Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བོད་སྐྱོང་བརྟན་མའི་རྣམ་བཤད།
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousབོད་སྐྱོང་བརྟན་མའི་རྣམ་བཤད།next

བོད་སྐྱོང་བརྟན་མའི་རྣམ་བཤད།


TN02_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐྱོང་བསྟན་མའི་རྣམ་བཤད་བློ་གསལ་དགའ་བའི་རོལ་མོ་ཞེས་བྱ་བ་བཞུགས། །


TN02_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མ་བཅུ་གཉིས་བཞི་ཚན་གསུམ་དུ་བྱེད་ཚུལ་ལ། མི་འདྲ་བ་ཅུང་ཟད་ཡོད་ཀྱང་གྲགས་ཆེ་བ་ནི། བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ལྷ་རི་རྡོ་རྗེ་གཡའ་མ་སྐྱོང༌། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༌། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང༌། །ཞེས་དང༌། གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང༌། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང༌། །ཞེས་དང༌། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༌། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུགས་ཆོས་རྡོ་རྗེ་གཡར་མོ་གསིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་མོ་ཆེན་མོ་ཁྱེད་བཞི་


TN02_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། །ཞེས་པ་ལྟར་རོ། །དེ་དག་གི་ཆོ་དང་འབྲང་སྨོས་ན། །ལུགས་མང་ཡང༌། གྲགས་ཅན་གཅིག་བཤད་ན། ཕ་གནམ་གྱི་རྫི་སྐན་དང༌། མ་ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་བཞི། ཕ་གནམ་གྱི་གློག་ཆེན་དང༌། མ་དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་བཞི། ཕ་གནམ་གྱི་སྐྱ་འོད་དང༌། མ་དཀར་ཤམ་བཞིན་བཟང་མའི་བུ་མོ་སྨན་མོ་བཞི་སྟེ་མངའ་རིས་པཎ་ཆེན་གྱི་ཟབ་གཏེར་སོགས་ནས་བསྟན་ནོ། །འདི་དག་སྤྱིའི་གཙོ་མོ་ནི་བཀྲ་ཤིས་ཚེ་རིང་མ་ཡིན་པར་ཉང་གཏེར་བརྟན་མའི་མདོས་ཆོག་སོགས་ལས་བཤད། འདི་དག་ནི་བོད་ཀྱི་ཡུལ་བདག་ཆེས་ཆེ་བ་སྟེ། གཏེར་བདག་གླིང་པས་བརྟན་མའི་དབང་བཤད་དུ། ངོ་བོ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ། རྣམ་པ་དམ་ཚིག་གི་མ་མོ། །ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉར་གྲུབ་པ། དམ་


TN02_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བརྟན་མ་བཅུ་གཉིས་སུ་གྲགས་པ་འདི་ཉིད། ངེས་པའི་དོན་དུ་དཔལ་ཆེན་པོ་ཧེ་རུ་ཀའི་བཀའ་འཁོར་དུ་གནས་ཤིང༌། དཀྱིལ་འཁོར་ཡོངས་ཀྱི་སྲུང་མ། ཞེས་པ་ནས། སྤྱིར་བོད་ཁམས་སྡེ་དང་བཅས་པ་མཐའ་དག་དང༌། ཁྱད་པར་གསང་ཆེན་བསྟན་པའི་སྙིང་པོ་དེ་འཛིན་དང་བཅས་པ་གཅེས་པའི་བུ་བཞིན་དུ་སྐྱོང་ཞིང༌། ཕྲིན་ལས་རྣམ་པ་བཞི་ལ་ཐོགས་པ་མེད་པའི་མཐུ་ཅན། ནང་དུ་སྙིང་ཉེ་ལ་བཀྲ་ཤིས་པ། ཕྱི་རུ་རྣོ་མྱུར་ཚན་ཆེ་བ། རིག་འཛིན་སྒྲུབ་པ་པོ་རྣམས་ཀྱི་རེ་བ་ཡིད་བཞིན་དུ་སྐོང་བའི་དབང་གི་རྒྱལ་པོ་ལྟ་བུ། ཞེས་དང༌། ཚུལ་བཞིན་དུ་མཆོད་ན། སྙིགས་མའི་དུས་སུ་བོད་ཡུལ་གྱི་ལྗོངས་འདིར་ཐུབ་བསྟན་སྤྱི་དང་ཁྱད་པར་ཨོ་རྒྱན་ཆེན་པོའི་སྒྲུབ་བརྒྱུད་འཛིན་པ་རྣམས་གཅེས་པར་སྐྱོང་བ་དང༌། ཆོས་བཞིན་སྤྱོད་པ་རྣམས་ཀྱི་འདོད་པའི་ཕྲིན་ལས་སྒྲུབ་པ་ལ། རང་གི་དམ་ཚིག་སྲོག་ཏུ་གྱུར་པ་ཉིད་ཀྱིས་མཐུ་དང་བྱིན་རླབས་གཞན་ལས་མྱུར་བའི་ཕྱིར་ནན་ཏན་དུ་བསླབ་བོ། །ཞེས་གསུངས་ཤིང༌། བླ་མ་ས་ཆེན་གྱིས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་འདི་དག་ལ་མཆོད་གཏོར་བྱེད་པ་མནལ་ལམ་དུ་གཟིགས་ནས། དེ་ཕྱིན་གཏོར་འབུལ་མ་ཆག་པར་མཛད་ཅེས་འབྱུང་ངོ༌། །གནས་ཉེར་བཞི་ན་བརྩོན་འགྲུས་ཆེན་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་བཞུགས་པའི་བྱིན་རླབས་ཀྱིས། དེ་དག་སྔགས་རང་བཞིན་གྱིས་གྲུབ་པའི་གནས་ཆེན་དུ་འདོད་པ་ལྟར། བོད་ཀྱི་ཡུལ་འདིར་རྟག་ཆགས་སུ་བཞུགས་པའི་སྔགས་བླ་


TN02_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་རྣལ་འབྱོར་མ་ཆེན་མོ་ནི་འདི་དག་ཡིན་ཏེ། གཏོར་ཕྱོགས་ཁུངས་ལྡན་ཆེས་མང་པོར་འདི་རྣམས་ཕྱི་ནང་གི་དུས་སྦྱོར་དག་པ་དང༌། བདེན་དོན་བཅུ་གཉིས་ཀྱི་ངོ་བོ་ཉིད་དང༌། སྨན་མོའམ་དཀར་མོ་རྣམས་ཤྭ་ན་མ། བདུད་མོའམ་ནག་མོ་བཞི་བདག་ཉིད་མ། གནོད་སྦྱིན་མོའམ་དམར་མོ་བཞི་བསེ་བོ་སྟེ་ཕུར་སྲུང་བཅུ་གཉིས་ཀྱང་འདི་དག་གོ །བདེ་མཆོག་གི་མ་མོ་བཅུ་གཉིས་གཟུགས་གཞན་དུ་བསྒྱུར་བར་བཤད་ཅིང༌། རྡོ་རྗེ་མཁའ་འགྲོར། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའི་གཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །ཞེས་གསུངས་པ་དེའང་འདི་དག་གི་ནང་ན་བཞུགས་པར་གྲགས་སོ། །སྣང་ཚུལ་ཐུན་མོང་གི་སྐྱེ་རྒྱུད་ལྟར་ནའང༌། སློབ་དཔོན་ཆེན་པོ་བོད་ཡུལ་དུ་མ་བྱོན་པའི་གོང་ནས། གྲུབ་ཆེན་ནག་པོ་སྤྱོད་པ་སོགས་ལས་དབང་དང་གདམ་ངག་ནོད་དེ་རིམ་གཉིས་ཀྱི་ལམ་གྱིས་རྒྱུད་ཡོངས་སུ་དག་ཟིན་པར་མིད་ལའི་མགུར་འབུམ་སོགས་ཀྱིས་ཤེས་པས། ཕྱིས་སུ་སློབ་དཔོན་རིན་པོ་ཆེར་ཐོ་བརྩམས་པ་སོགས་ནི་གུ་རུའི་ཆེ་བ་འདོན་པའི་ཆེད་ཙམ་མོ། །དེ་ལ་མཁན་སློབ་ཆོས་གསུམ་གྱིས་བོད་ཡུལ་དུ་བསྟན་པའི་སྲོལ་ཐོག་མར་བཙུགས་པའི་སྐབས་སུ། སྤྱིར་དགེ་བསྙེན་ཉེར་གཅིག་སོགས་ཀྱང་གངས་ལྗོངས་སྤྱིའི་སྲུང་མར་བསྐོས་མོད་ཀྱི། མཐིལ་གཏད་ས་བརྟན་མ་བཅུ་གཉིས་ཡིན་ཏེ། །གཏེར་གཞུང་རྣམས་ལས་འདི་དག་བོད་སྤྱིའི་སྲུང་མར་མཆོད་ཚུལ་མང་དུ་གསུངས་པ་


