Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
སྲོག་གི་ཞལ་གདམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   


 
previousསྲོག་གི་ཞལ་གདམས།next

སྲོག་གི་ཞལ་གདམས།


TN02_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་ཞལ་གདམས་ཉུང་གསལ་ནི། སྲོག་གང་ཡིན་ཤེས་པར་བྱ་བ། ཤེས་ནས་དགུག་ཅིང་དབང་དུ་བྱ་བ། དབང་དུ་གྱུར་ནས་ཕན་གནོད་ཀྱི་དགོས་པ་ལ་སྦྱར་བ་སྟེ་གསུམ་ལས། དང་པོ་ནི། ཡེ་ཤེས་ལྷའི་དང༌། འཇིག་རྟེན་དྲེག་པའི་སྲོག་གཉིས་ཀྱི། དང་པོ་ནི། ལྷ་རང་རང་གི་རྩ་སྔགས་དང་སྙིང་པོའི་སྔགས་སོགས་ཏེ། དེའང་ཡེ་ཤེས་ལྷའི་སྲོག་དངོས་ནི་སོ་སོའི་ཐུགས་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་རྗེས་འཇུག་གིས་ཀྱང་ཐོབ་ཅིང་མངོན་དུ་བྱ་བའི་ཕྱིར་རྒྱལ་བ་ཉིད་ཀྱིས་རིག་སྔགས་ཀྱི་རྣམ་པར་བྱིན་གྱིས་བརླབས་པའོ། །སངས་རྒྱས་ཐམས་ཅད་དང༌། ལྷ་སྲིན་སྡེ་བརྒྱད་སོགས་འཁོར་འདས་ཐམས་ཅད་ཀྱི་སྲོག་གམ་གནད་མཐར་ཐུག་པ་ནི་ཆོས་ཀྱི་དབྱིངས་ཡིན་ལ། ཡེ་ཤེས་ལྷའི་ཐུགས་དེ་ནི་ཆོས་ཀྱི་དབྱིངས་ལ་དབང་སྒྱུར་མཐར་ཕྱིན་པ་ཡིན་པས་སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་ཀྱང་སངས་རྒྱས་ཀྱི་སྲོག་གི་གཞན་དབང་ཁོ་ནར་སོང་བའོ། །གཉིས་པ་ནི། གཤིན་རྗེའི་ལྕགས་ཀྱི་སྤྱང་ཀི་བུང་བ་ཙམ་བསེ་སྒྲོམ་ནག་པོ་ལྕགས་ཀྱི་ཐ་རམ་ཅན་དུ་དང༌། མ་མོའི་ཟངས་ཀྱི་བྱེ་ལེབ་སྐྱིགས་མོའི་མགོ་བོ་ཙམ་གཡུ་སྒྲོམ་ལྕགས་ཀྱི་ཐ་རམ་ཅན་ན་བཅུག་སྟེ་གནས་པ་སོགས་སོ་སོའི་ལས་ཀྱིས་གྲུབ་པའི་བླ་རྟེན་སྲོག་མཁར་ཐ་དད་ཀྱང་གསུངས་མོད། གཙོ་བོ་ནི་ཡ་མ་སོགས་མིང་སྔགས་རྣམས་སོ། །དེའི་རྒྱུ་མཚན་སྡེ་བརྒྱད་རྣམས་རང་རང་གི་མིང་དེ་དག་གི་སྒོ་ནས་ངའོ་སྙམ་དུ་་སྡེ་བརྒྱད་དེ་དག་མིང་ཁོ་ནའི་དབང་གིས་ཡོད་པར་ཟད་ཀྱི། མིང་ལ་མ་བརྟེན་པར་དེ་དག་གི་ཡོད་པ་འཚོ་མི་ནུས་པས་མིང་ཡིག་སྲོག་ཏུ་བཞག་གམ་དཔྱད།


TN02_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དོན་གཅིག་ཏུ་སྲེ་བའི་ཚུལ་གྱིས་ཞེན་ནས་གནས་ཏེ་སེམས་ཀྱིས་ཇི་ལྟར་ཞེན་ཅིང་བརྗོད་པ་ལྟར། དེའི་འགྱུ་ཆར་གྱུར་པའི་རླུང་གིས་ཀྱང་རྗོད་པར་བྱེད་དེ། འདི་ནི་དེ་དག་གི་རླུང་སེམས་མིང་ཡིག་གི་རྣམ་པར་གནས་པའི་ཚུལ་ལོ། །དེར་མ་ཟད་དེ་དག་གིས་དཔལ་གྱི་སྤྱན་སྔར་ཡང་རང་སྲོག་མིང་སྔགས་སུ་བྱས་ཏེ་ཕུལ་ཞིང༌། དཔལ་གྱིས་ཀྱང་དེ་ལྟར་ཐུགས་ཏིང་ངེ་འཛིན་གྱིས་བཟུང་བ་ཡིན་པས། སྲོག་དང་མིང་སྔགས་རྣམས་ནི་མདུད་པ་བརྟན་པོས་བསྡམས་པ་ལྟར་མི་ཕྱེད་པ་ཡིན་ནོ། །གཞན་ཡང་ལྷ་འདྲེའི་མི་འགྱུར་བའི་སྲོག་ཏྲི་ཡིག་དང༌། འདྲེན་པ་དང་བཏགས་པའི་སྲོག་མིང་ཡིག །གནས་པའི་སྲོག་མིང་ཡིག་དང་པོ་སྟེ་སྲོག་བཞི་དང༌། ཕྱི་སྙིགས་མ་ལས་གྱུར་པ་ཤ་ཁྲག་གི་སྲོག །ནང་དྭངས་མ་ལས་གྱུར་པ་རྣམ་ཤེས་ཀྱི་སྲོག །རྗེས་སུ་དྲན་པའི་སྲོག །རང་དབང་མེད་པའི་སྲོག་སྟེ་བཞིའི་རྣམ་བཞག་དང༌། བླ་ཚེ་སྲོག་གསུམ་གྱི་རྣམ་དབྱེ་སོགས་ཤེས་པར་བྱའོ། །ཆགས་པ་ཁྲག་གི་སྲོག་དང༌། གནས་པ་དོན་གྱི་སྲོག །འཁྲུལ་པ་ཡིད་ཀྱི་སྲོག །རྩ་རླུང་བྱང་སེམས་ཀྱི་སྲོག་སྟེ་བཞི་དང༌། རང་བཞིན་གྱི་སྲོག་དང༌། གནས་པ་སྲོག་གི་སྙིང་པོ། །མྱུར་བ་སྲོག་གི་སྙིང་པོ། ངོ་བོ་ཉིད་ཀྱི་སྲོག་གི་སྙིང་པོ་སྟེ་བཞི་སོགས་བཤད། གཙོ་བོ་ཡེ་ཤེས་ལྷའི་སྲོག་ནི་ཐུགས་སྲོག་དང༌། སྙིང་པོའི་སྔགས་གཉིས་སུ་དང༌། འཁོར་སྡེ་བརྒྱད་ཀྱི་སྲོག་ནི་སྲོག་ཡིག་དང༌། སྲོག་སྔགས་གཉིས་སུ་འདུ་ཞེས་བླ་མས་གསུངས། གཉིས་པ་ལའང༌། ཡེ་ཤེས་པ་དང༌། འཇིག་རྟེན་གྱི་སྲོག་འཕྲོག་ཐབས་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་གྱི་གཟེར་


