Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
གནོན་སྦྱིན་ཆེན་པོ་ཙིཏྟ་དམར་པོ་ལ་བསྟོད་པ།
   
   
   
   
   
   
   
   


 
previousགནོན་སྦྱིན་ཆེན་པོ་ཙིཏྟ་དམར་པོ་ལ་བསྟོད་པ།next

གནོན་སྦྱིན་ཆེན་པོ་ཙིཏྟ་དམར་པོ་ལ་བསྟོད་པ།


TN02_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཆེན་པོ་ཙིཏྟ་དམར་པོ་ལ་བསྟོད་པ་བདུད་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ། ཧཱཾཨུ་ཧྲཱིཿ པདྨ་དབང་གི་ཞིང་ཁམས་སྐྱོང་མཛད་ཅིང༌། ཕྲིན་ལས་རྣོ་མྱུར་རྡོ་རྗེའི་ཤུགས་མངའ་བ། །སྡེ་བརྒྱད་དྲེགས་པའི་དམག་དཔོན་ཡང་ལེ་བེར། །སངས་རྒྱས་བསྟན་སྲུང་གཙོ་ལ་ཕྱག་འཚལ་བསྟོད། །མདོག་དམར་དུས་མཐའི་མེ་ལྟར་བཟོད་དཀའ་བའི། །གཏུམ་དྲག་གཟི་བརྗིད་ཕུང་པོས་བསྟན་དགྲ་རྣམས། །རབ་འབར་ཉི་མའི་འོད་ཀྱིས་བ་མོ་བཞིན། །སྐད་ཅིག་ཙམ་གྱིས་ལྷག་མར་མཛད་ལ་བསྟོད། །བོང་ཆེ་ཡན་ལག་རགས་ཤིང་བརྗིད་པའི་གཟུགས། །དྲག་པོའི་གཡུལ་དུ་རབ་བརྟན་ལྷུན་པོ་འདྲ། །མཐུ་རྩལ་ཐོགས་མེད་རྡོ་རྗེའི་རླུང་ཤུགས་ཀྱིས། །སྲིད་གསུམ་བགེགས་དཔུང་རྣམ་པར་འཐོར་ལ་བསྟོད། །ཟག་བྲལ་བདེ་ཆེན་སྒྱུ་མའི་ཆང་རྒོད་ཀྱིས། །གཟི་བྱིན་རབ་རྒྱས་འཇིགས་མེད་དཔའ་བོའི་ཞལ། །ཁྲོས་འཁྲུགས་བཞད་པའི་ཉམས་བརྒྱར་འབར་བ་ཡིས། །བརྟན་གཡོའི་དངོས་ཀུན་ཟིལ་གྱིས་གནོན་ལ་བསྟོད། །དམར་སེར་རལ་པའི་འོད་ཀྱིས་ནམ་མཁའ་གསལ། །སྡང་མིག་ཚ་ཟེར་རྣོན་པོས་གདུག་པ་སྲེག །རྔམ་ཞལ་གདང་བའི་ལྗགས་དང་མཆེ་བ་ལས། །ཉམས་པའི་ཁྲག་རྒྱུན་ཆིལ་ཆིལ་འཛགས་ལ་བསྟོད། །དར་དམར་ཐོད་ཆིང་བརྗིད་


TN02_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བེར་དམར་དང༌། །གསེར་གྱི་སྐ་རགས་ནོར་བུའི་མཆིལ་ལྷྭམ་སོགས། །མི་ཤིགས་རྡོ་རྗེའི་ཆས་གོས་བཀྲག་ཅན་གསོལ། །ཆེ་བཙན་རྒྱལ་པོའི་རྟགས་ཀྱིས་སྤྲས་ལ་བསྟོད། །གཡས་གཡོན་སྟག་རལ་གཟིག་ཤུབས་འཕྱང་བ་ལས། །འཕུར་ཤེས་མདའ་དང་འབྲུག་སྒྲ་འུར་བའི་གཞུ། །དགྲ་ཁམས་ཕྱེ་མར་རློག་པའི་འཁྲུལ་འཁོར་གྱི། །མཚོན་ཆའི་སེར་བ་མི་བཟད་འབེབས་ལ་བསྟོད། །ཕྱག་གཡས་དབང་དྲག་ལས་ཀྱི་ཞགས་པ་ཡིས། །གང་ལ་དམིགས་པའི་ལུས་སེམས་དྲུ་གུར་འཆིང༌། །གཡོན་པས་བདུད་ལས་རྣམ་རྒྱལ་རུ་མཚོན་ཆེས། །བསྟན་དགྲའི་བླ་སྲོག་གནད་དུ་གཟིར་བསྟོད། །རྟ་མཆོག་བྲ་བོ་བསམ་སླེབ་རྫུ་འཕྲུལ་འགྲོས། །རྨིག་པས་དགྲ་མཁར་སྒྱེལ་བའི་དྲག་ཤུལ་ཅན། །སྒ་བཀྲ་རིན་ཆེན་སྦྲུལ་གྱིས་སྤྲས་པའི་སྟེང༌། །བསྟན་པའི་བྱ་ར་མཛད་ཅིང་འཁྱུག་ལ་བསྟོད། །ཟང་བྲག་རི་བོ་མེ་ཆེན་མཆེད་འདྲའི་ཀློང༌། །དམར་མཛོད་གནོད་སྦྱིན་འབྱོར་བའི་སྤྲིན་ཕུང་བཅས། །བསེ་སྨུག་ལྡེམ་པའི་མཁར་ལ་མཛད་ཅིང༌། །གནས་ཆེན་ཀུན་ཏུ་སྤྲུལ་པས་རོལ་ལ་བསྟོད། །ཁྱོད་ནི་པདྨའི་ཟབ་གཏེར་མཛོད་སྲུང་བ། ཁྲག་འཐུང་རྒྱལ་བའི་ལུང་གིས་བླ་ན་མཐོ། །ལས་དང་ཡེ་ཤེས་རིག་སྔགས་མཐའ་ཡས་པའི། །སྟོབས་ཀྱི་འཁོར་ལོ་བཞེད་དགུར་


