Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
བཅའ་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   


 
previousབཅའ་ཡིགnext

བཅའ་ཡིག


TN02_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ། དཔལ་ལྡན་མ་ཁོལ་གྱིས། །ཡུལ་ལ་ཉེ་བར་སྤྱོད་པ་ན། །ལྷ་མིའི་སྦྱོར་པ་ཐ་དད་ཀྱང༌། །ཆོས་ཀྱི་ལོངས་སྤྱོད་ཐུན་མོང་བས། ཁྱོད་ལ་དབྱེ་བ་མི་མངའོ། །ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པའི་བསྟན་པ་བདུད་རྩི་ལྷ་དང་མི་སྐལ་བ་དང་ལྡན་པ་རྣམས་ཀྱི་ཐུན་མོང་གི་ལོངས་སྤྱོད་དུ་རྒྱ་ཆེར་འཕེལ་བའི་རྟེན་འབྱུང་བཟང་པོའི་མིང་སྭཱ་དྷ་ར་ཎ་སྟེ་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོ་ནས་རྡོ་སྟོད་གཙང་ཆེན་དུ་སྙིང་ཐིག་འོག་མའི་རྩ་གསུམ་གི་སྒྲུབ་གྲྭ་ལ་བཞུགས་པ་རྣམས་ཀྱིས་བླང་དོར་བྱ་བའི་རིམ་པ་རགས་བསྡུས་ཤིག་བསྙེལ་ཐོའི་ཚུལ་དུ་སྤེལ་བ་ལ། ཐོག་མར་སྒྲུབ་གྲྭ་པ་ཕན་ཚུན་ནང་མཐུན་པ་དང༌། ཀློང་སྙིང་གི་ཆོས་དང་བརྒྱུད་འཛིན་ལ་དད་གུས་བརྟན་པ་དང༌། ཆོས་ལྡན་གྱི་ནང་ཁྲིམས་ལ་གཅེས་ནོར་ལྟར་རྩི་འཇོག་བྱེད་མཁན་ཁོ་ན་འཇུག་རྒྱུ་ལས། འཐབ་བཀྲོལ་ཅན་དང༌། མི་དད་པ་དང༌། སྤྱི་བརྟོལ་ཅན། ངན་དྲེད་ལ་སོང་བའི་རིགས་མི་འཇུག་སྒྲུབ་ཁང་དུ་བཅད་རྒྱ་བསྡམས་ནས་གྲོལ་གྱི་བར་དུ། དང་པོ་ནས་དམིགས་འོག་ཏུ་བཅུག་པ་རྣམས་མ་གཏོགས་སུ་དང་ཡང་མི་ཕྲད་ཅིང་ངག་མི་བསྲེ། དམིགས་འོག་ཏུ་འཇུག་རྒྱུ་ཡང་ཆུ་ལེན་པ་དང༌། སྒྲུབ་ཁང་ཡང་ཐོག་གི་ཁ་བ་སྤྲུགས་མཁན། གང་དགོས་ཆ་མེད་ཀྱི་ལྷ་རྗེ། གསོ་སྦྱོང་སོགས་ཀྱི་དུས་འདུན་དག་ལེན་མཁན་སོགས་ཆོས་ལྡན་གྱི་བྱ་བའི་ཡན་ལག་ཏུ་མེད་ཀ་མེད་འགའ་ཞིག་ཙམ་མ་གཏོགས་རང་གི་ཉེ་དྲུང་སོགས་སུ་དགའ་གང་འཐད་དང་བསྟུན་ནས་མི་འཛུད། ཤིང་གཤོག་མཁན་