TN02_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ། ཡུལ་ལྷ་གཞན་ལ་མི་འབྱུང་ཞིང་སྔ་འགྱུར་བཀའ་མའི་ཚོགས་མཆོད་རྣམས་སུའང༌། བོད་ཀྱི་གཞི་བདག་གཞན་མཆོད་ཚུལ་མ་གསུངས་པར། འདི་དག་ལ། བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །ཞེས་ཕུ་དུད་ཆེ་བརྗོད་དང་བཅས་ཏེ་མཆོད་ཚུལ་གསུངས་སོ། །དེ་ལྟར་འདི་རྣམས་བོད་ཀྱི་ཡུལ་བདག་གོང་ན་མེད་པར་མངའ་གསོལ་བའི་རྒྱུ་མཚན་ནི། བོད་ཡུལ་གྱི་གཙུག་ལག་ཁང་རྣམས་པེ་ཧར་ལ་བཅོལ་གཏད་མཛད་པའི་རྒྱུ་མཚན་སོགས་ཀྱིས་དཔགས་ན་འདི་ལྟར་མངོན་ཏེ། སྲིད་པའི་ལྷ་ཆེན་གཞན་ལ་གཏད་ཀྱང་བཙན་ཕྱུག་དང་འཕན་དར་སོགས་འབྱུང་བ་ཡོད་ཀྱང༌། འདི་དག་ལ་གཙོ་བོར་གཏད་ན་ཡུལ་འདི་གསང་སྔགས་སྒྲུབ་པ་རྣམས་ལ་བཀྲ་ཤིས་པར་བྱ་བ་དང༌། འདིར་གསང་སྔགས་སྤྱོད་པའི་སྐལ་ལྡན་མང་པོ་འབྱུང་བར་བྱ་བ་དང༌། ཡུལ་མི་ཐམས་ཅད་ཀྱང་སྔགས་བསྟན་ལ་དད་ཅིང་རི་མོར་བྱེད་པའི་སྒོ་ནས་བསྟན་པའི་ཉིང་ཁུ་རིང་དུ་གནས་པར་བྱ་བ་དང༌། སྒྲུབ་པོ་རྣམས་ལ་བདེ་བ་ཆེན་པོའི་དངོས་གྲུབ་མྱུར་ཞིང་མང་བར་བྱ་བའི་ཆེད་ཡིན། དེས་ན་བོད་བརྟན་མ་ལ་གཏད་པ་ནི་སློབ་དཔོན་རིན་པོ་ཆེས་བོད་དུ་སྔགས་བསྟན་འཛུགས་པའི་ཆ་ལག་ཏུ་རྟོགས་སོ། །གསང་སྔགས་སྙིང་པོའི་བསྟན་པ་མི་ནུབ་ཅིང་འཕེལ་རྒྱས་སུ་འགྱུར་བའི་གནད་ཐུན་མོང་མ་ཡིན་པ་ཡོད་པས། སློབ་དཔོན་པདྨ་རྟེན་འབྲེལ་གྱི་གནད་མཁྱེན་པ་དེས། རྒྱ་བལ་གྱི་ས་མཚམས་ཨ་སུ་རའི་བྲག་ཕུག་ཏུ་མ་མོ་འདི་རྣམས་ཞིང་ལྤགས་ཀྱི་སྟན་ལ་བཀོད། ལག་ཏུ་རྡོ་རྗེ་གཏད།


TN02_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བོད་ཁམས་སྐྱོང་སོགས་རྡོ་རྗེའི་མིང་གིས་དབང་བསྐུར་ནས་བསིལ་ལྗོངས་འདིའི་སྣོད་བཅུད་གཉིས་ཀ་གཉེར་གཏད་མཛད་པ་ཡིན་ནོ། །དེ་འདྲའི་རྟེན་འབྲེལ་ལས་ཕྱོགས་འདིར་གསང་སྔགས་འགྲུབ་པའི་གནས་ཆེན་མང་པོ་བྱུང་ཞིང༌། པཎ་གྲུབ་དབང་པོ་རྣམས་ཀྱི་དྲིན་ལས་སྔགས་ཀྱི་རྒྱུད་སྡེ་དང༌། རྒྱུད་སྡེའི་མན་ངག་མང་པོ་དང༌། དེ་དག་ལས་དངོས་གྲུབ་བརྙེས་པའང་བརྒྱུད་མར་བྱོན། མཚོ་དང་གངས་བྲག་ཐམས་ཅད་ཀྱང༌། རྡོ་རྗེ་ཐེག་པའི་ཆོས་གཏེར་གྱིས་གང་བར་གྱུར་ཏེ། དཔལ་ན་ལེན་དྲར་མེ་དགྲ་བྱུང་བ་ན། ནང་རྒྱུད་སྡེ་ལྔའི་བྱིན་རླབས་ཀྱིས་གསུང་རབ་བཅོ་ལྔ་ཆ་གཅིག་མ་ནུབ་པར་གྲགས་པ་དང༌། རྫོགས་ཆེན་གྱི་རྒྱུད་དུ་བསྟན་པའི་བཙས་གསུམ་གྱི་ཆེ་བ་གསུངས་པ་ལྟར། ས་གཏེར་འདི་རྣམས་བསྟན་པ་གནས་པའི་རྟོད་ཕུར་དུ་བཞུགས་རྒྱ་གར་དུ་མུ་སྟེགས་ཡོད་ཀྱང་སངས་རྒྱས་པ་རྣམས་དད་པ་དང་ཤེས་རབ་ཆེ་བས་རང་ཚུགས་ཐུབ་ཅིང༌། བོད་དེ་ལས་ལྡོག་ཅིང་གསར་ངས་ཆེ་བ་དང༌། བོད་ན་སྔགས་མཁན་ཡོད་ཀྱང་མུ་སྟེགས་ཀྱི་རིག་སྔགས་ཟིལ་གྱིས་གནོན་ནུས་སུ་སྒྲུབ་ནུས་མཁན་ཉུང་ཞིང་མུ་སྟེགས་ཀྱི་སྔགས་སྒྲུབ་སླ་བའི་དབང་གིས། མུ་སྟེགས་ནུས་པ་ཅན་བོད་དུ་ཞུགས་ན་བསྟན་པ་སྤྱི་དང་ཁྱད་པར་སྔགས་བསྟན་གྱི་ཕྲིན་ལས་ལ་གནོད་ཚབས་ཆེ་བས་མུ་སྟེགས་ཀྱི་རྒྱུ་སྲང་བཀག་པར་གསུང་པ་རེད་དམ་དཔྱད་དགོས། པའང་ཡིན་ནོ། །དེ་འདྲ་བ་ནི་འཛམ་གླིང་འདིའི་རྒྱལ་བསྟན་གར་ཡོད་དུ་ཡོད་པའང་མིན་ཏེ། རྒྱ་ནག་གི་ཡུལ་དུ་ཆོས་བྱུང་བ་ན། ཉན་ཐོས་དགྲ་བཅོམ་སོགས་བདག་ཉིད་ཆེན་


TN02_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མང་དུ་བྱོན་ཀྱང༌། སྔགས་ཀྱི་རྒྱུད་སྡེ་ནི་ད་ལྟའི་བར་དུ་ཡང་མ་བྱོན་པ་བཞིན་ནོ། །བརྟན་མ་འདི་དག་ནི་བདེ་ཆེན་གྱི་ཡེ་ཤེས་སྟེར་བས་བྱིན་རླབས་དང་དངོས་གྲུབ་ཆེ་ཞིང༌། རྣམ་པ་འཇིག་རྟེན་གྱི་མ་མོའི་ཚུལ་དུ་བཞུགས་པས་བཀོལ་ཡང་བདེ། རྒྱལ་བ་ཀློང་ཆེན་པ་དང༌། རྗེ་ཐང་སྟོང་ཞབས། རིག་འཛིན་འཇིགས་མེད་གླིང་པ། རྗེ་བླ་མ་རྡོ་རྗེ་འཆང་སོགས་རིག་འཛིན་བརྒྱུད་པ་རྣམས་ལ་དངོས་སུ་ཕྲིན་ལས་བསྒྲུབས་པའི་ལོ་རྒྱུས་ངེས་ཏིག་ཅན་ཡང་ཤིན་ཏུ་མང་ངོ༌། །བརྟན་མ་གཅིག་བསྙེན་ན་གཞན་རྣམས་ཀྱང་ཉེ་བར་འགྱུར་བ་ནི། བྱང་གཏེར་བརྟན་མའི་ལོ་རྒྱུས་ལས། ཁྱོད་སྒྲུབ་ཅིང་མཆོད་པའི་ཚེཿ བརྟན་མ་ཐམས་ཅད་གྲོགས་སུ་བོས་ལ་ཅི་བཅོལ་བའི་ལས་གྱིས་ཤིག༔ ཅེས་གསུངས་ཤིང༌། མིད་ལའི་དབྱངས་འབུམ་ལས་ཀྱང་གསལ་ཏེ། ཞར་བྱུང་ངོ༌། །དེ་ལྟར་ན་བོད་ཀྱི་ལྷ་འདྲེ་ཐམས་ཅད་རྩད་མི་ཆོད་ཅིང༌། རང་ཡུལ་གྱི་གཞི་བདག་ལ་ཕྱོགས་ཞེན་བྱས་པའི་མཆོད་བསྟོད་ཕལ་ཆེར་ཡང་དོན་ཆུང་བས། དེ་ཀུན་གྱི་ཚབ་ཏུ་བརྟན་མ་མཆོད་པ་ལ་འབད་པར་བྱའོ། །འདི་ཁོ་ནས་དགོས་པ་མང་པོ་བྱེད་ཚུལ་ཡང༌། བརྟན་གསོལ་ལས། བོད་དུ་མུ་སྟེགས་རྟག་ཆད་ཀྱི། །ཆོས་ལོག་མ་བཏང་ཁྱེད་ཀྱིས་སྲུངས། །གསང་སྔགས་སྒྲུབ་པའི་རྣལ་འབྱོར་ལ། །བར་ཆད་མ་གཏོང་ཁྱེད་ཀྱིས་སྲུངས། །གནས་ཆེན་བྱིན་གྱིས་རློབ་པའི་གཏེར། །མ་ཉམས་སྨོན་ལམ་བཙན་པར་གྱིས། །དམག་དང་འཁྲུགས་པ་


