Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
དབང་ཕྱུག་ཕུད་མཆོད་ཀྱི་ཚིག་ཕྲེང་།
   
   
   
   
   
   
   
   
   
   
   


 
previousདབང་ཕྱུག་ཕུད་མཆོད་ཀྱི་ཚིག་ཕྲེང་།next

དབང་ཕྱུག་ཕུད་མཆོད་ཀྱི་ཚིག་ཕྲེང་།


TN02_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཕུད་མཆོད་ཀྱི་ཚིག་ཕྲེང་འདོད་དོན་ཆར་རྒྱུན་འཇོ་བའི་དབྱར་རྔ་ཞེས་བྱ་བ་བཞུགས་སོ། །


TN02_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དབང་ཕྱུག་མ་ལ་ཕྲིན་ལས་འཆོལ་བར་འདོད་པས། འབྱོར་ན་ཆོས་སྨན་དང་སྦྱར་བའི་ཆང་ཕུད་བན་གང་ཡན་ཆད་དང༌། ཁྲག་སྐྱེམས་རྐྟའི་ཕབ་ལྡན། གསེར་སྐྱེམས་བཟང་མང་རྣམས་བཤམས། མ་འབྱོར་ཡང་ཆང་ཕུད་ལ་ཆོས་སྨན་བཏབ་པ་མཚོན་ཙམ་ནི་མེད་མི་རུང་ལ། གསེར་སྐྱེམས་ནི་ངན་ཉུང་གིས་གཏན་མི་རུང་ངོ༌། །བདག་བསྐྱེད་སྒྱུ་འཕྲུལ་ཁྲོ་བོ་ལྟ་བུ་བཀའ་གཏེར་གང་རུང་རྒྱས་པར་བྱ་བའམ། མ་གྲུབ་ན་ཕྱག་རྒྱ་གཅིག་པ་ཙམ་སྔོན་དུ་བཏང༌། འབྲུ་གསུམ་བརྒྱ་རྩ་བརྒྱད་སོགས་ཀྱིས་སྐྱེམས་རྣམས་ནུས་ལྡན་དུ་བརླབ། ཕུད་ཀྱི་ཆ། ཨོཾ་མཆོད་དོ། །བྱིན་རླབས་ཀྱི་གཏེར། དངོས་གྲུབ་ཀྱི་འབྱུང་གནས། རྩ་བ་དང་བརྒྱུད་པའི་བླ་མ། བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་འབུལ།


TN02_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རུ་ལུའི་ཛབ་དབྱངས་ཅི་རིགས་ཀྱིས་སྤྱན་སྤོས་རོལ་བྱ། དར་གཡབ་མཆན། དྲངས་ལ། ཧོ། །ཆོས་དབྱིངས་ཞི་བ་ཆེན་པོའི་ཀློང་ནས། ཐུགས་རྗེ་ཁྲོས་པའི་རང་མདངས་སྒྱུ་མ་ལྟར་ཤར་བ། གཙོ་འཁོར་ཡེ་ཤེས་ཀྱི་ངོ་བོ་གཅིག་ཀྱང༌། རྣམ་འགྱུར་ལས་བྱེད་ཀྱི་ཕོ་ཉར་བསྟན་པ། འབར་བའི་དཀྱིལ་འཁོར་གྱི་མུ་རན་སྐྱོང་ཞིང༌། རྣམ་བཞིའི་ཕྲིན་ལས་ཐོགས་མེད་དུ་བྱེད་པ། འདོད་ཁམས་ལྷའི་ལྕམ་མོ། །དབང་ཕྱུག་རུ་ཏྲའི་ཆུང་མ། དཔལ་ཆེན་གསང་བའི་སྒྲོལ་ཡུམ། གསང་སྔགས་བཀའི་སྲུང་མ། ཡེ་ཤེས་རྟགས་ཀྱི་ཕྲ་མེན། སྤྲུལ་པ་ལས་ཀྱི་སྲིན་མོ། །རྦོད་གཏོང་མྱུར་མགྱོགས་ཀྱི་ཕོ་ཉ། དགོངས་པ་འཇིག་རྟེན་ལས་འདས་ཀྱང༌། མཛད་སྤྱོད་འཇིག་