TN02_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ལ་བསྟོད། །ཁྲི་སྲོང་ལྡེའུ་བཙན་རིགས་ལ་འགོ་བའི་ལྷ། །པདྨའི་རྗེས་འཇུག་སྐྱོང་བར་ཞལ་བཞེས་ཤིང༌། །དབང་ཆེན་བརྒྱུད་པའི་ཆད་མདོ་ལེགས་གསོས་ཏེ། །ཐ་ཚིག་རྡོ་རྗེའི་རི་མོ་བརླིང་ལ་བསྟོད། །ལྔ་ཕྲག་སྙིགས་མ་བདོ་བའི་རྩོད་དུས་མཐར། །སྙིང་སྟོབས་རྫོགས་ལྡན་ལང་ཚོ་མ་རྙིང་བས། །སྡེ་བཞིའི་མངའ་ཐང་གསར་པ་རྩོམ་བྱེད་ཅིང༌། །བསིལ་ལྡན་ཡངས་པའི་འཇིག་རྟེན་སྐྱོང་ལ་བསྟོད། །མཆོག་གསུམ་རྣམ་པར་རྒྱལ་བའི་བ་དན་དཀར། །རྟ་མཆོག་ཕྲིན་ལས་ཉི་མའི་ཁ་ལོ་བ། །ཆོས་སྲིད་ལེགས་ཚོགས་འགུགས་པའི་ལྕགས་ཀྱུ་ཆེ། །བསམ་ཀུན་སྒྲུབ་པའི་ཉེ་དུ་ཁྱོད་ལ་བསྟོད། །ཉིད་ལས་སྤྲུལ་པའི་བཙན་རྗེ་མཆེད་དྲུག་དང༌། །དགྱེས་པའི་དཔལ་སྐྱེད་ཡིད་བཟང་བཙུན་མོའི་འཁོར། །བཀའ་ཡི་ལས་བྱེད་དྲེགས་པའི་དམག་དཔོན་བརྒྱད། །འཇིགས་རུང་དམག་སྡེ་རླུང་ལྟར་འཚུབ་ལ་བསྟོད། །རུ་མཚོན་འོད་ཀྱིས་ནམ་མཁའ་མེ་ལྟར་འབར། །གནམ་ས་འཁྲུགས་པའི་རྫུ་འཕྲུལ་རླུང་དམར་གཡོ། །དྲག་པོའི་ངར་སྒྲ་འབྲུག་སྟོང་བཞིན་དུ་ལྡིར། །སྙིང་རྗེ་ཁྲོས་པས་ཕ་རོལ་གནོན་ལ་བསྟོད། །སྤྲུལ་པ་སྡེ་བཞིས་ཁྲོམ་གྱི་རུ་སྣ་འདྲེན། །རྔམ་པའི་ཁྱི་སྤྱང་མང་པོ་རོལ་ཏུ་འབྲང༌། །འདབས་ཆགས་ཤ་ཟན་སྤྲིན་ལྟར་ཀླད་ན་འཁྲིགས། །ཡང་སྤྲུལ་ཕོ་ཉས་


