Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
བླ་མའི་རྣལ་འབྱོར་ཉམས་ལེན་གྱི་ཁྲིད་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་ཉམས་ལེན་གྱི་ཁྲིད་ཡིགnext

བླ་མའི་རྣལ་འབྱོར་ཉམས་ལེན་གྱི་ཁྲིད་ཡིག


TN02_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་ཉམས་སུ་ལེན་ཚུལ་ཁྲིད་ཡིག་ཏུ་བྱས་པ་གྲུབ་པ་མཆོག་གི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །


TN02_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་དང་པོའི་སངས་རྒྱས་སྲིད་པ་འདིར། །མི་ཡི་གར་མཛད་རྡོ་རྗེའི་ལམ་སྟོན་པ། །སྐལ་བཟང་མཁས་པ་ཡོངས་ཀྱི་མགོན་གཅིག་པུ། །དེ་ལ་བཏུད་དེ་གདམས་པའི་ཟུར་རྒྱན་སྤེལ། །དེ་ལ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བའི་འབྱུང་གནས་ནི་བླ་མ་དགེ་བའི་བཤེས་གཉེན་ཉག་གཅིག་ཡིན་ཏེ། དེས་མ་བསྟན་ན་མཐོ་རིས་སུ་འགྲོ་བའི་ལམ་ཙམ་ཡང་ལེགས་པར་ཤེས་དཀའ་ན། ངེས་ལེགས་སྒྲུབ་པའི་ལམ་ལྟ་ཅི་སྨོས་པའི་ཕྱིར་རོ། ཁྱད་པར་དུ་ཡང་ཐེག་པ་ཆེན་པོའི་ལམ་བཟང་ཚང་ལ་མ་ནོར་བ་རྙེད་ནས་ཚུལ་བཞིན་སྒྲུབ་པ་ནི་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ་བརྒྱུད་པ་བར་མ་ཆད་པའི་གདམས་ངག་བུམ་པ་གང་བྱོར་


TN02_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བའི་བླ་མ་དམ་པ་ལ་ལྟོས་ཤིང༌། དེའི་ནང་ནས་གསང་སྔགས་ཀྱི་ལམ་ནི་བླ་མ་ལས་མ་ཐོབ་པར་གླེགས་བམ་ཀློག་པ་ཙམ་ཡང་བྱར་མ་གནང་སྟེ། གསང་སྔགས་རང་ཉིད་ལེན་པ་ནི། །སེམས་ཅན་དམྱལ་བ་འབའ་ཞིག་རྒྱུ། །ཞེས་སོ། །དེའང་བླ་མ་ལས་དབང་ལུང་ཐོབ་ནས་སྒྲུབ་པ་རྐྱང་པས་མི་ཆོག་སྟེ། གསང་སྔགས་བྱིན་རླབས་ཀྱི་ལམ་པ་བྱ་བ་ཡིན་པས་བླ་མ་མཉེས་པ་རབ་འབྲིང་ཐ་མའི་བྱེ་བྲག་གིས་དངོས་གྲུབ་མྱུར་བུལ་དང་ཆེ་ཆུང་སོགས་ཐ་དད་དུ་འགྱུར་བས་སྒོ་མང་པོ་ནས་ཡུན་རིང་པོར་སྐྱོ་དུབ་མེད་པའི་བརྩོན་འགྲུས་ཀྱིས་བླ་མ་མཉེས་པར་བྱ་བ་ལ་རག་ལས་པ་ཁོ་ན་སྟེ། རང་རེ་སངས་རྒྱས་ལ་སངས་རྒྱས་ཀྱི་


TN02_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སུ་མཐོང་བའི་བློ་མིག་མེད་པ་རྣམས་ཀྱི་མདུན་དུ་དཀྱིལ་འཁོར་གྱི་གཙོ་བོ་ཉིད་ཐ་མལ་པའི་གཟུགས་སུ་བསྟན་ནས་དབང་དང་གདམས་ངག་སྟོན་པར་རྒྱུད་སྡེ་རབ་འབྱམས་ལས་གསུངས་པ་དེ་ཐོག་མར་མཉེས་ནས་རིམ་གྱིས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཅན་གྱི་དེ་བཞིན་གཤེགས་པ་དངོས་ལས་དངོས་གྲུབ་ལེན་པའི་མཐུ་ཐོབ་པར་འགྱུར་བ་ལ་ཚེགས་མེད་ཅིང༌། གཞན་དུ་ལམ་གྱི་རྟེན་འབྲེལ་དང་པོ་དེ་འཆུག་ན་དེ་ནས་ཚེས་གཅིག་ནས་འཆུག་ན་བཅོ་ལྔའི་བར་དུ་ནོར་འགྲོ་བ་ལྟར་འགྱུར་ཏེ། འདི་ལ་དགོངས་ནས། སློབ་དཔོན་ལྷ་ནི་དམ་པ་སྟེ། །འབད་པའི་སྒོ་ནས་མཆོད་པར་འོས། །འཇིག་རྟེན་རྗེས་བཟུང་རྒྱུ་ཉིད་ཀྱིས། །དེ་ཉིད་དེ་ལྟའི་གཟུགས་ཅན་ནོ། །ཞེས་རྒྱུད་ལས་གསུངས་སོ། །དང་པོ་ནས་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ལྟེམ་རྐྱང་མ་ཤོར་བ་ཐོབ་ཅིང་ལུས་སྲོག་ཡལ་བར་འདོར་ནུས་པའི་སྙིང་སྟོབས་ཀྱིས་མཉེས་པར་བྱས་ན། ཕྱིས་བླ་མ་དེས་དབང་བསྐུར་བའི་དུས་ཉིད་དུ་དགོངས་བརྒྱུད་ཀྱི་རྟོགས་པ་སློབ་མའི་རྒྱུད་ལ་འཕོ་ནུས་པ་འཕགས་ཡུལ་གྱི་པཎ་གྲུབ་དུ་མའི་ལོ་རྒྱུས་ལྟར་ཡིན་ཀྱང༌། དེ་ལྟར་མ་བྱུང་ཚེ་སྔར་དབང་ནོད་པའི་བླ་མ་དེ་རིགས་དང་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་དུ་


TN02_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བའི་བསམ་སྦྱོར་མཚམས་བསྡམ། ཐུན་དུ་བཅད་ནས་ཆེད་གཏད་ཀྱིས་སྒོམ་པའི་བླ་མའི་རྣལ་འབྱོར་འབྱོང་ངེས་སུ་སྦྱང་དགོས་ཏེ། འདིའི་ཚུལ་གསར་རྙིང་བཀའ་གཏེར་ཀུན་ཏུ་མཐའ་ཡས་པ་འབྱུང་ངོ༌། །དེའང་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་གདུལ་བྱའི་སྐལ་བ་དང༌། དུས་ཇི་ལྟ་བ་བཞིན་དུ་ཡུལ་དང༌། རིགས་དང༌། མཚན་དང༌། རྣམ་པ་གཅིག་ཏུ་མ་ངེས་པར་འབྱུང་བས། བླ་མ་སོ་སོ་ཐ་དད་ལ་བརྟེན་པའི་གཞུང་ཚད་བཟུང་མེད་པར་འབྱུང་བ་ལས། འདིར་ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པས། རྫོགས་པ་ཆེན་པོ་བརྗོད་དུ་མེད་པའི་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་ཁམས། །རང་དབང་གྱུར་ལས་བཅུ་དྲུག་ཡེ་ཤེས་བླ་མའི་སར་གཤེགས་བི་མ་ལ། །གངས་རིའི་ཁྲོད་ན་རྡོ་རྗེའི་ལམ་ལ་རྣལ་དུ་འབྱོར་པའི་ས་མཁན་དུ། །ཐོབ་ལས་འཇའ་ལུས་གྲུབ་མཐའ་སྙོགས་པའི་གྲགས་པ་ནམ་མཁར་ཤོང་བ་མིན། །ཞེས་གསུངས་པ་ལྟར། དཔལ་ཀྶི་རའི་ཡུལ་དུ་མཚན་དཔེའི་པདྨོ་བཞད་དེ། རབ་ཏུ་བྱུང་ཞིང་སྡེ་སྣོད་ལ་སྦྱངས་པ་མཛད་པས་འཕགས་ཡུལ་གྱི་བསྟན་པ་བཟང་སྒང་གི་དུས་སུ་པཎ་ཆེན་ལྔ་བརྒྱའི་ཁྱུ་མཆོག་ཏུ་གྱུར་ལ། །སངས་རྒྱས་གསང་བ་དང༌། ཛྙཱ་ན་སུ་ཏྲ་སོགས་སངས་རྒྱས་ཀྱི་ས་ལ་


TN02_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་གྲུབ་ཆེན་མང་པོའི་གདམས་ངག་རྫོགས་པར་བརྙེས་ནས་དུར་ཁྲོད་ཀྱི་གནས་ཆེན་རྣམས་སུ་བསྒོམས་པས་སྐུ་ཚེ་དེ་ཉིད་ཀྱིས་འོད་གསལ་གཞོན་ནུ་བུམ་པ་སྐུའི་དབྱིངས་སུ་མངོན་པར་བྱང་ཆུབ་སྟེ། གཞོམ་བྲལ་ཆུའི་ཟླ་བ་ལྟ་བུའི་འོད་སྐུར་བཞེངས་པ་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དྲིན་ལས་བོད་ཁམས་འགྲོ་བ་ཡོངས་ལ་གཙུག་ནོར་གྱི་སྐལ་བར་ཐོབ་པ་གསང་བ་བླ་མེད་སྤྱི་དང༌། བྱེ་བྲག་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཆོས་ཆར་ཕབ་སྟེ་སྐལ་ལྡན་མང་པོ་གདོད་མའི་གྲོལ་སར་དབུགས་དབྱུང་བའི་བཀའ་དྲིན་གཞལ་དུ་མ་མཆིས་པ། །ངེས་པའི་དོན་དུ་ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་གྱི་གཙོ་བོ་གྲུབ་པའི་སློབ་དཔོན་གྱི་ཟོལ་ལ་བརྟེན་པར་སྒྲུབ་སྡེའི་ལུང་གིས་གྲུབ་པ། འཆི་མེད་བི་མ་ལ་མི་ཏྲ་སྟེ་དྲི་མེད་བཤེས་གཉེན་དང༌། བྱེ་མ་ལ་མུ་ཏྲ་སྟེ་ཕྱག་རྒྱ་རྒྱ་ཆེན་དུ་གྲགས་པའི་སློབ་དཔོན་ཆེན་པོ་དེ་ཉིད་སྐུ་དངོས་ཤར་ཕྱོགས་རྒྱ་ནག་རི་བོ་རྩེ་ལྔ་ན་བསྐལ་པ་ཇི་སྲིད་པར་བཞུགས་ཤིང༌། ལོ་བརྒྱ་རེའི་མཚམས་སུ་སྙིང་ཐིག་གི་བསྟན་པ་གསལ་བར་བྱེད་པའི་སྤྲུལ་པ་རེ་བོད་དུ་འབྱོན་པར་ཞལ་གྱིས་བཞེས་པ་ལྟར། གནས་བརྟན་ལྡང་མ་ལྷུན་རྒྱལ་དང༌། འགྲོ་བའི་མགོན་པོ་ཀུ་མ་རཱ་ཛ་དང༌། ལྷ་བཙུན་ནམ་མཁའ་


TN02_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་སོགས་སྔ་ཕྱིར་འགའ་རེ་བྱོན་པ་ལས། ལྔ་བདོའི་དུས་མཐར་བོད་ཆེན་པོའི་ལྗོངས་འདིར་ལྷ་རིགས་གཉིས་ཀྱི་གདུང་ལས་བསོད་ནམས་བརྒྱ་བའི་སྐུའི་ཉིན་བྱེད། དྲི་མ་མེད་པའི་རྣམ་ཐར་གྱི་སྣང་བ་དང་ལྡན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན། འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བ་བྱུང་སྟེ། མཐོང་ཐོས་དྲན་རེག་གི་འགྲོ་བ་དཔག་ཏུ་མེད་པ་ལ་ཀུན་ཏུ་བཟང་པོའི་རྒྱལ་སྲིད་སྦྱིན་པར་མཛད་པ་དེས། བཟོ་གནས་ཀྱི་རིག་པ་ལ་མཁས་པ་ཀརྨ་རྣམ་རྒྱལ་ཞེས་བྱ་བའི་མོས་ལྡན་གྱི་སློབ་མས་གསོལ་བ་བཏབ་པའི་ངོར། རང་གི་སྒྲུབ་པ་རང་གིས་མཛད། །ཟེར་བའི་ཚུལ་ལྟར་དགྱེས་བཞིན་སྩལ་བའི་བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས། ཐོག་མ་ཁོ་ནར་ཚེ་འདིའི་བྱ་བཞག་ཐམས་ཅད་ཟིན་པ་རྗེས་མེད་ཆུའི་རི་མོ་ལྟ་བུ་དང༌། དེར་མ་ཟད་འཁོར་བའི་བྱ་བ་མཐའ་དག་ཡིད་རྟོན་མི་རུང་བའི་སྡུག་བསྔལ་གྱི་ལས་ཐབས་འབའ་ཞིག་ཏུ་ཤེས་ནས། བྱ་རྒྱུ་དམ་ཆོས་དང༌། རེ་ས་བླ་མ་ལས་མེད་པར་ཁོ་ཐག་བཅད་དེ། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །སོགས་ལྟར་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་


TN02_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་སུ་བྱ། དེ་ནས་ཤུ་ནྱ་ཏའི་སྔགས་དོན་དྲན་པས་ཐ་མལ་གྱི་སྣང་ཞེན་སྟོང་ཆེན་དེ་བཞིན་ཉིད་ཀྱི་དབྱིངས་སུ་སྦྱངས་ཏེ། དེའི་ངང་ལས་རང་སྣང་རྣམ་པར་དག་པའི་འོག་མིན་གྱི་ཞིང་ཁམས་རྒྱན་དང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་དབུས་སུ། རང་ལྷར་སྒོམ་པའི་ཚིག་ཟིན་མེད་ཀྱང་ཐ་མལ་པའི་དངོས་སྣང་མི་དམིགས་པར་བྱས་ནས་ཡང་ཐ་མལ་པའི་ང་རྒྱལ་སྐྱེད་པ་མི་ལེགས་པས་རྡོ་རྗེ་རྣལ་འབྱོར་མ་སོགས་གང་ཡང་རུང་བའི་ལྷར་ལངས་པའི་མདུན་མཁར་རྩིབས་བརྒྱའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཉི་མ་བརྒྱའི་འོད་འབར་བས་སྟེང་ནས་བཀབ་ཅིང༌། གཡས་གཡོན་དུ་ལྷ་རྫས་ཀྱི་དར་གྱི་ལྡ་ལྡི་དང༌། བ་དན་དང༌། མེ་ཏོག་དང༌། ནོར་བུའི་ཆུན་འཕྱང་ལ་སོགས་པས་མཛེས་པར་བྲེས་པ་དང༌། མཐའ་བསྐོར་ཀུན་ཏུ་གསེར་སྦྱངས་ཀྱི་འཁོར་ལོ་རྩིབས་སྟོང་དང༌། བུམ་པ་གང་བ། སྤོས་ཀྱི་ཟ་མ་ཏོག་སོགས་མཆོད་པའི་ཡོ་བྱད་སྤྲིན་ལྟར་སྤུངས་པས་བརྒྱན་པའི་སེང་གེའི་ཁྲི་ཡངས་ཤིང་མཐོ་བ་བསམ་པར་བྱ་སྟེ། འདི་འདྲ་ཕྲ་མོ་རེར་ཡང་རང་ལ་ལེགས་ཚོགས་འབྱུང་བའི་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བའི་ཕྱིར་རོ། །བླ་མ་ཞལ་བཞུགས་རིང་དར་ཟབ་འབོལ་བརྩེགས་ཀྱི་གདན་


