིག །དགེ་ཞིང་བཀྲ་ཤིས།། ༈ །།འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།


previousབྱང་ཆུབ་སེམས་དཔའི་གཟུངས་ཀྱི་རྒྱན་རྣམ་པར་བཤད་པ་རྒྱལ་ཡུམ་ལུས་བཟང་མཛེས་བྱེད་ལེགས་བཤད་ཕྲེང་བ།next