TN02_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གྲྭ་པ་རང་རང་ནས་ཆུ་ལེན་པ་ལ་ཕྲིན་བསྐུར་ཏེ་མངགས་པའམ། ཡང་ན་ཆུ་ལེན་པ་རང་གིས་སྒྲུབ་ཁང་གི་འོག་ཏུ་བསེས་ན་དེས་འཐུས། གཞན་མངགས་ན་སྒྲུབ་ཁང་གི་ཕྱི་རོལ་དུ་བསེས་ཏེ་ནང་དུ་ཆུ་ལེན་པ་སོགས་དམིགས་འོག་ཏུ་ཆུད་པའི་མིས་འཇོག་རྒྱུ་བྱེད། སྨན་པ་དང༌། འདུན་དག་ལེན་མཁན་སོགས་དམིགས་འོག་ཏུ་ཆུད་པ་ཡིན་ཡང༌། དགོས་པ་དེ་དང་དེའི་དུས་ཁོ་ན་མ་གཏོགས་གཞན་དུ་མི་འཛུད། ཡོ་བྱེད་གཏོང་ལེན་དགོས་ནའང་ཆུ་ལེན་ལྟ་བུ་དམིགས་ཁོངས་སུ་ཡོད་པ་ཁོ་ནས་སྔ་ཐུན་གྲོལ་བའི་ཉིན་གུང་གི་ཐུན་མཚམས་ལ་སྤྲད་ལེན་བྱེད། སྒྲུབ་གཡོག་གིས་ཆུ་སྐྱེལ་བ་དང༌། ཐལ་བ་དབོབ་སོགས་ཀྱང་གུང་དུས་ཀྱི་ཐུན་མཚམས་དེ་ཁོ་ན་ལ་བྱེད་ཅིང༌། ཐུན་དང་ཐུན་མཚམས་གཞན་དུ་སྒྲུབ་ཁང་དུ་མི་འཇུག །སྒྲུབ་ཁང་པ་ནང་ཕན་ཚུན་དང༌། སྒྲུབ་གཡོག་ལྟ་བུར་དགོས་པའི་དབང་གིས་ངག་བསྲེ་དགོས་པ་བྱུང་ན་ཉིན་གུང་གི་ཐུན་མཚམས་དེ་ཁོ་ན་ལ་སྨྲ་བ་ལས། ཐུན་དང་ཐུན་མཚམས་གཞན་དུ་སྨྲ་བཅད་ཀྱི་དམ་རྒྱ་ལྷོད་མེད་བྱེད། ཉིན་གུང་ཡང་དོན་ལྡན་གྱི་ངག་ཉུང་ལ་རན་པ་ཙམ་སྨྲ་བ་མ་གཏོགས། གཏམ་ཉོབ་ནག་འབྱམས་མི་བྱ་ཞིང༌། ཁ་བརྒྱགས་ལབ་པ། གཅིག་གིས་གཅིག་ལ་འབོད་རྒྱང་བྱེད་པ། བྱུང་རྒྱལ་གྱི་འདོན་དབྱངས་དང༌། དོན་མེད་པར་རྔ་དང་ཌཱ་དྲིལ་དཀྲོལ་བ་སོགས་དུས་ནམ་ཡང་མི་བྱ། སྔོན་འགྲོ། སྐྱབས་སེམས། རྡོར་སེམས། མཎྜལ། ཀུ་སུ་ལུའི་ཚོགས་བསགས། བླ་རྣམ་དང་དྲུག་པོ་ཞག་ཅི་ཙམ་བྱེད་ཀྱི་