TN02_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་མཛོད། །ནད་དང་མུ་གེ་མ་བཏང་ཞིག །སད་སེར་བཙའ་དང་འབུ་སྲིན་སྲུངས། །གཙུག་ལག་ཁང་དང་མཆོད་པའི་རྫས། །དབེན་པའི་གནས་དང་སྒྲུབ་པ་པོ། །མ་ལུས་བུ་བཞིན་སྐྱོང་བ་དང༌། །དགྲ་བགེགས་གནོད་པ་བཟློག་ཏུ་གསོལ། །ཞེས་ཁྱད་པར་གྱི་ལས་བཅོལ་འབྱུང་བ་ལྟར། ཡོན་ཏན་གཏེར་མཛོད་དུའང༌། བོད་ཡུལ་བསྟན་པ་སྲུང་བ་དང་༔ མཐའ་ཡི་དམག་དཔུང་ཕྱིར་ལ་ཟློག༔ ནད་གདོན་གནོད་པ་སྲུང་བ་དང་༔ ཨོ་རྒྱན་ང་ཡི་གཏེར་རྣམས་སྲུང་༔ ཁྲི་སྲོང་ལྡེའུ་བཙན་བརྒྱུད་པ་སྐྱོང་༔ སད་སེར་མུ་གེ་ཤྭ་ཆུ་སྡོམ༔ བཙའ་དང་སྐྱ་ཡུག་དལ་ཡམ་ཟློག༔ དམག་འཁྲུགས་བྱད་ཁ་ཕུར་ཁ་ཟློག༔ དུས་སུ་ཆར་ཕོབ་འབྲུ་ཕྱུག་སྤེལ༔ རིགས་བརྒྱུད་བུ་ནོར་སྤེལ་བ་དང་༔ དམ་ཆོས་ཀློག་བཤད་སྒྲུབ་བརྒྱུད་སྤེལ༔ མདོ་རྒྱུད་བསྟན་བཅོས་དར་བ་དང་༔ དགེ་འདུན་སྡེ་དཔུང་ཐོས་བསམ་དར༔ འཇིག་རྟེན་ལེགས་དགུ་ཀུན་འགྲུབ་མཛོད༔ ཅེས་དམ་བསྒྲགས་སྐབས་སུ་གསུངས་སོ། །དེ་འདྲ་ལ་དགོངས་ནས་བོད་ཁམས་སྤྱིའི་བདེ་ཐབས་ལའང༌། ལྷ་སྲིན་དབང་སྡུད་དང་དམ་བསྒྲགས་ཟབ་པར་སྤྱི་ལུང་ལས་གསུངས་ཏེ། མཆིམས་ཕུར་དབང་ཆེན་འདུས་པའི་སྒྲུབ་པ་བྱ༔ བོད་ཀྱི་ལྷ་སྲིན་དབང་སྡུད་དམ་བསྒྲགས་བྱ༔ ཞེས་རྒྱལ་དབང་ལྔ་པས་དྲངས་སོ། །སློབ་དཔོན་རིན་པོ་ཆེའི་བཀའ་ཉན་ཡིན་ཕྱིན། སྤྱིར་ཡང་བོད་ཁམས་བདེ་ཐབས་ལ་མི་བརྩོན་པ་མེད་ཀྱང༌། པདྨའི་གདུང་འཚོབ་


TN02_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་གཏེར་སློབ་བརྒྱུད་འཛིན་དང་བཅས་པ་རྣམས་དང༌། པདྨའི་བཀའ་ཉན་བསྟན་སྲུང་ཆེན་པོ་རྣམས་ནགས་དང་ནགས་ཀྱི་སེང་གེ་ལྟར་ཕན་ཚུན་དཔུང་གྲོགས་དང་རྩ་ལག་ཏུ་འགྱུར་བ་ཡིན་པས། བརྟན་མ་སོགས་ལ་གསོལ་མཆོད་ལས་ཀྱི་གཉེར་གཏད་བྱེད་པའི་རིག་འཛིན་མེད་ན། དེ་དག་ཀྱང་བཙན་རྫོང་དམག་མི་དང་བྲལ་བ་ལྟ་བུར་འགྲོ་བས། སྔོན་ཡང་མི་རབས་རེ་བཞིན་ལྷ་སྲིན་དམ་བསྒྲགས་བཀའ་ནན་རབ་བརྗིད། གནས་ཆེན་བྱིན་འབེབས་སོགས་བྱེད་པའི་རིག་འཛིན་མཐུ་ལྡན་རེ་བྱུང་སྣང་ངོ༌། །བརྟན་མའི་ཆོ་ག་ནི་གཙོ་ཆེར་གུ་རུ་ཞི་བ་དང་སྦྲེལ་བར་གསུངས་ཏེ་ཤིན་ཏུ་གྲགས་ཆེ། རྟ་མཆོག་རོལ་པ་ལའང་འབྲེལ་ཆགས་ཚབས་ཆེ་སྟེ༔ ཡོན་ཏན་གཏེར་མཛོད་ལས། ཚ་ཤོད་མང་ཡུལ་དཔལ་མོའི་མཚོར༔ དབང་ཆེན་རོལ་བའི་སྐུར་བསྟན་ནས༔ དམ་ལ་བཏགས་པའི་དགེ་བསྙེན་དང་༔ ཕུད་བདག་བརྟན་མ་བཅུ་གཉིས་ཚོགས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ ཞེས་དང༌། གྲོལ་ཐིག་གཤོག་རྒོད་མར། བསྟན་སྐྱོང་རྡོ་རྗེ་གཤོག་རྒོད་མ༔ འཁོར་འདས་དྲེགས་པ་དཔག་མེད་བཅས༔ བསམ་ཡས་དཔལ་གྱི་མཆིམས་ཕུ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྟ་མགྲིན་ཁྲག་འཐུང་དཀྱིལ་འཁོར་དུ༔ དབང་བསྐུར་བཀའ་དང་དམ་ལ་བཞག༔ དེ་ཚེ་གསང་བའི་མཚན་བཏགས་པ༔ དཔལ་ལྡན་རྡོ་རྗེ་གཡུ་སྒྲོན་མ༔ ཞེས་གསུངས་ཤིང༌། ཚེ་སྒྲུབ་ཡེ་ཤེས་འོད་མཆོག་གི་བརྟན་མའི་གཏོར་ཆོག་ཏུའང༌། དྲག་པོ་དབུ་དགུའི་དབུ་རེ་རེ་


TN02_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལས་རྟ་ཞལ་གྱི་གདེང་ཀ་ཕྱུངས་ཏེ། རྟ་སྐད་ཀྱི་རྔམས་སྒྲས་བརྟན་མ་བཅུ་གཉིས་སོ་སོའི་འཁོར་འབུམ་འབུམ་དང་བཅས་པ་དབང་དུ་བསྡུས། ཟིལ་གྱིས་མནན་ནས། དམ་ལ་བཞག་པར་བྱ། ཞེས་གསུངས་པ་དང༌། གྲུ་གུའི་རྟ་མགྲིན་དྲེགས་སྒྲོལ་ལས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བྲག་དམར་བསམ་ཡས་་པ་གླིང་དུ༔ མན་ངག་ལྟ་བའི་ཕྲེང་བ་བཤད་པའི་ཚེ༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་བསྟན་དམ་ལ་བཏགས་ནས་ཀྱང་༔ བཀའ་ཡི་གཏེར་མ་བླང་བར་མ་ཆད་དམ༔ བཅོལ་བའི་ལས་རྣམས་བྱ་བར་མ་ཆད་དམ༔ ཞེས་འབྱུང་ངོ༌། །མདོ་ཚོགས་ཆེན་འདུས་པའི་གཙོ་བོ་དང༌། མ་མོ་རྦད་གཏོང་གི་གཙོ་བོ་གཉིས་ཀའི་སྲིད་པ་མ་མོ་དབང་སྡུད་ཀྱི་ཞལ་རས་རྟ་མགྲིན་གྱི་ཞལ་གྱི་ངོ་བོ་དང་རྣམ་པར་བྱ་བར་གསུངས་པ་སོགས་ཁུངས་ཤིན་ཏུ་མང་ངོ༌། །སྲིད་པ་མ་མོ་རྩ་རླུང་ཐིག་ལེའི་སྒོ་ནས་འཆད་ཚུལ་ལྟར་བཤད་ན། འདོད་ཁམས་དག་པ་སྨན་མོ་བཞི་སྐུ་རྡོ་རྗེ་སྤྲུལ་སྐུའི་ཕོ་ཉ་མོར་ངེས་པའི་སྒོ་ནས་གནས་པ་རྩ་སྦྱོང་ཞིང་དབང་དུ་སྡུད་པ་དང༌། ལུས་ཀྱི་སྨད་ཀྱི་ཆའི་རྩ་རླུང་ཐིག་ལེ་རྣམས་ཁྱད་པར་དུ་སྦྱོང་བའི་རྣལ་འབྱོར་དང༌། གཟུགས་ཁམས་དག་པ་གནོད་སྦྱིན་མོ་བཞི་གསུང་རྡོ་རྗེ་ལོངས་སྐུའི་ཕོ་ཉ་མོར་ངེས་པའི་སྒོ་ནས་གཡོ་བ་རླུང་རྣམས་སྦྱོང་ཞིང་དབང་དུ་སྡུད་པ་དང༌། ལུས་ཀྱི་རྐེད་པའི་རྩ་རླུང་ཐིག་ལེ་རྣམས་ཁྱད་པར་