TN02_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དང༌། གཤེགས་རྗེས་ཡིན་ན་པད་ཟླའི་གདན་ལ་བཞུགས་པར་བྱེད་པའི་ལུགས་ཀྱང་ཡོད་མོད། འོན་ཀྱང་སྔོན་རང་གིས་མཇལ་དུས་ཀྱི་རྣམ་པ་དེ་ཀ་སླར་རྗེས་སུ་དྲན་ནས་གསལ་འདེབས་པའི་ཚུལ་གྱིས་བསྒོམ་ན་མོས་གུས་ཀྱི་འགྱུར་བ་སྐྱེ་སླ་བའི་བློ་རིགས་ཀྱང་ཡོད་ལ། རང་གིས་ཇི་ལྟར་མོས་པ་དེ་བཞིན་དུ་སངས་རྒྱས་རྣམས་མདུན་ན་བཞུགས་ཤིང་སྣང་བ་ལས་རིས་ཆད་ཅན་དུ་མེད་པར་ལུང་རིགས་མང་པོས་གྲུབ་པས། རྫོགས་ཆེན་སྙིང་ཐིག་གི་དབང་ཆོག་ན། སྔོན་བཞུགས་དུར་ཁྲོད་གནས་ནས་འདིར་གཤེགས་ཤིག །ཅེས་འབྱུང་ཞིང༌། ས་སྐྱ་ཕྱོགས་སོགས་ཀྱི་བླ་རྣམ་མང་པོར་བླ་མའི་སྐུ་དབྱིབས་བག་ཙམ་མདུན་དུ་བཏུད་པ་དང༌། དབུ་སྐྱ་ཡེ་རེ་བ་དང༌། ཞལ་དབྱིབས་སྐྱོང་ལ་རིད་པ་སོགས་ཞལ་བཞུགས་དུས་ཁོ་ན་ལྟར་སྒོམ་པར་གསུངས་པའང་དེ་འདྲ་ཡིན་པར་སྣང༌། དེས་ན་གདན་ཡང་སྔོན་དུས་བཞིན་འབོལ་བརྩེགས་ལ་བྱེད་པ་མི་རུང་བ་མེད་པས་གཞུང་ཚིག་ལྟར་སོར་བཞག་ཆོག་གམ་སྙམ། བླ་མ་ལ་ཐ་མལ་པའི་འདུ་ཤེས་དགག་སླ་བའི་ཆེད་དུ། ངོ་བོ་རྩ་བའི་བླ་མ་དེ་ཀ་རྣམ་པ་རྡོ་རྗེ་སེམས་དཔའ་སོགས་ཀྱི་གཟུགས་སུ་བསྒྱུར་ནས་སྒོམ་པའི་སྐབས་མང་ཡང༌། འདིར་ནི་རྒྱུ་མཚན་བཤད་མ་ཐག་པ་ལྟར་དང༌། ཁྱད་


TN02_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་སྔོན་རང་ཅག་རྣམས་ལ་རྡོ་རྗེ་འཆང་ཆེན་པོས་ཞལ་མངོན་སུམ་དུ་སྟོན་པའི་བཀའ་དྲིན་མཛད་སྐབས། རེ་ཞིག་སྐུའི་རྣམ་པ་གཞན་ལྟ་བའི་མཐུ་མེད་པར་དགོངས་ནས་མིའི་གཟུགས་སུ་བསྟན་པའི་སྒོ་ནས་ཞལ་མཐོང་གསུང་ཐོས་ཀྱི་བཀའ་དྲིན་ནོད་པ་ཡིན་པས། ངོ་བོ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་ཉིད་དང་ཐ་མི་དད་པ་ལ། རྣམ་པ་ཀུན་ཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་མཚན་དུ་གསོལ་བའི་གནས་སྐབས་དེ་ཉིད་ལྟར་བྱ་སྟེ། སྐུའི་རྣམ་འགྱུར་དེ་ནི་འོ་སྐོལ་རྣམས་དང་ལས་སྨོན་གྱི་འབྲེལ་པ་ཆེ་ཤོས་ཡིན་པས་བྱིན་རླབས་ལྷག་པར་མྱུར་བའི་ཕྱིར་རོ། །དེའང་བྱམས་པའི་རང་བཞིན་གྱི་སྐུ་མཐོང་ན་དགའ་བ་སྐྱེད་པ། དཀར་ལ་ཡིད་ཙམ་དམར་བའི་མདངས་ཆགས་པ། པགས་པ་པདྨའི་འདབ་ལྟར་འཇམ་ཞིང་མཉེན་པ། ཚུལ་ཁྲིམས་དྲི་མ་མེད་པའི་འབྲས་བུར་འཁྲུངས་པས་སྐུ་གཙང་ཞིང་དག་ལ་ཙནྡན་ལས་ཀྱང་ལྷག་པའི་དྲི་བསུང་ལྡང་བ། ཐུགས་རྒྱུད་ཏིང་ངེ་འཛིན་གྱི་བདེ་བས་གང་བས་ཞལ་གྱི་དཀྱིལ་འཁོར་དྭངས་ཤིང་རྙོག་པ་མེད་པ། སྐུ་བརྗིད་ཅིང་ལྷུན་ཆགས་ལ་བག་དྲོ་བ། རྟག་ཏུ་ཟབ་མོའི་དེ་ཉིད་ལ་མཉམ་པར་བཞག་པའི་ཤེས་རབ་ཀྱི་སྣང་བ་མི་འཕྲོག་པ་མངའ་བས་སྐུའི་གཟི་བརྗིད་


TN02_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་མི་ནོན་པ། མཆོག་གི་ཡེ་ཤེས་རྣམ་པར་རྒྱས་པས་ཞལ་རས་པདྨ་འདབ་མ་བརྒྱ་པ་ལྟར་རྒྱས་པ། དམ་པའི་ཆོས་ཀྱི་དགའ་བདེ་མཚུངས་པ་མེད་པ་ལ་རོལ་པས་ཤིན་ཏུ་དགྱེས་པའི་ཉམས་ཅན། དུས་དྲུག་ཏུ་གདུལ་བྱའི་འཇིག་རྟེན་ལ་གཟིགས་པ་མི་གཡེལ་བས་སྤྱན་ཡངས་ཤིང་མ་ཟུམ་པ། རྩོལ་བ་མེད་པའི་ཐུགས་རྗེ་ཆེན་པོ་ཤུགས་འབྱུང་དུ་མངའ་བས་གླང་པོ་ཆེའི་གཟིགས་སྟངས་ཅན། སྐུ་ཚེ་དཔག་ཏུ་མེད་པར་མཆོད་སྦྱིན་ཆེན་པོ་མཛད་པས་ཕྱག་རིང་ཞིང་རྒྱས་ལ་དཔག་བསམ་གྱི་ལྕུག་མ་ལྟར་མཛེས་པ། ཕྱག་སྟབས་དང་ཕྱག་མཚན་ནི་རང་གང་འདོད་ཀྱི་དངོས་གྲུབ་ལ་ལྟོས་ཏེ་གཅིག་ཏུ་མ་ངེས་ཀྱང༌། འདིར་གང་བསམ་གྱི་འདོད་དོན་ཐོགས་པ་མེད་པར་སྩོལ་བས་གཡས་མཆོག་སྦྱིན་དང༌། ཏིང་འཛིན་དགོང་རྒྱུད་དག་པས་བྱིན་གྱིས་རློབ་པའི་རྟེན་འབྲེལ་དུ་གཡོན་མཉམ་བཞག །ཐུན་མོང་བ་ཚེ་དང་ཤེས་རབ་ཀྱི་དངོས་གྲུབ་སྩོལ་བས་ཚེ་བུམ་དང་པུ་སྟི། བླ་མེད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྦྱིན་པས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྐལ་ལྡན་སློབ་མའི་ཚོགས་རྣམས་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ལ་བཀོད་དེ་ཤེས་རྒྱུད་རྣམ་པར་དག་པའི་བཀའ་དྲིན་མཛད་པས་ཆོས་གོས་རྣམ་


TN02_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསོལ་བ་སོགས་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོའི་ཆ་ལུགས་ཅན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡེ་སྣོད་རབ་འབྱམས་ལ་དབང་སྒྱུར་བའི་ཆོས་ཀྱི་རྒྱལ་པོའི་ཅོད་པན་འཛིན་པའི་རྟགས་སུ་པཎ་ཞྭ་རྣ་རིང་བབས་པ། སངས་རྒྱས་བསྟན་པའི་རྒྱལ་སྲིད་ལས་གཞན་དུ་མི་གཡོ་བས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང་སྐུ་དྲང་པོར་བསྲང་སྟེ་བཞུགས་པ། སྐུའི་བ་སྤུའི་བུ་ག་རེར་ཡང་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟ་བུའི་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་རྫོགས་པ། གསུང་ཚངས་པའི་དབྱངས་ཀྱི་རྔ་བོ་ཆེ་ལས་སྐད་ཅིག་རེར་ཡང་དམ་པའི་ཆོས་ཀྱི་ཆར་ཟད་མེད་དུ་འབེབས་པ། ཐུགས་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དབྱིངས་སུ་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་རོ་མཉམ་རྡོ་རྗེར་གྱུར་པ། ཞལ་མཐོང་བ་ཙམ་གྱིས་ཐ་མལ་པའི་རྣམ་རྟོག་གཅོད་པ། སྤྱན་གཟིགས་པ་ཙམ་གྱིས་བྱིན་རླབ་ཀྱི་ཟིལ་ཆེན་འབེབས་པ། ཐུགས་དགོངས་གཏད་པ་ཙམ་གྱིས་ཡེ་ཤེས་བཙན་ཐབས་སུ་འཆར་བ། རྗེས་སུ་དྲན་མ་ཐག་ཏུ་ཐུགས་རྗེའི་ཤུགས་གཡོ་བ། གཅིག་ཆོག་སྐྱབས་གནས་ཡོངས་ཀྱི་རྒྱལ་པོར་མངོན་སུམ་བཞིན་དུ་བཞུགས་པར་བལྟས་ལ་ཡང་ཡང་གསལ་གདབ་ཅིང་ཡིད་རྩེ་གཅིག་ཏུ་གཏད་པར་བྱ་སྟེ། ཚོགས་ཞིང་མངོན་སུམ་དུ་བྱ་བ་དང་བླ་མ་རང་སེམས་དང་


TN02_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྲེ་བའི་བྱེ་བྲག་ཅིག་ཀྱང་ཡིན་ནོ། །དེ་ནས་དེ་ལ་ཡན་ལག་བདུན་པ་འབུལ་བ་ནི། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མཁའ་མཉམ་གྱི་འགྲོ་བ་རྣམས་དང་ལྷན་ཅིག་ལག་པ་ཐལ་མོ་སྦྱོར་ཞིང་ལུས་ཀྱི་གནས་ལྔ་ས་ལ་བཏུད་ངག་བསྟོད་ཚིག་དབྱངས་སུ་ལེན། ཡིད་དད་གུས་ཀྱི་ཤུགས་བྱུང་བའི་ཕྱག་ཐོག་མར་བྱ་སྟེ། འཇིག་རྟེན་ན་ཡུལ་མཆོག་རྣམས་མཐོང་བའི་ཚེ་དང་པོར་ཕྱག་སྟོབ་པ་ལུགས་ཡིན་ནོ། །མཆོད་པའི་ཚེ། ལུས་དང་ལོངས་སྤྱོད་ཀུན་བཟང་མཆོད་སྤྲིན་འབུལ། །ཞེས་པ་འདི་ལ། དངོས་འབྱོར་ལུས་དང་ལོངས་སྤྱོད། །ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་ཞེས་སོ་སོར་བཤད་ཚུལ་དང༌། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་བྱིན་གྱིས་བརླབས་ནས་འབུལ་ཞེས་བཤད་ཚུལ་གཉིས་ཡོད། ཀུན་བཟང་མཆོད་སྤྲིན་ཞེས་པ་ནི། ནམ་མཁའི་མཐས་གཏུགས་པའི་ཞིང་ཁམས་ཐམས་ཅད་མཆོད་རྫས་ཀྱིས་གཏམས་པ་དང༌། དེ་དག་གི་རྡུལ་ཕྲན་རེ་ལ་ཡང་ནམ་མཁའ་དང་མཉམ་པའི་མཆོད་སྤྲིན་གཏིབས་པ་དང༌། མཆོད་པ་དེ་དག་གི་འོད་ཟེར་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་གང་བའི་ཡོ་བྱད་ཀྱི་ཆར་འབེབས་པ་སོགས་མདོ་སྡེ་ལས་གསུངས་པ་ལྟར་རོ། །མཆོད་


TN02_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་ནས་ལུས་དབུལ་བའི་མཆོད་པ་ནི། དཔལ་ཁ་སྦྱོར་ཐིག་ལེར། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་ཡོངས་སུ་འབུལ། །ཞེས་སོགས་གསུངས་པ་བཞིན་ཏེ། འདིས་དཔལ་ལྡན་བླ་མའི་བཀའ་བཅག་པ་དང༌། ཐུགས་དཀྲུགས་པ་སོགས་ཉེས་པ་ལྕི་བ་མང་པོ་ཡང་བྱང་ནུས་པར་བཀའ་གདམས་གོང་མ་རྣམས་དང་འཇམ་དབྱངས་ས་པཎ་སོགས་བཞེད་ལ། ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་བསོར་ཡང་བསྔགས་པ་ཆེར་མཛད་པ་ལྟར་ཡིན་པས་བསམ་པ་ཐག་པ་ནས་བྱེད་པ་ལྷག་པར་གལ་ཆེ། སྤྱིར་ལུས་འབུལ་ཚུལ་ཡང༌། བྲན་གྱི་ཚུལ་དུ་འབུལ་བ་དང་བདུད་རྩིར་བྱས་ཏེ་འབུལ་བའི་ཚུལ་གཉིས་ཡོད་པ་སོགས་ཤེས་པར་བྱ། ཚེ་རབས་ཀྱི་སྡིག་པ་དང་ཁྱད་པར་བླ་མའི་སྤྱན་སྔར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ལ་འདི་ཁས་མ་བླངས་བྱ་བ་མེད་ཅིང༌། ལག་ལེན་ལ་ཐུག་དུས་ལུག་ཞིང་གསེབ་ཏུ་བཏང་བ་ལྟར་ཁ་རལ་སྣ་ཟག་ལས་བློ་གདེང་ཁེལ་བ་གཅིག་ཀྱང་མེད་པ་དེ་བྱིན་རླབས་འཇུག་པའི་སྒོ་འགག་པ་ཡིན་པས། སྡིག་ལྟུང་སྔར་བྱས་གནོང་འགྱོད་དྲག་པོས་བཤགས་ཤིང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའམ། མ་མཐའ་ཅི་ནུས་སུ་འཛེམ་སྙམ་པ་ཡན་ཆད་ཀྱི་སྡོམ་སེམས་བསྟེན། བླ་མ་རྒྱལ་བ་སྲས་བཅས་རྣམས་


TN02_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དམ་པའི་ཆོས་བསྟན་པ། ཆོས་ཀྱི་མཛོད་བཟུང་བ། སངས་རྒྱས་ཀྱི་ཞིང་སྦྱངས་པ། སེམས་ཅན་སྨིན་གྲོལ་དུ་མཛད་པ། ཡེ་ཤེས་ཀྱི་སྒོ་ཚད་མེད་པ་སྒྲུབ་པ་ལ་སོགས་པའི་ཚོགས་གཉིས་ཀྱི་སྤྱོད་པ་འབྲས་བུ་དང་བཅས་པ་ཐམས་ཅད་ལ་རིན་པོ་ཆེའི་གཏེར་རྙེད་པ་ལྟར་དགའ་ཞིང་སྙིང་ནས་རྗེས་སུ་ཡི་རང་བ་དང༌། འཇིག་རྟེན་ན་ཁྱིམ་དང་ཞིང་དང་ཕྱོགས་གཞན་པའི་ལས་ཀྱི་མཐའ་ཐམས་ཅད་ཉིན་མོའི་སྣང་བ་ལ་བརྟེན་ནས་འབྱུང་བ་ལྟར། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་རྒྱུ་དང་བཅས་པ་མཐའ་དག་ནི་བླ་མའི་གསུང་དམ་པའི་ཆོས་ཀྱི་སྣང་བ་གཅིག་པུའི་མཐུ་ལ་རགས་ལས་པས་གདུལ་བྱའི་འཇིག་རྟེན་ལ་ཐུགས་བརྩེ་བས་ཆོས་ཀྱི་རྔ་བོ་ཆེ་རྒྱུན་མི་ཆད་པར་བརྡུང་སྟེ། འགྲོ་བ་ཐམས་ཅད་བྱང་ཆུབ་མཆོག་གི་གོ་འཕང་ལ་བཞག་ཏུ་གསོལ་ཞེས་བླ་མ་ལ་ལྷ་རྫས་ཀྱི་གསེར་སྦྱངས་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་པ་ཕུལ་ཏེ་གསོལ་བ་གདབ་པ་དང༌། དེ་ལྟ་བུའི་གསུང་གི་ཕྲིན་ལས་དེ་ཡང་པི་ཝཾ་གི་རྒྱུད་དང་དེའི་སྒྲ་དབྱངས་བཞིན་དུ་སྐུ་ལ་བརྟེན་པ་ཡིན་པས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སྐུའི་སྣང་བ་མི་སྡུད་པར་བསྟན་པ་རྒྱ་མཚོའི་དཔལ་དུ་བཞུགས་པར་རྡོ་རྗེའི་གདན་ཁྲི་ཕུལ་ཏེ་གསོལ་བ་དང༌། དེ་དག་གིས་