TN02_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ལ། ཐུན་དཔོན་པས་རྔ་ཟིལ་འབེབས། བཞག་རོལ་གཅིག་བརྡུང་དུས་ཐམས་ཅད་ཀྱིས་ཐུན་བསྡམས་ཤིང༌། གྲོལ་དུས་ཀྱང་དེ་མཚུངས། སྔོན་འགྲོ་དངོས་གཞི་ཐམས་ཅད་ཀྱི་སྐབས། ཉིན་ཞག་རེ་ལ་ཐུན་བཞི་བཞིར་བགོས་ཏེ་ཐུན་བསྡམས་པ་དང་གྲོལ་བ། དངོས་གཞིའི་དུས་དགོང་ཐུན་མཚམས་ཚོགས་དང་གསོལ་ཁ་གཏོང་བ། ཡར་མར་གྱི་ཚེ་བཅུ་གཉིས་ལ་ཚོགས་བསྐང་ཅུང་རྒྱས་བྱེད་དུས་སོགས་དུས་ཐམས་ཅད་སྒྲིགས་ལ་ཕབ་ནས་འགྲིགས་པ། ཌ་དྲིལ་དང་རྔ་སོགས་བརྡུང་དུས་དང་བརྡུང་ས་བརྡུང་ཚིགས་རྣམས་གཅིག་པ། གཏོར་བཟོ་ཡང་ཀློང་སྙིང་གཏོར་དཔེ་དང༌། གཏོར་མའི་རེ་ཟིག་གསལ་བ་ཁོ་ན་ལྟར་ལས། གཞན་གྱི་ཤན་མ་ཞུགས་པ་སོགས་ཕྱག་ལེན་གཙང་ཤ་གང་ཐོན་ལ་སྒྲིམས། ཁྱད་པར་དུ་ངག་འདོན་གྱི་རིམ་པ། ཀློང་སྙིང་རང་གི་སྔོན་འགྲོ། །རྩ་གསུམ་ཆོས་སྲུང་རྣམས་དང༌། ཙིའུ་དམར་སོགས་རྡོ་གྲུབ་གོང་མའི་རིང་ནས་རྒྱུན་འདོན་བྱེད་རྒྱུའི་བསྟན་སྲུང་གསོལ་ཁ་ཁ་ཤེས་དང༌། ལྟུང་བཤགས། སྒྲོལ་མ། ཟབ་མདོ་ལྟ་བུ་མ་གཏོགས། ལྷ་སྲུང་དང་ཆོས་རྒྱུན་མི་གཅིག་པའི་གསོལ་ཁ་སོགས་ཁ་ཏོན་སྲ་སྲེ་གཏན་ནས་མི་བྱེད། ཐུན་དང་ཐུན་མཚམས་ཀྱི་རིང་ཐུང་སོགས་ཉི་སྐར་ལ་ཚད་བཞག་སྟེ། དཔྱིད་དང་དབྱར་དུས་སྲོད་ཐུན་དང༌། ཐོར་ཐུན་ཅུང་ཟད་ཐུང་བར་བྱ་ཞིང༌། སྟོན་དགུན་གཉིས་སུ་དེ་ལས་རིང་བ་སོགས་ཉིན་མཚན་གྱི་རིང་ཐུང་དང༌། རང་གི་ཁམས་ཀྱིས་ལྕོགས་མིན་སོགས་ལ་ཞིབ་ཏུ་བརྟགས་ནས།


TN02_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་དཔོན་པས་ཚོད་འཛིན་ཇི་ལྟར་བགྱིས་པ་བཞིན་སྒྲིགས་ལ་ཕེབས་རྒྱུ་དགོས་ཀྱི། སོ་སོའི་སྣང་བར་གང་དྲན་ལ་མི་འཇུག །ཐུན་བར་རྣམས་སུ་བསྙེན་ཡིག་སོགས། སྒྲུབ་མཚམས་དེ་ཉིད་ཀྱི་ཉེར་མཁོ་ཙམ་མ་གཏོགས། དཔེ་བལྟས་དང་ཡིག་བྲིས་རིགས་མི་བྱེད། སྔགས་ཆུ་དང་སྲུང་མདུད་སྟེར་བ། གསོལ་ཁ་འཕར་མ་དང༌། བདུན་བཅོས་སོགས་ཆོས་འདོན་ཡོན་ལེན་པ། སྨན་སྦྱིན་པ། མོ་རྩིས་དང་སྐར་མ་བལྟ་བ། བཟོ་བཙེམ་དྲུབ་དང༌། རྭ་བཞོག་ཤིང་བཞོག་བྱེད་པ། གཡས་ཉལ་གཡོན་སྙེས་བྱེད་པ། གཞན་གྱིས་བཅོལ་གཏམ་ལེན་པ། ཕྱི་རོལ་གྱི་སྐྱེ་བོ་ལ་ཕག་ལྟས་རྣ་ཉན་བྱེད་པ། གཅིག་གིས་གཅིག་མགྲོན་དུ་འབོད་པ། སྒྲུབ་གཡོག་ལ་ལྕེ་བཅོལ་ནས་ཉོ་ཚོང་བྱེད་པ་སོགས་སྒྲུབ་པ་གཡེལ་ཞུད་དང༌། དངོས་གྲུབ་ཕྲོགས་པའི་རྒྱུ་ཆེན་པོར་འགྱུར་བའི་ཉེས་དམིགས་དྲན་ནས་འགོ་བའི་ནད་བཞིན་དུ་སྤང༌། སྔོན་འགྲོ་སྐྱབས་སེམས་ནས་བླ་རྣམ་བར་ལ་ཞག་གྲངས་ཞེ་དགུ་གཏོང་རྩིས་བྱས་ནས་ལྔ་བཅུ་པའི་སྔ་དྲོ། གཏོར་བཟོ། བཤམས་བཀོད། དེ་ཉིད་ཀྱི་དགོང་མོ་བསྙེན་སྒྲུབ་དབུ་འཛུགས་འོང་བར་བྱ་ཞིང༌། སྒྲུབ་པ་སྔ་མ་རྫོགས་ནས། ཐོ་རངས་དངོས་གྲུབ་བླངས་པའི་དགོང་མོ་སྒྲུབ་པ་ཕྱི་མ་ལ་འཇུག་པ་སོགས་རིགས་འགྲེ་སྦྱར། སྔ་ཕྱིའི་བར་ཐག་དེ་ལས་ཅུང་ཟད་རིང་དགོས་ནའང༌། ཉིན་གཅིག་ལས་ལྷག་པར་ངལ་བསོ་མི་བྱ་ཞིང༌། དེའི་རིང་ལའང་སྟན་ཉི་མ་ལ་བཞག་ནས་ས་དུག་བསང་ཞིང༌། སྒྲུབ་པ་ཕྱི་མའི་བསྙེན་ཡིག་ལྟ་བ་སོགས་ལས།


