Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
སྒྲུབ་ཆེན་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་ཆེན་ཟིན་བྲིས།next

སྒྲུབ་ཆེན་ཟིན་བྲིས།


TN02_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་ཟིན་བྲིས་རིག་པ་འཛིན་པ་དགའ་བའི་སྐྱེད་མོས་ཚལ་ཞེས་བྱ་བ་བཞུགས་སོ།། །།


TN02_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་གྱི་སྔོན་དུ་ཕྱི་སྐོང་བྱ་བ་ནི། དཀོན་མཆོག་མཆོད་པ། གཏོར་མ་ཆ་གསུམ། གཞན་ཡང་བགེགས་གཏོར་རིགས། །བཀའ་ཀློག །སྡིག་ལྟུང་བཤགས་ཆོག་སྐོར། སྐྱབས་སེམས་སྡོམ་བཟུང༌། སཙྪ། ཆུ་གཏོར། བྱིས་པའི་སྟོན་མོ་སོགས། ཕུད་མཆོད་རྒྱས་པ་དང་གཞི་བདག་ལ་བཀའ་བསྒོ། ཞི་རྒྱས་ཀྱི་སྦྱིན་སྲེག །དེ་རྣམས་གསང་རྫོགས་དང་ཕུར་པ་སྤུ་གྲི་ལས་ཅི་རིགས་སུ་བཤད་ལ། བསྙེན་སྒྲུབ་ཀྱི་སྔར་ཆ་གསུམ་གཏོང་བ་དབང་ཆེན་ཡང་གསང་ལས་ཀྱང་བཤད། འདི་ལ་བདེ་འདུས་ལས། བསོད་ནམས་ཀྱི་དཔུང་སྐྱེད་པ་ཞེས། སྦྱིན་པ་གཏོང་བ། རང་རྒྱུད་སྦྱོང་བ། མདོ་སྡེ་ཀློག་པ། གཏོར་མ་བསྔོ་བ་སྟེ་བཞི་པོ། །རེ་རེ་ལ་བཞི་བཞིར་ཕྱེ་བའི་བཅུ་དྲུག་བཤད། རྡོ་རྗེ་


TN02_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ལས་ཀྱང་དྲག་སྔགས་ཀྱི་ནུས་པ་རིང་དུ་བསྒྲུབས་ཀྱང་མ་གྲུབ་ན་སྐོང་དང་ཚོགས་བསགས་ཀྱི་དཔུང་ཆེར་སྐྱེད་ཅེས་བཤད་དེ་གནད་མཐུན་ནོ། ༈ །ཕྱི་མཚམས་རྒྱལ་ཐོ་འཛུགས་ཟིན་ནས། རྣལ་འབྱོར་པ་རྣམས་ཐོའི་ཕྱི་རོལ་དུ་མི་རྒྱུ། ཕྱི་མི་རྣམས་ཚུར་མི་བཏང༌། དངོས་གྲུབ་ཟས་ནོར་སྐྱེལ་ན་རུང༌། །ཕྱིའི་ལས་ལ་འགྲོ་སྲིད་ན་ཕུར་པ་རེ་བསྐུར་ཚུར་གདོང་དུ་མཚམས་གཅོད་རེ་བྱ་བར་གསང་རྫོགས་ལས་སོ། །རྒྱལ་ཐོ་ནི། གནས་ཀྱི་ཕྱི་རོལ་གོམ་པ་བདུན་ཅུ་རྩ་བཞིའི་སར། སྐུ་གཟུགས་བྲིས་པའི་ཤིང་བྱང་ཐོ་བརྩིགས་ལ་གཙུག །དེ་མདུན་མཎྜལ་ཟླུམ་པོ་རེར་གཙང་གཏོར་དང༌། མཆོད་པ་ལྔ་ལྔ་བཤམས་ལ་ཐོ་ཆོག་བྱེད་པར་བདེ་འདུས་ལས་སོ། །བར་མཚམས་སྐབས། སྤྱིར་དམ་


