Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཐུགས་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousགུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཐུགས་སྒྲུབ།next

གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཐུགས་སྒྲུབ།


TN02_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་སྤྲོས་ཀུན་ཉེར་ཞི་གཉུག་མའི་ཁམས། །མི་ཤིགས་ཐིག་ལེ་ཆེན་པོའི་ངོ་བོ་རུ། །སྙིང་དབུས་ངེས་པ་དོན་གྱི་འོག་མིན་ཆེར། །བདེ་ཆེན་པདྨ་ཀཱ་རར་ཐ་མི་དད། །དེའང་རྫོགས་པ་ཆེན་པོ་མཁའ་འགྲོ་ཡང་ཏིག་གི་རིན་ཆེན་ཤོག་སེར་སྐོར་ཤིན་ཏུ་གསང་བའི་ཆོས་སྡེ་ལས་བྱུང་བའི་བླ་མ་རིག་འཛིན་བྱིན་རླབས་ཐུགས་སྒྲུབ་སྤྱི་དོན་རྣམ་པ་དགུར་བྱ་བ་ལས། འདིར་ཁྱབ་བདག་བློ་ལྡན་མཆོག་སྲེད་ཀྱི་ཧཱུྃ་སྒྲུབ་ལ་བརྟེན་ཏེ་འཆི་བ་མེད་པའི་ཚེ་དང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཀྱི་སྣང་བ་མངོན་དུ་སྒྲུབ་པ་ནི། ཐོག་མར་སྒྲུབ་པ་པོ་དམ་ཚིག་ལ་གནས་ཤིང་ཐེག་པ་མཆོག་ལ་གུས་པའི་བློ་ཅན་གྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས་ཏེ། དངོས་གཞིའི་རྣལ་འབྱོར་ནི། །ལྷུན་གྲུབ་ཀྱི་དྲན་རིག་ཁྱབ་གདལ་ཆེན་པོའི་ངང་ནས་ཀུན་སྣང་དམིགས་པ་མེད་པའི་སྙིང་རྗེའི་རྩལ་དྭངས་པའི་ཆུ་ལས་ཆུ་བུར་ལྟར་སྒྱུ་མ་ལྟ་བུའི་གཟུགས་སྐུར་ལང་བ་ནི། ཧཱུྃ་ཧཱུྃ་ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་རྩལ། སྐུ་མདོག་དམར་སེར་ཞལ་གཅིག་ཞི་འཛུམ་ཆགས་པའི་ཉམས་དང་ལྡན་ཞིང༌། །


TN02_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་གླེགས་བམ་དང་ཀཱ་པཱ་ལ་བདུད་རྩིས་གང་བ་འཛིན་པ། སྐུ་ལ་ཟ་འོག་གི་བེར་སྨུག་གསོལ་ཞིང་མཐོང་གྲོལ་འདབ་ལྡན་རིགས་ལྔའི་ཞྭ་ཐོད་མནབས་པ། པདྨ་ཉི་ཟླའི་གདན་ལ་སྐྱིལ་མོ་ཀྲུང་གིས་བརྗིད་ཅིང་ཞལ་ནས་བཛྲ་ཨ་ར་ལིའི་འཛབ་དབྱངས་སྒྲོགས་པ། ཕྱོགས་བཞིར་པད་ཉི་བཾ་རོའི་གདན་ལ་ལྷན་སྐྱེས་ཡེ་ཤེས་ཀྱི་་ནི། སྐུ་མདོག་དཀར་སེར་དམར་ལྗང་ལ། གཅེར་མོ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་ཕཊ་དང་ཕེམ་ཕེམ་གྱི་སྒྲ་སྒྲོགས་པ། །ཕྱག་ན་གྲི་གུག་དང་མི་ཐོད་ཁྲག་གིས་གང་བ་འཛིན་ཅིང༌། གྲུ་མོ་གཡོན་ན་ཁཱ་ཊྭཱཾ་ཌ་མ་རུས་བརྒྱན་པ་འཆང་བ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱངས་གར་སྟབས་སུ་རོལ་པ། ཐམས་ཅད་ཀྱང་ཡེ་ཤེས་བཞི་སྦྱོར་ཆེན་པོའི་སྣང་བ་མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་རྒྱ་མཚོའི་སྤྱི་གཟུགས་བདེ་སྟོང་ཕྱག་རྒྱའི་འཁོར་ལོར་རྫོགས་པའོ། །གཙོ་བོའི་ཐུགས་ཀར་པདྨ་ཉི་མའི་སྟེང་དུ་ཧཱུྃ་ཡིག་གཞོམ་དུ་མེད་པའི་ཐིག་ལེ་འོད་ཟེར་ལྔ་ལྡན་དུ་འབར་བའི་མཐའ་བསྐོར་གཙོ་བོའི་སོགས་འདི་ཙམ་ལས་གསུང་གི་སྒྲས་ཟིན་དུ་མེད་ཀྱང་མཁའ་འགྲོ་མ་བཞིའི་ཐུགས་ཀར་ཡང་ཡིག་འབྲུ་བཞི་སྒོམ་རྒྱུར་མངོན་ནོ། །མཆན། ཧ་རི་ནི་སའི་སྔགས་ཀྱི་ཕྲེང་བ་སྟོན་ཀའི་ནམ་མཁའ་ལ་ཉི་མ་ཤར་བ་