TN02_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད་རང་གཞན་ཡིད་ཅན་མཐའ་དག་བླ་མ་སངས་རྒྱས་རིན་པོ་ཆེས་འབྲལ་བ་མེད་པར་ཐེག་པ་མཆོག་གི་ལམ་དུ་རྗེས་སུ་འཛིན་པ་དང༌། དེས་ཇི་ལྟར་གདམས་པའི་བཀའ་བཞིན་སྒྲུབ་པ་དང༌། བསྒྲུབ་པ་མཐར་སོན་ཏེ་ཐམས་ཅད་གཟིགས་པའི་གོ་འཕང་ལ་རེག་པའི་རྒྱུར་སྙིང་ནས་སྨོན་ཞིང་བསྔོ་བ་རྣམས་རེ་རེ་བཞིན་གནད་ལ་ཐེབས་པར་བྱ་སྟེ། བླ་མ་བསྟེན་ཐབས་ལ་བསམ་སྦྱོར་གཉིས་ལས་སྦྱོར་བ་རྙེད་པ་དང་བཀུར་སྟི་དང་རིམ་གྲོའི་སྒོ་ནས་བསྟེན་ཚུལ་སོགས་ཀྱི་དོན་ཡང་འདིར་ཚང་ངོ༌། །འདོད་པའི་དོན་ལ་གསོལ་བ་གདབ་པའི་སྔོན་འགྲོར་མཎྜལ་འབུལ་བ་ནི། མཎྜལ་གྱི་གཞི་དང༌། ཚོམ་བུར་འགོད་རྒྱུའི་འབྲུ་སྨན་རིན་ཆེན་གང་འབྱོར། བ་བྱུང་གི་ཆུ་སོགས་ལེགས་པར་འདུ་བྱས་ལ། གཞི་བྱི་དོར་བྱ་ཞིང་རེ་ཁཱ་འབྲི་བ། བ་བྱུང་བྱུགས་པ། ཚོམ་བུ་རྣམས་ཕྱོགས་མ་འཁྲུལ་ཞིང་མཛེས་པར་འགོད་ཚུལ་ཕྱག་ལེན་ལྟར་དང༌། སོ་སོའི་ཐད་དུ་དམིགས་པ་ཡིད་བྱེད་ཀྱི་ཁྱད་པར་སོགས་རྣམ་བཤད་རྣམས་ལས་ཤེས་པར་བྱ། འདི་ནི་ཚད་ཡོངས་སུ་ཆད་པ་མེད་པའི་མཆོད་པ་ཞེས་མཆོད་པ་ཐམས་ཅད་ཀྱི་རྒྱལ་པོར་བསྔགས་པས་གལ་པོ་ཆེའི་གནད་དུ་བཟུང་སྟེ། སླ་ལས་དང་ཁྲལ་ཆོས་སུ་མ་སོང་བར་ཅི་མང་འབུལ། བླ་རྣམ་


TN02_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་གཏད་ཀྱིས་སྒོམ་དུས་ཡིན་མིན་གང་ལྟར་ཡང་དབང་ཐོབ་ནས་ཉིན་རེ་དུས་གསུམ་དུ་བླ་མ་ལ་དངོས་སམ་ཡིད་ཀྱིས་མཎྜལ་འབུལ་བ་ཆག་ན་ཐུན་གྲངས་ཀྱི་སྦོམ་པོའི་ལྟུང་བ་སྐྱེད་པས་བརྗེད་དུ་མི་རུང༌། ངག་འདོན་གྱི་ཚིག་ནི་སྔགས་ཀྱིས་འབུལ་ཚུལ་ཇོ་བོའི་ཆོས་ཆུང་སྐོར་ན་བཞུགས་པ་དང༌། ཆོས་རྒྱལ་འཕགས་པ་རིན་པོ་ཆེས་མཛད་པ་ཡོངས་གྲགས་དང༌། ཀློང་ཆེན་ཆོས་སྤྱོད་ལས་འབྱུང་བ་ལྟ་བུ་གང་བྱེད་འདྲའོ། །གསོལ་གདབ་དངོས་ལ། དཔེར་ན་ཕུར་པས་གཅིག་ཏུ་བཙུགས་ནས་རྡོ་ཐོ་ལྟ་བུས་དྲག་ཏུ་བརྡུང་ན་གཏིང་རིང་དུ་ཟུག་འགྲོ་བ་ལྟར། བླ་མའི་རྡོ་རྗེའི་གསུམ་གྱི་དཀྱིལ་འཁོར་ལ་བྱིན་རླབས་ཞུ་བའི་དམིགས་འདུན་རྩེ་གཅིག་ཏུ་བཙུགས་ནས་མོས་གུས་གདུང་ཤུགས་དྲག་པོས་འཕུལ་བརྡེག་བྱས་ན་ཐུགས་རྗེ་སྨོན་ལམ་གྱི་གཏིང་སློང་ནུས་པ་བྱུང་བས་ཕུར་ཚུགས་སུ་གསོལ་བ་གདབ་པ་ཞེས་གསུངས་ཏེ་དབང་དང་བྱིན་རླབས་ཀྱི་ཆེད་དུ་དམིགས་པའི་འདུན་པ་ཧུར་རེ་བའི་ངང་ནས་མོས་གུས་ཀྱི་ཤུགས་ཅི་ཐོན་བྱེད་པ་ཡིན་ནོ། །མོས་གུས་མེད་པར་མིག་བཙུམ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་ལོ་དང༌། བྱིན་གྱིས་རློབ་ལོའི་ཚིག་སྐམ་ཕྲེང་བར་བགྲང་ཞིང་བརྒྱ་སྟོང་སོགས་བསགས་ཀྱང་


TN02_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རས་ལ་འབྱར་རྩི་མ་ཐེབས་ན་ཚོན་མི་འཛིན་པ་ལྟར་བྱིན་རླབས་འགོ་བའི་ཡུལ་མེད་ཅིང༌། མོས་གུས་ཀྱིས་བློ་གཏད་ལིང་བསྐྱུར་ནུས་ན་ལུས་ངག་གི་རྣམ་རིག་དེ་འདྲ་རྩལ་དུ་མ་བཏོན་ཡང༌། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཞིང༌། །ཡིད་གཙོ་ཡིད་ནི་མགྱོགས་པ་ཡིན། །ཞེས་གསུངས་པ་ལྟར་དགོས་དོན་འགྲུབ་པས། དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། བླ་མ་བསྟེན་ཐབས་མོས་གུས་ཡིན་ཏེ་ཞེ་ས་མིན། །བླ་མ་སྒྲུབ་ཐབས་མོས་གུས་ཡིན་ཏེ་གསོལ་འདེབས་མིན། །མོས་གུས་ཡོད་ན་ཇི་ལྟར་བྱས་ཀྱང་བྱིན་རླབས་འཇུག །མོས་གུས་མེད་ན་ཇི་ལྟར་བྱས་ཀྱང་ཕན་པ་མེད། །ཅེས་གསུངས། དེའང་སྤྱིར་བླ་མ་བཟང་པོ་ཞིག་ཡིན་ངེས་སྙམ་པའམ། དེ་བདག་ལ་བཀའ་དྲིན་ཆེ་སྙམ་པ་ཙམ་ཡོད་ཀྱང༌། དེ་ལ་རྒྱུན་རིང་དུ་མ་གོམས་ཤིང་སེམས་ཁ་གཏིང་མེད་པར་འདྲེས་མ་ཐུབ་ན། བླ་མའི་བྱིན་རླབས་ཀྱང་སོ་ནམ་གྱི་ཚོ་དཀའི་ལོ་ཏོག་ཅིག་ལས་མི་འབྱུང་བས། འདུ་འཛི་ཅི་ཆོད་དང་གཡེང་བ་ཅི་ཁེགས་བྱས་ནས། བླ་མའི་རྣམ་ཐར་མིན་པའི་བསམ་རྒྱུ་དང༌། མོས་གུས་སྒོམ་པ་མིན་པའི་བྱེད་རྒྱུ་མེད་པ། འཕྲལ་གྱི་བདེ་ཐབས་དང་གཏན་གྱི་འདུན་མ་གང་ལ་ཡང་ཐབས་གཞན་མི་འཚོལ་བར། རིག་འཛིན་འཇིགས་མེད་གླིང་པས། འཆི་བའི་དུས་


TN02_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབས་ཀྱང་སླ། །སྲིད་པ་རུ་ལོག་གྱུར་ཀྱང་སླ། །མོས་གུས་དཀར་པོ་གཅིག་ཐུབ་འདི། །ཐབས་ཀྱི་ནང་ནས་ཐབས་མཆོག་ཡིན། །ཞེས་གསུངས་པ་ལྟར་འདི་ཁོ་ན་ལ་བློ་གཏད་ཆིག་དྲིལ་ནུས་པ་ཞིག་དགོས། །དེར་མ་ཟད་བླ་མ་དེ་བཟང་པོ་ཡིན་སྙམ་པ་དང༌། བཀའ་དྲིན་ཆེ་སྙམ་པའི་ཡིད་བྱེད་ཟླུམ་གོང་དེ་ཙམ་ཡུན་རིང་དུ་བསྒོམས་ཀྱང་དད་གུས་ཀྱི་འགྱུར་བ་ཤུགས་དྲག་སྐྱེད་མི་ཐུབ་པས་བླ་མའི་ཡོན་ཏན་སྒོ་དུ་མ་ནས་སེམས་པ་དང༌། ཕྱོགས་མང་པོ་ནས་བཀའ་དྲིན་ཆེ་བའི་ཚུལ་རྣམས་བསམ་པ་ནི་མོས་གུས་སྦྱང་ཐབས་ཀྱི་གཙོ་བོ་ཡིན་པས་ཚུལ་དེ་སྡོང་པོ་བཀོད་པའི་འཕགས་པ་དཔལ་འབྱུང་གི་རྣམ་ཐར་དང༌། ཀུན་མཁྱེན་ཆོས་རྗེའི་གཞུང་ཡིད་བཞིན་མཛོད་དང༌། སེམས་ཉིད་ངལ་གསོ་རྩ་འགྲེལ་སོགས་བལྟས་ལ་ཤེས་པར་བྱའོ། །དེ་དག་གཞུང་རང་གི་ཚིག་རིས་དང་སྦྱར་ནས་མདོ་ཙམ་བརྗོད་ན། འཇམ་པའི་དབྱངས་སོགས། ཞེས་པ་ནས། མཁས་གྲུབ་དབང་པོ། །ཞེས་པའི་བར་གྱིས། ཡོན་ཏན་རྗེས་སུ་དྲན་ཚུལ་བསྟན་ལ། དེའི་སྒོ་ནས་བླ་མ་ཉིད་དྲན་པ་དངོས་ནི། དཔལ་ལྡན་བླ་མ་ལ། ཞེས་པས་བསྟན། དེ་ལྟར་བླ་མ་ལ་དམིགས་ནས་གསོལ་བ་གདབ་པ་ནི། རྐང་པ་ཐ་མས་བསྟན་ཏོ། །རྐང་


TN02_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་པོ་གཉིས་ཀྱི་དོན་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཆད་ཚུལ་མང་ཙམ་བྱར་ཡོད་ཀྱང་མི་སྤྲོ་ལ། རགས་རིམ་ཙམ་དུ་གཉིས་ལས། ཕྱོགས་དང་པོ་ཐུན་མོང་ལྟར་བཤད་ན། འཇིག་རྟེན་པའི་ཚོང་ཁེ་སྤོགས། ཁྱིམ་གྱི་ལས་ཐབས། དགྲ་འདུལ་གཉེན་སྐྱོང་སོགས་དང༌། དེ་དག་ལས་ཁྱད་པར་འཕགས་པའི་རིག་གནས་སྒྲ་སྨན་སྙན་རྩིས་སོགས་སློབ་པ་ལ་མཚན་ཉིད་ཀུན་ལྡན་གྱི་བླ་མ་འཚོལ་མི་དགོས་ཏེ། དེ་དག་ཕྱི་རོལ་པ་ཚུན་ཆད་ཀྱི་ནང་ན་ཆེས་མཁས་པར་ཤེས་པ་མཐའ་ཡས་པ་ཡོད་པའི་ཕྱིར་རོ། །རང་ཡང་དེ་འདྲ་ལ་མཁས་པའི་གོ་འཕང་ལན་གྲངས་དཔག་མེད་ཅིག་འཁོར་བར་འཁོར་དུས་ཐོབ་ཀྱང་ཐ་མལ་པའི་ས་ནས་འཕགས་མ་ནུས། གཏན་བདེའི་གོ་འཕང་སྒྲུབ་ལུགས་དང༌། ལྷག་པར་རང་གཞན་མཐའ་དག་བདེ་བའི་མཆོག་དང་སྤྲོད་པའི་ལམ་མ་ནོར་བ་ཞིག་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་རྙེད་མ་མྱོང་ཞིང༌། ད་དུང་ཡང་རྙེད་དཀའ་བས་དེའི་ཆེད་དུ་འབད་པ་ཆེན་པོས་བླ་མ་བསྟེན་པ་ཡིན། དེ་ལ་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་བཟུང་སྟེ། མྱུར་ལམ་གསང་བ་བླ་མེད་ཀྱི་བར་གྱི་མངོན་མཐོའི་ལམ་དང༌། ངེས་ལེགས་ཀྱི་ལམ་དང༌། ཐམས་ཅད་མཁྱེན་པའི་ལམ་ཐུན་མོང་བ་དང་ཁྱད་པར་བ་དང་


TN02_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་པའི་བར་ཐམས་ཅད་མ་ནོར་བ་དང༌། ལྷག་ཆད་མེད་པ་དང༌། གོང་འོག་མ་འཆོལ་བ་དང་ཉམས་སུ་ལེན་ལུགས་ཀྱི་གནད་ཐམས་ཅད་གསལ་བར་བསྟན་ནས། རང་གིས་བཀའ་བཞིན་སྒྲུབ་ནུས་ན་སངས་རྒྱས་ཀྱི་ས་ལ་ཐག་ཐོག་མེད་པར་འགྲོ་ཆོག་ངེས་ཀྱི་ཕྲིན་ལས་རྒྱ་ཆེར་མཛད་པའི་ཚུལ་ལ་ཞིབ་ཏུ་བསམ་ན། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་རབ་ཕྱོགས་གཅིག་ཏུ་བསྡུས་ནས་རང་གི་མདུན་འདིར་གཟུགས་གྲུབ་ཏུ་བྱོན་ཡང་དེ་བས་ཟབ་པ་དང༌། དེ་བས་རླབས་ཆེ་བ་དང༌། དེ་ལས་གྱ་ནོམ་པའི་ཆོས་ཤིག་བཤད་དུ་མེད་ལ། རང་གི་ངོས་ནས་གོ་མ་ཆོད་པ་མ་གཏོགས། བླ་མས་ཇི་སྐད་གསུངས་པ་བཞིན་བྱས་ན་འཁོར་བ་དང་ངན་སོང་ནས་ཞི་བདེའི་རྒུད་པ་ཕྲ་མོའི་བར་གྱི་འཇིགས་པ་མཐའ་དག་ལས་ཚེ་འདི་ཁོ་ནས་ཀྱང་འདའ་ཐུབ་པས། རྒྱལ་བའི་ཞིང་ཁམས་ཐམས་ཅད་ན་མི་འཇིགས་པ་སྦྱིན་པ་ཞེས་སྙན་པར་གྲགས་པ་འཕགས་ཆོག་འཇིག་རྟེན་དབང་ཕྱུག་ལྟ་བུས་ཀྱང་ཐུགས་རྗེ་ཕྲིན་ལས་དེ་བས་ལྷག་པ་མཛད་རྒྱུ་མ་མཆིས་ཤིང༌། དམྱལ་བར་རི་གཟར་གྱི་རྦབ་ལྟར་ཤུགས་དྲག་ཏུ་རྒྱུག་པའི་སེམས་ཅན་འགྲོ་ཕྱོགས་གཏན་བཟློག་སྟེ་