TN02_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཞི་སྟེ། དེ་དག་ལ་སྲོག་སྡོམ་གཟེར་བཞི་ཟེར་བའི་རྒྱུ་མཚན་ནི། རང་གི་སྒོ་གསུམ་བྱ་བ་དང་བཅས་པ་དང༌། ལྷའི་རྡོ་རྗེ་གསུམ་ཕྲིན་ལས་དང་བཅས་པ་གཉིས་སྲོག་གམ་རང་བཞིན་གཅིག་ཏུ་བསྡམས་ནས། སངས་རྒྱས་ཀྱི་རྡོ་རྗེ་བཞི་རང་གི་དངོས་པོ་བཞི་ལས་གཞན་དུ་མི་གཡེལ་ཞིང༌། རང་གི་ལུས་སོགས་ཀྱང་ལྷའི་རྡོ་རྗེ་བཞིའི་ངོ་བོ་ཉིད་ལས་གཞན་དུ་མི་འཕྱུགས་པར་བྱེད་པའི་གཟེར་བུ་ཞེས་པར་མངོན། དེའི་དགོངས་པ་མི་འགྱུར་བའི་གཟེར་གྱི་སྐབས་སུ། སྣང་སྲིད་ཐམས་ཅད་རྒྱལ་བའི་སྲོག་རང་རིག་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་པར་ཤེས་ནས་བསྒོམ་པས། ལྷ་སྲིན་དྲེགས་པ་རྣམས་ཀྱང་རང་ཤུགས་ཀྱིས་དབང་དུ་གྱུར་ནས། གྲོགས་ལ་མི་འཁུ། རང་ལ་མི་ལྡོག །བཀྲ་ཤིས། སྙིང་ཉེ། བཀའ་ཉན་པའི་ཕྱིར་འཇིག་རྟེན་པའི་སྲོག་གི་ལྡེ་མིག་ཀྱང་ཡེ་ཤེས་ལྷའི་སྲོག་འཕྲོགས་པ་ཉིད་ཡིན་པར་བཤད་དོ། །གཉིས་པ་ནི་གསུམ་སྟེ། ཕྱི་སྲོག་གསང་སྔགས་ཟབ་མོས་འཕྲོགས་པ་ཞེས་ཧེ་རུ་ཀའི་ཏིང་ངེ་འཛིན་གསལ་བས། གང་ལ་བྱ་བའི་ལྷ་འདྲེ་དེའི་སྔགས་བཟླས་པས་སྔགས་ཀྱི་སྒྲ་དང་འོད་ཀྱིས་དོན་གཉིས་བྱས་ནས། འདིར་ཡི་དམ་གྱི་སྔགས་ཀྱང་བཟླ་དགོས། སྡེ་བརྒྱད་ལ་ཕོག་པས་སོ་སོའི་སྙིང་ཀའི་བླ་སྲོག་གི་སྒྲོམ་བུ་རྣམས་མར་གསར་ཉི་མས་བཞུ་བ་ལྟར་ཞུ། དེ་ན་གནས་པའི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་མིང་སྔགས་ཀྱིས་བསྐོར་བ་དེ་མཆིལ་པས་ཉ་དྲང་བ་ལྟར་དྲང་བར་བསམ་སྟེ། འདི་ལ་ནི་བཟླས་བརྗོད་གཙོ་བོར་བྱེད་པ་ཡིན་ནོ། །ནང་སྲོག་ཏིང་འཛིན་བརྟན་པོས་


TN02_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོགས་པ་ཞེས་གོང་ནོན་གྱི་ཏིང་ངེ་འཛིན་དང༌། དྲེགས་པ་དབང་སྡུད་ཀྱི་ཏིང་ངེ་འཛིན་གསལ་ཞིང་བརྟན་ན་བཟླས་པ་སོགས་ལ་ཆེར་མི་ལྟོས་པའོ། །གསང་སྲོག་ལྟ་དགོངས་ཟབ་མོས་འཕྲོགས་པ་ཞེས་ལྷ་སྲིན་དྲེགས་པ་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཤེས་པའི་གདེང་ཚད་བརྟན་ན་ཏིང་འཛིན་དམིགས་པའི་རྣོ་སོ་མང་པོ་ཡང་གདགས་མི་དགོས་པའོ། །དེའང་སྔགས་ཀྱིས་དྲེགས་པའི་སྲོག་འདྲོང་ནུས་པའི་ཚད་ནི། སྔགས་དེ་ཟློས་བྱེད་ཀྱི་ངག་ལ་བདེན་པ་འགྲུབ་དགོས་ཏེ། གང་བསམ་བདེན་མཐུས་བྱེད་པའི་དྲོད་ཅི་རིགས་རྙེད་པ་དང༌། ཏིང་ངེ་འཛིན་གྱིས་འདྲོང་བ་ལ་ནི། རེག་མཐོང་གི་མཚན་མ་བརྟན་པ་དང༌། ལྟ་བས་འདྲོང་བ་ལ་ནི། སྣང་རིག་འདྲེས་པའི་སྟོབས་ཀྱིས་གཞན་སྣང་ཟིལ་གྱིས་ནོན་པ་དགོས་སོ། །དེ་ལྟ་བུའི་སྔགས་པས་སྲོག་འདྲེན་བྱས་ན་ནི། ཤིང་ལོ་བྲུལ་བ་རླུང་གིས་བདས་པའམ། གངས་རི་རྒྱུད་ཆད་པ་བཞིན་དུ་ལྷ་སྲིན་སྡེ་བརྒྱད་ལ་འདུག་པའི་དབང་མེད་དེ་སྲོག་གི་དབང་པོས་མ་བཟོད་ནས་འོང་བར་འགྱུར་རོ། །གསུམ་པ་ནི། དེ་ལྟར་འཁོར་འདས་ཀྱི་སྲོག་ཐོབ་པ་ན། ལྷའི་བཟོ་བོ་ལས་སྣ་ཚོགས་ཡིད་ཙམ་གྱིས་བཟོ་ཐམས་ཅད་བྱེད་པ་ལྟར་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས། དཔེར་ན་ནད་པ་གཅིག་ལ་ཕན་འདོགས་ན། དེའི་ནད་བདག་གི་སྲོག་ཕྲོགས་ལ་ཞི་བྱེད་ཀྱི་ལྷར་མཚན་བསྒྱུར་ཏེ། ཕན་འདོགས་ཀྱི་ལས་འཆོལ་བ་དང༌། དགྲ་ལ་གནོད་པ་སྐྱེལ་ན། ཁོས་ལྷ་སྲུང་གི་སྲོག་ཕྲོགས་ལ་བདུད་གཤེད་དུ་མཚན་