TN02_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཀུན་ནས་སྣང་བ། དེའི་འོད་ཀྱིས་རྡོ་རྗེ་སྐུ་ཡི་དཀྱིལ་འཁོར་ཐམས་ཅད་ཁྱབ་སྟེ་བདེ་ཆེན་བསམ་གྱིས་མི་ཁྱབ་པའི་ཉམས་བཟོད་མེད་དུ་འབར་བ་བལྟས་ལ་ལྷར་སྣང་གི་ང་རྒྱལ་ལ་བསླབ་ཅིང་གསལ་བར་འདོན། སླར་ཡང་སྐུའི་ཆ་ཤས་ཐམས་ཅད་ནས་རིག་འཛིན་དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་ཚད་མེད་པ་ཉི་ཟེར་ཆེན་པོ་ལ་རྡུལ་འཁྲིགས་པ་བཞིན་དུ་འོད་ཀྱི་དཀྱིལ་འཁོར་ལས་འཐོན་ཏེ། ཁམས་གསུམ་བརྟན་གཡོའི་སྣང་བ་ཐམས་ཅད་རྡོ་རྗེའི་ཞབས་བྲོ་དང་ཧཱུྃ་ཕཊ་ཀྱི་ང་རོས་ཤིག་ཤིག་ཡོམ་ཡོམ་བྱེད་ཅིང་ཐ་མལ་གྱི་སྣང་བ་ཆོས་ཉིད་དུ་སྦྱངས་ནས་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་ཡེ་ཤེས་ཀྱི་རྣམ་རོལ་དུ་མ་རོ་མཉམ་ཆེན་པོར་གྱུར། ཅེས་བསམ་ལ་ཧཱུྃ་བཟླས་བྱ། དེའང་ལྷར་སྣང་ལ་ཨ་འཐས་ཀྱི་རྒྱས་འདེབས་དང༌། སྔགས་བཟླས་ལ་དྲག་པོའི་སེང་ཆ་མི་དགོས་པས་ཏིང་འཛིན་ལྷོད་འབོལ་ལེ་བའི་ངང་ནས་བཟླས་བརྗོད་འཇམ་ན་ར་ར་བྱ་བ་ཀུན་མཁྱེན་གཉིས་པའི་མན་ངག་ལས་བྱུང་ཞིང༌། སྐབས་སུ་བུང་བ་དལ་གྱིས་འགྲོ་བ་ལྟ་བུའི་དབྱངས་ལ་བསྐྱོན་ཏེ་བཟླས་པས་ཉམས་འུར། བྱིན་འཐིབ། བག་དྲོ་ཆིལ་གྱིས་བྱུང་ན་འོད་ཟེར་སྤྲོ་བསྡུའི་ཟེར་ཀ་ཟབ་མོ་ནི། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་སྤྲོས་པའི་འོད་ཀྱིས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ་ཁྱབ། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ལྷ་དང་དྲང་སྲོང༌།