TN02_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ས་ལ་དཔག་ཆེན་མདའ་ལྟར་འཕེན་པའི་ནུས་མཐུ་ནི་མཐུ་སྟོབས་ཀྱི་ཆེ་བར་བྱེད་པ་གཞན་དང་མི་མཉམ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྫུ་འཕྲུལ་གྱི་མཐུ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་དགོས་པ་འདི་ཁོ་ནའི་ཆེད་དུ་འཇུག་པ་ཡིན་པའི་ཕྱིར་རོ། །གསུང་གི་ཕྲིན་ལས་ཀྱི་ནུས་མཐུར་མ་ཟད་གསང་སྔགས་བླ་མེད་ཀྱི་ཡེ་ཤེས་གྲུབ་པའི་སློབ་དཔོན་འདི་ལྟ་བུ་མཐོང་བ་དང༌། ཐོས་པ་དང༌། ཡིད་ལ་དྲན་པའི་སེམས་ཅན་རྣམས་ཀྱང་རྡོ་རྗེ་འཆང་ཆེན་པོ་དངོས་ལྟར་ཕྱག་བྱ་བའི་གནས་སུ་རྒྱུད་སྡེ་ལས་གསུངས་པས་སེམས་ཅན་སྒྲོལ་བའི་ནུས་མཐུའི་ཚད་འདི་ཙམ་ཞེས་བསམ་པར་དཀའོ། །ནུས་པའི་ཡེ་ཤེས་ཞེས་པ་ནི་མངོན་ཤེས་དྲུག་དང་དབང་བཅུ་ལྟ་བུ་ཡིན་ནོ། །མདོར་ན་འོ་སྐོལ་རྣམས་ལ་རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པ་དང་མཛད་པ་མཚུངས་པས་ན་དེ་དག་གཅིག་ཏུ་བསྡུས་པ་ཞེས་བྱའོ། །ཕྱོགས་གཉིས་པ་ཐུན་མོང་མ་ཡིན་པ་ལྟར་བཤད་ན། དབང་བསྐུར་བའི་དུས་སུ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །རྣམ་པར་སྣང་མཛད་ང་ཡིན་པས། །ཞེས་སོགས་ལྷ་ཐམས་ཅད་ལ་འདོན་པ་སྤོས་ནས་གསུངས་པ་ལྟར་ཤེས་པར་བྱ་སྟེ། དཔེར་ན་


TN02_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གར་མཁན་གྱིས་ཆ་བྱད་དང་རྣམ་འགྱུར་གཞན་དང་གཞན་དུ་བསྒྱུར་ནས་སྐྱེ་བོ་མང་པོ་མགོ་རྨོངས་པར་བྱེད་པའི་གར་གྱི་རོལ་པ་སྟོན་ཡང་གར་མཁན་གཅིག་ལས་མ་འདས་པ་བཞིན་དུ་སྔགས་ཀྱི་ལྷའི་རབ་དབྱེ་བྱེད་ཚེ། རིགས་བརྒྱ་རིགས་ལྔ་རིགས་གསུམ། ཞི་དང་ཁྲོ་ཆགས་ཕྲ་མེན་དེ་བཞིན་གཤེགས་པ་དང་བྱང་སེམས་ཁྲོ་བོ་ཡབ་ཡུམ་སོགས་རིགས་དང་དཀྱིལ་འཁོར་མཚན་དང་རྣམ་འགྱུར་ཚད་མེད་པར་སྣང་ཡང༌། གདུལ་བྱའི་དབང་གིས་གང་འདུལ་གྱི་གཟུགས་སུ་ཤར་བར་ཟད་ཀྱི། འཆར་གཞི་ནི་རྡོ་རྗེ་སློབ་དཔོན་གྱི་དགོངས་ཀློང་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་པུར་གནས་ཏེ། རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ནི་དུ་མའི་གར་མཛད་དོ། །ཞེས་གསུངས། དེའི་རྒྱུ་མཚན་གྱིས་རིགས་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་མ་ལུས་པ་རྩ་བའི་བླ་མའི་ཡེ་ཤེས་ཁོ་ན་ལ་འདུས་པ་ཡིན་ནོ། །གཞན་ཡང༌། ཕྱོགས་བཅུ་དུས་གསུམ་དུ་སོ་སོར་བྱོན་པའི་སངས་རྒྱས་གྲངས་མཐའ་བློས་མི་ཐུག་པ་བཞུགས་ཤིང༌། དེ་སྙེད་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ཡུལ་ཆོས་ཀྱི་དབྱིངས་ལ་ཐ་དད་མེད་པས་ཐམས་ཅད་ཀྱང་དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་


TN02_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་མཁའ་ལྟར་དག་པའི་དབྱིངས་སུ་ཆུ་ཀློང་ཐམས་ཅད་རྒྱ་མཚོར་གཅིག་ཏུ་འདྲེས་པ་ལྟར་རོ་གཅིག་ཏུ་སོང་བ་ལ་དགོངས་ནས་གཏེར་ཕྱོགས་བླ་སྒྲུབ་ལས། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག །ཅེས་སོགས་གསུངས་ཏེ། དཀོན་མཆོག་བརྩེགས་པར། བཟང་པོ་རྒྱལ་བ་གཅིག་ལ་མཆོད་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་ལ་ནི་མཆོད་འགྱུར་ཏེ། །འདི་ལྟར་དེ་དག་ང་ཡི་ཆོས་དབྱིངས་དང༌། །ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དང་ཕྱོགས་གཅིག་གོ །དེ་ལྟར་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་ཐམས་ཅད་དཔལ་ལྡན་བླ་མའི་འོད་གསལ་རྣམ་པར་མི་རྟོག་པའི་དགོངས་ཀློང་གཅིག་ཏུ་བཞུགས་ནས་སློབ་མའི་རྒྱུད་བྱིན་གྱིས་རློབ་པ་འདིའི་གནད་ཀྱིས་བླ་མ་གཅིག་པུ་མཆོད་ན་མཁའ་ཁྱབ་ཀྱི་སངས་རྒྱས་ཐམས་ཅད་མཆོད་པར་འགྱུར་བར་གསུངས་ཏེ། གསང་སྙིང་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་སོགས་མང་ངོ༌། །འདི་དག་ནི་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གཅིག་ཏུ་བསྡུས་པ་ཡིན་ལུགས་དངོས་སོ། །དེ་དག་གང་ཡང་མཚན་ཉིད་དང་ལྡན་པའི་དཔལ་ལྡན་བླ་མ་སྤྱི་ཁྱབ་ཏུ་འགྲོ་བའི་


TN02_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་བཤད་པ་ཡིན་ལ། བྱེ་བྲག་ཏུ་རྗེ་བླ་མ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གསང་བ་ལ་སྦྱར་ནས་འཆད་ཚུལ་ནི། འོག་ཏུ་ཟུར་ཙམ་གསལ་བ་ལས་ཤེས་ཀྱི། རྒྱས་པར་མ་བྲིས་ཏེ་ཡི་གེའི་ངལ་བ་ལ་སྐྲག་ཅིང་སྒྱིད་ལུག་པར་གྱུར་ཏོ། །ཇི་སྐད་བཤད་པ་དེ་ལྟ་བུའི་ཞིང་གི་མཆོག་དེ་སྐབས་འདིར་སུ་ལ་བྱེད་ཅེ་ན། དཔལ་ལྡན་བླ་མ་ཞེས་གསུངས་ཏེ། མོས་གུས་ཅན་གྱི་རེ་བ་ཡིད་བཞིན་དུ་སྐོང་བའི་དངོས་གྲུབ་ཀྱི་འབྱོར་པ་ཟད་མི་ཤེས་པ་མངའ་བས་ན་དཔལ་དང་ལྡན་པ། གུ་རུ་ཞེས་པའི་སྒྲ་ལས་དྲང་ན་ཡོན་ཏན་གྱིས་ལྕི་བས་སམ། ཞིང་གི་གོང་མར་བཀུར་བའི་ཡུལ་གྱི་གཙོ་བོ་ཡིན་པས་ན་བླ་མ་སྟེ། གོང་དུ་མཚན་བཀྲ་གསལ་བ་ལྟར། ངོར་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་གསོལ་བའི་མཚན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དང༌། རྨོག་སྟོན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་དང༌། འཇིགས་མེད་རྒྱལ་བའི་མྱུ་གུས་གསོལ་བའི་མཚན་འཇིགས་མེད་མཁྱེན་བརྩེའི་ཟློས་གར། བྱང་ཆུབ་ཐུགས་བསྐྱེད་ཀྱི་མཚན་བློ་གྲོས་རྒྱ་མཚོ་དྲི་མ་མེད་པའི་འོད། པཎ་ཆེན་བི་མ་ལའི་འཁྲུངས་རབས་དང་སྦྱར་བ་འོད་གསལ་སྤྲུལ་པའི་རྡོ་རྗེ། མངའ་བདག་ཚངས་པ་


TN02_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་མེ་ཏོག་གི་འཁྲུངས་རབས་ཀྱི་ཕྱོགས་དང་བསྟུན་པ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན། ཀུན་མཁྱེན་དྲི་མེད་འོད་ཟེར་དང་རྣམ་དབྱེར་མེད་པའི་མཚན་རྡོ་རྗེ་གཟི་བརྗིད་རྩལ། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བའི་མཚན། པདྨ་འོད་གསལ་མདོ་སྔགས་གླིང་པ་སོགས་སྐུ་གཅིག་ལ་མཚན་མང་པོར་གྲགས་པ་དེའོ། །དེའི་རྣམ་ཐར་ཕྱོགས་ཙམ་མདོར་བསྡུས་ནས་བསྟན་པ་ནི། མཁས་གྲུབ་དབང་པོ། ཞེས་པ་སྟེ། སྤྱིར་རྒྱ་གར་རྡོ་རྗེ་གདན་དུ་སོང་བར་ཁས་འཆེ་ཡང་ལམ་རྒྱུས་བཤད་རྒྱུ་མེད་པའི་མི་ཞིག་ཡོད་ན། དེ་ལ་ལམ་མཁན་བཅོལ་ནས་རྡོ་རྗེ་གདན་དུ་འགྲོ་ཐག་མི་ཆོད། དེ་བཞིན་དུ་སངས་རྒྱས་དང་གྲུབ་ཐོབ་སོགས་སུ་ཁས་ལེན་བྱེད་ཀྱང་ལམ་གང་ནས་གྲུབ་པའི་གོ་འཕང་ལ་བགྲོད་པའི་ལམ་དེའི་ཐོག་མཐའ་བར་གསུམ་གྱི་རྒྱུས་མཐའ་དག་ལ་མཁས་པ་ཞིག་མི་འདུག་ན་དེ་ལ་ཡིད་ཆེས་བློ་གཏད་བྱ་བར་མི་བཏུབ། རྒྱ་གར་གྱི་ལོ་རྒྱུས་མང་པོ་བཤད་རྒྱུ་ཡོད་ཀྱང་ཁོ་རང་དེར་འགྲོ་མ་མྱོང་ན་དེ་ལའང་རྣམ་པ་ཐམས་ཅད་དུ་ལམ་ལ་མི་འཁྲུལ་བའི་བློ་གདེང་ཁེལ་དཀའ། དེ་བཞིན་དུ་གཞུང་ལུགས་མང་པོ་ཤེས་པའི་མཁྱེན་རྒྱ་ཡོད་ཀྱང་སྒོམ་སྒྲུབ་ཀྱི་སྲང་ལ་བཏེགས་ནས་ཉམས་མྱོང་གི་


TN02_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དྲོད་ཚད་གཏན་ལ་ཕེབས་པ་མེད་ན་རྟོགས་པ་དོན་བརྒྱུད་ཀྱི་བདེ་ལམ་ནས་མྱུར་པོར་བཀྲི་བའི་མཐུ་མེད་པས་མཁས་གྲུབ་ཀྱི་ཡོན་ཏན་གཉིས་འཛོམ་པ་ཞིག་རྩ་བའི་བླ་མར་བྱེད་དགོས། དེ་ལ་རྗེ་བཙུན་བླ་མ་འདི་ཉིད་མཁས་པའི་རྣམ་ཐར་གྱི་དབང་དུ་བྱས་ན། དང་པོ་སྐུ་བལྟམས་པའི་དུས་ཉིད་ནས་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་དང༌། ནགས་ཀྱི་རིན་ཆེན་སོགས་འཕགས་ཡུལ་པ་དང༌། མངའ་བདག་ཁྲི་སྲོང་དང༌། རྗེ་བཙུན་གྲགས་པ་རྒྱལ་མཚན། པཎ་ཆེན་པདྨ་དབང་རྒྱལ་སོགས་བོད་ཡུལ་གྱི་མཁས་གྲུབ་དུ་མར་འཁྲུངས་པའི་སྔོན་གནས་གསལ་བར་དྲན་ཞིང༌། ཆོས་ཐམས་ཅད་རྡོལ་ཤེས་སུ་མཁྱེན་པས་བསླབ་གྲར་མ་ཞུགས་གོང་དུའང་ཆོས་ཀྱི་ལོ་རྒྱུས་དང༌། གྲུབ་མཐའི་རྣམ་བཞག །ཞལ་གདམས་ཉམས་དབྱངས་སོགས་ཚིག་སྒྲོས་གཙང་ཞིང་དོན་ལེགས་པ་ཁོ་ན་ཐོགས་མེད་དུ་རྩོམ་པ་ལ་སོགས་པ་སྐྱེས་ཐོབ་ཀྱི་ཡོན་ཏན་རྨད་དུ་བྱུང་བས་འཇིག་རྟེན་ངོ་མཚར་བར་བྱེད་པ་བྱུང་ཡང༌། སྔོན་གྱི་དམ་པ་རྣམས་ཀྱི་སྤྱོད་ཚུལ་དང་མཐུན་པར་བྱ་བ་དང༌། མ་འོངས་པའི་སྐྱེས་བུ་རྣམས་ལ་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་པའི་སླད་དུ། ཐོས་པ་ཚོལ་བ་ལ་ཆེས་གུས་པར་མཛད་དེ། དགུང་ལོ་གཉིས་གསུམ་


TN02_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཉི་གྲགས་ཕྱོགས་ཀྱི་བླ་མ་ཞིག་གིས་སྔོན་འགྲོ་དལ་འབྱོར་རྙེད་དཀའ་འཆད་ཀྱིན་འདུག་པའི་སར་མ་ཡུམ་གྱིས་ཁུར་ནས་ཕྱིན་པས་དགོང་མོ་ཚུར་སླེབས་རྗེས་སུའང༌། ཤིན་ཏུ་དགྱེས་པའི་ཉམས་ཀྱིས་ངོ་བོ་དལ་བ་བསམ་པ། ཁྱད་པར་འབྱོར་པ་བསམ་པ་ཞེས་སོགས་ཡང་ཡང་བསྐྱར་ནས་གསུང་བར་གྲགས་ཤིང༌། གཞན་ཀུ་སེ་བའི་ཨ་མྱེ་སོགས། སུ་གཟིགས་ལ། ཁྱོད་ལ་ཆོས་བཤད་རྒྱུ་ཨེ་ཡོད་ཅེས་དངོས་རྫས་ཕྲན་ཚེགས་རིགས་ཡབ་ཡུམ་གྱིས་མཚོར་བར་གནང་ནས་དྲི་བར་མཛད། སྐུ་རྩེད་ཐམས་ཅད་དམ་པའི་ཆོས་ཉན་བཤད་སོགས་ཀྱི་རྣམ་པ་འབའ་ཞིག་ཏུ་འབྱུང་བས། སྡེ་དགེ་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས། ཆོས་དགའ་དམར་ལྟེ་ཞེས་བླ་དྭགས་སུ་གསོལ། ཡབ་དྲུང་ཆེན་རིན་ཆེན་དབང་རྒྱལ་དང༌། སྡེ་དགེའི་བླ་སྨན་པ་ཆོས་གྲགས་རྒྱ་མཚོ། ཞེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་སོགས་ཐུན་མོང་རིག་གནས་ལ་མཁས་པའི་དམ་པ་མང་པོའི་དྲུང་དུ། ཡི་གེ་འབྲི་ཀློག་དང་རྩིས་དཀར་ནག །གསོ་རིག་རྒྱུད་བཞི་ཡན་ལག་དང་བཅས་པ་སྐུ་གཟུགས་མཆོད་རྟེན་སོགས་ཀྱི་ཐིག་དང་ཆག་ཚད། སྒྲ་ཀ་སྭ་གཉིས་དང་ཙནྡྲ་པ། སྙན་དངགས། སྡེབས་སྦྱོར། མངོན་བརྗོད་སོགས་མཁས་པའི་ཕུལ་