TN02_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་ནི། སྔོན་གསང་སྔགས་ལ་ཞུགས་པ་སླར་དམ་ལས་ལོག་པས། དམ་ཚིག་ཅན་ལ་གནོད་པའི་འདྲེར་གྱུར་པ་སྟེ། དེ་ནི་སྔོན་དམ་འདྲེས་ཟིན་པའི་ཕྱིར་མཚམས་གཞན་གྱིས་མི་ཟློག་པས་སྒོ་ཐེམ་ཕྱི་ནང་མཚམས་སུ་མནན་པའི་མཚམས་བྱ་བར་གསར་བདག་ཞལ་ལུང་དུའོ། །དེས་རྒྱལ་པོ་བཙོན་དུ་བཟུང་ན་འབངས་ཀྱིས་གནོད་པ་བྱེད་མི་ནུས་པ་ལྟར་བགེགས་ཀྱི་རིགས་གཞན་ཡང་སྲུང་བར་ལྔ་པ་ཆེན་པོས་བཤད་དེ། བདེ་འདུས་ལས་ནང་མཚམས་མ་ཏྲཾ་བསྒྲལ་བ་ལ་དེ་ལྟར་བཤད་དོ། །གསང་རྫོགས་དམ་སྲི་མནན་ཆོག་ཏུ། དམ་སྲི་བྱ་མཆུ་མ་ལྷ་དང༌། མི་དང༌། འདྲེའི་ལྷུམས་སུ་ཞུགས་ནས་བར་ཆད་མང་པོ་འདྲེན་ཚུལ་གསུངས་པའང་གོ་དགོས། ༈ །མ་ཏྲཾ་སྒྲོལ་བའི་མཚམས་ཀྱི་དོན་ལ། སྒྱུ་འཕྲུལ་གྱི་བཅོ་ལྔ་པར། བདག་མེད་ཕུ་ཐག་ཆོད་པ་དང་བདེ་ཆེན་སྦྱར་བའི་གབ་དོན་མ་རྟོགས་པར་སྦྱོར་སྒྲོལ་སོགས་སྦས་གསང་ལ་འཆལ་བའི་སྔགས་པ་དུར་བདག་མི་བཟད་པར་སྐྱེ་བར་གསུངས་པ་ལྟ་བུའི་རིགས་གཏོགས་ཀྱི་དམ་སྲི་ཆེན་པོ་ད་ལྟའནག་ཡོད་ལ། དེ་དག་གིས་དུར་ཁྲོད་དང་ཁྲོ་བོ་རང་རྒྱུད་པར་སྒོམ་པ་དང་དྲག་སྔགས་རང་གར་ཟློ་བ་རྣམས་ལ་ཁོ་རང་དང་བསམ་སྦྱོར་མཐུན་པའི་གནད་ཀྱིས་དབང་བྱེད་ཅིང༌། ཤྲཱི་ཧེ་རུ་ཀའི་གནས་བདག་མེད་རྡོ་རྗེའི་དུར་ཁྲོད་དུ་འཇུག་པ་ལ་བགེགས་བྱེད་དོ། །དེ་འདྲའི་མ་ཏྲཾ་ནི་བགེགས་ཀྱི་རྒྱལ་པོ་ཡིན་ལ། སྒོ་དྲུང་གནོན་རྒྱུའི་དམ་སྲི་ནི་བགེགས་ཆུང་ངུ་སྟེ།


TN02_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་ནི་ནོན་དཀའ་བས་ཕྱི་མའི་སྡེབས་སུ་མ་བསྟན་པར་འདུལ་ཐབས་གཞན་གསུངས་སོ། །དེའང་སྔོན་ཧེ་རུ་ཀས་རུ་ཏྲ་བཏུལ་བ་ན་ཁོའི་རིག་པ་ཡེ་ཤེས་སུ་སྦྱངས། རྣམ་སྨིན་གྱི་ཁོག་པ་དེ་ཕྱི་རབས་རྗེས་འཇུག་གི་དོན་དུ་བགེགས་ཀྱི་རྒྱལ་པོ་རྣམས་ཀྱི་དུར་སར་བྱིན་གྱིས་བརླབས་ཡོད་པས། དེར་བཀུག་ནས་སྔོན་བྱུང་ལྟར་ཏྲི་ཤུ་ལའི་མཚོན་ལས་དང༌། བྲོ་བརྡུང་བྱས་ན་ཁུག་སླ་ཞིང་ཕམ་སླའོ། །འདི་ནི་བགེགས་ཆེན་པོ་རྣམས་མནན་པའི་དོན་དུ་འགྲོ་སྟེ་དུར་དུ་བཅུག་པ་ཡིན་པའི་ཕྱིར་རོ། །དཔྱད་རྟེན་ཙམ་ཡིན་གྱི་གནའ་བོའི་ཁོག་པ་དེ་ཉིད་དུ་བསྐྱེད་རྒྱུ་ཡིན་མིན་བསམ་དགོས་ཏེ། སྔོན་བྱུང་དང་ཆོས་མཐུན་སྦྱར་བ་ཙམ་ལས་མི་གསལ་ལམ་སྙམ་དུ་ཡང་སེམས། ངེས་དོན་ནི། སེམས་ཅན་དང་སེམས་ཅན་གྱི་གནས་ཐམས་ཅད་བདག་དང་བདག་གི་བས་སྟོང་པའི་བདག་མེད་ནི་དུར་ཁྲོད་དེ། ཧེ་རུ་ཀའི་རང་སྣང་དག་པའི་དུར་ཁྲོད་ཀྱི་དེ་ཉིད་དོ། །མ་ཏྲཾ་བདག་འཛིན་ལ་བཤད་པས། དེ་བདག་མེད་ཀྱི་དུར་ཁྲོད་དེར་འཇུག་ཏུ་མི་སྟེར་ཏེ། དེ་ཤེས་རབ་ཀྱི་མཚོན་ཆས་བསྒྲལ་བ་ན། བདག་མེད་ཀྱི་རོ་གླིང་མངོན་དུ་འགྱུར་ཞིང་དེ་ལ་དབང་བསྒྱུར་བར་འགྱུར་ལ། དེའང་སྔར་བདག་འཛིན་གསོན་པོའི་སྐབས་གཞི་གང་ལ་བདག་ཏུ་བཟུང་བའི་རོ་ལྟ་བུའི་ཕུང་ཁམས་སྐྱེ་མཆེད་ཉིད་ཀྱི་སྟེང་ནས་མངོན་དུ་འགྱུར་གྱི། རོ་དང་རོ་གླིང་ངོ་བོ་ཐ་དད་དུ་མེད་དོ། །དེའི་ཚེ་ནི་བདག་མེད་ཀྱི་དུར་ཁྲོད་དེ་ཉིད་འཇིག་ལྟའི་ཕྱོགས་ཀྱི་