TN02_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་དང་རིག་འཛིན་ཉན་རང་བྱང་སེམས། དེ་བཞིན་གཤེགས་པ་སྲས་དང་བཙུན་མོར་བཅས་པ་རྣམས་ཀྱི་ཚེ་དང་བསོད་ནམས་སྟོབས་དང་གཟི་བརྗིད། ཡེ་ཤེས་ཡོན་ཏན། ཤེས་རབ་དང་ཏིང་འཛིན་ཐམས་ཅད་འཆི་མེད་ཀྱི་བདུད་རྩིའི་བཅུད་ལེན་ཆེན་པོར་སད་དེ་འོད་དང་འོད་ཟེར་གྱི་རྣམ་པས་ཐུགས་སྲོག་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་ཡི་གེ་འབྲུ་ལྔ་ལ་ཐིམ་སྟེ་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་བདུད་རྩི་མཚམས་སྤྲིན་ཞུ་ལུགས་སུ་བབས་པ་ལྟ་བུས་མེར་གྱིས་གང་བར་བསམ་ལ་བཟླ། འོད་ཟེར་སྤྲོ་བསྡུ་ནི་རྣོ་ལ་ངར་གྱིས་གདགས་པ་ལྟར་ལས་རབ་འབྱམས་གང་ལའང་སྡེ་ཁ་བསྒྱུར་བས་ཆོག་གོ །སྤྲོ་ན་འོད་ཟེར་བསྡུ་བ་དང་འབྲེལ་བར་རླུང་བུམ་ཅན་འཇམ་རླུང་གི་སྦྱོར་བས་གཟུང་ཞིང་མཉམ་པར་བཞག །མཇུག་ཏུ། འཁོར་གྱི་མཁའ་འགྲོ་མ་བཞི་སྙིང་པོའི་ཨོཾ་ཨཱཿཧཱཾཨུ་གི་སྒྲོམ་ནས་བཏོན་པ། ཨོཾ་རི་ནི་ས་ཧ་ཨཱཿཧཱུྃ་ཞེས་པའང་ཅི་ནུས་སུ་བཟླ། མདོར་ན་སྣང་གྲགས་རིག་གསུམ་བྱ་བྱེད་དང་བཅས་པ་རྡོ་རྗེ་བཞིའི་ལམ་ཁྱེར་དང་མི་འབྲལ་བར་བྱ་བ་ནི་དགོངས་པ་མི་འགྱུར་བའི་གཟེར་ཤིན་ཏུ་ཟབ་པ་ཡིན་པས་དེ་ཉིད་ལ་གནད་ཀྱི་སྙིང་པོར་བྱ། ཞར་བྱུང་རང་གཞན་གྱི་དོན་དུ་གྲུབ་པའི་རྫས་བྱིན་གྱིས་རློབ་པའི་ཆོ་ག་ནི། རིན་པོ་ཆེའི་བུམ་པ་མགུལ་ཆིངས་ཅན་གྱི་ནང་དུ་རྫས་སོ་ལྔས་སྦགས་པའི་བུམ་བཅུད་དམ་གི་ཝཾ་དང་དུརྦ་ལ་སོགས་པ་ཚེ་དང་ཤེས་རབ་