TN02_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕྱིན་པར་སྦྱངས་ཤིང༌། ན་ལནྡྲེའི་གཟིམ་འོག་སྤྲུལ་སྐུ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་དང༌། བྲག་སྒོམ་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་བློ་བཟང་དགེ་ལེགས། ལི་ཐང་དགེ་བཤེས་བྱམས་པ་ཕུན་ཚོགས་སོགས་ས་དགེའི་མཁས་པ་དུ་མ་ལས། ཕར་ཕྱིན། དབུ་མ། མངོན་པ་མཛོད། ཚད་མ་རྣམ་འགྲེལ། ཇོ་བོའི་ལམ་རིམ། ཐེག་ཆེན་བློ་སྦྱོང་གི་སྐོར་མང་པོ་སོགས་གསན་ཅིང༌། བཀའ་པོད་ཀྱི་རྩ་གཞུང་ཕལ་ཆེར་དང༌། སྨན་གྱི་རྒྱུད་བཞི་སོགས་བློ་འཛིན་གནང༌། སྨིན་གླིང་མཁན་ཆེན་རིག་འཛིན་བཟང་པོ་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིག་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ཏེ་འདུལ་བ་མདོ་རྩ་བ་སོགས་ལ་ཞིབ་ཏུ་སྦྱངས། ངོར་མཁན་ཆེན་ཀུན་དགའ་བསྟན་འཛིན་དང༌། འཇམ་དཔལ་བཟང་པོ། ཞྭ་ལུ་མཆོག་སྤྲུལ་རིན་པོ་ཆེ་རིན་ཆེན་བློ་གསལ་བསྟན་སྐྱོང༌། ཀུན་མཁྱེན་བློ་གྲོས་མཐའ་ཡས་སོགས་ལས་བྱ་རྒྱུད་རིགས་གསུམ། རྣམ་སྣང་མངོན་བྱང༌། ཡོ་ག་དཔལ་རྩེ་དབྱིངས་གསུམ། བླ་མེད་བདེ་དགྱེས་གསང་གསུམ། དུས་འཁོར། གཤིན་རྗེའི་གཤེད་སོགས་གསང་སྔགས་གསར་རྙིང་ཐུན་


TN02_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མོང་བ་དང༌། གསར་མའི་སྐོར་གྱི་དབང༌། རྒྱུད་བཤད། སྒྲུབ་ཐབས། ཟབ་ཁྲིད། ལས་ཚོགས་ཀྱི་མན་ངག་དང་བཅས་པ་མཐའ་ཡས་པ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང༌། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། འཇིགས་མེད་རྒྱལ་བའི་མྱུ་གུ། ཁྱབ་བདག་པདྨ་དམ་ཆོས་འོད་ཟེར། རྡོ་རྗེ་འཆང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་སོགས་ལས་མདོ་སྒྱུ་སེམས་གསུམ། བཀའ་དགོངས་ཕུར་གསུམ། སྙིང་ཐིག་གོང་འོག་སོགས་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་དང་འབྲེལ་བའི་བཀའ་གཏེར་གྱི་གདམས་པ་རྒྱ་མཚོ་ལྟ་བུ། མདོར་ན་གསང་སྔགས་རྙིང་མ་པ་དང༌། ས་ངོར་ཚར་གསུམ། བཀའ་གདམས་གཞུང་པ། གདམས་ངག་པ། མན་ངག་པ་སྟེ་བརྒྱུད་སྲོལ་ཆེན་པོ་གསུམ། བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད། ཤངས་ཆོས་པ། ཞི་བྱེད་དང༌། གཅོད་ཡུལ་པ། ཞྭ་ལུ་པ། ཇོ་ནང་པ། བོ་དོང་པ། རི་བོ་དགེ་ལྡན་པ་རྣམས་ཀྱི་བཀའ་སྲོལ་ལ་གཞུང་བཤད། དབང་ལུང༌། ཁྲིད། སྙན་བརྒྱུད་ཆ་ལག་དང་བཅས་པ་གང་ཡོད་ཐམས་ཅད་གྲུབ་མཐའ་ཕྱོགས་རིས་དང༌། ཆེར་རློམ་གྱི་ཁེངས་དྲེགས། སྐྱོ་ངལ་དང་ཆོག་ཤེས་སོགས་ཡོང་ཡེ་མེད་པར་གསན་ཅིང༌། ཕལ་ཆེར་རེ་རེའང་ལན་གྲངས་མང་པོར་གསན། དེ་དག་ཀྱང་


TN02_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འོལ་ཚོད་མུན་པ་ལག་ནོམ་གྱིས་བཙལ་བའི་ལུགས་མ་ཡིན་པར། ཆོས་བརྒྱུད་དེ་དང་དེའི་དམ་པ་གོང་མ་གསན་རྒྱ་ཆེ་ཤོས་རྣམས་ཀྱི་གསན་ཡིག་ལ་ཞིབ་ཏུ་གཟིགས་ནས་སོ་སོར་ཆོས་ཀྱི་རྣམ་གྲངས་ཇི་ལྟ་བུ་ཡོད་པ་དང༌། དེང་སང་ཆོས་བརྒྱུད་མ་ནུབ་པ་དུ་ཡོད། རྒྱུན་དེ་ཕྱོགས་གང་དུ་བླ་མ་སུ་ལ་གཏུགས་ན་རྙེད་པར་འགྱུར་སོགས་རྟོག་དཔྱོད་མཛད་པའི་གཞིར་བསྙེལ་ཐོ་འབྲལ་སྤང་ཞིག་མཛད་ནས་མདོ་ཁམས་དང༌། དབུས་གཙང༌། མོན་བོད་ཀྱི་མཚམས་ལ་ཐུག་པར་སྐུ་ཚེགས་དང་ཆོས་སྒུག་བྲེལ་ཕོངས་སོགས་ལ་མི་གཟིགས་པར་ལོ་མང་པོའི་བར་དུ་བུང་བ་སྦྲང་རྩི་འདོད་པའི་ཚུལ་གྱིས་གཤེགས་ཏེ་ལེགས་པར་བཙལ། དེའང་ཐོབ་ཡིག་གི་ཁ་གྲངས་མང་བ་ཙམ་དོན་དུ་གཉེར་བ་མ་ཡིན་པར་གང་གསན་དེ་འདྲིས་པར་བསླབ། མཚན་མོའི་མར་མེའི་སྣང་བ་ཚུན་ཆད་ལ་དཔེ་ཆ་གཟིགས། བླ་མའི་དྲུང་དུ་ཡང་ཡང་གཏུགས་ནས་ཞུན་ཐར་བཅད། དཔེ་རྒྱུན་དཀོན་པོ་རྣམས་འབད་པ་ཆེན་པོས་དཔེ་བཤུ་མཛད། ཞལ་ཤེས་གསུང་སྒྲོས་སོགས་ཕྱག་མཚན་དང་བརྗེད་བྱང་དུ་བཏབ། སྒྲུབ་པའི་མེ་ཏོག་དང་ཕྱག་རྫས་ཀྱི་ཕུད་ཀྱིས་བླ་མ་མཉེས་པར་བྱས་ནས་ལན་ཅིག་མ་ཡིན་པར་གསོལ་བ་བཏབ་སྟེ་ཞུས་པ་ཤ་སྟག་ཡིན། ལན་རེ་


TN02_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གསན་པའམ་གཟིགས་པས་ཀྱང་གདམ་ངག་གི་གནད་ཕིགས་པའི་ཤེས་རབ་ཀྱི་རྩལ་བསམ་གྱིས་མི་ཁྱབ་པ་མངའ་བས་ཉིད་ཀྱི་ཡོངས་འཛིན་རྣམས་ཀྱང་ཐུགས་ཕྲོགས་ཏེ། གཙང་པཎ་ཆེན་དཔལ་ལྡན་བསྟན་པའི་ཉི་མ་དང༌། ཞྭ་ལུ་མཆོག་སྤྲུལ་རྡོ་རྗེ་འཆང་བློ་གསལ་བསྟན་སྐྱོང་སོགས་ཀྱིས་འཇམ་དབྱངས་བླ་མ་ཞེས་ཆེད་དུ་བསྔགས་པའི་ཅོད་པན་དཀར་པོ་དབུ་ལ་གསོལ། གཙང་སྟོད་ས་ཆེན་ཕུག་པར་སྨྲ་སེང་གི་སྒྲུབ་པ་མཛད་ཚེ་ཉམས་དང་རྨི་ལམ་ལྟ་བུ་མ་ཡིན་པར་རྗེ་བཙུན་འཇམ་པའི་དབྱངས་མེ་ཏོག་ཨུད་པལ་སྔོན་པོ་ཁ་ཕྱེ་མ་ཐག་པ་གུར་གུམ་གཞོན་ནུ་ལྟ་བུའི་འོད་ཟེར་གྱི་དྲྭ་བས་མཛེས་པའི་རྣམ་པར་དངོས་སུ་བྱོན་ནས་ཐུགས་ཀར་ཐིམ་སྟེ་བྱིན་གྱིས་བརླབས་ཤིང༌། སློབ་དཔོན་འཕགས་པ་ཐོགས་མེད་དང༌། ཡེ་ཤེས་ཞབས་སོགས་ས་མཐོར་བཞུགས་པའི་པཎ་གྲུབ་སྔོན་བྱོན་མང་པོ་དང་དངོས་སུ་མཇལ་ནས་ཆོས་ཀྱི་བདུད་རྩི་བཞེས་ཏེ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས་དང༌། འཕགས་པའི་ལོངས་སྤྱོད་མཉམ་པ་ཉིད་བརྙེས། མདོར་ན་ཆོས་ཚུལ་ཕྱོགས་མེད་ལ་སྦྱངས། མཁས་པ་འཇུག་པའི་ལམ་སྲོལ་མང་པོ་གཟིགས། གྲུབ་ཐོབ་ཀྱི་བརྒྱུད་པ་མང་པོའི་བྱིན་རླབས་ཞུགས། ཟབ་རྒྱས་ཀྱི་གདམས་


TN02_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ་མང་པོའི་མཛོད་དུ་གྱུར། ཐུགས་དམ་གྱི་ལྷའི་ཞལ་གཟིགས་ཤིང་ཟབ་མོའི་བློ་གྲོས་ཀྱི་གཏེར་ཁ་བྱིན། ཉིན་མཚན་འཁོར་ཡུག་ཏུ་དམ་པའི་ཆོས་ཉན་བཤད་འབྲི་ཀློག་གི་བྱ་བས་དུས་འདའ། དེའི་དབང་གིས་བསྟན་པ་ཐམས་ཅད་ཀྱི་དཔལ་མགོན་དང༌། སྐལ་བཟང་ཆོས་དོན་གཉེར་བ་རྣམས་ཀྱི་རེ་གནས། ས་གསུམ་ན་སྒྲོན་མེ་འཛིན་པ་གཅིག་པུར་གྱུར་པ་ཡིན་ནོ། །ཐོས་དོན་སྒྲུབ་པ་སྙིང་པོར་མཛད་དེ་གྲུབ་པའི་གོ་འཕང་བརྙེས་ཚུལ་ལ་རྗེ་ཉིད་ཐ་མའི་མཛད་པ་སྟོན་དུ་ཉེ་བའི་ཚེ། ཉེ་གནས་འཇམ་དབྱངས་ལེགས་པའི་བློ་གྲོས་ལ་བཀའ་གདམས་ཆོས་འབྱུང་ཆེན་མོ་དང༌། རྗེ་བཙུན་མི་ལའི་རྣམ་ཐར་ཀློག་ཏུ་བཅུག་ནས་གསན་ཅིང༌། རང་ཉིད་ཀྱིས་ཀྱང་གཟིགས་ནས་བྱ་བཏང་དང༌། དབེན་པ་ཁོ་ན་ལ་དགྱེས་པའི་སྟངས་ཆེན་པོ་མཛད། དེ་མཐར་ས་ལམ་གྱི་རྣམ་བཞག་འགའ་རེ་དང༌། དུས་འཁོར་དང་རྫོགས་ཆེན་སོགས་ཀྱི་ལམ་ཕན་ཚུན་དོད་ཐུབ་སྒྲིག་ལུགས་སོགས་བཀའ་སྩལ་བའི་འཕྲོས་སུ། ང་ཡང་ཚོགས་ལམ་འབྲིང་པོ་ཙམ་ལ་སླེབས་པ་ཡིན་པ་འདྲ་ཞེས་གསུངས་པས་མཚོན་ཏེ། ལྕེ་བཙུན་སྙིང་ཐིག་གི་ལུང་བསྟན་དུ། གསང་བ་སུས་ཀྱང་བརྟགས་པར་


TN02_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ། ལྟར་སྣང་ཐ་མལ་པ་རྣམས་དང་ཤིན་ཏུ་མཉམ་པར་སྤྱོད་པ། ཞེས་གསུངས་པ་ལྟར་དུས་ཐམས་ཅད་དུ་སྦས་པའི་བརྟུལ་ཞུགས་ཁོ་ན་ལ་གནས་པས་མཁས་པ་དང་རྣལ་འབྱོར་པ་ཆེ་བར་སྙེམས་པ་དག་གིས་ཀྱང་གཏིང་དཔོག་དཀའ་ན། ཀུ་བའི་ཚིག་གུ་ལྟ་བུའི་བློ་གྲོས་ཅན་བདག་འདྲས་ལྟ་ཅི་སྨོས། འོན་ཀྱང་གསེར་ས་འོག་ཏུ་ཡོད་ན་འོད་ནམ་མཁའ་ལ་འཆར་ཟེར་བའི་ཚུལ་དུ་ཕྱོགས་ཙམ་མཐོང་ཐོས་སུ་གྱུར་པ་ལས་རེ་རེ་གཉིས་གཉིས་ཤིག་བརྗོད་ན། བྱིས་པའི་དུས་སུ་རྣལ་འབྱོར་དབང་ཕྱུག་རྡོ་རྗེ་དྲིལ་བུ་པ་དང༌། པཎ་ཆེན་བི་མ་ལ་མི་ཏྲ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་མཆོག་གྲུབ་རྒྱལ་པོ། གུ་རུ་ཆོས་ཀྱི་དབང་ཕྱུག །འཆི་མེད་ཐང་སྟོང་རྒྱལ་པོ་སོགས་སུ་གྱུར་པའི་ཚུལ་དེ་རིང་གི་སྐབས་ལྟར་དྲན་པར་གསུངས་ཏེ། དོན་གྱིས་བྱང་ཆུབ་བརྙེས་ཟིན་དུ་ཞལ་བཞེས་གནང་བ་ཡིན། དགུང་ལོ་བཞི་པར། འཕགས་པ་འཇམ་དཔལ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་རྣམ་པ་ཅན་གྱིས་སྙིང་ཐིག་སྒྲོན་མ་བདུན་པ་ཞེས་བྱ་བའི་ཆོས་ཀྱི་ཕམ་ཕབ་བསྩལ། ལོ་བརྒྱད་བཞེས་དུས་སྙུན་གྱི་ཚོར་བ་མི་བཟོད་པ་བཞེས་ཚུལ་བསྟན་པའི་རྐྱེན་ལས་ཨོ་རྒྱན་རྡོ་རྗེ་


TN02_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ཡབ་ཡུམ་དངོས་སུ་མཇལ་ཏེ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་མཚོ་རྒྱལ་གྱིས་ཡང་ཕུར་སྦྲགས་མའི་ཟབ་སྒྲུབ་གནང༌། བཅོ་ལྔ་པ་ཤིང་རྟའི་ལོར། དངོས་དང་ཉམས་སྣང་གང་ཡིན་འབྱེད་དཀའ་བའི་ཏིང་ངེ་འཛིན་གྱི་གསལ་སྣང་བརྟན་པོའི་ངོར། དབུས་འགྱུར་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐེག་རྒྱལ་རྫོགས་པ་ཆེན་པོའི་ཆོས་ཀྱི་གླེགས་བམ་གཏད་ནས་བསྟན་པ་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་ཞིང་ཉིད་དང་རྣམ་དབྱེར་མེད་པར་བྱིན་གྱིས་བརླབས། གཙུག་ལག་ཁང་དེའི་གོ་དྲུང་ན་མེ་ཕུང་ཆེན་པོ་ཞིག་འབར་བ་གཟིགས་ནས། དེར་དབང་མེད་ལྟ་བུར་ཞུགས་པས་རགས་ལུས་ལྷག་མེད་དུ་སྦྱངས། བི་མ་ལ་མི་ཏྲ་དངོས་ཡིན་སྙམ་པའི་འོད་སྐུར་ལམ་མེ་སོང་བ་གཟིགས། འདི་ལ་རྗེ་རང་གི་བཀའ་ལས། ང་ལོ་བཅོ་ལྔའི་དུས་སུ་འཕགས་ཡུལ་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་དགུའི་སྒོ་དྲུང་དུ་སྦྱིན་སྲེག་བྱས་ཚེ་ལུས་ངག་ཡིད་གསུམ་ཐམས་ཅད་ཚིག །ཤུལ་ན་འོད་གསལ་གྱི་རིག་པ་རྐྱང་པ་ཞིག་ལུས་འདུག །དེ་ནས་བཟུང་སྟེ་རིག་པ་ཉག་གཅིག་དེ་མ་