TN02_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བརྒྱད་བསྒྲལ་བའི་རོའི་ཚལ་དུའང་འགྱུར་རོ། །དེ་འདྲའི་རྣམ་དག་གི་ཆ་ལས་རང་ཤར་བའི་དུར་ཁྲོད་དུ་ནི་བགེགས་གཏན་ནས་འཇུག་མི་ནུས་ཏེ། སྤྱོད་ཡུལ་མིན་པའི་ཕྱིར་རོ། །དེས་ན་སྲུང་གུར་ཁྱད་པར་ཅན་ནོ། །དེ་ལྟར་རུ་ཏྲའི་ལུས་ཀྱི་ཆ་ལས་དུར་ཁྲོད་བརྒྱད་གྲུབ་པ་དེ་དག་ཧེ་རུ་ཀས་ཞིང་སྐྱོང་དང༌། ཕྱོགས་སྐྱོང༌། རིག་འཛིན་དང༌། གྲུབ་པའི་རྣལ་འབྱོར་མ་མཆོག་གིས་གང་ཞིང༌། སྔགས་རང་བཞིན་གྱིས་འགྲུབ་པའི་གནས་ཆེན་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་ཡོད་པས། འདིར་ཡང་དེ་དང་སྒོ་བསྟུན་ནས་མ་ཏྲཾ་གི་ཁོག་པར་དུར་ཁྲོད་བརྒྱད་བསྐྱེད་དེ་སྔགས་རྒྱས་སྒོ་ཕྱེ་ནས་ནང་དུ་འཇུག་པ་དང༌། དངོས་གཞིའི་ཚེ་ཡང་དེའི་ནང་དུ་སྒྲུབ་མཆོད་བྱས་པས་ནི་སྒྲུབ་པ་བཀྲ་ཤིས་པར་འགྱུར་བར་བཤད་དོ། །དེར་མ་ཟད་འཆད་འགྱུར་ལྟར་དངོས་གཞིའི་དུས་དྲུག་ཏུ་དེར་ཡེ་ཤེས་ཀྱི་དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་ཟུར་པ་ཡང་བྱེད་དེ། འདི་དག་ནི་དཀྱིལ་འཁོར་ལ་བྱིན་རླབས་ཆགས་པའི་ཐབས་རྨད་དུ་བྱུང་བར་སྣང༌། མཚམས་གཅོད་ཀྱི་སྔོན། རྫས་བསགས་པའི་འཕྲོར། མཆེད་ལྕམ་གསར་པ་རྣམས་ལ། བགེགས་གཏོར་དང་ཧཱུྃ་བཞི་དང་ཁྲོ་བཅུའི་སྔགས་དང༌། གུར་གུམ་གྱི་བདུག་པས་བགེགས་གསལ་ཞིང༌། ཡིག་བརྒྱའམ་རྣམ་འཇོམས་ཀྱིས་བསྒྲུབས་པའི་བུམ་ཆུས་ཁྲུས་བྱ་བར་སྤུ་གྲི་དང་གསང་རྫོགས་ལས་སོ། །རྟགས་གདབ་སྐབས། ཧེ་རུ་ཀའི་གནས་བཅུ་དང༌། དུར་ཁྲོད་བརྒྱད་