TN02_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བའི་རྫས་ཀྱི་རིལ་བུས་བལྟམས་ཏེ་སྟེགས་བུའི་ཁར་མཆོད་པས་བསྐོར་ཞིང་བཞུགས་སུ་གསོལ། ཁ་རྒྱན་དང་གཟུངས་ཐག་ཀྱང་བཞག །དེ་ནས། བསྙེན་སྐབས་འདི་ཉིད་དུ། །བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་བླ་མ་རིག་འཛིན་དང་ཡེ་ཤེས་ཀྱི་མཁའ་འགྲོ་གཙོ་འཁོར་ལྔ་པོ་བདག་བསྐྱེད་ཇི་ལྟ་བའི་ཆ་ལུགས་སུ་གསལ་ལ། རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ། གཙོ་བོའི་ཕྱག་མཚན་གླེགས་བམ་ལས་ཨཱ་ལི་ཀཱ་ལི་དང༌། བདེ་སྐྱོང་ལས་འཆི་མེད་ཀྱི་བདུད་རྩི། །གཞན་ཡང་གཙོ་འཁོར་ཐམས་ཅད་ཀྱི་སྐུའི་ཆ་ཤས་རྣམས་ལས་བདེ་བ་ཆེན་པོའི་བདུད་རྩི་ངང་ཧྲ་ལ་ལ་བབས་ཏེ་བུམ་ནང་གི་གྲུབ་རྫས་རྣམས་ལ་ཐིམ་པས་འོད་གསལ་དེ་ཁོ་ན་ཉིད་ཀྱི་དགོངས་པས་བྱིན་གྱིས་བརླབས་པར་གྱུར་པའི་དམིགས་པ་བྱ་ཞིང་བཟླས་པ་ལ་འབད། རྗེས་སུ་བུམ་ལྷ་འོད་ཞུ་བྱའོ། །གང་ལྟར་ཡང་ཐུན་མཐར་འཆི་བ་འོད་གསལ་གྱི་ལམ་ཁྱེར་དང་བར་དོ་སྒྱུ་མ་ལྟ་བུའི་གཟུགས་སྐུར་སྦྱོང་བའི་མན་ངག་གི་གཟེར་ཀ་ནི། རིག་འཛིན་མཁའ་འགྲོའི་དཀྱིལ་འཁོར་ནམ་མཁའ་གང་བ་རྣམས་དཔལ་འཁོར་ལོའི་དབང་ཕྱུག་གི་ཐུགས་སྲོག་དྭངས་མའི་ཐིག་ལེ་ལ་ཐིམ་སྟེ། གཙོ་འཁོར་གདན་དང་བཅས་པ་ཐམས་ཅད་ཡེ་གྲོལ་ཀ་ནས་དག་པའི་དབྱིངས་སུ་མཉམ་


TN02_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག །ཅེས་གནས་ལུགས་མ་བཅོས་པའི་རྒྱུན་སྐྱོང༌། སླར་ཡང་ལྷུན་གྲུབ་ནང་གསལ་གྱི་ཡེ་ཤེས་ཆེན་པོའི་རྩལ་སྣང་བདེ་ཆེན་སྒྱུ་མ་མཆོག་གི་ཕྱག་རྒྱ་སྣང་སྟོང་ཆུ་ནང་གི་ཟླ་བ་ལྟ་བུའི་གཟུགས་སྐུར་ལྡང་ངོ༌། །ཞེས་བསྡུ་ལྡང་གཉིས་ཀྱིས་ཆོས་སྐུའི་རིག་པ་ལས་ཡེ་ཤེས་ཀྱི་གཟུགས་སྐུར་སྙིང་རྗེ་ཆེན་པོའི་འཇུག་པས་ལྡང་བའི་རྣམ་པ་ལམ་དུ་བྱས་ནས་མཐར་དགེ་བ་བསྔོ། སྤྱོད་ལམ་ཐམས་ཅད་དུའང་ལྷར་སྣང་གི་ང་རྒྱལ་དང་མ་བྲལ་བའི་སྒོ་ནས་སྣང་གྲགས་རིག་གསུམ་བདེ་སྟོང་ཁྱབ་བདལ་ཆེན་པོའི་རྣམ་རོལ་དུ་བལྟ་ཞིང་ཉམས་བསྐྱངས། རེ་དོགས་དང་དགག་སྒྲུབ་ཀྱི་འཛིན་འཁྲིས་སྤངས་པའི་བརྟུལ་ཞུགས་རོལ་པའི་ངར་ཐོགས་ཁོ་ན་ལས་སྤྱོད་ཡུལ་ལ་འཇུག །མཚན་མོ་ཉལ་བའི་ཚེ་དབང་ཤེས་ཀུན་རྟོག་དང་བཅས་པའི་གཡོ་བྱེད་ཀྱི་བཞོན་པ་ལས་རླུང་ཡིན་པས། དེ་ཉིད་བྱ་རྩོལ་ལས་འདས་པའི་ཀློང་ཆེན་གྱི་རིག་པ་མཐའ་བྲལ་ཡེ་ཡིན་ཆེན་པོའི་ཀློང་དུ་རང་གྲོལ་བའི་ཕྱིར་སྣོད་བཅུད་ཐམས་ཅད་སྙིང་གའི་ཧཱུྃ་ལ་བསྡུས་ཏེ་གཉུག་མའི་རང་བབས་སུ་བཞག །རྨི་ལམ་རྨིས་པ་ན་དབྱིངས་ཀྱི་གསལ་ཆ་ལྷའི་རྣམ་རོལ་དུ་ལྡང་བའི་རྣལ་འབྱོར་ཟབ་མོ་ས་ལམ་དུ་ཁྱེར། དེ་སོགས་ལྷུན་གྲུབ་སྣང་བ་བཞིའི་ཉམས་ལེན་རྣམས་འོད་གསལ་མཆོག་སྒྲུབ་ལྟར་བྱ། འདི་ལྟར་ཡང་ཡང་འབད་པས་དངོས་སུ་མཁའ་འགྲོ་འདུ་བ་དང༌། རྟོགས་པ་འབར་ཞིང་རིག་རྩལ་རྒྱས་པ་ལ་སོགས་པ་དང༌། རྨི་ལམ་དུའང་གཞུང་ལས། ཤེས་རབ་འཕེལ་བའི་རྟགས་རྣམས་འབྱུང་ཿ ཞེས་གསུངས་པ་ལྟར། བློ་གྲོས་རྒྱས་པའི་རྟགས་མཚན་དང༌།