TN02_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦྱོང་བའི་རྣལ་འབྱོར་དང༌། གཟུགས་མེད་དག་པ་བདུད་མོ་བཞི་ཐུགས་རྡོ་རྗེ་ཆོས་སྐུའི་ཕོ་ཉ་མོར་ངེས་པའི་སྒོ་ནས་བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་སྦྱོང་ཞིང་དབང་དུ་སྡུད་པ་དང༌། ལུས་ཀྱི་སྟོད་ཀྱི་ཆའི་རྩ་རླུང་ཐིག་ལེ་རྣམས་ཁྱད་པར་དུ་སྦྱོང་བའི་རྣལ་འབྱོར་ལ་སློབ་པ་དང༌། དེ་ལྟར་བརྟན་མ་བཅུ་གཉིས་པོ་ཐམས་ཅད་ནང་གི་རྡོ་རྗེ་ཕག་མོ་ཙཎྜ་ལིའི་རོལ་པར་འདུས་ཤིང༌། རང་སེམས་ལྷན་སྐྱེས་ཀྱི་རིག་པ་གཅིག་པོའི་ཆོ་འཕྲུལ་དུ་རྫོགས་པར་ཤེས་ཏེ། བཞི་ཚན་གསུམ་པོས་རིམ་བཞིན། སྣང་བ་སྐུ། གྲགས་པ་གསུང༌། དྲན་རྟོག་ཐུགས་ཀྱི་འཁོར་ལོར་རྒྱས་འདེབས་པའི་རྣལ་འབྱོར་ལ་བརྩོན་པས་རྟེན་འབྲེལ་བཅུ་གཉིས་དག །བདེན་དོན་བཅུ་གཉིས་རྟོགས། ཡེ་ཤེས་མ་མོ་བཅུ་གཉིས་བདེ་ཆེན་གྱི་དབྱིངས་སུ་རྫོགས་པའི་གོ་འཕང་འཐོབ་པར་འགྱུར་བས་ན། རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་བརྟན་མའི་བླ་རྡོར་བཅངས་ནས། དེ་དག་ལ་དབང་ཐོབ་པར་བྱས་ཏེ་འཁོར་འདས་སྲེ་བའི་གནད་ལ་གོམས་པར་བྱེད་པ་ནི་ཆེས་ཟབ་པའི་མན་ངག་ཏུ་མངའ་རིས་པཎ་ཆེན་རིན་པོ་ཆེས་བཤད་དོ། །གཞུང་འདིར་བརྟན་མའི་ཆོ་ག་སྟོན་ཚུལ་ནི། རྐང་པ་དང་པོ་གཉིས་ཀྱིས་བརྟན་མའི་དེ་ཉིད་སྟོན། དེ་ནས་གཅིག་གིས་བརྟན་མའི་རྣམ་གྲངས་སྟོན་ཏེ། སྤྲུལ་གཞི་བརྟན་མ་བཅུ་གཉིས། དེའི་སྤྲུལ་པ་སྐྱོང་མ་བཅུ་གཉིས། དེའི་སྤྲུལ་པ་ཡ་མ་བཅུ་གཉིས་ཞེས་འབྱུང༌། དེ་ནས་གཅིག་གིས་ཕྲིན་ལས་ལ་སྤྱན་དྲངས་པ། དེ་ནས་


TN02_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་སྔོན་གྱི་ཐ་ཚིག་གླེང་བ། དེ་ནས་གཅིག་གིས་གཏོར་མ་བསྔོ་བ། དེ་ནས་གཉིས་ཀྱིས་རྣལ་འབྱོར་བའི་དགོས་ཀྱི་ལས་འཆོལ་བ། དེ་ནས་གསུམ་གྱིས་བསྟན་འགྲོ་སྤྱིའི་དོན་དུ་ཕྲིན་ལས་གསོལ་བ། དེ་ནས་སྔགས་ཀྱིས་གཏོར་མ་སྟོབ་པ། ཐོག་མར་སྲོག་ནས་དྲང་བ་དང་བཅས་པའོ། མ་མོ་དང་བྷྱོ་གཉིས་གང་ལ་བཤད་ཀྱང་ཉན། རྒྱུ་མཚན་འདྲ་ཡང་ཡོད། བཟླས་པ་འདོད་ན་བྷྱོ་བསྙེན་ལ་ཚང་བར་གསོལ་ལོ། ༈ །བརྟན་མ་བཅུ་གཉིས་ཀྱི་བདུད་མོ་བཞི་སྙིང་པོའི་རྣལ་འབྱོར་མ་བཞི། མ་རིག་པ་སོགས་རྟེན་འབྲེལ་བཞི་དག་པ། ཡེ་ཤེས་བཞིའི་ངོ་བོ་ཉིད། གནོད་སྦྱིན་མོ་བཞི་ཁ་གདོང་མ་སོགས་སྒོ་མ་བཞི་སྐྱེ་མཆེད་སོགས་བཞི་དག་པ། དགའ་བ་བཞི། སྨན་མོ་བཞི་གཤིན་རྗེ་བརྟན་མ་སོགས་མཚམས་མ། ལེན་པ་སོགས་བཞི། ཚད་མེད་བཞི། དུས་སྦྱོར་བཅུ་གཉིས་ཀྱི་དག་པ་དང་སྦྱོར་ཚུལ་རང་རེའི་བསང་བརྔན་ལྟར། འདི་ལྟར་ཤེས་ན་ཡེ་ཤེས་མཆོག་གི་དངོས་གྲུབ་སྟེར་ལ། རང་རྒྱུད་པར་བཟུང་ན་གནས་སྐབས་ཀྱི་འདོད་དོན་ཙམ་ལས་མི་འབྱུང་བར་མངའ་རིས་པཎ་ཆེན་གསུངས། ཕྲིན་ལས་ཀྱི་སྤྲུལ་པ་བརྟན་མ་བཅུ་གཉིས་ཞེས་དང༌། ཚེ་རིང་སྲོག་གཏད་ཀྱི་ལོ་རྒྱུས་སུ་དབྱིངས་ཕྱུག་ཨེ་ཀ་ཛ་ཊི་སྤུན་དྲུག་འདི་དག་ཏུ་སྤྲུལ་པར་རྒྱས་པར་བཤད་ཅིང༌། ནམ་ཞིག་སྔགས་ཀྱི་བདག་མོའི་ཡང་སྤྲུལ་ནི། །ཞིང་སྐྱོང་ཌཱ་ཀིའི་དབང་མོ་ཚེ་རིང་མས། །ཞེས་སོགས་སྔགས་སྲུང་མའི་གཟུགས་འགྱུར་ཁོ་ནར་གསུངས། རེ་མ་ཏི་ནི་