TN02_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཁམས་ཁྱབ་ལ་བསྟོད། །ཀུན་ཀྱང་དབང་ཆེན་པདྨའི་བཀའ་ཉན་ཏེ། །དམ་ཚིག་གཅིག་པའི་སྒྲུབ་ལ་སྙིང་ཉེ་ཞིང༌། །བསྟན་བཤིགས་ཆེ་བཙན་ཡོངས་ཀྱི་གཤེད་དུ་རྣོ། །སྣ་ཚོགས་ལས་ཀྱི་སྒྱུ་རྩལ་འཆང་ལ་བསྟོད། །ཏིང་འཛིན་ལྟ་བའི་མཁར་རྫོང་བཙན་པོ་ཡིས། །བསྟན་འཛིན་ཡོན་སྦྱོར་བཅས་པ་བསྲུངས་ནས་སླར། །ཕྱོགས་ལས་རྣམ་རྒྱལ་འཇིགས་མེད་གྲགས་པའི་དབྱངས། །སྲིད་རྩེའི་བར་དུ་ཁྱབ་པར་སྒྲོགས་ལ་བསྟོད། །བསྟོད་དེ་གཙང་རིགས་མི་ཡི་དགྲ་ལྷ་ཆེ། །གསོལ་ལོ་ཆོས་འཁོར་གཉན་གྱི་སྲུང་མའི་གཙོ། །བསྟེན་ནོ་སངས་རྒྱས་སྤྲུལ་པའི་ལས་མཁན་མཆོག །ཐུགས་དམ་དགྱེས་སྐོང་བཅོལ་བའི་ཕྲིན་ལས་མཛོད། །གནོད་སྦྱིན་ཆེན་པོ་ཙིཏྟ་དམར་པོ་ལ་བསྟོད་པ་བདུད་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་འཇིགས་མེད་ཀྱིས་ཆོས་སྐྱོང་དགྱེས་པའི་སྙན་ཤལ་དུ་ཕུལ་བའོ། །ལྕགས་ཕག་ཆུ་སྟོད་ཟླ་བའི་ཡར་ཚེས་ཕོ་རོག་ཏོང་སྐད་སྒྲོགས་པའི་དུས་སུའོ། །མངྒ་ལཾ།། །།
བཙན་གྱི་ཞགས་པ་དམར་པོ་མེ་ལྟར་འབར་བའི་འོད་ཟེར་ཅན། རྡོ་རྗེའི་ལུ་གུ་རྒྱུད་ལྟར་བརླིང་ཞིང་སྲ་བ། སྦྲུལ་ལྟར་འཁྱུག་ཅིང་མཉེན་ལ་འཁྲིལ་བ། དགྲ་ལྷའི་ཕྱག་ན་གློག་ཞགས་ལྟར་འཁྱིལ་ཞིང༌། །དམིགས་པའི་གནས་སུ་སྐར་མདའ་ལྟར་འགྲོ་བ། གར་སོང་གི་ཕྱོགས་རྣམས་མེ་རླུང་འཚུབ་པ། །འཕང་བ་དང་ཐེབས་


TN02_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུས་མཉམ་པ། སྤྱི་དགྲ་ལ་རིམས་ནད་ལྟར་འདེབས་པ། སྒོས་དགྲ་ངོ་ཤེས་ལྟར་འདམ་པ། བརྣག་པའི་དགྲ་བོ་བཤས་ལུག་ལྟར་འཛིན་པ། ཉེས་བྱེད་རྐེ་ནས་ཤ་བཙོན་ལྟར་འཁྲིད་པ། །འདྲ་བའི་ནང་ནས་མི་ནོར་བ། མང་པོའི་གསེབ་ནས་མི་འཆོར་བ། བཟུངས་ནས་མི་ཁྲོལ་བ། བཅིངས་ནས་མི་ཐར་བ། ཕས་རྒོལ་ལྟག་ན་གཉའ་ཤིང་ལྟར་ལྕི་བ། བསྟན་དགྲའི་རི་དྭགས་ཁྱི་སྤྱང་ལྟར་འདེད་པ། གར་ཡང་ཐོགས་མེད་རླུང་གི་ཤུགས་ཅན། བཙན་དམག་འབུམ་སྡེའི་ཤ་སྟོན་སྡུད་པ། ལས་མཛད་ཕྱག་གི་མངག་གཞུག་ཆེན་པོ། དགྲ་འདུལ་དཔའ་བོའི་ཟླ་གྲོགས། །དབང་སྒྱུར་དྲག་པོའི་མཚོན་ཆ། དོན་ཡོད་འཕྲུལ་གྱི་ཞགས་པ་ཡིད་བཞིན་གྱི་ཨ་ལོང་ཅན། སྒྲུབ་མཆོག་རྣལ་འབྱོར་པས་གར་བསྐུལ་དུ་ཕོ་ཉ་ལྟར་འཇུག་པ་ལ་གསོལ་ལོ། །བསང་ངོ༌། །མཆོད་དོ། །འཇིགས་པའི་བསེ་མདུང་དམར་པོ་མཚམས་སྤྲིན་ལྟར་གཡོ་བའི་རུ་དར་ཅན། དབང་ཆེན་ཁྲོས་པའི་རྫུ་འཕྲུལ་གཟུགས་སུ་ཤར་བ་ལྟ་བུ། ལག་ཆ་གཅིག་ལ་བྱེད་ལས་བརྒྱ་པ། མཚོན་རྩེ་གཅིག་ལ་རྣོ་ནུས་སྟོང་དང་ལྡན་པ། དྲང་ཞིང་ལྡེམ་ལ་ཕྲ་ཞིང་བརླིང་བ། རགས་པ་འབྱེད་ཅིང་ཕྲ་མོ་འབྱིན་པ། གཉན་དགུ་འཚོལ་ཞིང་གནད་ལ་འབིགས་པ། མདུང་རྩེ་གནམ་ལ་བསྒྲེང་ཚེ། སྟོབས་ཆེན་