TN02_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལྟར་སྟོན་པ། འཇིག་རྟེན་ཉུལ་ཞིང་འཇིག་རྟེན་སྐྱོང་བ། འཇིག་རྟེན་གསུམ་གྱི་གཙོ་མོ། །སྟོང་གསུམ་གྱི་ལེགས་ཉེས་གཟིགས་པ། སྐྱེ་འགྲོ་རྩིས་ལ་འདེབས་པ། འབྱུང་ལྔའི་སྐྱེད་སྡུད་ལ་དབང་བ། རྩལ་གྱིས་ནམ་མཁའ་གནོན་པ། བང་ཕྱོགས་བཅུར་སླེབ་པ། སྤྲུལ་པས་འཇིག་རྟེན་ཁྱབ་པ། འབྱུང་པོའི་དཀྱིལ་འཁོར་བཀས་ནོན་པ། སྔགས་བདག་དྲེགས་པ་ལས་ལ་འཁོལ་བ། དབང་གི་རྟ་སྐད་ལ་འདུ་བ། དམར་གྱི་དམ་ཚིག་ལ་དགྱེས་པ། རྣལ་འབྱོར་པའི་འདོད་དོན་སྒྲུབ་པ། ཧེ་རུ་ཀའི་ཞིང་ཁམས་སྐྱོང་བ། སྦྱོར་སྒྲོལ་གྱི་ཐབས་ལ་མཁས་པ། ཇོ་བོ་ལ་ང་རྒྱལ་བཅག་པ། བཅོལ་བའི་ལས་ལ་ནན་ཏན་བྱེད་པ། མངགས་པའི་ཡུལ་ལ་རླུང་ལྟར་འགྲོ་བ། གདུག་ཅན་འདུལ་བ་ལ་རྟུལ་ཕོད་ཆེ་བ། གྲོགས་སྐལ་དུ་རུ་ཏྲ་སྔ་བ། སྨོན་ལམ་སངས་རྒྱས་ལ་ཐེབས་པ། ལས་སྐལ་དུ་སྦྱོར་སྒྲོལ་ཐོབ་པ། ལས་འཕྲོ་གསང་སྔགས་ལ་སད་པ། གདུལ་བྱ་ཆགས་ལམ་གྱིས་འདུལ་བས། མཚན་བུད་མེད་དུ་བསྟན་པ། མི་རྟོག་པའི་དེ་ཉིད་སྟོན་པས། ཞལ་དུད་འགྲོ་ལྟར་བསྒྱུར་བ། གཅིག་ཏུ་ངེས་བཟུང་དང་བྲལ་བས། སྐུ་ཕྲ་མེན་དུ་མཛད་པ། སྟོང་པའི་དབྱིངས་སུ་འཕྱོ་བས། ནམ་མཁའི་སྤྱོད་ཡུལ་ལ་རྩེན་པ། སྒེག་པའི་གཟུགས་ལ་


TN02_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བའི་སྟག་ཤམ་ཅན། ལྷ་མོའི་ལུས་ལ་འཇིགས་པའི་ང་རོ་ཅན། གཙང་མའི་རིགས་ལ་དུར་ཁྲོད་ཀྱི་ལོངས་སྤྱོད་ཅན། གཟུགས་ཅིར་ཡང་རྫུ་བ། ཕྲིན་ལས་གཅིག་ཏུ་མ་ངེས་པ། གདུལ་བྱ་སྣ་ཚོགས་ལ་དགོངས་པ། ཧེ་རུ་ཀའི་གྲོང་ཁྱེར་ན་རོལ་ཚེ། །དཔལ་གྱི་ཕམ་ཕབ་ལེན་པ། གྲུབ་པའི་གནས་ཡུལ་ན་བཞུགས་ཚེ། རྒྱུད་སྡེའི་གཉེར་ཁ་འཛིན་པ། རྣལ་འབྱོར་པའི་ཚོགས་ཁང་འགྲིམ་ཚེ། ལྟ་ཉན་གྱི་འབྱུང་པོ་འདུལ་བ། བཀའ་སྡོད་ཀྱི་དམག་འདྲེན་ཚེ། ལྷ་དབང་ཆེ་དགུ་ཡོངས་ཀྱིས་ཕྱག་བྱས་པ། བསྟན་པའི་སོ་ནམ་ལ་བརྩོན་པ། སྔགས་རྒྱུད་ཀྱི་མེལ་ཚེ་ལ་བསྐོས་པ། བཤད་སྒྲུབ་ཀྱི་རྫི་ལ་འཁོར་བ། སྔགས་པའི་གདུང་དབྱངས་ལ་གསན་པ། རྒྱལ་བའི་ཕོ་ཉ་ལ་འོང་བ། དངོས་གྲུབ་ཀྱི་ཕམ་ཕབ་ཁྱེར་བ། བསྟན་འཛིན་སྲོག་ཏུ་བཙའ་བ། ཕས་རྒོལ་ཕྱུགས་ལྟར་འདུལ་བ། བསྟན་བཤིག་ལོ་ཏོག་བཞིན་བརྔ་བ། འཇིག་རྟེན་མིག་བསྒྱུར་གྱི་གཟུགས་ཅན། འདོད་སྲེད་ཀྱི་སྒྱུ་མ་སྟོན་པ། རྩེ་དགའི་མིག་འཕྲུལ་ལ་བྱང་བ། གདུལ་དཀའ་སྒྱུ་ཐབས་ཀྱིས་འཁོལ་བ། འདོད་པའི་ཁམས་ན་དབང་བཙན་པ། སྟོང་གསུམ་ན་མཐུ་ཆེ་བ། བསམ་པ་ཙམ་གྱིས་ལས་འགྲུབ་པ། བལྟས་པ་ཙམ་གྱིས་དགྲ་སྡེ་འཆིང་བ། བསྡིགས་པ་ཙམ་