TN02_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་གཞན་གང་ཡང་མི་འདུག །རྟོགས་འབུལ་བྱེད་མཁན་མང་པོ་བྱུང་སྟེ། ང་དང་མཐུན་པ་སུ་མ་བྱུང་ཞེས་གསུངས་ཏེ། འདི་ནི་མངའ་རིས་པཎ་ཆེན་རིན་པོ་ཆེས། ལྷ་ལུང་གི་བྲག་ལ་བྱ་ལྟར་ལྡིང༌། །བ་གམ་ཅན་བྲག་ལ་བྱི་ལྟར་འཛུལ། །སྐྱེས་ཕོ་མོ་འགས་གྲུབ་ཐོབ་གྲུབ་ཐོབ་ཟེར། །དེ་གྲུབ་ཐོབ་ཀྱི་གོ་བ་ང་མི་ལེན། །ཆོས་ཉམས་བླངས་ཀྱི་ཉམས་སྣང་ཐོབ་ཙམ་ཡིན། །དོན་འཕོ་འགྱུར་བྲལ་བ་མ་རྟོགས་ན། །ལུས་སྒྱུ་མའི་ཆོ་འཕྲུལ་བྱ་བྱིས་སྟོན། །ཞེས་སོགས་གསུངས་པ་ལྟར། གསང་སྔགས་བླ་མེད་སྤྱི་དང༌། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་མན་ངག་གི་གནད་ཤེས་པས་བལྟས་ན་མཆོག་གི་དངོས་གྲུབ་ཀྱི་རྩེ་མོར་ཕྱིན་པ་ཡིན་ཏེ། དེའི་རྒྱུ་མཚན་ཞིབ་པར་བཤད་དུ་ཡོད་ཀྱང༌། ཤིན་ཏུ་གསང་བའི་གནས་ཡིན་པས་བཞག་གོ། །ལོ་དེའི་ཕྱི་མར་རྔ་ཡབ་གླིང་དུ་སློབ་དཔོན་ཆེན་པོ་པདྨས་ངོ་མཚར་བཀའ་བབས་ཀྱི་གསང་མཛོད་བདུན་ལ་དབང་སྒྱུར་བར་རྡོ་རྗེའི་ལུང་གིས་བསྔགས་ཤིང༌། གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་ཁྱུ་མཆོག་ཏུ་མངའ་གསོལ། དེ་ལྟར་ན་སྔོན་ནས་ལམ་བསྒོམས་པས་ཚེ་འདིར་རྩོལ་མེད་རང་གྲུབ་ཏུ་བྱུང་བ་འདི་ལྟ་བུ་ལ་དམ་པ་གོང་མ་རྣམས་རང་བཞིན་གྱི་


TN02_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པ་དང༌། རང་བྱུང་གི་གྲུབ་ཐོབ་ཅེས་གསུངས་ཏེ་སྐུ་ཚེ་འདིར་དངོས་གྲུབ་སྒྲུབ་པའི་ངལ་བ་ལ་མི་ལྟོས་ཀྱང་གོང་དུ་ཇི་སྐད་སྨོས་པའི་དགོས་དབང་གཟིགས་ནས། སྐུ་ན་གཞོན་དུས་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་སྦྱང་རྒྱས་པར་བཏང༌། སླད་ནས་གཏེར་ཕྱོགས་སྔོན་འགྲོའི་ཁྲིད་དང༌། བཀའ་གདམས་ལམ་རིམ་དང་བློ་སྦྱོང་གི་སྐོར་གུང་བསྒྲིགས་ནས་ཉམས་བཞེས་ཀྱི་མཐིལ་དུ་བཟུང༌། བྱ་རྒྱུད་རིག་གསུམ་སྤྱི་དང༌། རྣམ་འཇོམས་གདུགས་དཀར་སོགས་བྱེ་བྲག་དང༌། རྣམ་སྣང་མངོན་བྱང༌། རྡོར་དབྱིངས། ཀུན་རིག །བདེ་དགྱེས་གཉིས་དང་དུས་འཁོར། གུ་རུ་ཞི་དྲག་སྐོར་མང་པོ། །བཀའ་བརྒྱད་དང་ཕུར་པ་ལུགས་སྲོལ་བཅུ་དགུ་ཙམ། མདོ་སྒྱུ་གཉིས་སོགས་དཀྱིལ་འཁོར་གྱི་ལྷ་མང་པོའི་བསྙེན་པ་སྦྱིན་སྲེག་དང་བཅས་པ་རང་རང་སོ་སོའི་བརྒྱུད་པའི་ཕྱག་བཞེས་འཁྲུལ་མེད་ལྟར་མཛད། དེ་དག་གི་ཚེ་ཡང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་བརྒྱུད་པའི་བླ་མ་དང་བཅས་པས་ཞལ་བསྟན་ཅིང༌། རྣལ་འབྱོར་མའི་ཞབས་འཐེབ་ལས་བྱུང་བའི་བདུད་རྩིས་རྡོ་རྗེ་གསུམ་གྱི་ལང་ཚོ་རྒྱས་པ་དང༌། འཕགས་མ་ཡིད་བཞིན་འཁོར་ལོ་ཡི་གེ་བཅུ་པའི་སྒྲ་དབྱངས་ཅན་མངོན་སུམ་དུ་བྱོན་ཏེ། ཐུགས་རྒྱུད་འོད་


TN02_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་དབྱིངས་སུ་འདྲེས་པས་དགོངས་པའི་གཏེར་ཁ་རྡོལ་བ་དང༌། རིག་འཛིན་དགའ་རབ་རྡོ་རྗེས་སྡེ་གསུམ་རྫོགས་པ་ཆེན་པོའི་བསྟན་པ་གཏད་པ་དང༌། རང་བྱུང་པདྨ་རྒྱལ་པོས་ལན་ཅིག་མ་ཡིན་པར་དངོས་སུ་བྱིན་གྱིས་བརླབས་པ་སོགས་རྩ་གསུམ་ལྷག་པའི་ལྷས་རྗེས་སུ་བཟུང་བའི་རྣམ་གྲངས་མཐའ་ཡས་ཀྱང་ཐུགས་སྒམ་པས་ཆེར་མི་གསུང༌། མྱུར་མཛད་ནག་པོ་ཆེན་པོ་དང་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་སྐུ་ལུས་དང་གྲིབ་མའི་ཚུལ་དུ་བཞུགས་ནས་ཕྲིན་ལས་ཐམས་ཅད་བཞེད་པ་བཞིན་སྒྲུབ། སྔགས་སྲུང་ཨེ་ཀ་ཙ་ཊིས་མཁའ་འགྲོའི་ཆོས་མཛོད་ཀྱི་གླེགས་བམ་མང་པོ་དངོས་སུ་ཕུལ་བ་སོགས་རྡོ་རྗེའི་ཆོས་སྲུང་ཐམས་ཅད་བྲན་བཞིན་བྱེད། བྱིས་པ་ལྟར་མ་ཁེངས་ཤིང་འགྲོགས་ན་བདེ་བའི་ངང་ཚུལ་ཅན་ཡིན་ཡང་རང་སྣང་དབང་དུ་འདུས་པའི་རྟེན་འབྲེལ་གྱིས་ལུགས་གཉིས་ནས་གཟི་བརྗིད་ཆེ་བར་སྙེམས་པ་སུས་ཀྱང་གཟི་བརྗིད་མི་བཟོད་པར་ཞུམ་བཞིན་དུ་འདུད། རྙེད་བཀུར་གྱི་ཕྱིར་དུ་བླ་མ་འཚོང་བ་དང༌། མདུན་དུ་ཆོས་ཞུ་ཞིང་ཕག་ཏུ་སྐུར་ཞུ་གཏོང་བ་དང༌། ཕྲག་དོག་གིས་གསོལ་ངན་འདྲེན་པ་སོགས་ལོག་སྒྲུབ་མཁན་ཇི་སྙེད་ཅིག་བྱུང་ཡང་བག་ཙམ་ཐུགས་གཡོས་པའི་མཚན་མ་ཡང་མེད་


TN02_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕྱི་ཕྱིར་ཕན་འདོགས་པ་ཁོ་ན་ལ་དགྱེས། ཆེ་གཉན་རྣམས་ཀྱིས་འབུལ་ཆེན་བཏེགས་པ་ན་ང་ལ་སྡིག་རོ་འགེལ་བ་རེད་ཅེས་མི་དགྱེས་ཤིང༌། སྤྲང་པོ་སོགས་ཀྱིས་རྫས་ངན་ངོན་ཅིག་ཕུལ་ཡང༌། འདི་ཕྱུག་པོ་ཚོས་བརྒྱ་འབུལ་གྱི་དོད་ཡིན། ཨ་རེ་ཤ་ཚ་ཞེས་ཕྱག་ཏུ་བཞེས་ནས་བསྔོ་སྨོན་གནང་བ་སོགས་དམན་པ་དང་ཕོངས་པ་ལ་ལྷག་པར་བརྩེ་བར་མཛད། རེས་ཤིག་ཀོང་སྤྲུལ་རྡོ་རྗེ་འཆང་རྫོང་གསར་དུ་ཡུན་རིང་ཙམ་བཞུགས་ནས་ལོ་མཇུག་དུས་གཏོར་སྐབས་རང་གནས་སུ་ཕེབས་གྲབ་མཛད་པ་གསན་ནས་ཀོང་སྤྲུལ་རིན་པོ་ཆེ་རེ་ཞིག་བཞུགས་ན་ཆོས་འཆད་ཉན་བྱེད་རྒྱུ་མང་པོ་ཡོད་དེ། སྐུ་རིམ་མང་པོ་དགོས་གསུངས་ནས་ཕེབས་རྒྱུ་ཡིན་སྐད། ཁོང་ལྟ་བུའི་རྣལ་འབྱོར་པ་ལ་སྲུང་རིམ་གཏོ་ཆོག་རིགས་ཀྱིས་ཅི་བྱ། ང་རང་ཚོས་ནི་ལུས་ངག་ཡིད་གསུམ་འདི་སེམས་ཅན་ཐམས་ཅད་ཀྱི་གླུད་དུ་བསྔོས་ནས་སྨོན་ལམ་འདེབས་པ་མ་གཏོགས། མི་ཚེ་འདི་ལ་རང་དོན་དུ་གླུད་མཛུ་གུ་ཙམ་དང༌། གཏོར་མ་མཐེབ་ཚེ་གང་ཡང་བསྔོ་མ་མྱོང་ཞེས་གསུངས་ཤིང༌། རྒྱལ་ཁམས་ནང་འཁྲུགས་ཆེན་པོ་ཞིག་འབྱུང་ལ་ཉེ་བའི་ཚེ་སྡེ་འཁྲུགས་ཀྱི་སྣ་འདྲེན་བྱེད་པའི་འབྱུང་པོ་མ་རུངས་པ་


TN02_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཉིད་ཀྱི་སྐུ་ཚེའི་ལྷག་མ་ལོ་བརྒྱད་ཟས་སྐལ་དུ་བྱིན་ནས་ཞི་བར་མཛད་པ་སོགས་བདག་པས་གཞན་གཅེས་ཀྱི་སྤྱོད་པ་འབའ་ཞིག་ལྷུར་ལེན། གང་དུ་བཞུགས་ཀྱང་ཚུལ་ཁྲིམས་ཀྱི་དྲི་བཟང་མཚུངས་པ་མེད་པ་ཁོར་ཡུག་ཏུ་ལྡང་ཞིང༌། གཏུམ་མོའི་བདེ་དྲོད་ལྷག་པར་འབར་བས་མགོ་རྒྱལ་གྱི་ཟླ་བའི་གྲང་སྒང་ལ་ཡང་གཟིམས་སྤྱིལ་ནང་དུ་ཚད་པ་གཞུང་རྒྱས་ཀྱི་དུས་ལྟར་གོས་སྟན་ཆིག་རྐྱང་ལ་བརྟེན་དགོས་པ་དང༌། ཐོག་ཁར་ཁ་བ་བབས་ཚད་དེ་མ་ཐག་ཞུ་ནས་མི་འཆགས་པ་བསྙོན་མེད་དུ་མཐོང་ཡང་སྔོན་དུས་ཁང་དམར་མདོར་གཏེར་ཆེན་མཆོག་གླིང་དང་ལྷན་ཅིག་རས་འབུད་བཏང་ཞིང༌། འཁྱག་པ་ཞུ་བའི་ནུས་པ་བསྟན་པས་དེར་འཁོད་ཐམས་ཅད་ངོ་མཚར་དུ་གླེང་བ་ན། མི་གསོན་པོའི་ལུས་ལ་དྲོད་ལོས་ཡོད། དེ་ལ་ཡ་མཚན་གང་ཡང་མེད་ཅེས་གསུངས་པར་གྲགས། ཉག་དམག་གིས་རྫོང་གསར་དགོན་མེས་བསྲེག་དུས། རྗེ་ཉིད་བཞུགས་པའི་སྐུ་འཁྲིས་ཀྱི་སྐར་ཁུང་ནང་ནས་མི་ལྕེ་དམར་ཟིང་ཟིང་བྱུང་བར་སྙེམས་མེད་ཁོ་ནར་བཞུགས་པས་དེ་ཉིད་དུ་མེ་ཞི་སྟེ། དེ་ཕན་ཆད་ཀྱི་ཁང་པ་གཞན་རྣམས་ཀྱང་མ་ཚིག་པ་དང༌། སྡེ་དགེའི་སྤར་ཁང་ཆེན་པོའི་གྱང་ལ་རིག་འཛིན་རྡོ་རྗེ་དྲག་རྩལ་གྱི་སྐུ་རྟེན་དང༌། ཕྱག་མཚན་རྡོ་རྗེ་སྦས་ནས་


TN02_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏད་མཛད་པས་མེས་མ་ཚུག་པ་དང༌། དཔལ་སྤུང་ཡང་ཁྲོད་དུ་ཉང་གཏེར་ཁྲོས་ནག་གི་དབང་གནང་དུས་བདུད་རྩིའི་ཐོད་པ་རེག་ཏུ་མི་ནུས་པ་ཙམ་དུ་དྲོད་འབར་བ་དང༌། དཔལ་དགེའི་རྡོ་རིང་མར་གྲགས་པའི་རྡོ་འབུམ་ལ་རབ་གནས་ཀྱི་དགོངས་པ་མཛད་ཚེ་ཉིན་ལམ་ལྔ་དྲུག་གིས་ཆོད་པ་ཡིན་ཡང་དེར་ལྷག་པར་གནས་པའི་མེ་ཏོག་ཆར་བབས་པ་བཞིན་བྱུང་བ་དང༌། རོང་མེ་དཀར་མོ་སྟག་ཚང་ནས་ཁྲོམ་གཏེར་བཞེས་སྐབས་ཡེ་ཤེས་ཀྱི་དགོངས་ཉམས་འུར་ཏེ་བརྟུལ་ཞུགས་ཆོ་རོལ་གྱི་སྤྱོད་པ་མང་པོ་མཛད་པའི་དྲུང་དུ། སྡེ་དགེ་ས་དབང་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་བཞུགས་པའི་ཐོད་རྩ་ནས་བསྣམས་ཏེ་བརྡེག་གྲབ་ལྟ་བུ་མཛད་པའི་འཇིགས་ཟིལ་གྱི་རྐྱེན་ལས་བསམ་ཡས་སུ་གུ་རུ་རིན་པོ་ཆེ་དང་རྗེ་འབངས་འདུས་པ་ཞལ་འཛོམས་ནས་གཏེར་སྦེད་ཀྱི་ཕྲིན་ལས་མཛད་པའི་སྔོན་གནས་ཡད་ཡུད་ཅིག་དྲན་ཞེས་ཆོས་རྒྱལ་ཉིད་ཀྱིས་ཕྱིས་སུ་གསུངས་ཤིང༌། དེ་དུས་སྙད་འདོགས་མ་རྙེད་པ་ལྟ་བུས་རྟེན་འབྲེལ་མ་འགྲིགས་པ་མ་གཏོགས་བརྡུང་ཡག་བྱེད་རྒྱུ་བྱུང་ན་རྒྱལ་སྲིད་ལ་སྐེད་ཉག་མི་འོང་བ་ཡིན་ཞེས་བཀའ་གནང་བ་དང༌། མཁན་པོ་རིན་ཆེན་དར་རྒྱས་ལ་ཕྱག་འབེབས་གནང་བས་བར་ཆད་ཀྱི་འཕྲང་བསལ་ཏེ་ཚེ་ཚད་ལུང་བསྟན་པ་འཛོལ་