TN02_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་དམག་སྡེས་མཆོད་བསྟོད་འབུལ་ཞིང་མངའ་གསོལ་བ། འོད་ཉི་ཟླ་གཉིས་དང་གྲལ་རྩོད་པ། མདུང་རྟིང་ས་ལ་བསྣུན་ཚེ། དགྲ་ཡུལ་གཟེར་རྒོད་ཕོག་པ་ལྟར་འཕར་ཞིང་ལྡེག་པ། དགྲ་དཔུང་ཐོ་ཡོར་བསྒྱེལ་བ་ལྟར་སྤྲུགས་ཤིང་སྦུབ་པ། མདུང་སོ་དགྲ་ལ་གཏད་ཚེ། རྒྱོབ་སོད་ཀྱི་དམོད་སྔགས་དང་འགྲོགས་པ། རང་དཔུང་གི་ཐོག་མ་ནས་འགྲོ་བ། དགྲ་སྔུན་དུ་འབྲོང་ལྟར་རྒུགས་པ། དགྲ་སྲོག་ལ་སེང་གེ་བཞིན་མཆོང་བ། འོད་དམར་གྱི་གླལ་བ་འཁྱུགས་པ། ཁྲག་གི་དཔའ་སྐྱེམས་ལ་སྤྱོད་པ། ཚིལ་བུའི་ཅོད་པན་གྱིས་བརྒྱན་པ། རུ་དར་བརྡབ་པའི་རྐན་སྒྲ་ཅན། ཕྱར་ན་སྐྱེན་པོའི་རྩལ་གནོན་པ། གཟས་ན་དཔའ་བོའི་སྙིང་འཆུམ་པ། བསྐོར་ན་མགྱོགས་པའི་བང་འཆིང་བ། །བཏབ་ན་རྡོ་རྗེའི་བྲག་འགས་པ། གོ་ཆ་འདྲལ་ཞིང་ཕུབ་ཀྱིས་མི་སྲུང་བ། དགྲ་མང་གསོད་ལ་མི་ངལ་བ། སྡེ་མང་བརླག་ལ་མི་ཞུམ་པ། རོ་མང་བརྡལ་ལ་མི་སྐྱོ་བ། བསྣུན་གྱིན་རྣོ་བའི་ངར་ཐོགས་པ། བརྡེག་གྱིན་འབིགས་པའི་སོ་ཐོན་པ། བཀོལ་གྱིན་རྩུབ་པའི་དབལ་ཚ་བ། དཀར་ཕྱོགས་གཟེངས་སྟོད་ཅིང༌། ནག་པོའི་གོང་གནོན་པ། སྒྲོལ་བ་སྔགས་ཀྱི་མཚོན་ཆ། མངོན་སྤྱོད་གྲུབ་པའི་ནོར་བུ། དགྲ་ལས་རྣམ་པར་རྒྱལ་བའི་མདུང་དམར་གློག་མདའི་ཤུགས་ཅན། ལྷ་སྲུང་གི་དཔའ་ཟླ། སྔགས་


TN02_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་སྒྲུབ་པ་པོའི་དཔུང་གྲོགས། ལྷ་མིའི་བསམ་པ་སྒྲུབ་ཅིང་འདོད་པའི་ཕྲིན་ལས་ཐོགས་མེད་དུ་བྱེད་པ་ལ་གསོལ་ལོ། །བསང་ངོ༌། །མཆོད་དོ། །མངའ་དབུལ་ལོ། །གཟི་བྱིན་བསྐྱེད་དོ། །


previousགནོན་སྦྱིན་ཆེན་པོ་ཙིཏྟ་དམར་པོ་ལ་བསྟོད་པ།next