TN02_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཁམས་སྤྱིར་སྲུང་བས། ཀླ་ཀློས་ཀྱང་མཆོད་པར་བཤད་ཅིང༌། དེས་མཆོད་ན་ཡང་སངས་རྒྱས་པར་འཚེ་བ་སོགས་ཁོ་རང་ཚོས་གསོལ་བ་བཏབ་པ་བཞིན་འབྱུང་བར་གྲགས། དེ་ཉིད་བོད་ཡུལ་ལ་སྒོས་སུ་ཉེ་བའི་སྲུང་མ་དང༌། དཀར་ཕྱོགས་ཁོ་ནའི་ལྷ་མགོན་དུ་བཞེངས་པ་ནི་འདི་དག་སྟེ། ཕྱོགས་འདིར་རེ་ཏི་ལས་ཀྱང་འདི་དག་ཉེ་ཞིང་བསྔགས་པར་གསལ། དེའང་རེ་མ་ཏི་བརྟན་མའི་རྣམ་པར་སྒྲུབ་ཅེས་པའོ། །འདི་དག་རྣལ་འབྱོར་བླ་མེད་ཀྱི་གདམས་པ་མཆོག་མངའ་བའི་རྣལ་འབྱོར་མར་རྗེ་བཙུན་ཙོང་ཁ་པའང་བཞེད་དེ། དེས་ཚེ་རིང་མཆེད་ལྔར་མིད་ལས་གནང་བའི་བར་དོ་འཕྲད་སྒྲོལ་གཟིགས་ནས་གསང་འདུས་ཀྱི་བསྲེ་བའི་གནད་ལ་ངེས་པ་ཆེན་པོ་འཁྲུངས་ཏེ་ཡི་གེ་དེ་ལ་མཆོད་འབུལ་རྒྱ་ཆེར་མཛད་པའི་ལོ་རྒྱུས་ཀྱིས་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན་ཇོ་མོ་ལྷ་རིར་བཞུགས་དུས་གནས་ཀྱི་བྱིན་རླབས་ཡིན་ནམ་གཉིད་འོད་གསལ་ལྟ་བུ་འཆར་བ་དགའ་མོ་བྱུང་གསུངས། བརྟན་མ་ཟེར་བའི་སྒྲ་བཤད་ལ། བརྟན་པ་སྣོད་ཀྱི་འཇིག་རྟེན་སྐྱོང་མ་ཞེས་པར་བརྟན་གྱི་སྟེང་ནས་དང༌། བོད་དུ་མུ་སྟེགས་མི་གཏོང་བར་རྒྱལ་བསྟན་སྲུང་བ་མོ་ཞེས་ས་བསྟན་གྱི་བཤད་ཚུལ་ཡོད་ཅེས་སྐྱབས་རྗེ་གསུང༌། ར་བརྟན་ལ་བརྟན་གནས་པའམ་ཞེས་པ་ལྟར་རྟག་ཆགས་ཀྱི་ཡུལ་ལྷ་ཞེས་བཤད་ལུགས་ཀྱང་ཡོད་ཨེ་གསུང་སྙམ་སྟེ་བརྗེད། བརྟན་སྐྱོང་ཞེས་པར་ཡང༌། བརྟན་མ་བཤལ་ཆུས་སྐྱོང་ཞེས་དང༌། བརྟན་སྐྱོང་མ་མཆོད་པ་ཞེས་བཤད་ལུགས་སོ་སོར་ཡོད་གསུངས་སྣང་འདྲ་མོ་


TN02_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །དེའང་ས་པཎ་གྱིས། རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བརྟན་མ་བཅུ་གཉིས་ལ་གཏད་པས། །ཞེས་ཏེ། ཤམ་པོ་དང༌། ཐང་ལྷ་སོགས་གུ་རུའི་བཀའ་སྡོད་ཕལ་ཆེར། གཏེར་ཕྱོགས་ན། རུ་བཞི་བོད་ཀྱི་རྒྱལ་ཁམས་འདིར། །མཐོ་མཐོ་དགུང་ལ་རེག་པ་དང༌། །སོགས་ལྟར་གཙོ་ཆེར་རུ་བཞིའི་སྲུང་མར་བཤད་ལ། བརྟན་མ་བཅུ་གཉིས་ནི་རུ་བཞི་ཁོ་ནའི་ཡུལ་ལྷ་མིན་ཏེ། བསྟན་གཉིས་སྐོར་གསུམ་དུ། བོད་ཁམས་མཐའ་དབུས་ཀུན་ན་གནས་པ་ཡི། །བརྟན་སྐྱོང་ཡ་མ་འབུམ་ཕྲག་འཁོར་བཅས་རྣམས། །ཞེས་ཏེ། མངའ་རིས་ན་ཚེ་རིང་མ། ཀོང་ཡུལ་ན་དེ་མོ། །མདོ་སྨད་ན་དྲག་རྒྱལ་མ་སོགས་ཀྱིས་ཤེས། དེ་དག་གི་སྤྱི་མཛད་རྫོང་བཙན་པའི། བཙན་རྒོད་འབར་བས་དགྲ་སྲོག་ཆོད། །ཅེས་པའི་དོད་ནི། མཐའ་ཡི་དམག་དང་རྒྱ་འདྲེའི་འཚུབ། །ནས། འགོང་པོ་སྤུན་དགུའི་ནད་དལ་སྲུང༌། །ཞེས་དང༌། བོད་ཁམས་སྲུང་ཞིང་སྐྱོང་བ་དང༌། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླང་དམ་བཅས་པའི། །ཞེས་ཏེ། འདི་འདྲར་དགོངས་ནས་སྨིན་གཏེར་རྗེས་གསུངས་ཚུལ་ཟུར་བྲིས་ལྟར། སོ་སོའི་སྒོས་མཛད་ནི། རྡོ་རྗེ་ཀུན་གྲགས་མས་བདུད་དཔུང་ཟློག་པ་དང༌། གཡའ་མ་སྐྱོང་གིས་གཟའ་བདུད་དང༌། ཀུན་བཟང་མོས་བཙན་ཐོང་འདུལ་བ། ཁ་རག་ཁྱུང་བཙུན་གྱིས་གཤིན་རྗེའི་གདོན་དང་དགྲ་དཔུང་འཇོམས་པ། རྡོ་རྗེ་ཀླུ་མོས་རྨི་ལྟས་མཚན་ངན་ཟློག་པ། དགྲ་རྒྱལ་


TN02_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

མས་གློ་བུར་སེམས་ཀྱི་ཡེ་འདྲོག་ཞི་བ། དེ་མོས་ས་བདག་ཀླུའི་ནད་གདོན་ཞི་བ། གཡར་མོ་བསིལ་གྱིས་དམ་ཉམས་གནད་ལ་འབེབས་པ། བཙན་ལ་ལ་རོས་གཏད་ཟློག་ཅིང་གནོད་སྦྱིན་གདུག་པའི་ནད་གདོན་ཞི་བ། འབྲོག་ཆེན་འཁོར་འདུལ་གྱིས་བགེགས་ཀྱི་བར་ཆད་སེལ་བ། སྤྱན་གཅིག་མས་དགྲ་བགེགས་འགུག་པ། གཟུགས་ལེགས་མས་ཕུང་བྱེད་ནག་མོའི་གདོན་ཟློག་པ་སོགས་ཏེ་ལས་རྒྱ་མཚོའི་རྒྱུད་ལས་གསུངས། འདི་རྣམས་ཀྱི་ཕྱག་ཏུ་གུ་རུ་རིན་པོ་ཆེས་བོད་ཡུལ་མཐའ་དག་གཏོད་པའི་རྒྱུ་མཚན་ནི། ཕོ་རྒྱུད་ལས་མྱུར། མོ་རྒྱུད་བཀྲ་ཤིས། ཀླུ་རྒྱུད་ཚན་ཆེ་ཞེས་ཤིས་པའི་དོན་དུ་ཡིན་བྱས་ཀྱང་བྱར་ཡོད་མོད། ཟེར་རྒྱུ་གང་སྙེད་ཙམ་མོ། །དགོངས་པ་ནི་འཇའ་ཚོན་གཏེར་ཁར་ཀོང་བཙུན་དེ་མོ་ལྷ་སྲིན་འདུལ་བའི་ལས་རྒྱར་བཞེས་ཚུལ་དང༌། བརྟན་མ་བཅུ་གཉིས་པོ་ཐམས་ཅད་གུ་རུའི་གསང་ཡུམ་དུ་བཤད་པ། སྔར་བཤད་སོགས་བསྒྲིགས་ན། འདི་རྣམས་དཔལ་ཧེ་རུ་ཀའི་རང་སྣང་གི་ཕྱི་ནང་དུས་སྦྱོར་བ་ཅུ་གཉིས་སྒྲིབ་བྲལ་དུ་གྱུར་པའི་རང་རིག་གི་དག་ལྡོག་ལས་སྤྲུལ་ཞིང༌། ཕྱིས་གུ་རུ་རིན་པོ་ཆེ་ཧེ་རུ་ཀར་བཞེངས་ཏེ། ཉིད་ཀྱི་རྟེན་འབྲེལ་དུས་སྦྱོར་དག་པའི་བདེ་སྟོང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྡོག་ཆ་བཅུ་གཉིས་ལྷ་སྲིན་འདུལ་བའི་ཕོ་ཉ་མོར་ཤར་བར་བརླབས་ཤིང༌། སྙོམས་འཇུག་བདེ་བའི་རོལ་མོས་བོད་ཁམས་ཐམས་ཅད་ཟིལ་འོག་ཏུ་བཅུག་དབང་དུ་བྱས་ནས་ཧེ་རུ་ཀའི་ཞིང་ཁམས་སུ་མཛད་དེ། འདི་ནི་