TN02_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཏེ་ཚར་གཅོད་དྲག་པོའི་ལས་ལ་རྦད་པ་དང༌། དེས་མཚོན་ཏེ། དབུལ་འགོང་ཕྱུག་གཡང་གི་ལྷར་མཚན་སྒྱུར་བ་དང༌། བྱད་གདོན་སྲུང་སྐྱོབ་ཀྱི་ལྷར་མཚན་སྒྱུར་བ་སོགས་ཀྱི་སྒོ་ནས། ཆེ་བཙན་ཁྲི་ལས་འབེབས་པ་དང༌། ཡུལ་ཁམས་རླུང་ལ་སྐུར་བ། དབང་ཆུང་ཆེ་སར་འདོན་པ། ནང་འགྲས་མཐུན་པོར་གཏོང་བ་སོགས་ཕན་གནོད་ཀྱི་ལས་རབ་འབྱམས་བཙན་ཐབས་སུ་བྱེད་དོ། །དེ་དག་གང་ཡང་སྲོག་མ་ཐོབ་པར་མཚན་བསྒྱུར་དུ་མེད་ལ། སྲོག་འཕྲོགས་པའང་འཕྲོགས་ཐབས་ཀྱི་མན་ངག་ལས་སུ་རུང་བ་ཁོ་ནས་བྱ་ཡི། གཞན་གྱིས་ནི་མ་ཡིན་ཏེ། དུག་སྦྲུལ་མགོའི་ནོར་བུ་དང་འདྲ་བས་བཤད་པའི་གོ་རིམ་འདི་ལ་མཁས་པར་བྱའོ། ༈ །རྒྱ་བསྐྱེད་ན། གཞི་ལམ་འབྲས་བུ་གསུམ། གཞི་ལ་ཕྱི་ནང་གཉིས། ཕྱི་ལ་སྡེ་བརྒྱད་ཀྱི་རྣམ་གྲངས་མང་བ་ཆོས་དབང་གཏེར་ཁྱིམ་ལྟར། ནང་སྒྱུ་འཕྲུལ་བའི་སྙིང་ཀའི་རྩ་འདབ་ཀྱི་རླུང་སེམས་བརྒྱད་ལ་སྦྱར་ཀྱང་རུང༌། དེའང་འོད་གསལ་བག་ལ་ཞ། ཚོགས་བརྒྱད་སྟོབས་སུ་གྱུར། ཐ་མལ་གྱི་སྣང་ཞེན་རྒོད་ལ་ཤོར་བ་ན། སྣང་ཞེན་དེའི་ངན་མདངས་ཀྱིས་ཕྱིའི་སྡེ་བརྒྱད་ཀྱི་སྣང་ཆ་ཐམས་ཅད་ལའང་བསླད་འགྲོ་བས། མ་དག་པའི་ངན་རྩལ་ངན་དགུ་ཐུ་བཅུ་ཐམས་ཅད་དེ་དུས་འབྱིན་ཡོང་ངོ༌། །ལམ་ལ་རིམ་པ་གཉིས་ཏེ། དང་པོར་བསྐྱེད་རིམ་གྱིས་ཕྱིའི་སྡེ་བརྒྱད་ཟིལ་གནོན་ལས་འཁོལ་བྱེད། དེ་ནས་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་ཐབས་སྙིང་


TN02_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་རྣལ་འབྱོར་སོགས། ཐབས་དེས་གྲུབ་པའི་ཡེ་ཤེས་དངོས་ལ་མཉམ་རྗེས་གཉིས། དང་པོ་ལ། ཚོགས་བརྒྱད་དབྱིངས་སུ་ཞི་བའི་འོད་གསལ་དང༌། སྟོང་གཟུགས་ཀྱི་ཧེ་རུ་ཀཿགཉིས། གཉིས་པར། རྫོགས་རིམ་པའི་རང་རིག་གི་དག་ལྡོག་བརྒྱད་ཕྱིའི་སྡེ་བརྒྱད་དུ་སྤྲུལ་ནས་མཉམ་བཞག་གི་ལམ་གྱི་མཐུན་རྐྱེན་སྒྲུབ་པ། འབྲས་བུ་ནི། ནང་ཚོགས་བརྒྱད་དང་འབྲེལ་བའི་ཐ་མལ་པའི་སྣང་ཞེན་མ་ལུས་པར་བྱང་སྟེ། ཕྱིའི་སྡེ་བརྒྱད་ཀྱི་སྣང་ཆ་ཐམས་ཅད་ཀྱང་ཐ་མལ་སྣང་ཞེན་གྱིས་གཏན་མ་བསླད་པའི་ཚུལ་གྱིས་སྣང་བས། དེའི་ཚེ་ན་ནི་སྡེ་བརྒྱད་ཡེ་ནས་སངས་རྒྱས་པ་ལས་སངས་རྒྱས་པ་ལྟར་མཐོང་བའི་ཡེ་ཤེས་ཀྱི་མིག་དག་པའི་མཐར་སོན་པ་སྟེ། རྣལ་འབྱོར་པ་དེའི་རང་དབང་གི་འཆར་ཚུལ་ལ་ནི་མ་དག་པ་བྱ་བ་ཡོང་མེད་དོ། །དེས་ན་དེ་འདྲའི་རྣལ་འབྱོར་པ་ལ་ནི་ཕྱི་རོལ་གྱིའནག་མ་དག་པའི་ཉེས་པ་སྐྲ་རྩེ་ཙམ་གྱིས་ཀྱང་རེག་པའི་གནས་མེད་པས། མདོར་ན་རང་གི་སེམས་སྦྱང་བ་ཁོ་ན་ལ་བརྩོན་པར་བྱའོ། །འདི་ནི་སྒྱུ་འཕྲུལ་གྱི་རྒྱུད་རྒྱས་པ་ལས། བདུད་བཞི་ཚར་གཅོད་ཅེས་བྱ་བའི་དམ་ཚིག་ནི། ཞེས་སོགས་དང་ཡང་ཤིན་ཏུ་འབྱོར་རོ། །སྡེ་བརྒྱད་དཀར་ནག་མེད་པར་འདུལ་ཚུལ་གྱི་སྒྲོམ་ནས་བར་ཆད་བདུད་དཔུང་འདུལ་བའི་གནད་དམར་བཅང་མར་བསྟན་པ་སྔགས་པ་མཆོག་གྲུབ་རྒྱལ་པོའི་བུ་རྒྱུད་ཀྱི་གསང་གཏམ་ཨྠིྀ།། ༈ །།སྲོག་སྡོམ་གཟེར་བཞི་ཞེས་པ་སྐུའི་སྲོག་དང་