TN02_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བགེགས་ནོན་པ། རྫི་རྣོ་བ། རྩལ་དྲག་པ། ཤུགས་ཆེ་བ། དཔུང་མང་བ། རྒྱུག་སླ་བ། ཅི་ལའང་མི་ཐོགས་པ། ཅིས་ཀྱང་མི་ཐུབ་པ། གང་གིས་ཀྱང་མི་ཟློག་པ། སྟོབས་ཤུགས་རྡོ་རྗེའི་བྲག་ལ་ཐེབ་པ། རྣོ་ངར་ལྕགས་ཀྱི་སྲོག་རྩ་ཆོད་པ། འབར་བ་ལྟ་སྟངས་ཀྱིས་གཟིར་ཚེ། དགྲ་ལྷ་བ་མོ་ཉི་མས་འཇུ་བ་ལྟ་བུ། ཁྲོས་པའི་གོམ་སྟབས་བསྒྱུར་ཚེ། དགྲ་ཡུལ་བྱེ་འཁར་ལ་གླང་སྨྱོན་བརྒྱུགས་པ་ལྟ་བུ། གཟས་ཕོག་དུས་མཉམ་དུ་འོང་བ། ཕྲད་འཇོམས་ཅིག་ཆར་དུ་བྱེད་པ། ཡམས་ནད་ཀྱི་ཚོང་རྡལ་ཤོམ་པ། སྐྱིན་ཐང་གི་ཇག་པ་འགྱེད་པ། ལྟས་ངན་གྱི་སྤྲུལ་པ་སྤྲོ་བ། ཞིང་བཅུའི་དབུགས་མདངས་ཁྲལ་དུ་སྡུད་པ། །དགྲ་སྐྱོབ་ལྷ་སྲུང་གཏེ་འུར་འཛིན་པ། དགྲ་ཁམས་རོ་གླིང་གཅིག་ཏུ་བརྡལ་བ། དགྲ་སྙིང་འདྲད་ཅིང་རྩེ་གར་འཁྲབ་པ། དགྲ་ཁྲག་འཐུང་ཞིང་འགྱིང་གླུ་ལེན་པ། ལོག་ལྟའི་སྡེ་ལ་ཡོན་པོར་གཟིགས་ཤིང་མ་རངས་པའི་གད་མོ་དགོད་པ། ཆེ་བཙན་གྱི་གོང་གནོན་པ། དྲེགས་པ་ཅན་ལ་གཉའ་ཟུང་བྱེད་པ། འཁྲུལ་པོ་ཆེའི་རྩལ་འཁྱིག་པ། མི་སྣང་བའི་ལུས་ཅན། ཅིར་ཡང་སྣང་བ། མི་འགྱུར་བའི་ལང་ཚོ། འདོད་དགུར་སྒྱུར་བ། ཕྲ་རབ་ཀྱི་ཡིད་གཟུགས། གར་ཡང་ཁྱབ་པ། ཡིད་ཀྱི་ཤུགས་འཆང་བ། རྫུ་འཕྲུལ་གྱི་མཐུ་མངའ་བ། དྲག་པོའི་རིག་སྔགས་ཀྱིས་རྩེན་


TN02_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྒྱུ་མའི་རྣམ་ཐར་ལ་དབང་འབྱོར་བ། ཁྲག་འཐུང་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་གྱི་མཚན་ཙམ་གུས་པས་འཛིན་པར་བྱེད་པ་རྣམས་ཀྱང་གཙུག་གི་ནོར་བུ་ལྟར་འཁུར་བར་ཐུགས་དམ་བཞེས་ཤིང༌། དམ་ལྡན་སྒྲུབ་པ་པོའི་བསམ་དགུའི་རེ་བ་ཡིད་བཞིན་དུ་སྐོང་བ་ལ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་ཀྱང་ལྷག་པ། རྡོ་རྗེ་རྣལ་འབྱོར་མ་ཆེན་མོ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། དམ་ཅན་བརྟན་མ་བཅུ་གཉིས་ལ་སོགས་པ་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་ལ། རོ་བརྒྱ་ལྡན་པའི་སྐྱེམས་ཕུད། དངོས་གྲུབ་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ། འདོད་ཡོན་གྱི་ལྦུ་བ་འཁྲིགས་ཤིང༌། ཟེར་རླངས་ལས་མཆོད་པའི་སྤྲིན་འབྱུང་བ། དཀྱིལ་འཁོར་གཙོ་བོའི་གསོལ་ལྷག་ཏུ་བྱས་པ། ནུས་པ་དང་ཡོན་ཏན་མང་པོའི་གཏེར་དུ་གྱུར་པ་འདི་ཉིད་དགྱེས་པའི་མཆོད་པ་དང༌། ལས་ཀྱི་ཞུ་སྐྱེམས་སུ་དམིགས་ནས་འབུལ་ལོ། །གསོལ་ལོ། །མཆོད་དོ། །ཞེས་སྤྱིར་མཆོད་ནས། སོ་སོར་མཆོད་པ་ནི། སྲིན་མོ་ཆེན་མོ་རྡོ་རྗེ་མིའི་སྲིན་མོ་དང༌། དམར་མོ་དང༌། དགའ་བ་མོ་དང༌། གསོད་བྱེད་མོ་དང༌། ནག་མོ་ཆེན་མོ་དང༌། ར་མགོ་དམར་སེར་ཆེན་མོ་དང༌། བུམ་སྣ་སྔོ་ནག་ཆེན་མོ་དང༌། གསུས་འཛིན་སེར་ནག་ཆེན་མོ་སྟེ། དབང་ཕྱུག་གཙོ་མོ་བརྒྱད་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཚངས་པ་མོ་དང༌།