TN02_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་བྱུང་བ་སོགས་དང༌། ཞལ་ཇི་སྲིད་བཞུགས་རིང་བོད་ཡུལ་དུ་ཀླ་ཀློའི་འཇིགས་པ་མེད་པར་ལུང་བསྟན་པའི་བདེན་པ་མངོན་དུ་གྱུར་པ་སོགས་བྱིན་རླབས་ཀྱི་རྟགས་མཚན་ཡང་ཅི་རིགས་བསྟན། བླ་མ་པདྨ་བཟང་པོས་རྟོགས་འབུལ་ཞུས་པར། རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཚིག་དང་དཔེས་མཚོན་དགོས་ན་དབང་དུས་སུ་མེ་ལོང་འཇའ་ཤེལ་གྱི་བརྡ་ལ་བརྟེན་ནས་ངོ་སྤྲོད་བྱས་པ་དེ་ལས་ལྷག་པ་བཤད་མི་ཤེས། འོན་ཀྱང་གསོལ་བ་ཐོབ་ཅིག་དང་ང་ལ་བྱིན་རླབས་ཡོད་ཀྱིས་ཞེས་གསུངས་ཤིང༌། ཡང་ལན་ཅིག་ཁྱེད་ཚོས་གསོལ་བ་འདེབས་ནུས་རྒྱུ་མ་རེད་མ་གཏོགས། ང་ཤི་ཡང་བྱིན་རླབས་ཆུང་ངུ་མི་འགྲོ་བྱིན་རླབས་ཇེ་ཆེར་འོང་གིས་ཞེས་བཀའ་མི་འགྱུར་བས་ཞལ་གྱིས་བཞེས་ཏེ། མདོར་ན་འཇའ་ལུས་འཕོ་བ་ཆེན་པོས་ཡེ་ཤེས་ཀྱི་སྐུས་བསྐལ་བཟང་སངས་རྒྱས་སྟོང་གི་བསྟན་པ་མ་ནུབ་ཀྱི་བར་དུ་ཛམ་གླིང་འདི་ལས་གཞན་དུ་མི་གཤེགས་པར་འཚོ་ཞིང་གཞེས་ལ། སྐལ་བཟང་མོས་གུས་ཅན་ལ་དགོངས་བརྒྱུད་ཀྱི་ཡེ་ཤེས་འཕོ་བའི་ཐུགས་དམ་སྐད་ཅིག་ཀྱང་མི་བསྙེལ་བའི་ཚུལ་ལ་ཡང་ཡང་བསམ། ངེས་ཤེས་སྐྱེད། བློ་སྙིང་གཏད། མོས་གུས་ཀྱི་ཉམས་ཅི་ཐོན་བྱས་ལ་ཡིད་གཞན་དུ་མ་ཡེངས་པར་རྩེ་གཅིག་འདུན་པའི་གཞུར་


TN02_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྲངས་ཏེ་གསོལ་བ་གདབ་ཅིང༌། སྐབས་ཅི་རིགས་པར་སེམས་བླ་མ་ལ་བསྲེ་བའི་ཚུལ་གྱིས་ཤེས་པ་ཁོང་གློད་དེ་རང་བབས་ཀྱི་ངང་ལ་བཞག་ཅིང་ངལ་བསོ། །གསོལ་འདེབས་ཀྱི་སྔགས་ལ། ཨོཾ་ཨཱཿཧཱཾཨུ་ནི་བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་སྐུལ་བའི་སྔགས་ཡིན་ལ། ཨོཾ་བྱིན་རླབས་འབྱུང་བ། ཨཱཿདངོས་གྲུབ་སྩོལ་བ། ཧཱུྃ་ཕྲིན་ལས་མྱུར་བའི་སྔགས་སུ་བཤད་ཚུལ་སོགས་གཞན་མང་ཡང༌། འབྲུ་གསུམ་འདི་ཀ་རིག་འཛིན་བླ་མ་སྤྱིའི་བསྙེན་སྔགས་སུ་གསུངས་པའང་ཡོད་ལ། མཚན་སྔགས་གཞན་དང་སྦྲགས་ཚེ། ཐོག་མར་སྦྱར་བ་དང༌། མཚན་དེ་འབྲུ་གསུམ་གྱི་སྒྲོམ་ནས་བཟླ་བའི་ཕྱོགས་ཐ་དད་ཡོད་པ་ལས་འདིར་ཕྱི་མའོ། །གུ་རུ་ནི་བླ་མ་སྟེ་སྔར་བརྗོད་ཟིན། མཉྫུ་གྷོ་ཥ་ནི་འཇམ་པའི་དབྱངས་ཏེ་སྦྲེལ་བས་འཇམ་དབྱངས་བླ་མའམ་བླ་མ་འཇམ་པའི་དབྱངས་ཞེས་པར་འགྱུར། དེའང་རྗེ་འདི་མངའ་བདག་ཉང་དང༌། རད་གླིང་སོགས་ཀྱི་གཏེར་ལུང་མང་པོར་འཇམ་དབྱངས་ཞེས་པའི་མཚན་སྒྲས་བསྟན་ཏེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་གསང་གསུམ་དབྱེར་མེད་དུ་གྱུར་པའི་ཆ་ནས་སམ། གཙོ་བོར་གཏེར་ལུང་མང་པོ་དང་རྣམ་ཐར་སོགས་ལས་རྒྱས་པར་གསུངས་པ་ལྟར་འཕགས་པ་འཇམ་དཔལ་གྱི་


TN02_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེ་མཐའ་ཡིན་པའི་ཕྱོགས་ནས་བསྟན་པའོ། །ད་ལྟ་ཁོ་ནར་བི་མ་མི་ཏྲའི་སྤྲུལ་པའི་སྐུར་བཤད་པ་བརྗེད་དམ། ཁྲི་སྲོང་དང་བི་མ་ལ་དུས་མཉམ་ཡོན་མཆོད་ཡིན་པས་གཉིས་ཀར་ཇི་ལྟར་རུང་ཞེ་ན། རྒྱ་མཚོ་ཆེན་པོའི་གཏིང་མཐའ་འཛུབ་མོས་ཚོལ་བ་བྱ་བ་དེ་འདྲ་ལ་ཟེར། སངས་རྒྱས་མང་པོའི་ཆོས་སྐུ་སྤྲུལ་པའི་སྐུ་གཅིག་ཏུ་མཛད་པ་དང༌། སངས་རྒྱས་གཅིག་གི་ཆོས་སྐུ་སྤྲུལ་པའི་སྐུ་མང་པོ་ལ་བརྟེན་པའི་རྣམ་གཞག་རྒྱས་པར་ཡོད་དེ་སྤྲོས་པས་ཆོག་གོ །དེར་མ་ཟད་རྒྱལ་སྲས་ས་དང་པོ་ཐོབ་པས་ཀྱང་སྐད་ཅིག་རེ་རེར་སྐུའི་བཀོད་པ་བརྒྱ། འཁོར་བརྒྱ་ཕྲག་བཅས་ཏེ་སྟོན་པ་སོགས་བཤད་པས་བསམ་མི་ཁྱབ་བསམ་པའི་ངལ་བ་མི་བྱ་སྟེ། མགོ་རྨོངས་པར་འགྱུར་བའི་ཕྱིར་རོ། །རྣམ་གྲངས་གཞན་དུ་འཇམ་པའི་དབྱངས་ཞེས་པ་ནི་འཕགས་པའི་གང་ཟག་གཅིག་ཅིག་ཁོ་ནར་མི་བཟུང་སྟེ། རྒྱལ་བའི་གཉིས་མེད་ཡེ་ཤེས་ཀྱི་སྐུ་དེ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བརྗོད་པ་ཡིན་པས། སངས་རྒྱས་པ་དང༌། རྒྱ་འགྱུར་ཐམས་ཅད་འཇམ་དཔལ་དབྱངས་ཀྱི་ངོ་བོར་མངོན་པར་བྱང་ཆུབ་པ་ཤ་སྟག་ཡིན་ཏེ། དེ་ལྟར་ན་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་


TN02_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་འཇམ་དཔལ་རྡོ་རྗེའི་ངོ་བོར་བཞག་ཆོག་པས། མཐའ་གཅིག་ཏུ་སྔོན་གྱི་འཁྲུངས་རབས་འཚོལ་བའི་འབད་པ་ལ་ལྟོས་དགོས་པའང་མིན་ནོ། །གང་ལྟར་ཡང་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་ངོ་བོ་ཉིད་དུ་བཞུགས་པས་འཇམ་དབྱངས་བླ་མ་ཞེས་མཚན་གསོལ་བ་ཡིན་གྱི། བྲམ་ཟེའི་ཁྱེའུ་སེང་གེ་མིན་ཡང༌། མིང་སེང་གེ་ཞེས་བཏགས་པ་ལྟ་བུ་ནི་གཏན་མིན་ནོ། །དེ་ལྟར་གདུང་དབྱངས་ཀྱིས་མཚན་ནས་བོས་ཏེ་ཞུ་རྒྱུ་ཅི་ཡོད་སྙམ་ན། སརྦ་སིདྡྷི་ཧཱུཾ་ཞེས་པ་དངོས་གྲུབ་ཐམས་ཅད་སྩོལ་ཅིག་པ་སྟེ། དངོས་གྲུབ་ལ་མཆོག་ཐུན་མོང་གཉིས། ཐུན་མོང་ལ་ལས་ཕྲ་མོའི་དངོས་གྲུབ་དང༌། གྲུབ་པ་ཆེན་པོ་བརྒྱད་སོགས་མང་དུ་ཡོད། ཚིག་བཙན་པ། འཁོར་མང་བ། ལོངས་སྤྱོད་ཆེ་བ། གཡུལ་ལས་རྒྱལ་བ་སོགས་ཀྱང་དངོས་གྲུབ་ཀྱི་གྲངས་སུ་ཡོད་མོད་དེ། རང་ཅག་འདྲ་བ་ལ་དེ་རྣམས་ཐོབ་ཀྱང་ཕུང་འཚེང་གང་གི་གཞིར་འགྲོ་ཆ་མེད་པས། ཐག་མཁན་རྐང་ལག་བརྒྱད་པའི་གཏམ་རྒྱུད་ལྟར་མ་སོང་བར་གཏན་དུ་འཚེང་ངེས་ཀྱི་དངོས་གྲུབ་གཅིག་ཞུ་དགོས། དེ་ལ་སྣ་ཁ་མང་བ་མི་གཙོ། །གཅིག་ཆོག་སྙིང་པོ་གཅིག་ལ་མཐིལ་གཏད་དགོས་པས། བླ་མའི་བྱིན་རླབས་རང་རྒྱུད་ལ་ཞུགས། རང་


TN02_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒོ་གསུམ་བླ་མ་དང་འདྲེས་ནས། བླ་མའི་འོད་གསལ་ཐུགས་ཀྱི་ཐིག་ལེར་མངོན་པར་བྱང་ཆུབ་པར་མཛད་པ་ཞིག་དཔལ་ལྡན་བླ་མ་ཁྱོད་རང་མཁྱེན་ནོ་ཞེས་སྔར་ལྟར་ཕུར་ཚུགས་སུ་གསོལ་བ་གདབ་པར་བྱའོ། །རྗེས་ལ་དབང་བླང་བ་ནི། དེ་ལྟར་གསོལ་བ་བཏབ་པས་བླ་མ་ཉིད་ཤིན་ཏུ་དགྱེས་ཤིང་ཐུགས་རྗེའི་ཤུགས་ལྷག་པར་གཡོས་ཏེ་དབང་དང་དངོས་གྲུབ་སྩོལ་བ་ལ་ཕྱོགས་པར་གྱུར་པའི་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ཨོཾ་ཡིག་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་རང་བཞིན་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་སྔོན་པོ་རྣམས་གསལ་བཏབ། ཨོཾ་ལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུ་དང་བདུད་རྩི་འོ་མའི་རྒྱུན་ལྟར་དཀར་བ་བྱུང༌། རང་གི་སྤྱི་བོ་ནས་ཞུགས་ཤིང་སྤྱི་གཙུག་ལུས་ཀྱི་ཐིག་ལེ་ལ་ཐིམ། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་ལྟུང་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་ཁྱད་པར་དུ་ལུས་ལ་མ་དག་པར་སྣང་ཞིང་ཞེན་པའི་ཆ་རྣམས་སྦྱངས། ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་སྐུ་རྡོ་རྗེ་སྤྲུལ་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པའི་ཚུལ་གྱིས་བུམ་དབང་ཐོབ། དེ་བཞིན་དུ་མགྲིན་པར་གསུང་རྡོ་རྗེ་དང༌། ཨཱ་དམར་པོ་དང༌། འོད་ཟེར་ཉི་མ་འཆར་ཁའི་མདོག་ཅན་དང༌།


TN02_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་དམར་པོ། རང་གི་མགྲིན་པའི་ངག་གི་ཐིག་ལེར་དང༌། ངག་སྒྲིབ་དང༌། ངག་གི་སྣང་ཞེན་དང༌། གསུང་རྡོ་རྗེ་ལོངས་སྐུ་ཞེས་དང༌། གསང་དབང་ཞེས་འདོན་པ་བསྒྱུར་བ་དང༌། ཐུགས་ཀར་ཐུགས་རྡོ་རྗེའི་ཧཱུྃ་སྔོན་པོ། འོད་ཟེར་དང་བདུད་རྩི་མཐིང་ཞུན་གྱི་ཁ་དོག་ཅན། སྙིང་གའི་ཡིད་ཀྱི་ཐིག་ལེར། ཡིད་ཀྱི་སྡིག་ལྟུང་ཉམས་ཆག །ཡིད་ཀྱི་སྣང་ཞེན་ཐུགས་རྡོ་རྗེ་ཆོས་སྐུ། ཤེར་དབང་ཞེས་བསྒྱུར་བ་དང༌། གནས་གསུམ་གྱི་ཡི་གེ་ཐམས་ཅད་ལས་འོད་ཟེར་དང་བདུད་རྩི་དཀར་དམར་མཐིང་གསུམ་མཉམ་དུ་བྱུང༌། རང་གི་གནས་གསུམ་དུ་དུས་གཅིག་ལ་ཞུགས་ཤིང་ཐིམ། སྒོ་གསུམ་ཆ་མཉམ་གྱི་དྲི་མ་བག་ཆགས་ཐམས་ཅད་དང་བཅས་པ་གཏོར་ཞིང་སྦྱངས། སངས་རྒྱས་ཀྱི་རྡོ་རྗེ་གསུམ་དབྱེར་མེད་པའི་ཟུང་འཇུག་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པའི་སྒོ་ནས་དབང་བཞི་པ་ཐོབ་པར་བསམ། འདི་ནི་སྔར་བླ་མ་ལས་དབང་བསྐུར་ཐོབ་ནས་སྡོམ་པའི་རྒྱུན་མ་བཏང་བར་ཡོད་པ་དེ་ཉིད་ནུས་པ་གོང་འཕེལ་དུ་བྱེད་པས་ལམ་གྱི་དབང་ཞེས་བྱ་ལ། མང་དུ་བླང་ན་ཉམས་ཆག་སྐོང་བ་དང༌། བྱིན་རླབས་འཇུག་པའི་ཐབས་ཀྱི་རྒྱལ་པོར་འགྱུར་རོ། །ཏིང་འཛིན་དབང་ལེན་འདི་