TN02_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་འཆར་བ་དང༌། པདྨའི་ཚལ་དུ་ཕྱིན་པ་དང༌། གླེགས་བམ་རྙེད་པ་དང༌། རོལ་མོ་འཁྲོལ་བ་ལ་སོགས་པ་དང༌། དེས་མཚོན་ཏེ་འཕེལ་བའི་རྟགས་སུ་དར་པོ་ཆེ་འཛུག་པ་དང༌། དུརྦའི་ཚལ་མཐོང་བ་ལ་སོགས་པ་འབྱུང་ངོ༌། །བཟླས་པའི་གྲངས་ཚད་ནི། གཞུང་ལས། ཉི་ཤུ་གཅིག་གིས་སྐལ་བར་ལྡནཿ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེདཿ ཅེས་པ་ཙམ་ལས་གསལ་ཁ་ཆེར་མེད་དོ། །བསྙེན་པ་ཐེམས་ནས་ཚོགས་ཀྱི་མཆོད་པ་དང༌། དངོས་གྲུབ་ཀྱི་རྫས་མྱང་བ། བཀྲ་ཤིས་དགའ་སྟོན་སོགས་མཐའ་རྒྱས་སུ་བྱའོ། །དགོངས་བརྒྱུད་སྟོན་པ་རིགས་ལྔའི་ཐུགས་ཏིག་གཏེར། །བརྡ་བརྒྱུད་ཀློང་བྱང་མཁའ་འགྲོའི་མན་ངག་མཛོད། །སྙན་བརྒྱུད་གྲུབ་པའི་ཞལ་ལུང་འདི་སྦྱར་བས། །དོན་གཉིས་འདོད་དགུའི་དགེ་མཚན་རྒྱས་གྱུར་ཅིག་ཁྱབ་བདག་བློ་ལྡན་མཆོག་སྲེད་ཀྱི་ཐུགས་སྒྲུབ་གསལ་བར་བསྡེབས་པ་དངོས་གྲུབ་མཆོག་སྦྱིན་ཞེས་བྱ་བ་ཀུན་མཁྱེན་འཇམ་མགོན་རྡོ་རྗེ་འཆང་རང་བྱུང་པདྨ་གླིང་པའི་ཞལ་སྔ་ནས་ཀྱི་ཞབས་རྡུལ་སྤྱི་བོས་རེག་པའི་སྐལ་བཟང་གི་གཞོན་ནུ་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཁྱབ་ཏུ་འབོད་པའི་སྙོམ་ལས་པས་རིག་འཛིན་མཁའ་འགྲོའི་ཚོགས་ལ་གསོལ་བ་བཏབ་སྟེ་སྦྱར་བས་འགྲོ་ཀུན་བདེ་བ་ཆེན་པོ་བློ་ལྡན་མཆོག་སྲེད་ཀྱི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག། །།


previousགུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཐུགས་སྒྲུབ།next