TN02_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་སྲོག་སོགས་སྲོག་ལ་བཞིར་ཕྱེ་ནས་དེ་བཞི་གཟེར་བཞིས་སྡོམ་ཞེས་པ་མིན་སྙམ། འདིའི་སྲོག་འདི་རྫོང་འཕྲང་ནས་བཤད་པའི་སྲོག་དང་གཅིག་རེད། དེའང་རྡོ་རྗེ་སེམས་དཔའི་སྲོག་དང་རང་གི་སྲོག་གཞན་དུ་མི་འཆུག་པར་གཅིག་ཏུ་སྡོམ་པ་ལ་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་ཏིང་ངེ་འཛིན་གྱི་གཟེར་བུ་བཞི་འདེབས་དགོས་ཞེས་པའོ། །འདིའི་སྡོམ་ཞེས་པ་ནི་གཅུན་པའི་དོན་ནོ། །མཁའ་འགྲོ་ཆེན་མོར་གཟེར་རེ་རེ་ཞིང་མི་འགྱུར་བའི་གཟེར་ཞེས་འབྱུང༌། དེའང་རང་གི་གདོད་མའི་སྲོག་ནི་རྡོ་རྗེ་སེམས་དཔའི་སྲོག་ཏུ་རང་བཞིན་གྱིས་གནས་ཀྱང་རྣམ་པ་གཞན་དུ་འཁྲུལ་ཏེ་ཐ་མལ་པའི་སྣང་ཞེན་མཆེད། དེའི་དབང་གིས་དང་ཤན་གྱིས་ཁོལ་བུའམ་ཉི་ཚེ་དང་ངན་རེང་གི་རྣམ་པའི་སྲོག་ཏུ་ཤར་ཏེ། ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་གང་ལའང་དབང་བསྒྱུར་མི་ནུས་པར་རྡུགས་ནས་འདུག་པ་སྟེ། མདོར་ན་སངས་རྒྱས་གཞན་དུ་ཚོལ་བ་དང་འདྲའོ། །དེ་སྦྱོང་བ་ལ་རང་གི་སྲོག་དམ་ཡེ་དབྱེར་མེད་ཀྱི་རྡོར་སེམས་ཀྱི་སྲོག་གི་ངོ་བོར་རྣལ་འབྱོར་གྱི་སྟོབས་ཀྱིས་སྡོམ་དགོས་ཏེ། རང་དང་རྡོར་སེམས་ཀྱི་སྲོག་གཉིས་ཐ་མི་དད་དུ་སྲེ་ཐུབ་པ་ནི་སྲོག་སྡོམ་པའི་དོན་ཏོ། །དེ་ལ་དངོས་གྲུབ་ཀྱི་དོན་དུ་ལྷའི་སྲོག་དབང་དུ་བསྡུ་བ་དང༌། དབང་དུ་གྱུར་ནས་དངོས་གྲུབ་ཀྱི་ལས་ལ་སྦྱར་བ་གཉིས་ཀྱི། དང་པོ་ལ། རང་ལུས་ལྷའི་སྐུར་སྒོམ་པའི་ཏིང་ངེ་འཛིན་གྱི་གཟེར་གྱིས་སྲོག་གཅུན་པ་སྟེ། འཇིག་རྟེན་ན་ལུས་ལག་ཏུ་ཆུད་ན་དེའི་སྲོག་ཀྱང་ལག་ཏུ་ཆུད་པར་འགྱུར་བ་


TN02_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་མ་ཟད། སངས་རྒྱས་ཀྱི་ཕུང་ཁམས་རོ་མཉམ་རྡོ་རྗེ་རེད་པས་སྐུ་དེ་ཉིད་ཡེ་ཤེས་ཀྱི་སྲོག་ཀྱང་རེད། འདི་ནི་ཕྱི་ལྟར་སྲོག་འཕྲོག་པའོ། །ཐུགས་སྲོག་སྔགས་ཕྲེང་བཅས་ལ་དམིགས་ནས་བཟླས་སྒོམ་གྱི་གཟེར་འདེབས་པ་ནི། སྙིང་གཟེར་སོགས་ལས་སྲོག་གི་རྣམ་བཞག་ཐམས་ཅད་ཡི་གེའི་སྟེང་ནས་མཛད་པར་མ་ཟད། ཐུགས་སྲོག་དང་སྲོག་ཡིག་སོགས་མིང་འདོགས་ཀྱིས་ཀྱང་ཤེས་པས་སྲོག་ལ་དམར་འཇུས་བྱས་ནས་དབང་དུ་བྱེད་པའམ་སྲོག་གི་གནད་ནས་བཟུང་སྟེ་སྐུལ་བ་ཡིན། འདི་ནང་ལྟར་སྲོག་འཕྲོག་པའོ། །དཔྱད་གཞི་ཙམ་ཡིན་གྱི་ཕྱི་སྲོག་གསང་སྔགས་ཀྱིས་དང༌། ནང་སྲོག་ཏིང་ངེ་འཛིན་གྱིས་འཕྲོག་པ་ཞེས་ཀྱང་འབྱུང༌། གཙོ་བོར་ངག་བཟླས་ཀྱི་ནུས་པ་ཙམ་གྱིས་སྲོག་འདྲོང་བ་དང༌། བསམ་གཏན་གཙོ་བོར་གྱུར་པའི་སྒོ་ནས་འདྲོང་ཐུབ་པ་གཉིས་ཀྱི་དབང་དུ་མཛད་པ་སྟེ། དེའང་འཇིག་རྟེན་དྲེགས་པའི་སྲོག་འདྲེན་སྐབས་ལ་དགོངས་པས་མི་འགལ་བྱས་ན་ལོའམ་སྙམ། དག་པའི་སྣོད་བཅུད་ཐམས་ཅད་རང་གི་གཉུག་སེམས་ཀྱི་སྣང་བ་ཙམ་དུ་བལྟས་ཏེ། ལྷ་དང་བདག་གཉིས་དགོངས་པ་གཅིག་ཏུ་བསྲེས་ནས་ཕྱི་རོལ་ལྟར་སྣང་བའི་ལྷ་སྔགས་ཀྱི་སྤྲོས་པ་མཐའ་དག་ནང་འོད་གསལ་མི་ཤིགས་པའི་དབྱིངས་སུ་སྡོམ་པའམ་གཅུན་ལ་མཉམ་པར་འཇོག་པ་ནི་ཀློང་སྙིང་དུ། དབྱིངས་ཀྱི་གསལ་ཆ་ལྷར་ཤར་བ། །ཞེས་དང༌། ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་ཞེས་ལྷར་སྣང་རིག་ཐོག་ཏུ་ཁྲིད་ནས་སྔ་འགྱུར་