TN02_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཅི་ཙམ་དུ་དམིགས་པ་གསལ་ཞིང་བརྟན་པ་དེ་ཙམ་དུ་ནུས་པ་ཆེ་བས། དལ་པོས་གསལ་བཏབ་ཅིང་མོས་པ་ཡིད་བྱེད་ཐེ་ཚོམ་དང་བྲལ་བར་བྱ་བ་གལ་ཆེའོ། །དབང་གི་ཡེ་ཤེས་དངོས་སམ་རྗེས་མཐུན་གྱི་ནུས་པ་ཅི་རིག་སྐྱེས་པ་རྣམས་ལྷག་པར་རྩལ་རྫོགས་ཤིང་བརྟན་པར་བྱ་བའི་ཆེད་དང༌། གཙོ་བོར་དབང་བཞི་པའི་རྗེས་འབྲེལ་དུ་ཐུགས་ཡིད་སྲེ་བ་ནི། བླ་མ་ཉིད་འོད་ཀྱི་ཐིག་ལེ་དཀར་ལ་དམར་བའི་མདངས་ཅན། སྣུམ་ལ་འདྲིལ་བ། དྭངས་ཤིང་གསལ་ལ་འོད་ཟེར་ཁ་དོག་ལྔ་འབར་བ། ཕྲ་བའི་དབང་དུ་བྱས་ན་ཡུངས་འབྲུའམ་སྲན་མ་ལྟ་བུ། ཡངས་པའི་དབང་དུ་བཏང་ན་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་ཤོང་བ་ཚད་འདི་ཙམ་ཞེས་བསམ་པར་དཀའ་བའི་གཟུགས་སུ་གྱུར་ནས་རང་གི་སྤྱི་བོ་ནས་ཞུགས། སྙིང་དབུས་མི་ཤིགས་པའི་ཐིག་ལེར་ཐིམ་པས་མཐར་ཐུག་དོན་གྱི་བླ་མ་བརྗོད་བྲལ་གཉུག་མ་སེམས་ཀྱི་རྡོ་རྗེ། དོན་དམ་འོད་གསལ་རྫོགས་པ་ཆེན་པོའི་རང་ཞལ། ཚིག་དང་ཡིད་ཀྱི་ཤུན་པས་མ་བསྒྲིབས་པར་རྗེན་ནེ་མཐོང་བྱུང་སྙམ་དུ་མོས་པ་བརྟན་པོ་བཞག་སྟེ། ལམ་འབྲས། ཕྱག་ཆེན། རྫོགས་ཆེན་སོགས་སྔར་རང་ཉིད་གང་ལ་འདྲིས་ཆ་ཆེ་བའི་གྲུབ་ཐོབ་ཀྱི་མན་ངག་བཞིན་གནས་ལུགས་ཟབ་མོའི་ངང་ལ་མཉམ་པར་


TN02_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་ལས་ལྡང་བ་ན། བླ་མ་གསང་བ་འདུས་པའི་ལམ་ཁྱེར་གསུམ་གྱི་མན་ངག་དང༌། ལེའུ་བདུན་མའི་བླ་མ་སྐུ་གསུམ་མའི་ཟབ་ཁྲིད་སོགས་ལས་འབྱུང་བ་བཞིན་རང་གི་སེམས་ཉིད་ཀྱི་ངོ་བོ་གཤིས་བརྗོད་མེད། མདངས་འགག་མེད། རྩལ་མོས་གུས་སུ་དུང་ངེ་བའི་ངང་མ་ཤོར་བར་བྱས་ལ། སྣང་གྲགས་རིག་གསུམ་དེ་ཀའི་རང་སྣང༌། དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་འབའ་ཞིག་ཏུ་བལྟ་བ་ལ་བསླབ་ཅིང༌། དགའ་བྲོད་རློམ་སེམས་སོགས་དང་མ་འདྲེས་པའི་མོས་གུས་རྣམ་པར་དག་པའི་རྒྱས་གདབ། སྟན་ཐོག་གཅིག་ཏུ་བླ་མའི་རྣལ་འབྱོར་བསྒོམས་པས་མཚོན་དུས་གསུམ་གྱི་དགེ་བ་མཐའ་དག་རང་གཞན་སེམས་ཅན་ཐམས་ཅད་ཆོས་རྗེ་བླ་མ་སངས་རྒྱས་རིན་པོ་ཆེ་ཡང་ཡང་མཐོང་བ་དང༌། སངས་རྒྱས་སུ་ངོ་ཤེས་པ་དང༌། དེའི་གདམས་ངག་གི་སྣོད་དུ་འགྱུར་བ་དང༌། ཟབ་དང་རྒྱ་ཆེའི་ལམ་གྱི་གནད་ཐམས་ཅད་ཚང་བར་སྟོན་པ་དང༌། ཇི་སྐད་བསྟན་པ་བཞིན་དུ་འབད་པ་ཐམས་ཅད་ཀྱིས་ཉམས་སུ་བླངས་ཏེ། རིང་པོར་མི་ཐོགས་པར་ཀུན་བཟང་ཆོས་རྗེ་བླ་མའི་ཐུགས་ཀློང་དུ་རྣམ་པར་གྲོལ་བ་དང༌། ཚེ་འདིར་བཙན་ས་མ་ཟིན་ན་འཆི་ཁར་རང་དབང་འཕྲོག་པའི་གནད་གཅོད་


TN02_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྡུག་བསྔལ་དང༌། ཆགས་སྡང་གི་ཡུལ་རྐྱེན་ངན་པ་སོགས་མི་འབྱུང་བར་རང་སེམས་བླ་མ་ལ་སྲེ་བའི་ཏིང་འཛིན་ལྷག་པར་ལས་སུ་རུང་སྟེ་འཆི་བ་འོད་གསལ་ལ་བརྟན་པ་ཐོབ་པ་དང༌། དེ་མ་ཐོབ་པར་སྲིད་པ་བར་དོར་འཁྱམས་ན་བླ་མ་རྗེས་སུ་དྲན་ཞིང་སྐུའི་སྣང་བ་དང་མཇལ་ནས་མཁའ་སྤྱོད་སོགས་རིག་པ་འཛིན་པའི་ཞིང་ཁྱད་པར་ཅན་དུ་ཁྲིད་དེ་ལམ་གྱི་འཕྲོ་རྫོགས་པར་བྱེད་ཅིང་སྟོན་འཁོར་དགོངས་པ་དབྱེར་མེད་དུ་འཚང་རྒྱ་བའི་རྒྱུར་བསྔོ་བས་མཚམས་སྦྱར། ཐུན་མཚམས་ཐམས་ཅད་དུའང༌། བླ་མའི་བཀའ་དྲིན་དང་ཡོན་ཏན་སྟོན་པའི་མདོ་བསྟན་བཅོས་བལྟ་ཞིང་དོན་ལ་བསམ། ཟས་ཟ་བ་ན་ཕུད་ཀྱིས་བླ་མ་མཆོད་ཅིང་ཁྲིད་གཞུང་གཞན་ལྟར་བླ་མ་ཉིད་མགྲིན་པའམ་སྙིང་ཁར་སྤྱན་དྲངས་ལ་བཟའ་བཏུང་ཚོགས་མཆོད་དུ་ཤེས་པས་ལོངས་སྤྱོད། གང་དུ་འདུག་ཀྱང་དཔལ་ལྡན་བླ་མའི་ཞབས་དྲུང་ན་གནས་པའི་འདུ་ཤེས་ཀྱིས་བག་མེད་ཀྱི་སྤྱོད་པ་སྤངས་ལ་སྒོ་གསུམ་ཚུལ་ཁྲིམས་ལ་ཅི་ཚུད་བྱ། ཉལ་བ་ན་སྙིང་གའི་དབུ་མའི་ནང་དུ་བླ་མའི་སྐུ་ཤིན་ཏུ་ཕྲ་བ་མར་མེ་ལྟར་འོད་གསལ་བ་བཞུགས་པ་ལ་སེམས་གཏད་དེ་གཉིད་ཀྱི་རྣལ་འབྱོར་བསྒོམ། དུས་ནམ་ཡང་བླ་མ་ལ་དད་པ་མེད་ཅིང་སྡང་བ་དང་དམ་སེལ་ཡོད་པའི་མི་དང་མི་འགྲོགས། བླ་མའི་མཚན་བརྗོད་པ་ན་ཡང༌། བླ་མ་ལྔ་བཅུ་པར། དེ་ཡི་


TN02_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སྨོས་བརྗོད་ན་ནི། །མིང་མཐར་ཞལ་སྔ་ལྡན་པར་བྱ། །གཞན་དག་གུས་པར་བྱ་བའི་ཕྱིར། ཁྱད་པར་ཅན་གྱི་ཚིག་དག་བརྗོད། །ཅེས་གསུངས་པ་ལྟར། གུས་པ་མ་བསྐྱེད་པ་དང༌། རྗེ་བླ་མའམ། བླ་མ་རྡོ་རྗེ་འཆང་ཞེས་པ་ལྟ་བུའི་ཚིག་མ་སྦྱར་བར་མི་བརྗོད་པ་སོགས། མདོར་ན་ཐུན་དང་ཐུན་མཚམས་ཀྱི་དགེ་སྦྱོར་ཕྲ་མོ་ནས་ཕན་ཚུན་གྲོགས་སུ་འགྲོ་བ་ལ་བསླབ་པར་བྱའོ། །འཁོར་བའི་འབྲོག་དགོན་ལས་དང་ཉོན་མོངས་དང༌། །སྡུག་བསྔལ་གཅན་གཟན་ཁྲོ་བོས་གང་བ་འདིར། །ཡིད་འབྱུང་སྐྱེས་ན་ཐར་པའི་གྲོང་མཆོག་ཏུ། །བགྲོད་པའི་ལམ་སྟོན་བླ་མ་ཉག་གཅིག་ལས། །བློ་གཏད་རེ་ལྟོས་གཞན་དུ་ཡོད་མིན་པས། །གཉེན་གྲོགས་སྲིད་སྡེ་གྱོད་དང་ཚོང་ཁེ་སོགས། །ཚེ་འདིའི་བྱ་བ་ངན་པ་རྒྱང་བསྲིངས་ཏེ། །མོས་གུས་བླ་མའི་ལམ་ལ་མི་ཚེ་སྐྱོལ། །ཕྱུག་ཀྱང་ཐམས་ཅད་བཞག་ནས་ལག་སྟོང་འགྲོ། །དར་ཡང་སྟོང་སྡེའི་ནང་ནས་གཅིག་པུར་འཁྱར། །བཙན་ཡང་ལས་ཀྱིས་ཁྲིད་ནས་དབང་མེད་འཕྱན། །ཚེ་འདིའི་ཕུན་ཚོགས་དངོས་ཀུན་དེ་འདྲར་ཟད། །སྐྱིད་ཀྱང་མི་འཚེང་སྐྱིད་སྐེ་འཆི་བས་གཅོད། །སྡུག་ཀྱང་མི་ཕུང་ཚེ་མཇུག་དགུན་ཉི་འདྲ། །འཆི་བདག་རྒྱལ་པོ་ནམ་འོང་མི་ཤེས་ཀྱིས། །རང་མགོ་


TN02_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཁོར་གཏན་གྱི་འདུན་མ་སོམས། །གང་ནའང་སངས་རྒྱས་བསྟན་པའི་ཉི་འོད་འགྲིབ། །སྡིག་སྤྱོད་ལས་ཀྱི་མུན་པ་ཇ་གནག་འོང༌། །ལམ་སྟོན་དམ་པ་ཕལ་ཆེར་ཞི་བར་གཟིམས། །བསམས་ཤིང་བསམས་ན་སྐྱོ་བའི་ཡུལ་དུ་མཐོང༌། །སྐྱོ་བར་དགོངས་ན་དོན་མེད་བྱ་བ་བོར། །དོན་ལྡན་ལས་ལ་སྙིང་སྟོབས་ཆེར་བསྐྱེད་དང༌། །འབྲེལ་བས་བསྡུས་ཚད་ཐུགས་རྗེས་རྗེས་འཛིན་ཅིང༌། །དད་པས་འཇུས་ཚད་བདེ་ནས་བདེར་འཁྲིད་ལ། །སྐལ་བ་དམན་པས་ཞལ་མཐོང་རྙེད་དཀའ་བ། །འཇིག་རྟེན་གསུམ་གྱི་ཡིད་བཞིན་ནོར་གཅིག་པུ། །འདི་འདྲར་མཇལ་བ་བགོ་སྐལ་མ་ཕམ་གྱིས། །མོས་གུས་སྒོམ་ལ་རྩེ་གཅིག་གསོལ་བ་ཐོབ། །བླ་མ་རྡོས་བཅས་ལུས་སུ་མི་བཞུགས་ཀྱང༌། །ཡེ་ཤེས་སྐུ་ལ་བགྲེས་རྒུད་འདས་གྲོང་མེད། །མཚན་དང་རྣམ་འགྱུར་གཅིག་ཅིག་བསྡུས་ཟིན་ཡང༌། །ཐུགས་རྗེའི་རྣམ་འཕྲུལ་གཞར་ཡང་ཟད་མི་ཤེས། །ཆུ་བུར་མིག་སྔར་མཐོང་ངམ་མི་མཐོང་ཡང༌། །མཁྱེན་བརྩེའི་སྤྱན་རས་སྒྲིབ་གཡོགས་མ་མཆིས་ཀྱིས། །ཐེ་ཚོམ་སྤོངས་ལ་མོས་གུས་བསྐྱེད་མཛོད་དང༌། །མི་བསླུ་ངེས་པར་བདེན་པའི་ཐུགས་དམ་ལགས། །དད་པས་ཁམས་གསོ་བླ་མའི་རྣམ་ཐར་ལ། །རབ་དགའ་རྒྱས་


TN02_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉིན་མཚན་བདེ་བར་འདའ། །སྲིད་ཞིའི་ཕན་བདེ་མཐའ་དག་བླ་མ་ལས། །འཐོབ་པར་ཤེས་ནས་བློ་བདེའི་གདེངས་ཚད་རྙེད། །འཆི་ཚེའང་སྐྱབས་མཆོག་བླ་མའི་བྱིན་རླབས་ལ། །ཡིད་ཆེས་བརྟན་པོས་འཇིགས་སྐྲག་ཟིལ་གྱིས་མནན། །ཤི་ནས་བླ་མ་གར་བཞུགས་དག་པའི་ཞིང༌། །ཐེག་མཆོག་ཆོས་ཀྱི་འབྱོར་པས་བརྒྱན་པར་འགྲོ། །དེ་ལྟར་ཚེ་འདི་བདེ་ལ་ཕྱི་མར་སྐྱིད། །དུས་རྣམས་ཀུན་ཏུ་འཚེང་བའི་བདུད་རྩི་འདི། །རྙེད་པ་མང་སྟེ་རྙེད་ནས་ཟ་བ་ཉུང༌། །བསོད་ནམས་ལྡན་ཁྱོད་ཚིམ་པར་བཞེས་སུ་གསོལ། །བདག་ཀྱང་དམ་པའི་ཞབས་པད་ལ་བསྟེན་ཅིང༌། །དེ་ཡི་ཞལ་གདམས་བདུད་རྩིས་ཡིད་དབང་སིམ། །བླ་མའི་དབང་གྱུར་བཀའ་བཞིན་སྒྲུབ་པ་ཡིས། །ཐུགས་ཟིན་གཡོག་པོ་སྐྱོ་ངལ་སྤང་བར་ཤོག །བླ་མའི་རྣལ་འབྱོར་ཡེ་ཤེས་མཆོག་སྩོལ་ཉམས་སུ་ལེན་ཚུལ་ཁྲིད་ཡིག་ཏུ་བྱས་པ་འདི་ནི། ཆོས་འདི་ལ་ཉམས་ལེན་མཐིལ་པོར་འཛིན་པའི་ཡིད་ལྷུང་ལྷ་རི་བླ་མ་་ངེས་དོན་ཆོས་ཀྱི་རྒྱ་མཚོས། །གསེར་དང༌། སྨན་ཙེ་ཡུག །སྤོས་བམ་སོགས་གནང་རྟེན་དང་བཅས་སྔ་ཕྱིར་ནན་ཏན་ཆེན་པོས་གསུང་གིས་བསྐུལ་བའི་ངོར། རྗེ་བཙུན་བླ་མ་དམིགས་པ་མེད་པའི་


TN02_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ཀྱི་རྡུལ་སྤྱི་བོས་བླངས་ཤིང༌། གསུང་གི་བདུད་རྩི་སྙིང་གི་ཟ་མ་ཏོག་ཏུ་འཁྱིལ་བའི་རྡོ་རོང་གི་སྤྲང་པོ་མཁོས་ངན་ཡང་སྐལ་པ་བཟང་བར་རློམ་པ། འཇིགས་མེད་བསྟན་པའི་ཉི་མས་བློ་ཐོག་ནས་གང་དྲན་ལྷུག་པར་བྲིས་པ་འདིས་ཀྱང་འགྲོ་ཀུན་དཔལ་ལྡན་བླ་མས་རྗེས་སུ་འཛིན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།


previousབླ་མའི་རྣལ་འབྱོར་ཉམས་ལེན་གྱི་ཁྲིད་ཡིགnext