TN02_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུག་མོ་དང༌། དབང་མོ་དང༌། འཇུག་སྲེད་མོ་དང༌། གཞོན་ནུ་མོ་སྟེ་ཤར་ཕྱོགས་སྐྱོང་བའི་མ་མོ་ཆེན་མོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། བདུད་རྩི་མོ་དང༌། ཞི་བ་མོ་དང༌། བེ་ཅོན་མོ་དང༌། ཟ་བ་མོ་དང༌། སྲིན་མོ་སྟེ་ལྷོ་ཕྱོགས་སྐྱོང་བའི་མ་མོ་ཆེན་མོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཁྲག་གིས་མྱོས་མ་དང༌། གཅིག་པུར་སྤྱོད་མ་དང༌། ཡིད་འཕྲོག་མ་དང༌། གྲུབ་པ་མོ་དང༌། རླུང་ལྷ་མོ་སྟེ་ནུབ་ཕྱོགས་སྐྱོང་བའི་མ་མོ་ཆེན་མོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། མེ་ལྷ་མོ་དང༌། ཕག་ཆེན་མོ་དང༌། རྒན་བྱེད་མོ་དང༌། སྣ་ཆེན་མོ་དང༌། ཆུ་ལྷ་མོ་སྟེ་བྱང་ཕྱོགས་སྐྱོང་བའི་མ་མོ་ཆེན་མོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། དེ་དག་གི་སྤྲུལ་པ་དང་ཡང་སྤྲུལ། གཡོག་དང་ཡང་གཡོག །བྲན་དང་ཡང་བྲན། འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་རྣམས་དང༌། ཁྱད་པར་དུ་ཡང༌། ནག་མོ་བཞིན་མི་སྡུག་གི་བུ་མོ་རྡོ་རྗེ་ཀུན་གྲགས་མ་ལ་སོགས་པ་བདུད་མོ་བཞི་དང༌། དམར་མོ་ཁྲོ་གཉེར་ཅན་མའི་བུ་མོ་རྡོ་རྗེ་སྤྱན་གཅིག་མ་ལ་སོགས་པ་གནོད་སྦྱིན་མོ་བཞི། དཀར་ཤམ་བཞིན་བཟང་མའི་བུ་མོ་རྡོ་རྗེ་བོད་ཁམས་སྐྱོང་ལ་སོགས་པ་སྨན་མོ་བཞི་སྟེ། རྡོ་རྗེ་བརྟན་མ་བཅུ་གཉིས། བྲན་གཡོག་འབུམ་སྡེ་དུ་མ་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཞེས་བར་མཚམས་རྣམས་སུ་སྨན་ཕུད་སྦྲེང༌། རྐྟ་ཡོད་ན་འཕྱར།


TN02_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་མང་དུ་འབུལ། རོལ་མོའི་སྒྲ་རྒྱ་ཆེར་བྱའོ། །དེ་དག་ནི་རྒྱས་པར་བསྟོད་དེ་འབུལ་བའི་ཚུལ་ཡིན་ལ་དེ་ལས་བསྡུས་པ་བྱེད་ན། མཁའ་འགྲོའི་རྨ་བྱ་དགའ་བྱེད་ཅེས་བྱ་བའི་སྤྲིན་སྒྲའི་དབྱངས་འདིས་མཆོད་པར་བྱ་སྟེ། ཧོ་དགོངས་སུ་གསོལ་ལོ། །རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་ལྷ་མོ། །དབྱིངས་ཀྱི་རྒྱན། ཡེ་ཤེས་ཀྱི་གཟུགས་བརྙན། སྙིང་རྗེའི་སྐྱེ་གནས་པ། ཁྲག་འཐུང་རིགས་ཀྱི་ཐིག་ལེ། བདེ་བའི་དབང་ཕྱུག་མོ། །དངོས་གྲུབ་ཀྱི་བཟོ་ལ་མཁས་པ། རྣལ་འབྱོར་པའི་མཚོན་ཆ། རིག་པ་འཛིན་པའི་དཔལ། སྔགས་ཀྱི་གཟུགས་ཅན། ལུས་སྒེག་པ། བཞིན་འབར་ཞིང་ཁྲོ་བ། འདོད་དགུར་སྒྱུར་བའི་གདོང་བརྙན་ཅན། ཞེ་སྡང་སྒྱུ་མའི་ལང་ཚོ་ལ་བབས་པ། ཟབ་ཅིང་འཇིགས་པའི་ང་རོ་དང༌། །བསྙེན་པར་དཀའ་བའི་གཟི་བརྗིད་ཅན། སའི་དཀྱིལ་འཁོར་གཡོ་བའི་གད་མོ་མི་བཟད་པ་དགོད་པ། རོའི་ཚལ་ན་རྩེ་བ། དམར་གྱི་ལོངས་སྤྱོད་ཅན། དམོད་པ་ལ་དབང་བ། རིག་སྔགས་བྱེད་པ། ནམ་མཁར་སྤྱོད་པ། ས་ཐམས་ཅད་ལ་དབང་སྒྱུར་བ། འཁོར་སྣ་ཚོགས་དང་ལྡན་པ། སྤྱོད་པ་འཆོལ་བ། སྤྱོད་ཡུལ་ཐམས་ཅད་པ། གཏིང་དཔག་དཀའ་བ། ངོ་བོ་ཉིད་དག་པ། ཀུན་སྤྱོད་དོན་ཡོད་པ། སྤྲུལ་པ་མང་པོའི་མཛོད། ཆོ་འཕྲུལ་གྱི་སྤྲིན་འབྱིན་པ། ཅིར་ཡང་རྫུ་བ། གར་