TN02_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུགས་ཀྱི་བསྐྱེད་རྫོགས་ཟུང་འབྲེལ་དུ་སྦྲེལ་ཚུལ་སྒྲུབ་སྡེའི་མན་ངག་གི་གནད་དེ། གསང་བ་ལྟར་སྲོག་འཕྲོག་ཐབས་སོ། །ལྷ་སྔགས་ཐམས་ཅད་ཀྱི་སྲོག་རྩ་མཐར་ཐུག་པ་ནི་འོད་གསལ་ཐིག་ལེ་ཉག་གཅིག་གི་དགོངས་པ་ཁོ་ན་ཡིན་པས། དེ་འདི་ལྟར་ལྷ་སྔགས་ཐམས་ཅད་དང་ལྷན་ཅིག་གཅུན་པ་ནི་རང་གི་ལྷ་སྔགས་ལ་དགོངས་པའི་སྲོག་འཐོབ་བྱེད་རེད། མདོར་ན་ལྷ་སྔགས་ཐམས་ཅད་ཀྱི་ངར་འདོགས་སམ་རྣོ་འདོན་མཐར་ཐུག་ནི་དགོངས་པ་དེ་རེད་ལ། དེའང་དགོངས་པའི་དྲོད་ཆེ་ཆུང་གི་བྱེ་བྲག་ལྟར་ལྷ་སྔགས་ཀྱི་ནུས་པའང་ཆེ་ཆུང་དང་རྣོ་རྟུལ་དུ་འགྱུར་རོ། །གཟེར་དེ་གསུམ་ནི་རིམ་བཞིན་ལྷ་སྔགས་ཆོས་གསུམ་མམ་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་རོ། །དེ་ནས་འོད་ཟེར་སྤྲོ་བསྡུས་སྲོག་དེ་དངོས་གྲུབ་ཀྱི་ལས་གང་འདོད་ལ་གཅུན་ཅིང་ལྡེ་ཁ་སྒྱུར་བ་ནི་སྲོག་གི་ཆོས་གསུམ་ལས། སྲོག་སྒྱུར་བ་ཞེས་པ་དང་གནད་གཅིག་གོ །མཛད་པ་ཕྲིན་ལས་ཐམས་ཅད་འོད་ཟེར་གྱིས་སྒྲུབ་པ་འདི་ནི། ངན་འགྲོ་སྦྱོང་བ་དང༌། སངས་རྒྱས་བྱང་སེམས་གཞན་སྐུལ་བ། རྒྱལ་སྲས་དབང་སྐུར་བ་སོགས་རྒྱལ་བའི་མཛད་པ་དཔག་མེད་འོད་ཟེར་གྱིས་སྒྲུབ་པར་གསུངས་པ་དང་མཐུན་པར་ལམ་དུ་བྱེད་པའོ། །ལྷ་ལས་སུ་མ་རུང་བར་དུ་ལྷའི་མཛད་པ་སྒྲུབ་མི་ནུས་ཤིང༌། འོད་ཟེར་སྤྲོ་བསྡུས་ཕྲིན་ལས་བྱེད་པ་ནི་ལྷའི་མཛད་པ་རེད་པས་གཟེར་སྔ་མ་གསུམ་གྱིས་ལྷ་སྲོག་དྲང་བ་སྔོན་དུ་བཏང་དགོས། ལྷ་ལས་རུང་


TN02_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནུས་པ་མ་རྙེད་གོང་ནས་འོད་ཟེར་སྤྲོ་བསྡུ་མང་པོ་བྱེད་པ་ནི་རྩལ་སྦྱོང་ཆེད་ཙམ་སྟེ། བྱི་ཕྲུག་འཕུར་མི་ཐུབ་དུས་ནས་ཚང་མལ་དུ་གཤོག་པ་རྡེབ་སྟང་བྱེད་དགོས་པ་བཞིན་ནོ། །དེ་ལྟར་ཡང་གསང་རྫོགས་སུ། །དཔེར་ན་ལྕགས་རྡོ་སྔར་བཏུལ་ནས༴སོགས་སོ། །དེ་ལ་གཟེར་དང་པོས་སྲོག་གི་རྟེན་གཞི་གཅུན། གཉིས་པས་སྲོག་དངོས། གསུམ་པས་སྲོག་གི་དེ་ཉིད་གཅུན། ཐ་མ་སྔར་བཞིན། ཡང་ན་དང་པོ་གཉིས་ཀྱི་རྟེན་ལུས་དང༌། བརྟེན་པ་སྲོག་གཅུན། གསུམ་པས་དེ་མི་ཕྱེད་པར་བརྟན་པར་བྱེད། ཡང་ན་བར་པ་གཉིས་ཀྱིས་རིམ་བཞིན། སྣང་ཕྱོགས་ཀྱི་དང༌། སྟོང་ཕྱོགས་ཀྱི་སྲོག་འཕྲོག་སོགས་སུ་བཤད་པར་བྱའོ། །འཇིག་རྟེན་དྲེགས་པའི་སྲོག་སྡོམ་ཚེ་གཉིས་པས་སྲོག་གི་གནད་ནས་བསྐུལ་ཞིང་དྲང་སྟེ་རང་དབང་མེད་པར་གནས་ནས་དགུག་ཅིང་དབང་དུ་བསྡུ་བ་དང༌། དང་པོས་ཁོ་མི་སྣང་བའི་ལམ་དུ་གབ་དབང་མི་སྟེར་བར་རང་གཟུགས་རྗེན་ཅེར་དུ་མངོན་དུ་འབྱིན་པ་གཉིས་སྦྲག་མར་བྱེད། གསུམ་པས་ཐུགས་ཀྱི་ཐིག་ལེར་བསྡམས་ནས་འཁུ་ལྡོག་འདའ་གསུམ་དང་གཡེལ་ཞུད་སོགས་སུ་འཆུག་ས་མེད་པ་དང་དངོས་གྲུབ་ཀྱི་ཕྲིན་ལས་ཚན་ཆེ་བ་དང་བཀྲ་ཤིས་པར་བྱེད། བཞི་པས་ཕན་གནོད་ཀྱི་ལས་གང་འདོད་ལ་སྲོག་སྒྱུར་ཞིང༌། འཁོལ་བར་བྱེད་དོ། ༈ །ཧེ་རུ་ཀ་ནི་རྡོ་རྗེ་ཁྲོས་པ་ཞེས་དབྱིངས་རིག་གི་རྟོགས་པ་སྒྲིབ་བྲལ་དུ་མངོན་དུ་གྱུར་པའི་གཉུག་སེམས་དེ་རེད། དཀྱིལ་འཁོར་ལ་