TN02_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཆེན་པོའི་བརྟུལ་ཞུགས་ཀྱིས་ས་གཞི་བཏུལ་བའི་ཚུལ་ལོ། །དེ་ཉིད་བཤད་མ་ཐག་པའི་བརྟན་མའི་དེ་ཁོ་ན་ཉིད་ཤེར་ཕྱིན་གྱི་དབྱིངས་སུ་རྒྱས་བཏབ་ཅིང་སྦས་ནས་བརྟན་པར་མཛད་པའི་དྲང་དོན་རྟགས་ཀྱི་སྣང་ཆར་བོད་ཡུལ་བརྟན་མ་ལ་གཏད་ནས་མི་དང་མི་མིན་འབྱུང་པོའི་གཡོ་འཁྲུགས་གསུམ་ལྡང་མེད་དུ་མཛད་པའོ། །ཚུལ་དེས་འདི་རྣམས་བོད་ཁམས་མཐའ་དབུས་ཀྱི་སྲུང་བ་རྡོ་རྗེའི་བཙན་རྫོང་བླ་མེད་དུ་གྲུབ་བོ། །སངས་རྒྱས་ཀྱིས་འཕྲོག་མ་ལ་ཆང་བུ་སྦྱིན་པར་བཅས་པ་ལྟར། གུ་རུས་བོད་ཀྱི་ས་བཏུལ་སྐབས་ས་འདུལ་གྱི་ཕྲིན་ལས་རྒྱུན་སྐྱོང་བའི་མཁའ་འགྲོ་ཆེན་མོ་འདི་རྣམས་རྒྱུན་དུ་མཆོད་དགོས་ཞེས་རྗེས་འཇུག་ལ་ཁྲིམས་སུ་བཅས་པའི་ཚོད་ན་སྣང་སྟེ། དེ་ལྟར་བརྟན་མ་མཆོད་པ་ནི་འཇིག་རྟེན་གཙོ་མོ་དྲུག་ཆའི་དཔྱ་ཐང་གིས་བཀུར་བའི་ཚུལ་དུ་བོད་ཁམས་བསྟན་འགྲོ་བསྐྱང་བའི་སྔར་བྱས་ཀྱི་གཏང་རག་དང༌། ཕྱིས་མཛད་ཀྱི་གཉེར་ཟན་ཡིན་ལ། འདི་ཉིད་གུ་རུའི་ཟབ་གཏེར་གྱི་སྒྲུབ་གཞུང་ཀུན་ཏུ་འབྱུང་ཞིང༌། བོད་ཀྱི་ལྷ་སྲུང་གཞན་སུ་ལའང་དེ་འདྲ་མ་གསུངས་པས་གངས་ཅན་བསྟན་འགྲོ་སྐྱོང་བ་ལ་འདི་དག་དང་བརྩོན་འགྲུས་མཉམ་པའི་ཡུལ་ལྷ་གཞན་མེད་པར་ཤེས་ནུས་སོ། །དེར་ཡང་མ་ཟད་མི་དང་ཤ་ཟ་རང་བཞིན་བསྐལ་བས་ཤ་ཟས་མི་ལ་འཚེ་ནུས་པ་སྐྲག་དང་དོགས་པའི་འདུ་ཤེས་ཀྱི་མཚམས་སྦྱོར་སོགས་ལ་ལྟོས་པ་བཞིན་དུ་བརྟན་མའི་སྲུང་སྐྱོབ་ཀྱི་ཕྲིན་ལས་རང་ཅག་ལ་སྣང་ནས་ཕན་ཐོགས་པའང༌། རང་རེའི་བློ་ངོར་བརྟན་མའི་སྲུང་


TN02_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་ནང་དུ་ཡོད་པར་ཤེས་པ་ལ་ལྟོས་པས་གཏོར་འབུལ་ལས་བཅོལ་སོགས་ཀྱི་སྒོ་ནས་འདི་རྣམས་ཀྱི་སྲུང་འོག་ཏུ་ཆུད་པའི་འདུ་ཤེས་རྒྱུན་དུ་བཞག་དགོས་སོ། །དེ་མེད་ན་ནི་སྲུང་སྐྱོབ་ཀྱི་ཕྲིན་ལས་ཀྱང་རང་བཞིན་བསྐལ་དོན་དུ་འགྲོ་ཉེན་ཡོད་དོ། །ཡང་འདི་དག་མཁའ་འགྲོ་མ་ཆེན་མོར་ཡང་ཡང་བཤད་དེ། །དེའང་དྲང་དོན་དུ། ནམ་མཁའ་སྟོང་ལ་དབང་སྒྱུར་བའི། །ཞེས་པ་ལྟར་མྱུར་མགྱོགས་རྫུ་འཕྲུལ་གྱི་ཤུགས་ཀྱིས་ནམ་མཁའ་ལ་རླུང་ལྟར་ཐོགས་མེད་དུ་རྒྱུ་ཞིང་འཕྱོ་བ་སྟེ། ལྷ་མོ་མགྱོགས་མ་ཟེར་བ་ལྟར་རྦོད་གཏོང་མྱུར་མགྱོགས་ཀྱི་ཕོ་ཉར་བསྔགས་ཤིང༌། ངེས་དོན་དུ་འོད་གསལ་ཆོས་དབྱིངས་ཀྱི་ནམ་མཁའ་ལ་གྱ་གྱུར་འགྲོ་བའམ་གང་དགར་སྤྱོད་པ་སྟེ། དེས་ན་ཀུན་རྟོག་ཚུན་ཆད་ཀྱི་ལས་ཉོན་དང༌། དེ་ལས་བྱུང་བའི་སྙིགས་མ་ལྔའི་རྩུབ་འགྱུར་རི་བྲག་དང་ཆུ་དང་གཡང་ས་སོགས་ཀྱི་རྣམ་པ་ལྟ་བུ་གང་གིས་ཀྱང་དགག་ཏུ་མེད་པའི་སྤྱོད་ཡུལ་ཅན་དེ། རྒྱུ་མཚན་འདིས་སེམས་རིག་ཤན་ཕྱེད་ནས་རིག་ཐོག་ནས་བརྟན་མ་དང་དམ་སྲེ་ནུས་ན་མེ་ཆེན་རླུང་རྒོད་དང་འཛོམས་པ་བཞིན་དུ་གཉིས་ཀའི་ཕྲིན་ལས་ཀྱི་རྩ་ལ་ཤུགས་འུར་ཆིལ་གྱིས་འགྲོའོ། །ལྷ་མི་ནང་འདྲེས་མ་ཐག་རྣལ་འབྱོར་བར་ཆད་ཀྱི་འཕྲང་ལས་གྲོལ་བའི་གནད་ཅིག་དེར་ཡོད་དོ། །འཁོར་བ་ལ་ཉམ་ང་མེད་པའི་བརྟུལ་ཞུགས་ཀྱི་རྣལ་འབྱོར་དེ་ཙམ་མངའ་ན་འཇིག་རྟེན་སྨན་མོའི་རྫུ་བག་བཟུང་ནས་ཅི་བྱ་ཞེ་ན། ཡེ་ཤེས་དག་པའི་སྐུ་ནི་འགྲོ་བ་ཕལ་པ་དང༌།


TN02_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཆེས་ཁད་རིང་བས་འཁོར་སྒྱུར་ལ་སྤྲང་པོས་འདྲིས་དུང་གི་མོས་ཞེན་མི་སྐྱེ་བ་བཞིན་བསྙེན་དཀའ་ལ། ཡུལ་ལྷ་འཇིག་རྟེན་པའི་ཚུལ་བཟུང་ན་མཐུན་པས་མཐུན་པ་འདུལ་ཟེར་བ་ལྟར་ཕལ་པ་རྣམས་ཀྱང་ཡིད་ཉེ་ཞིང་བག་འབེབས་པས་ལྷ་མི་འདྲིས་སླ་བའི་ཆེད་ཡིན་ཏེ། དུས་མཐར་འདས་པའི་སྔགས་ལས་འཇིག་རྟེན་པའི་སྔགས་འགྲུབ་སླ་བར་འཇམ་དཔལ་རྩ་རྒྱུད་དུ་བཤད་པ་སོགས་སྒྲིག །འོན་ཀྱང་སེམས་ཅན་བསོད་ནམས་དམན་པས་མཆོད་འོས་མཆོད་མཁན་ཆེར་དཀོན་ན། མི་གཅིག་གིས་བརྟན་མ་བསྙེན་ན་མང་པོས་མཆོད་པའི་གོ་ཆོད་དམ་ཞེ་ན། གསེར་འོད་དམ་པར་མིའི་རྒྱལ་པོས་མདོ་སྡེ་ཉན་ནས་འཇིག་རྟེན་སྐྱོང་བ་རྣམས་ལ་ཆོས་སྦྱིན་གྱི་བསྔོ་བ་བྱས་ན་དེའི་མངའ་རིས་རིལ་གྱིས་སྲུང་བར་འགྲོ་ཚུལ་འབྱུང་བ་ལྟར་མི་རྗེས་མཆོད་ན་གོ་དེ་ལྟར་ཆོད་སྣང༌། རྒྱལ་ཁམས་སྤྱིས་རེ་ལྟོས་འཆའ་ཡུལ་གྱི་བླ་ཆེན་ལྟ་བུས་མཆོད་ཀྱང་ཕྱོགས་འདྲའམ་སྙམ། འདིར་ཟུར་ཐོ་ནས་ལེན་རྒྱུའནག་ཡོད། ༈ །ཚེ་རིང་མའི་ཐད་དུ། ཀློང་སྙིང་སྲོག་དབང་ལས། གངས་ཅན་བོད་ཀྱི་ཡུལ་ལྷ་ཡིནཿ སུས་བརྟེན་དངོས་གྲུབ་སྣ་རེ་འཐོབཿ རྡོ་རྗེ་ཐེག་པའི་བཀའ་སྲུང་ཡིནཿ རྣལ་འབྱོར་ཡོངས་ལ་སྙིང་ཡང་ཉེཿ སྙིང་ཐིག་གཉན་པོའི་སྲུང་མ་སྟེཿ ཚར་གཅོད་རྗེས་འཛིན་རྣོ་ལ་མྱུརཿ ཞེས་ཏེ། དེའི་ལོ་རྒྱུས་སུ། འདིར་ཞིང་སྐྱོང་མཁའ་འགྲོའི་དབང་མོ་ཚེ་རིང་མཆེད་ལྔར་གྲགས་པ་ནི། ནང་དུ་