TN02_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁྱབ་པ། ཡིད་ཀྱི་ཤུགས་ཅན། ཐམས་ཅད་དུ་འགྲོ་བ། ཅི་ལའང་ཐོགས་པ་མེད་པ། སྒྱུ་མའི་རྣམ་ཐར་གྱིས་རོལ་པ། དེ་བཞིན་གཤེགས་པའི་ཁབ་ཏུ་ཆུད་པ། རྡོ་རྗེའི་མིང་གིས་དབང་བསྐུར་བ། དམ་ཚིག་ཆེན་པོའི་རྡོ་རྗེ་འཆང་བ། རྒྱུད་སྡེའི་མཛོད་སྲུང་བ། བསྟན་པའི་དོན་བྱེད་པ། ཡལ་གམ་ཆེན་པོ་བླངས་པ། སྙིང་སྟོབས་ཀྱི་རྒྱ་མཚོ་ཚད་མེད་པ། དམ་ཚིག་ཅན་ལ་ཉེ་བ། རིག་སྔགས་འཆང་གི་བགོ་བ་ཉན་པ། དག་པའི་འདོད་ཆགས་ཀྱི་ཕ་རོལ་ཕྱིན་པ། འདོད་ཁམས་ཀུན་ན་ཆེ་བར་གྲགས་པ། འཇིག་རྟེན་རྗེས་ཆགས་ཀྱིས་འཆིང་བ། ཧེ་རུ་ཀའི་གདུལ་བྱ་ལ་གཟིགས་པ། གཡུལ་གྱི་བརྟུལ་ཞུགས་ལ་དགའ་བ། ཐམས་ཅད་དུ་རྒྱལ་བ་ཐོབ་པ། འབྱུང་པོའི་ཚོགས་ཀྱིས་ཕྱག་བྱས་པ། སྟོབས་ཀྱི་རྒྱལ་མཚན་མཐོན་པོ་ཐོགས་པ། བསད་བསྐྲད་དབྱེ་རྨོངས་ལ་སོགས་པ་མངོན་སྤྱོད་ཀྱི་ཐབས་མང་པོ་ཤེས་པ། སྡིག་པས་སྨྱོས་པ་རྣམས་དྲག་ཤུལ་གྱིས་འཛིན་པ། དམྱལ་བའི་ཚོང་རྡལ་གྱི་ལམ་འགོག་པ། ལས་ཀྱི་ཤ་ཟས་ཁྲིད་པ་རྣམས་ཕྱིར་འཕྲོག་པ། གདུལ་བར་དཀའ་བ་འདུལ་བ། སྒྲུབ་པར་དཀའ་བ་སྒྲུབ་པ། སངས་རྒྱས་དགྱེས་པའི་བརྩོན་འགྲུས་ཅན། རྒྱུད་ཐམས་ཅད་དུ་གྲགས་པ། དཀྱིལ་འཁོར་ཐམས་ཅད་ན་སྤྱོད་པ། ཀུན་ཏུ་