TN02_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའི་དྲེགས་ཚོགས་ནི་སེམས་དེའི་རྩལ་གྱི་ཆ་ལས་སྤྲུལ། རྩལ་གྱི་སྲོག་བཅད་ནས་གཉུག་སེམས་ལ་ཕར་བསྟིམ་ཐུབ་ཅིང༌། གཉུག་མའི་སྲོག་བཅད་ནས་རྩལ་ལ་ཚུར་བསྟིམ་རྒྱུ་མེད་པས། ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། །ང་ཡི་སྲོག་སྙིང་ཁྱོད་ལ་མེད། །ཅེས་བྱ། དེས་ན་དྲེགས་པའི་སྲོག་འཕྲོག་པ་ལ། ཐོག་མར་རང་རྒྱུད་ལ་ཧེ་རུ་ཀའི་སྲོག་ཅི་རིགས་ཤིག་འགྲུབ་དགོས་ཏེ། གོང་ནོན་གྱི་བསྙེན་པ་དང་པོར་དགོས་པའི་གནད་ཀྱང་དེ་ལ་བརྟེན་ནས་ཤེས་སོ། །ཐ་མལ་པའི་ལྷ་འདྲེ་མི་གསུམ་གྱི་རིག་རྩལ་ཚོགས་བརྒྱད་ཀྱི་ཆས་ནི་ཧེ་རུ་ཀའི་རིག་རྩལ་སྤྲུལ་པའི་དྲེགས་ཚོགས་ལ་ཚུར་ནམ་ཡང་བརྒལ་དུ་མེད་ཅིང་ཕར་དེ་དག་གི་སྲོག་རྣམས་དྲེགས་ཚོགས་ཀྱིས་རང་དབང་མེད་པར་གཟིར་འཕྲོག་སོགས་བྱར་བཏུབ་སྟེ། ཕ་ལམ་གྱིས་ལྕགས་གཅོད་པ་བཞིན་ནོ། །གཉེན་པོ་ལས་སུ་རུང་བ་ཞེས་ཧེ་རུ་ཀའི་སྲོག་ཐོབ་པའི་སྔགས་པ་དང་དྲེགས་ཚོགས་ཀྱང་དེ་བཞིན་ནོ། ༈ །བསྲུང་བྱའི་བླ་ཚེ་རྦད་འདྲེའམ་གནས་གདོན་སོགས་གདོན་བགེགས་ཀྱིས་འཁྱེར་ལ་ཉེན་བགེགས་ཀྱི་སྲོག་བསྒྱུར་བ་ན། རང་རྡོར་སེམས་ཀྱི་ང་རྒྱལ་བརྟན་པོས། བགེགས་དེ་བཅོམ་ལྡན་འདས་ཀྱིས་དགོངས་པ་མཛད་པའི་སྐད་ཅིག་ལ་མདུན་དུ་ཁྲོང་གིས་བྱུང་བར་བསམ་ཞིང་དམིགས་པ་གསལ་པོས་བཀུག་སྟེ། དེ་ལ་བདག་གི་ཐུགས་སྲོག་སྔགས་ཕྲེང་གི་འོད་ཟེར་གྱིས་རེག་པས། སྲིད་གསུམ་ཀ་དག་རྒྱལ་བའི་


TN02_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར། ཞེས་པ་དེ་སྐད་ཅིག་ལ་མངོན་དུ་སད་དེ་རྡོར་སེམས་ཀྱི་གསང་གསུམ་དུ་སངས་རྒྱས། དེ་ལ་ཡེ་ཤེས་པ་བཅུག་ལ་བསྲེས་པས་ཁོའི་དག་མཉམ་ཆེན་པོའི་གནས་ལུགས་མུན་ཁུང་གི་དྭངས་ཤེལ་ལ་ཉི་ཟེར་ཞུགས་པ་བཞིན་ལྷག་པར་གསལ་བར་བྱས་ཁོའི་སྤྱི་སྲོག་སྒོས་སྲོག་གང་རིགས་སྙིང་ཀ་ན་གནས་པ་དེ་བདག་དང་དགོངས་སྲོག་དབྱེར་མེད་ཀྱི་རྡོ་རྗེ་སེམས་དཔའི་ཐུགས་སྲོག་དང༌། ཁོའི་འདྲེན་སྲོག་གམ་སྲོག་སྔགས་གང་ཡིན་དེ་སྙིང་པོ་ཡིག་དྲུག་ཏུ་གནས་བསྒྱུར་བར་རྩེ་གཅིག་དམིགས་ལ། ཁོའི་སྲོག་གནད་སྐུལ་བའམ་སྲོག་སྙིང་འདྲེན་པའི་དམིགས་འདུན་དྲག་པོས་ཡིག་དྲུག་བཟླ་ཞིང་དགོངས་པ་མི་འགྱུར་བའི་གཟེར་གྱིས་སྲོག་བསྲེ། དེ་ནས་རང་ཉིད་རྡོར་སེམས་ཀྱིས་བསྲུང་བྱ་ལ་ཚེ་དང་ནད་མེད་ཀྱི་དངོས་གྲུབ་སྩོལ་བར་དགོངས་པ་གཏད་པའི་ཐུགས་སྲོག་ལས་འོད་འཕྲོས། བགེགས་སངས་རྒྱས་སུ་མཚན་བསྒྱུར་བ་དེ་ལ་ཕོག །དེའི་ཐུགས་སྲོག་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་དཔག་མེད་བྱུང་སྟེ། བསྲུང་བྱའི་ལུས་བཀང་བས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་སོགས་ལ་དབང་འབྱོར་བར་བསམ་ལ་ཡུན་རིང་མཉམ་པར་བཞག །ཚུལ་དེ་ལྟ་བུས་རྒྱ་འདྲེ་འགོང་པོ་སོགས་ཀྱི་སྲོག་བསྒྱུར་ནས་ཡུལ་འཁོར་གྱི་ནད་མུག་འཁྲུགས་རྩོད་རྒྱུན་གཅོད་པ་དང༌། ས་གདོན་སྲོག་བསྒྱུར་ནས་མཛེ་གསོ་བ་སོགས་མཐའ་ཡས་པར་འཕྲུལ་བས་ཆོག་སྟེ། འདི་ནི་གྲོལ་ཐིག་སོགས་གསར་རྙིང་བཀའ་གཏེར་མང་པོར་བགེགས་ཡི་དམ་ལྷར་


TN02_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ནས་དངོས་གྲུབ་ལེན་པར་གསུངས་པ་དང་རྫོང་འཕྲང་སོགས་ལ་བརྟེན་ནས་བྲིས་ཏེ། མདོ་ལས་བདུད་སྡིག་ཅན་འཕགས་པ་འཇམ་དཔལ་དུ་བྱིན་གྱིས་བརླབས་ནས་བདུད་འདུལ་བའི་གདམ་ངག་བསྟན་པར་གསུངས་པ་སོགས་དང་ཡང་ཕྱོགས་མཐུན་ནོ། །གནོད་བྱེད་ལ་བརྟེན་ནས་དེ་བཞིན་གཤེགས་པའི་བྱིན་རླབས་བསྡུ་ཞིང་འབེབས་པའི་དམིགས་པའི་སྣང་ཞེན་རྩལ་སྦྱོང་བ་འདིས་ནི། སྡེ་བཞིའི་ལེགས་ཚོགས་ལ་བར་དུ་གཅོད་པའི་བགེགས་རྣམས་བར་དུ་གཅོད་པའི་བགེགས་ཀྱི་ལས་བྱེད་མི་ནུས་པ་དང༌། བགེགས་ཀྱི་འཚེ་བ་ལ་བརྟེན་ནས་ཀྱང་དངོས་གྲུབ་ཀྱི་རྟེན་འབྲེལ་ལྷུན་གྱིས་གྲུབ་པ་དང༌། དངོས་གྲུབ་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་ཤིང་ཅིས་ཀྱང་མི་འཕྲོག་པར་འགྱུར་བའི་ཐབས་བཟང་ངོ༌། །དེས་ན་བགེགས་ཐམས་ཅད་རྡོ་རྗེ་གསུམ་གྱི་དབྱིངས་སུ་རྒྱས་འདེབས་ཤིང་རེངས་པར་བྱེད་པ་དང༌། དེ་དག་གི་འཁྲུལ་པ་ཕྱིན་ཅི་ལོག་གི་སྟོབས་འཕྲོགས་ཤིང་ཁ་འཆིང་བའི་དོངས་སྤྲུགས་ཀྱི་མན་ངག་ཀྱང་འདི་ཡིན་ཏེ། དམིགས་ཕུག་ནས་སྒོམ་མི་སྒོམ་ཙམ་མ་གཏོགས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱེད་པའི་སྐབས་ཀུན་ཏུ་སྲོག་བསྒྱུར་འདི་ལྟར་ཡོད་དོ། །ལྷ་མ་ཡིན་གྱི་གཙུག་ཏོར་ལས། བདེ་གཤེགས་སྙིང་པོའི་བདག་ཉིད་ང་ཡིན་པས། །གཟུང་འཛིན་ཚོགས་བརྒྱད་ལས་གྱུར་གདོན་ཁྱོད་ཀྱི། །རྣམ་པར་ཤེས་པ་ཆོས་ཉིད་ཀློང་དུ་བསྒྲལ། །རྒྱུད་དྲུག་རྩད་ནས་གཅོད་པར་གདོན་མི་ཟ། །སྣང་སྲིད་རྣམ་དག་