TN02_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྒྲུབ་པ་པོ་ལ་སྙིང་ཉེ་ལ་བཀྲ་ཤིས། འཆི་མེད་ཀྱི་བཅུད་ལེན་སྟེར་བས་ཚེ་རིང༌། རྣམ་བཞིའི་ཕྲིན་ལས་ལ་མངའ་མཛད་པས་ཅི་བཅོལ་གྱི་ལས་རྣོ་ལ་མྱུར། ཕྱི་ལྟར་དུ་སྣོད་བཅུད་ཀུན་ལ་དབང་བསྒྱུར་བས་ཚན་ཆེ། མདོར་ན་བསམ་དོན་གྱི་རེ་བ་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་སྲུང་མ་ཁྱད་པར་ཅན། ཞེས་གསུངས། མ་མགོན་ལྕམ་དྲལ་ལས། གསུང་སྤྲུལ་མཁའ་འགྲོ་ཆེན་མོ་ལྔཿ ཞེས་པ་ཚེ་རིང་མཆེད་ལྔ་ཁོ་ནའོ། །འདི་ལ་མིད་ལས་མཛད་པའི་གཏོར་ཆོག་ཏུ། ཁྱོད་ཀྱི་ཆོ་དང་འབྲང་སྨོས་ན། །ཡབ་ནི་ལྷོ་ལྷ་འཐིང་པོ་ཡིན། །ཡུམ་ནི་འབྲང་ཡུམ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཞེས་གསུངས། མཆེད་ལྔའི་ནང་ཚན་མཐིང་གི་ཞལ་བཟང་མ་ནི་རྡོ་རྗེ་གཡུ་སྒྲོན་མ་དང་གཅིག་པར་བཤད། འདིའི་རྟེན་གནས་མཐོན་མཐིང་གངས་ནི་རྗེ་བཙུན་མིད་ལས། རྐེད་པ་ཡན་ཆད་རྩེ་མོ་མཐོ། །ཟུར་གསུམ་དུང་གི་བཤོས་བཟང་འདྲ། །མགུར་ཆུ་དངུལ་གྱི་དྲ་བ་ལ། །ཉི་འོད་འཆར་བ་གཞན་པས་སྔ། །ཅོད་པན་ཤེར་གྱི་ཟུར་ཕུད་ལ། །རྒྱུན་དུ་སྤྲིན་དཀར་ལྡིང་བ་ཡིན། །རྐེད་པ་མན་ཆད་རྨངས་གཞི་ལ། །ན་བུན་སྐྱི་བུན་རྒྱུན་དུ་འཐིབས། །ཆར་མི་དྲག་དལ་བུ་རྟག་ཏུ་འབབ། །འཇའ་འོད་མཆོད་སྤྲིན་རྟག་ཏུ་འཆར། །དེ་ཕྱུགས་ཀྱི་རྨ་གཡང་འཛོམ་པའི་རྟགས། །རི་དྭགས་མང་པོ་རྒྱུན་དུ་འཁོར། །མེ་ཏོག་སྤང་རྒྱན་ཚོན་ཚོགས་བཀྲ། །སྨན་ནུས་པ་ཅན་


TN02_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དེ་ལ་སྐྱེ། །དེ་ལྷ་སྨན་གངས་ཀྱི་ཆེ་བརྗོད་ཡིན། །ཞེས་པ་ལྟར་ཏེ་བ་ལ་བོད་ཀྱི་ས་མཚམས་ན་ཡོད། ཡང༌། ལྷ་བཟང་པོ་ཚེ་རིང་སྤུན་ལྔ་དེ། །བརྟན་མ་བཅུ་གཉིས་ཀྱི་གཙོ་མོ་ཡིན། །འཇིག་རྟེན་མིག་བསྒྱུར་མཁའ་འགྲོ་སྟེ། །བལ་བོད་གཉིས་ཀྱི་སྐད་བསྒྱུར་མ། །ཆུ་བར་བྲིན་གྱི་ཡུལ་བདག་མོ། །ལྷ་རུ་མཆོད་ན་མགོན་སྐྱབས་བྱེད། །སོགས་དང༌། ཚེ་རིང་དབང་ཆེ་བསྐལ་བར་གནས། །དེ་སྲོག་གཅོད་སྤང་བའི་འབྲས་བུ་ཡིན། །ལོངས་སྤྱོད་རྣམ་ཐོས་བུ་དང་མཉམ། །དེ་སེར་སྣ་སྤང་བའི་འབྲས་བུ་ཡིན། །འཁོར་བཟང་བཀའ་བགོ་ཉན་པ་དེ། །བཟོད་ལ་ནན་ཏན་བྱ་བ་བྱས། །དེ་ནས་དགེ་ལ་སྤྲོ་བ་དེ། །བརྩོན་འགྲུས་ལེ་ལོ་མེད་པ་ཡིན། །ཞེས་གསུངས། འདི་དག་གི་བཤད་པའང་སྔར་སྨོས་པའི་ཁོངས་སུ་ཚང་ལ། དུས་སྦྱོར་ཞེས་པའི་གནས་སུ་འབྱུང་བ་ལྔ་ཞེས་ཀྱང་སྦྱར་བར་བྱའོ། །གསོལ་ཁ་ལས། ཕྱི་ལྟར་སྨན་བཙུན་མཆེད་ལྔ་ལཿ ནང་ལྟར་རིགས་ལྔའི་་ནིཿ གསང་བ་དབྱིངས་ཀྱི་ཡུམ་ཆེན་མོཿ ཞེས་དང༌། རྡོ་གྲུབ་རྗེས། ཕྱི་ལྟར་ཟོ་དོར་ཚུལ་འཛིན་ཤ་ཟ་ལྔ། །ནང་ལྟར་མཁའ་སྤྱོད་གནས་བགྲོད་ཌཱ་ཀི་ནི། །གསང་བ་འབྱུང་ལྔ་གནས་གྱུར་ཡུམ་ཆེན་ལྔ། །ཞེས་དང༌། རྩ་གསུམ་ཀུན་འདུས་ཡེ་ཤེས་ལྷ་མོ་ལྔ། །ཞེས་གསུངས་ཤིང༌། སྤྱན་འདྲེན་འདུས། མཁའ་སྤྱོད་དང༌། རང་བཞིན་སྤྲུལ་པའི་ཞིང་ནས་སྤྱན་འདྲེན་


TN02_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་སོགས་ལ་བརྟགས་ནའང་དག་པའི་ཞིང་གི་དངོས་གྲུབ་ཁྱད་པར་ཅན་རྣམས་ལ་དབང་བསྒྱུར་བའི་ཡེ་ཤེས་གྲུབ་པ་མོར་གོ་ནུས། དཔལ་ཆེན་གྱི་བུད་མེད་རིན་པོ་ཆེ་ནི། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཞེས་སོགས་ལྟར་བུ་རྒྱུད་བཟང་མང་སྤེལ་བ་ལ་བསྔགས་ཤིང༌། གཙོ་མོས་སྲིད་སྲུང་བུའི་དངོས་གྲུབ་རྩོལ་བར་གབ་ཡིག་དང་མིད་ལའི་དབྱངས་འབུམ་དུ་འབྱུང་བའི་རྟེན་འབྲེལ་གྱིས་འདི་ཉིད་སྒྲུབ་སྡེ་མོའི་ཚུལ་དུ་བསྙེན་ན་ཆོས་ཀྱི་བརྒྱུད་འཛིན་འཕེལ་བའི་སྒོས་ཁྱད་ཀྱང་ཡོད་པར་མངོན་ཏེ། མིད་ལས། བསྟན་པ་སྤེལ་བ་ལ་མི་མིན་ལས་མི་སྟོབས་ཆེ། འོན་ཀྱང་ཚེ་རིང་མ་འདི་མི་ཁ་ཅིག་ལས་སྟོབས་ཆེ། ངའི་ཆོས་རྒྱུད་མི་ལས་དབུས་པ་སྟོན་པ་དང༌། མི་མིན་ལས་ཚེ་རིང་མས་རྒྱས་པར་བྱེད་གསུངས་ཤིང༌། ཀུན་མཁྱེན་ཕྱི་མར་ཡང་ཁྲིད་ཡིག་ཆེན་མོ་རྩོམ་དུས། ཞིང་སྐྱོང་ཌ་ཀིའི་དབང་མོ་ཚེ་རིང་མས། །ཧི་ཧིའི་བཞད་སྒྲ་གཡོ་བའི་ལུང་བསྟན་བཅས། །ཆོས་འདིས་འགྲོ་ལ་ཕན་པའི་གཉེར་བླངས་ཤིང༌། །ཞེས་པ་ལྟར། རྒྱ་གར་དང་ཉེ་བའི་མོན་དང་འབྲུག་ཡུལ། དབུས་གཙང་རུ་བཞི། དག་ཀོང༌། སྡེ་དགེ་ལྷོ་བྱང༌། ཉག་ཧོར། འགུ་གསེར་གཉིས། རེབ་ཀོང༌། རྒྱལ་རོང༌། མི་ཉག །སྦྲ་ནག །སོག་ཡུལ། ཤར་ཕྱོགས་རྒྱ་མཚོའི་བར་དུ་སྙིང་ཐིག་གི་བསྟན་པས་ཁྱབ་པར་བྱུང་བ་དེའོ། །ཡང་མཁའ་འགྲོའི་གཡང་འགུག་ཏུ།