TN02_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོའི་ཕྱག་བརྙན་ཆེན་མོ། །རྡོ་རྗེ་མིའི་སྲིན་མོ་དང༌། དམར་མོ་དང༌། དགའ་བ་མོ་དང༌། གསོད་བྱེད་མོ་དང༌། ནག་མོ་ཆེན་མོ་ལ་སོགས་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། རྡོ་རྗེ་བརྟན་མ་བཅུ་གཉིས་ལ་སོགས་པ་སྤྲུལ་པ་ཡང་སྤྲུལ། གཡོག་དང་ཡང་གཡོག །བྲན་དང་ཡང་བྲན། འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ། ཡེ་ཤེས་མཆོག་གི་ལོངས་སྤྱོད། སྔགས་ཀྱི་བདུད་རྩིའི་བཏུང་བ། འདོད་པའི་ཡོན་ཏན་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་པ་འདིས་མཆོད་དོ། །གསོལ་ལོ། །དགྱེས་པ་བསྐང་ངོ༌། །ཞེས་ཕུད་དང་རོལ་མོ་སོགས་ཀྱིས་མཆོད་པར་བྱའོ། །གང་ལྟར་ཡང་མཐར་ཕྲིན་ལས་འཆོལ་བ་ནི། ཧོ་དགོངས་སུ་གསོལ་ལོ། །རྡོ་རྗེའི་སྲིན་མོ་ཁྱེད་རྣམས་ནི། སྤང་རྟོགས་སངས་རྒྱས་དང་མཉམ་ཡང༌། རིག་འཛིན་སྒྲུབ་པ་པོ་ལ་ཐུགས་བརྩེ་བས། རྦོད་གཏོང་གི་ཕྲིན་ལས་སྣ་ཚོགས་མཛད་པའི་སླད་དུ་ཅི་བགྱིའི་མངག་གཞུག་ཆེན་མོར་ཞལ་གྱིས་འཆེས་པ་ལགས་པས། བདག་ཅག་དེ་བཞིན་གཤེགས་པའི་གདུང་འཚོབ་ཅིང༌། བསྟན་པའི་མཛོད་སྲུང་བ་དང༌། སེམས་ཅན་ཐམས་ཅད་སྔགས་ཀྱི་ཐེག་པས་རྣམ་པར་འདུལ་བའི་ཕྱིར་དཔལ་ལྡན་ཧེ་རུ་ཀའི་དབྱིབས་ཀྱི་རྣམ་པ་ལ་སེམས་ཤིང༌། །དེའི་གསང་སྔགས་འདོན་པ་ལ་བག་ཙམ་བརྩོན་པ་འདི་གླེང་གཞིར་མཛད་


TN02_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་ཐོབ་ཀྱི་བར་དུ། ཉི་མ་རེ་རེར་དུས་དྲུག་ཏུ། སྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་དགོངས་ཤིང༌། ལྷ་དང་ལྷ་མ་ཡིན་དང་ཀླུ་ལ་སོགས་པའི་གདོན་ཐམས་ཅད་འདུལ་བ་དང༌། དེ་དག་གི་དམོད་པའི་རིག་སྔགས་གཅད་པ་དང༌། རྒྱལ་པོ་དང་བློན་པོ་ཁྲོས་པ་ལ་སོགས་པ་ཞི་བར་བྱ་བ་དང༌། ཤིན་ཏུ་གདུག་ཅིང་གཏུམ་པ་རྣམས་བསྡིགས་ཤིང་ཕུར་བུས་གདབ་པ་དང༌། བཙོན་དུ་བཟུང་བ་དགྲོལ་ཞིང་འཇིགས་པ་མེད་པའི་གནས་སུ་བཞག་པ་དང༌། ཕ་རོལ་གྱི་གཡུལ་ཟློག་ཅིང་འདུན་གྲོས་ངན་པ་གཞིག་པ་དང༌། དགྲའི་སྡེ་རྣམས་ཆམ་ལ་དབབ་པ་དང༌། ཆོམ་རྐུན་དང་གཅན་གཟན་ཁྲོ་བོ་རྣམས་བཅིང་བ་དང༌། རྩོད་པ་དང་ནད་དང་ལྟས་ངན་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང༌། ཕྱི་རོལ་གྱི་འབྱུང་བའི་གནོད་པ་མཐའ་དག་བསལ་བ་དང༌། བརྟན་པ་དང་གཡོ་བའི་དུག་ཐམས་ཅད་མེད་པར་བྱ་བ་དང༌། སྐལ་པ་བཟང་པོའི་འཁོར་དང་བདེ་བའི་ཡོ་བྱད་སྒོ་ཐམས་ཅད་ནས་སྤེལ་བ་དང༌། དེ་དག་ཉིན་མཚན་དུ་རྒྱ་ཆེར་སྲུང་བ་དང༌། གཏེར་དང་བཅུད་ཀྱིས་ལེན་སོགས་རྫས་ཀྱི་དངོས་གྲུབ་སྦྱིན་པ་དང༌། སྐྱེ་དགུའི་ལུས་སེམས་ལ་སྨན་འདོགས་པའི་ཆར་བདུད་རྩི་ཅན་དབབ་པ་དང༌། སེམས་ཅན་ཆེན་པོ་རྣམས་སྟོབས་ཀྱིས་བཀྲི་བ་དང༌། ས་གཞི་དང་སྐྱེ་བོའི་ཚོགས་