TN02_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་གླིང་ནས། །དོན་དམ་བདེན་པ་རྐྴ་ཐོད་ཕྲེང་གིས། །མ་རིག་ལས་གྱུར་ཀུན་རྫོབ་གདོན་ལ་སྤྲིངས། །ཞེས་དང༌། འབྱུང་པོའི་སྡེ་ལ་སྤྲིང་བར། རིག་པ་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ལ་ཁྱབ་བྱ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་གཞན་དབང་ལས་འཁྲུལ་སྣང་རང་རྒྱུད་དུ་ཤར་བའི་སྡེ་བརྒྱད་འབྱུང་པོའི་ཚོགས། ཞེས་གསུངས་ཏེ། ལྷ་འདྲེའི་སྲོག་གཟུང་འཛིན་ཚོགས་བརྒྱད་དང༌། ཚོགས་བརྒྱད་ཀྱི་སྲོག་རིག་པ་གཤེགས་སྙིང་རེད་པས། རིག་པ་ལས་སུ་རུང༌། རིག་པ་ལྷ་སྐུར་རྩལ་རྫོགས་པ་ན་ལྷ་འདྲེའི་སྲོག་བསྒྱུར་བ་དང༌། གཅུན་པ་སོགས་ལ་དབང་འཐོབ་པའི་རྒྱུ་མཚན་མཐར་ཐུག་སྟོན་པའོ། །གསུང་རབ་ཀྱི་ཉིང་ཁུ་དང༌། བསྟན་པའི་ཡང་རྩེ། སངས་རྒྱས་འབྱུང་བ་ལས་ཀྱང་དཀོན་པ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཁོ་ན་ལགས། དེ་བོད་དུ་ཚུགས་པ་ལ་སེང་གེའི་འོ་མ་རྫ་སྣོད་ཀྱིས་མི་ཐུབ་པའི་ཡུལ་ཁམས་བྱིན་གྱིས་རློབ་དགོས། དེའི་ཆེད་དུ་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་འཇིག་རྟེན་སྨན་མོའི་ནང་དུ་ཡུལ་བདག་ཆེན་མོར་སྐྱེ་བ་བཞེས་པ་ལ་བརྟན་མ་བཅུ་གཉིས་སུ་གྲགས་ཏེ། དེ་དག་གི་མཐུས་སྔགས་སྤྱོད་པ་ལ་ཤིས་པའི་ཡུལ་དུ་གྱུར། དེ་ནས་གཙོ་མཆོག་རྡོ་རྗེ་ཕག་མོ་རང་ཉིད། མཁའ་འགྲོ་མ་ཞེས་ཡང་དག་གྲགས། །རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་སྟེ། །ཡེ་ཤེས་ལྡན་རྣམས་ཡུལ་ཡུལ་དུ། །རིགས་དང་རིགས་སུ་རྣམ་པར་སྐྱེ། །ཞེས་དང༌། འདི་ཉིད་ལས་ཀྱང༌། ཆུ་སྐྱེས་


TN02_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱི་གེ་སར་ལས། །སོགས་ནས། གསང་བ་རྡོ་རྗེ་ཕག་མོ་ཡིན། །ཞེས་པ་ལྟར་སྒྲགས་མདར་རྒྱལ་རིགས་སུ་འཁྲུངས་ཏེ། སྐུ་དང་གསུང་རྣམ་པ་ཐམས་ཅད་པའང་བོད་མོའི་ཆ་བྱད་དང་སྐད་དང་མཛད་སྤྱོད་ཅན་དུ་བྱིན་གྱིས་བརླབས་ཤིང༌། རྒྱལ་པོའི་ཕོ་བྲང་གི་ཉེ་འདབས་བླ་མཚོ་དང་ཞབས་རྗེས་ཀྱིས་མཚན་པར་མཛད། བོད་འབངས་ཐམས་ཅད་རྡོ་རྗེ་བཙུན་མོའི་ཐུགས་རྗེའི་བསིལ་གྲིབ་ཀྱིས་ཁེབ་པའི་རྟེན་འབྲེལ་དང༌། གངས་ཅན་ཕན་བདེའི་སྲོག་རྩ་ཆོས་རྒྱལ་ཁྲི་སྲོང་གི་སྐུ་ཚེ་མངའ་ཐང་གསོ་ཆེད་མིའི་བདག་པོའི་བཙུན་མོའི་ཁྲི་འཕང་ལ་མངའ་མཛད། དེའི་བྱིན་རླབ་ཀྱིས་མོན་མོ་བཀྲ་ཤིས་ཁྱེ་འདྲེན་དང་ཤེལ་དཀར་བཟའ་སོགས་རྡོ་རྗེ་མཁའ་འགྲོ་མ་གཞན་མང་པོའང་ཕྱོགས་འདིར་སྐྱེ་བའི་པདྨོ་བཞད་དེ་ལྷོ་མོན་དང་རུ་བཞིའི་མི་བརྒྱུད་ཕལ་ཆེར་དཔའ་བོ་ཌ་ཀིའི་རིགས་སུ་བྱིན་གྱིས་བརླབས། ཕྱིས་སློབ་དཔོན་རིན་པོ་ཆེ་ཕྱོགས་འདིར་ཚེགས་མེད་དུ་སྤྱན་འདྲོང་བའང་ཨཽ་ཌི་ཡཱ་ནའི་གསང་མཛོད་ཀྱི་བདག་མོ་འདི་བོད་ཡུལ་གྱི་དབུས་སུ་བཞུགས་པའི་རྟེན་འབྲེལ་སོགས་ཀྱིས་ཡིན་པར་བཤད་པ་སྣང༌། དེའི་ཚེ་བརྟན་མ་བཅུ་གཉིས་པོས་ཀྱང་གུ་རུ་ལ་འགྲན་ཚོལ་བའི་རྫུ་སོགས་ཐབས་འཕྲུལ་མང་པོས་བོད་ཡུལ་མཐའ་དག་གུ་རུ་ཡབ་ཡུམ་གྱི་ཕྱག་ཏུ་གཏད་ཅིང་ལྗོངས་འདིར་གསང་སྔགས་སྒྲུབ་པའི་གྲོགས་བྱེད་པར་མནའ་བོར་ཏེ་སྔར་དེ་དག་ཉིད་ཡུལ་བདག་ཏུ་བསྐོས་ནས་ལས་ཀྱི་གཉེར་གཏད། སྔོན་བཞུགས་