TN02_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་འཛིའི་ལོང་གཏམ་གླེང་བ་དང༌། གཉིད་རྩེ་དགོད་སོགས་བག་མེད་ཀྱི་ཀུན་སྤྱོད་མི་བྱེད། ལོ་མཇུག་ཟླ་བ་བཅུ་གཉིས་པའི་མར་ངོའི་ཞག་ལྔ་ཙམ་གྱི་རིང་ཁ་སྐོང་སྦྱིན་སྲེག་གི་ཚབ་ཏུ་ཡིག་བརྒྱ་གང་མང་བཟླ། དེ་དང་དུས་མཚུངས་སུ་སྒྲུབ་གྲྭའི་ཚོགས་ཁང་ནང༌། མཆོད་བཟོ་པ་རྣམས་ཀྱིས་གཏོར་མ་དང་ཤོམ་སོགས་ཚགས་སུ་ཚུད་པར་བྱས་ནས་གཏོར་བཟློག་བཏང༌། དེ་ནས་ལོ་གསར་ཚེ་མགོར། སྒྲུབ་གྲྭ་པ་གསར་རྙིང་གཉིས་ཀས་སམ། ཡང་ན་གསར་བཞུགས་རྣམས་ཀྱི་རྣམ་གྲོལ་ལམ་བཟང་གི་ཆོ་ག་ཉིན་གསུམ་མཛད་ནས། གང་ལྟར་ཡང་སྒྲུབ་ཁང་པ་སྔ་ཕྱི་བརྗེ་དུས། སྔ་མ་རྣམས་ཀྱིས་སྨོན་ལམ་དང༌། ཁྱད་པར་ཤི་བརྗོད་གང་རྒྱས། ཕྱི་མ་རྣམས་ཀྱིས་བསང་གསེར་སྐྱེམས། ཆ་གསུམ་སོགས་བསྔོས་ནས་བརྗེ་སྤོ་བྱེད། ལྡེབས་ཡིག་ཆུང་ངུ་འདི་ཡང་ཡང་གཟིགས་ནས་རང་ཞི་རང་ལ་མི་ཁྲེལ་བའི་སྤང་བླང་ཞིབ་མོ་ནན་ཏན་དུ་མཛད་པ་དང༌། སྒྲུབ་གྲྭ་པ་སྔ་ཕྱི་བརྗེ་དུས་རྩིས་སྤྲོད་ལེན་མི་ལྷོད་པ་གལ་ཆེ། ཞེས་སྨིན་ཟླའི་དཀར་ཕྱོགས་ཀྱི་གང་བ་ལ་རྡོ་སྤྲུལ་མིང་པས་བྲིས་པ་དགེ་བར་གྱུར་ཅིག། །།


previousབཅའ་ཡིགnext