TN02_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱ་བ་དང༌། མི་དང་མི་མ་ཡིན་དཀར་པོའི་ཕྱོགས་ལ་དགའ་བ་རྣམས་དབུགས་འབྱིན་པ་དང༌། ཡུལ་དང་དུས་དང་རང་བཞིན་བསྐལ་པའི་དངོས་པོ་གསལ་བར་སྟོན་པ་དང༌། ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་སྒྲུབ་ཅིང་དོན་ཡོད་པར་བྱ་བ་ལ་སོགས་པ། མདོར་ན་གང་བསམ་པ་དང་ཇི་ལྟར་བཅོལ་བའི་ལས་ཐམས་ཅད་ཐོགས་པ་མེད་པར་དེ་མ་ཐག་མཛད་དེ། །རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང༌། བྱིན་གྱིས་རླབས་ཆུད་མི་ཟ་བའི་བདེན་པ་མངོན་སུམ་དུ་སྟོན་པ་དང༌། ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས་རྒྱལ་བའི་དམ་ཆོས་སྤྱི་དང༌། བྱེ་བྲག་གསང་སྔགས་སྙིང་པོའི་བསྟན་པ་མི་ནུབ་ཅིང་སྒོ་ཐམས་ཅད་ནས་རྒྱས་པ་དང༌། བསྟན་འཛིན་སྐུ་ཚེ་རིང་ཞིང་སྐུ་ཁམས་བདེ་བ་དང༌། སྒྲུབ་པ་པོ་རྣམས་བར་ཆད་མེད་པར་དངོས་གྲུབ་ཀྱི་དོན་འཐོབ་པ་དང༌། ཆོས་བཞིན་བྱེད་པའི་རྒྱལ་པོ་རྣམས་ཆབ་སྲིད་རྒྱས་ཤིང་བསྟན་པ་དང༌། བསྟན་པའི་སྦྱིན་བདག་དཔལ་འབྱོར་དང༌། རིགས་བརྒྱུད་འཕེལ་བ་དང༌། སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་དད་ཅིང་སྤྱོད་ཚུལ་བཟང་པོ་ལ་གནས་པ་དང༌། ཡུལ་འཁོར་ཀུན་ཏུ་བཀྲ་ཤིས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་དང༌། བསྟན་པ་ལ་སྡང་བའི་མི་དང་མི་མིན་རྣམས་ཀྱི་ཕྱོགས་འགྲིབ་ཅིང་སྟོབས་འབྲི་བ་དང༌། ཁྱད་


TN02_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་ཡང༌། དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་རབ་དང་ཐུགས་རྗེའི་ཕུང་པོ་གཅིག་ཏུ་འདུས་པའི་ཡེ་ཤེས་ཀྱི་སྐུ་ཅན། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། པདྨ་འོད་གསལ་མདོ་སྔགས་གླིང་བའི་ཞལ་སྔ་ནས་ཀྱི་དགོངས་པའི་བཞེད་དོན། ཁ་བསྒྱུར་བྱར་རུང་མཆན། མཛད་པའི་ཕྱག་རྗེས། མཚན་གྱི་ཡི་གེ །བཀའི་བརྒྱུད་འཛིན་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདུན་པ་རྩེ་གཅིག་པས་བརྗོད། དབང་དྲག་གི་ལས་ཁྱད་པར་དུ་འཆོལ་ན་སྐབས་འདིར་བྱ་སྟེ། དྲག་པོ་མ་བྲིས་ལ། དབང་གི་ལས་འཆོལ་གྱི་དཔེར་བརྗོད་ཙམ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་སྤྲུལ་པའི་སྐུ་བདེ་བ་ཆེན་པོ་པདྨ་སམྦྷ་བ་དང༌། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་དང༌། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་རྣམས་ཀྱི་བཀའ་དྲིན་ཆེན་པོས་ཁྱབ་པའི་ཡུལ་དུ་གནས་བཅས་ནས་འགྲོ་བའི་བླ་མ་དེ་དག་གི་བཀའ་བརྒྱུད་དྲི་མ་མེད་པ་འཛིན་པའི་སྐྱེས་བུ་རྣམས་ལ་མི་མཐུན་པར་ལྟ་ཞིང་མི་མཛའ་བ་དང་གཞན་གྱི་ཕྱོགས་སུ་འདུ་ཤེས་པ། དེ་ལྟར་ལྟ་ཞིང་འདུ་ཤེས་པའི་མི་རྣམས་ཀྱི་ཕྱོགས་དང་དཔུང་བྱེད་པ། བསང་དང་ཕུད་མཆོད་ཀྱིས་བརྔན་ཡང་སྙིང་རིང་བྱེད་ཅིང་དང་དུ་མི་ལེན་པ། བདེན་པའི་ཆོས་བཤད་ཀྱང་དམ་ལ་མི་འདུ་ཞིང་ལས་བཅོལ་ལ་མི་ཉན་པ། གསར་སྐྱེས་ཀྱི་འབྱུང་པོ་གདུག་པ་རྣམས་དང་བསྡོངས་ནས་བསྟན་