TN02_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་གནས་ནས་འདིར་གཤེགས་ཤིག །ཅེས་ཕྱི་རབས་ལ་ཇོ་མོ་ཉིད་རྗེས་དྲན་གྱི་སྒོ་དང༌། བྱིན་རླབས་ཀྱི་གཏའ་འཛུགས་ལྟ་བུར་བསྔགས་པ་ཏི་སྒྲོ། ནེ་རིང་སེང་རྫོང༌། མཆིམས་ཕུ་སོགས་ཡུན་རིང་བཞུགས་བཞུགས་པའི་སྒྲུབ་གནས་ཡོངས་གྲགས་རྡོ་རྗེའི་གནས་ཆེན་རྣམས་དང་ཡོན་ཏན་མཚུངས་པ་སྟོད་སྨད་ན་ཤིན་ཏུ་མང༌། ༈ །ཡུལ་འདི་ལྷག་པར་སྤྱན་རས་ཀྱིས་བཙས་ཤིང་ཕྱག་མཚན་དུ་བཞེས་པའི་ལྷ་ཅིག་ཆུའི་པདྨ་དང་མ་གཅིག་ལབ་ཀྱི་སྒྲོན་མ་ཡང་འདི་ཉིད་ཀྱི་མཚན་དང་སྐུའི་བྱེ་བྲག་ཏུ་ཚད་མའི་ལུང་གིས་གྲུབ། ༈ །དབང་གཞུང་གི༌།ཆོ་ག་གཅིག་གིས་བྱིན་རླབས་དང༌། སོགས་ཀྱིས་བསྟན། སྤྱིར་ནི་བླ་མ་དྲི་མ་མེད་པའི་ཡུམ་དང༌། ཨོ་རྒྱན་མཁའ་འགྲོ་ཡོངས་ཀྱི་གཙོ་མོར་བཀའ་གདམས་གླེགས་བམ་ལས་གསུངས་ཤིང༌། གཞན་དུ་མཁའ་འགྲོ་ཀུན་དགའ་མོ་དང་ཉི་ཟླ་དངོས་གྲུབ་ཅེས་ཀྱང་གྲགས་པ་གསང་བ་ཡེ་ཤེས་ཀྱང་འདི་ཉིད་ལས་གཞན་དུ་མེད་པར་ལྔ་པ་ཆེན་པོའི་རྒྱ་ཅན་ལས། ཁོ་མོ་ཨོ་རྒྱན་ཡུལ་གྱི་མཁའ་འགྲོའི་གཙོ། །གསང་བ་ཡེ་ཤེས་མེ་ཏོག་མནྡྷ་ར། །བོད་ཀྱི་ཡུལ་འདིར་མཁར་ཆེན་བཟའ་རུ་གྲགས། །རྔ་ཡབ་གླིང་དུ་པདྨ་ཐོད་ཕྲེང་གི། ཟག་མེད་བདེ་བ་སྐྱོང་བའི་བཙུན་མོ་ཡིན། །ཞེས་སོགས་ལན་དུ་མར་གསུངས་ཏེ། དེར་ལྷ་ལྕམ་མནྡྷ་ར་ཡང་གསང་ཡེ་དང་གཅིག་པར་གསུངས་པ་འདི་བཞིན་བླ་མ་དགོངས་འདུས་ཀྱིའནག་གོང་འོག་ཀུན་ཏུ་གསུངས། དེས་ན་འདི་བསྒྲུབ་པས་དོན་གྱིས་དེ་དག་ཀྱང་བསྒྲུབ་


TN02_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ཡིན། ཀུན་མཁྱེན་ཆེན་པོས་མཁའ་འགྲོ་ཡང་ཏིག་ལས་ཀྱང༌། ཨོ་རྒྱན་ཡུལ་གྱི་ཕོ་བྲང་དུ། །མཁའ་འགྲོ་དཔག་མེད་ཀུན་གྱི་གཙོ། །ཡེ་ཤེས་མཚོ་རྒྱལ། ཞེས་དང༌། མཁའ་འགྲོ་འབར་བའི་སྤྲིན་ཕུང་ལས། །དངོས་གྲུབ་བདུད་རྩིའི་ཆར་འབེབས་ཤིང༌། །བདེ་ཆེན་རྒྱལ་བ་མཉེས་མཛད་ཡུམ། །མཁར་ཆེན་མཚོ་རྒྱལ་ལ་ཕྱག་འཚལ། །ཞེས་གསུངས་པའི་ལུང་སྔ་མའང་གསང་ཡེར་སྟོན་བྱེད་དུ་སྦྱར་ན་གོང་སྨོས་དང་མཐུན་ཅིང༌། ཕྱི་མའི་རྐང་པ་གསུམ་པས་ཨོ་རྒྱན་དང༌། རྒྱ་གར་དང༌། བོད་དང༌། རྔ་ཡབ་གླིང་ཀུན་ཏུ་པདྨ་རྒྱལ་པོའི་བཙུན་མོའི་གཙོ་མཆོག་ཏུ་བསྟན་པར་འཆད་ནུས་སོ། །དེར་མ་ཟད་ཐུགས་རྗེ་ཆེན་པོའི་ཡུམ་ཡི་གེ་དྲུག་མ་ཡང་གསང་ཡེར་གཏེར་ཕྱོགས་རྩོད་བྲལ་ཀུན་ནས་གསུངས་པ་དང༌། འཇམ་དཔལ་རྩ་རྒྱུད་ཀྱི་སྒྲོལ་མའི་ཐད་དུ། སྟོབས་བཅུ་ལྡན་སྲས་ཐུགས་རྗེ་ནི། །བུད་མེད་གཟུགས་འཆང་ལྷ་མོ་ཡིན། །སོགས་འབྱུང་བ་དང༌། སྒྲོན་གསལ་དུ་གཉིས་མེད་རྣམ་རྒྱལ་དྲངས་པ་ལས། འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། །ཞེས་གསུངས་པ་བསྒྲིགས་ན་་རྒྱལ་པོའི་ཡུམ་སྒྱུ་འཕྲུལ་ཆེན་མོ་དང་ཡང་གཅིག་པར་མངོན་ལ། སྒྱུ་འཕྲུལ་ཆེན་མོ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ན་སངས་རྒྱས་འབྱུང་བ་ཡོད་དོ་ཅོག་གི་སྐྱེད་ཡུམ་དུ་སྡོང་པོ་བཀོད་པ་ལས་གསུང་པས་གཅིག་བསྒུལ་བ་ན་ཀུན་གཡོས་ནས་འོང་བའི་འཕྲུལ་གསང་རྨད་དུ་བྱུང་བའོ། །


previousསྲོག་གི་ཞལ་གདམས།next