TN02_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གཡང་ཅན་ནོར་གྱི་ལྷ། །ཇོ་མོ་བཀྲ་ཤིས་ཚེ་རིང་མ། །ཞེས་སོགས་གཡང་ལྷར་བསྔགས་ཏེ། ཟས་ནོར་གྱི་གཞི་འཛིན་བུད་མེད་ཡིན་པས་ནོར་ལྷ་གཞན་སྒྲུབ་དུས་ཀྱི་རྨི་རྟགས་ལའང་བུད་མེད་བཟང་མོས་ཟས་བྱིན་པ་འོང་བར་ནོར་སྒྲུབ་ཀྱི་གཞུང་ལས་གསུངས་ཏེ། འཇིག་རྟེན་ན་སྲིས་སྨེ་མི་སྨེ་དང༌། ཟས་བཅུད་བཟང་ངན་སོགས་གཞི་འཛིན་བུད་མེད་ཀྱི་དཔལ་གཡང་ཆེ་ཆུང་གི་ཁྱད་པར་ལས་བྱུང་བར་གྲགས་སོ། །སྲོག་གཏད་དུ། སྨན་མོ་གྲོགས་སུ་བསྒྲུབས་པས་འདུ་བ་གསུམ་གྱི་དངོས་གྲུབ་སྟེར་བར་བཤད་པའི་ནང་ནུབ་ཏུ་ཟས་འདུ་བའི་ཚུལ་ཡང་དེ་ལྟར་རོ། །འདུ་བ་གསུམ་གྱི་ཐད་འདིར་འཁོར་གྱི་སྨན་མོ་ཕལ་པའི་རིགས་ཙམ་ལས་མ་གྲུབ་ན་མཚན་མོ་མཁའ་འགྲོའི་འདུ་བའི་གནས་སུ་མོ་ཆགས་ཐ་མལ་པ་འཁྲི་བའི་ཉེན་དོགས་ཡོད་པས་གཙོ་མོ་ལྔ་དབང་དུ་གྱུར་བ་ཅིས་ཀྱང་གཅེས་ཏེ། རང་རིག་གི་སྟོང་སྲོག་ཐོབ་ན་རབ། མིན་ཡང་གོང་ནོན་གྱི་བསྙེན་སྒྲུབ་ལེགས་པར་ཐེམ་པ་དང༌། དམ་ཚིག་དག་པ་གལ་ཆེའོ། །འབྱུང་བ་ཆེན་པོ་ཀུན་ལ་ཁྱབ། །ཅེས་རི་རབ། གསེར་རི། རོལ་མཚོ། ཁྱིམ་གྱི་མེ་དང་ཉི་མ་རྟ་གདོང་གི་མེ། རླུང་གི་ཕུང་པོ་སོགས་འབྱུང་བཞིའི་དབྱིངས་ཐམས་ཅད་ཁྱབ་སྟེ། འདི་འདྲ་མདོ་སྡེ་ནས་ཀྱང་མང་དུ་བཤད་ལ། ཁྱད་པར་འདིར་ཧེ་རུ་ཀའི་ཕྱི་ནང་གཞན་གསུམ་གྱི་འབྱུང་བ་རོ་མཉམ་དུ་དག་པའི་ཆ་ལས་སྤྲུལ་ཚུལ་སྔར་བཤད་ཀྱི་རྟོགས་པར་ནུས་སོ། །


TN02_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་འབྱུང་བའི་བྱེད་པ་མོསཿ དུས་ཞི་ཀུན་གྱི་དྲོད་ཀྱང་འཛིནཿ ཞེས་དང༌། མ་མོ་རྩ་རླུང་གི་བདག་མོར་གསུངས་པ་ལྟར། འབྱུང་བའི་དྭངས་སྙིགས། ནམ་ཟླའི་འཕེལ་ཟད། རྩ་རླུང་གི་སྐྱེད་སྡུད་ཐམས་ཅད་ལ་དབང་ཆེའོ། །སྲོག་གཏད་ལས། ད་ལྟ་རྗེ་མོའི་ཚུལ་དུ་སྒྲུབསཿ སོགས་བསྟེན་ལུགས་གསུམ་གསུངས་པ་གལ་ཆེ་ཞིང༌། གོ་རིམ་ཡང་དེ་ཁོ་ན་ལྟར་དགོས། ཙི་དམར་དཀྱུས་མས་བསྟེན་དུས་ཕ་ཁུ་ལྟར་བསྟེན་གསུངས་པ་ལྟར་འདིར་ཡང་ཕ་མ་ལ་ཆེས་ཆེར་གུས་པའི་རིགས་ཆོས་ཅན་གྱི་བུ་མཛངས་མ་ལ་བསྙེན་པ་ལྟ་བུས་ཚུལ་གྱིས་གོང་དུ་འཁུར་བའི་རྗེ་མོར་བསྟེན་ལུགས་བྱའོ། །མཁའ་འགྲོ་མ་ལྟར་སྒྲུབ་པ་དང༌། འཇིག་རྟེན་བརྟན་མ་ལྟར་འབོད་པའི་སྔགས་གཉིས་ཏེ། གསོལ་ཁ་དང་སྲོག་དབང་ལས་སོ། །ཚེ་སྒྲུབ་ཡེ་ཤེས་འོད་མཆོག་ཏུ། །བརྟན་མ་རང་གི་སེམས་སུ་ཤེས་པ་དང༌། །རྟེན་འབྲེལ་རིག་པ་ཆོས་སྐུར་ཐག་ཆོད་ནས། །ཀུན་བཟང་ཐིག་ལེ་གཅིག་ཏུ་སྨིན་པ་ནི། །མི་འགྱུར་མི་གཡོ་བརྟན་པའི་ཆོ་གའོ། །ཞེས་ཏེ་བརྟན་མ་རང་རིག་གི་རྩལ་དུ་ཐག་ཆོད་ནས་འགྱུར་མེད་རིག་པའི་གཤིས་ལས་གཞན་དུ་མེད་པར་ངོ་འཕྲོད་དེ་རྦ་རླབས་མཚོ་ལ་ཐིམ་པ་ལྟར་ཀློང་ཆེན་དགོངས་པའི་དབྱིངས་སུ་སྲེ་བ་ནི་མཁའ་འགྲོ་མ་དང་རང་གི་སྲོག་སྲེ་བ་དང༌། དམ་ཚིག་སྲེ་བའི་གནད་དོ། །ད་དུང་ཕྱི་ནང་གསང་བའི་བརྟན་མ་སུམ་སྦྲག་གི་གནད་ཀུན་མཁྱེན་ཕྱི་མའི་ཐད་ཀའི་རྒྱབ་བྱང་དང༌། གཡུ་སྒྲོན་མངའ་


TN02_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཁྱད་པར་ཡེ་ཤེས་འོད་མཆོག་ལ་བརྟེན་ནས་འཆད་ལུགས་ཡོད་དེ་མ་བྲིས། །ཡུལ་ལྷ་ལྟར་ཤེས་པས་མཆོད་བསྟོད་བྱས་ཀྱང༌། དྲེགས་པ་མཆོད་དང་བསྟོད་པས་འགྲུབ། །ཅེས་དང༌། སུས་བརྟེན་དངོས་གྲུབ་སྣ་རེ་འཐོབ། །ཅེས་པས་འགོ་ཞིང་སྟོང་གྲོགས་མཛད་པར་ངེས་ཀྱང༌། དངོས་བསྟན་གཙོ་བོ་ནི། བཀའ་སྲུང་སྨན་མོ་ལྟར་སྒྲུབ་པའི་ཞེས་བཀའ་སྲུང་དུ་ཤེས་པས་སྒྲུབ་ལུགས་ཏེ། ཕྱི་མ་འདི་ལྟར་བརྟེན་མཁན་ལ་སྲུང་རྒྱུའི་བཀའ་དེ་འཛིན་པ་ཞིག་དགོས་ལ། སྔ་མ་ཙམ་ལ་དེ་མི་དགོས་ཀྱང་ཆོས་བརྒྱུད་དང་སེལ་མ་ཞུགས་པ་ཞིག་དགོས་སྙམ།


previousབོད་སྐྱོང་བརྟན་མའི་རྣམ་བཤད།next