TN02_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་དམ་ཚིག་ཅན་རྣམས་ཁྱད་དུ་གསོད་པ། སྐྱེ་བོ་དགེ་བ་རྣམས་ལ་སྟེང་ནས་མགོ་གནོན་བྱེད་ཅིང༌། ཐད་ནས་རྩོད་ཟླར་ལང་བ། འོག་ནས་རྩང་ཐུར་ལྟར་འཛུག་པ། དངོས་དང་བརྒྱུད་ནས་བྲེལ་བ་དང་མི་བདེ་བ་སྣ་ཚོགས་སློང་ཞིང་དེའི་ཐབས་འཚོལ་བ་ལ་ཞུགས་པའི་མི་མིན་གྱི་འགྲོ་བ། རིགས་དང་དབང་ཐང་སྣ་ཚོགས་པ། ཀུན་སྤྱོད་དང་སྤྱོད་ཡུལ་ཐ་དད་པ། དབང་ཡོད་ལ་མཐུ་དང་ལྡན་པ། འཁོར་དང་བཅས་པ་དང་གཅིག་པུར་སྤྱོད་པ། མིང་གཅིག་གམ་དུ་མས་འབོད་པ། རྒྱལ་ཁམས་ན་གྲགས་པ་དང་མ་གྲགས་པ་གང་དང་སུ་མཆིས་པ་དེ་དག་ཐམས་ཅད་བདེ་སྟོང་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་ཆུག་ལ། བཟོད་མེད་རྗེས་ཆགས་ཀྱི་མེ་ལྕེས་གདུངས་བ་བསྐྱེད་ཅིང༌། སྔགས་ཀྱི་མཆིལ་པ་རྣོན་པོས་དྲག་ཏུ་བཏབ་ནས། གནས་སྒུལ། རྟེན་བསྐྱོད། སྤ་བཀོང༌། འཇིགས་པ་བསྐྱེད་དེ། རྒོལ་བའི་སྙིང་སྟོབས་དང༌། རྫུ་འཕྲུལ་གྱི་མཐུ། གདུག་རྩུབ་ཀྱི་ངར། འབྲོས་པའི་ལམ། གབ་པའི་སྐྱིབས་ཐམས་ཅད་དང་བྲལ་ཞིང༌། ཐབས་བསམ་རེས་དང༌། ཤགས་འདེབས་དབང་མེད་པར། ཐོག་རྒྱུག་དང་བཙན་གནོན་དྲག་པོས། མཐོན་པོ་ནས་ཕོབ། རིང་པོ་ནས་ཁུག །གཏིང་རུམ་ནས་ཕྱུང་ལ། སྲོག་གི་གནད་ནས་ཟུངས། འགྱུ་བྱེད་ཀྱི་སྙིང་པོ་དཀྲོག་


TN02_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་གདུང་གི་གཏིང་རྩ་སློངས། ཤེས་རྒྱུད་ཆགས་མྱོས་སུ་དཀྲུགས། འོད་དམར་གྱི་དྲྭ་བར་ཆིངས། འབར་བའི་ཕྱག་མཚན་གྱིས་བསྡིགས་ཤིང༌། ནམ་མཁའ་ལ་གཡུག །བར་སྣང་ལ་བསྐོར། ས་གཞི་ལ་བརྡབ་སྟེ། སྐྲ་གཟེང༌། གོས་ལྟུང༌། ཕྱོགས་བསླད། དྲན་པ་ཉམས། དབང་པོ་མྱོས་ཤིང༌། རས་བལ་རླུང་གིས་ཁྱེར་བ་ལྟར་རང་དབང་བརྟན་པ་དང་བྲལ་ནས། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། དཔལ་ཧེ་རུ་ཀ་ཆོས་ཀྱི་དབྱིངས་ན་གཟི་བརྗིད་ཀྱི་ཕུང་པོ་གཅིག་པུའི་ཞབས་རྟེན་ལྷག་པར་དམིགས་ཤིང༌། སྣང་སྲིད་ཐམས་ཅད་རུ་ལུའི་སྒྲ་གཟུགས་སུ་ཤར་བའི་སྔགས་ཀྱི་འདུན་ས་ཆེན་པོ་འདིར་མཆིས་པར་མཛོད་ལ། པདྨ་རྒྱལ་པོའི་དམ་ཚིག་ནོད་པ་དང༌། རིག་སྔགས་འཆང་གི་གཡོག་པོར་ཁས་ལེན་དུ་སྩལ་ཞིང༌། སོ་སོའི་རིགས་ཆོས་ཀྱི་མནའ་དམ་པོས་བསྒག་སྟེ། ཇི་ལྟར་ནུས་པའི་ལས་ཀྱི་གཉེར་གཏད་ནས། །སྔོན་གྱི་གནས་ཇི་ལྟ་བ་བཞིན་དུ་དགྱེ་ཞིང་སླར་གསོ་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་དར་དམར་གཡོབ། རྐྟ་སྦྲེང་ངོ༌། །རྗེས་ལ་སྨན་ཕུད་གཙང་སར་གཤེགས་པར་བྱའོ། །དབང་གི་དམོད་པ་འདི་འདྲ་ཡང་ལྷ་བསྙེན་མེད་པར་མི་བྱའོ། །དབང་ཕྱུག་ཕུད་མཆོད་ཀྱི་ཚིག་ཕྲེང་འདོད་དོན་ཆར་རྒྱུན་འཇོ་བའི་དབྱར་རྔ་ཞེས་བྱ་བ་ཨོ་རྒྱན་མཁན་པོའི་འབངས་པདྨ་མཆོག་གྲུབ་ཀྱིས་སྦྱར་བ་རྫོགས་སོ། །ཤིང་སྟག་དབྱར་ཀ་ལའོ།། །།


previousདབང་ཕྱུག་ཕུད་མཆོད་ཀྱི་ཚིག་ཕྲེང་།next