TN02_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ན་བཞུགས་པའི་བཅོམ་ལྡན་འདས་ཧེ་རུ་ཀ་དང༌། མཁའ་འགྲོ་མ་དང༌། གིང་གི་ཚོགས་རྣམས་ཀྱི་ཐུགས་ཆགས་ཤིང་རང་གི་ནང་མི་དང་ཇོ་བོར་བཟུང་སྟེ་དབང་བསྐུར་བ་དང༌། སྲུང་སྐྱོབ་བྱིན་གྱིས་རློབ་པའི་ཆེད་དུ། དེ་དག་གི་རྟགས་སམ་མཚན་མ་རིམ་བཞིན། བྲང་ལ་ཞག་གི་ཟོ་རིས། མཁུར་ཚོས་ལ་རྐྟའི་ཐིག་ལེ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་རྣམས། འཁོར་བའི་བཅུད་ལེན་ཞག་གི་ཟོ་རིས་གསོལཿཆགས་པས་དབང་སྡུད་རྐྟས་ཐིག་ལེ་གསོལཿ སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ་གསོལཿ ཞེས་པའི་དེ་ཉིད་དྲན་བཞིན་བཏབ། འདིས་ནི་ཧེ་རུ་ཀའི་ང་རྒྱལ་གྱི་དྲན་པ་གསོ་ཞིང༌། དབང་ཆེན་ཡང་གསང་སྐོར་ལས་བགེགས་སྲུང་བའི་གོ་ཆར་འགྱུར་བར་ཡང་བཤད། འདི་དག་གཙོ་བོར་སྤུ་གྲི་དང་གསང་རྫོགས་ལས་བཏུས། བདེ་འདུས་ལས་དཔལ་ཆས་ཀུན་གྱི་རྟགས་གདབ་བམ་ཆས་འཇུག་ཀྱང་བཤད་དེ་རྒྱས་བསྡུས་ཀྱི་ཁྱད་པར་ཙམ་མོ། །ཚོམ་བུ་དང་བཅས་ཏེ་སྒྲུབ་པའི་དུས་དང་འབྲེལ་བར་བསྙེན་པ་ཐོག་མར་བྱ་བར་གསུངས་པ་ནི་བསྙེན་པ་སྔོན་ནས་ཐེམས་པ་ལ། སླར་ཁ་གསོ་བའི་བསྙེན་པ་ལ་དགོངས་ཏེ། སྒྲུབ་འབུམ་ཉིད་དུ་གསོལ་ལོ། །ཡང་སྒྲུབ་འབུམ་ཆེན་མོར། ལས་གཞུང་ནམ་བསྲོང་རེས་གཏོར་མ་གསར་པ་རེ་ཡང་བཤམསཿ སྨན་རཀ་གིས་གཏོར་མ་ཡང་གསོཿ གཙོ་བོའི་ཛབ་བམ་དྲིལ་འཛབ་ལ་གསུང་མ་ཆད་པར་བྱཿཞེས་གསུངས། ༈ །བདེ་འདུས་པྲ་ཁྲིད་


TN02_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །གཏོར་མ་གཏོང་ཚུལ་ནི། གཏོར་མ་མི་བཟུང་བཏང་བ་སྟེ། རྒྱུན་གྱི་དང༌། གནས་སྐབས་ཀྱི་མི་བཟུང་མི་གཏང་བ་གཉིས་ལས། དང་པོ་ནི། རྣལ་འབྱོར་པས་གཏོར་མ་དགོང་མོ་བཟུང༌། ནང་པར་བཏང་ངོ། །དེ་ལྟར་ཉིན་རེ་བཞིན་ནོ། །གཉིས་པ་ནི། སྒྲུབ་པ་བྱེད་པའི་དུས་སུ་དཔལ་གྱི་གཏོར་མ་ནི་བཟུང༌། རྒྱུན་གཏོར་དང་འབྱུང་པོའི་གཏོར་མ་ནི་ནང་ནུབ་མེད་པར་བཏང་ངོ༌། །ཞེས་བཤད་ཅིང༌། ལུང་ལས། གཏོར་མ་བཟུང་ན་བགེགས་རྣམས་འདུཿ གཏོར་མ་བཏང་ན་དངོས་གྲུབ་ཡལཿ ཞེས་དྲངས་སོ། དམ་ཅན་གྱི་མཆན། །གསང་སྔགས་བཀའི་ལྡེ་མིག་གི་དཔེ་ལས། གཏོར་མ་ནང་པར་བཟུང་དགོང་མོ་གཏོང་ངོ་ཿ དེ་བཞིན་དུ་བྱིན་གྱིས་བརླབ་ཅིང་རེ་རེ་གཏོང་ངོ་ཿ རེ་རེ་བཟུང་ངོ་ཿ ཞེས་བྱུང༌། ལྡེ་མིག་ལས། གཏོར་མའི་རྫས་དང༌། དེ་ཉིད་སོགས་གཏོར་མའི་གནད་གཞན་ཡང་མང་དུ་སྟོན་ཏོ། །སྒྲུབ་འབུམ་དུ་བླ་མས་ཞལ་བཀོད་གདབ་རྒྱུར། སློབ་དཔོན་ལ་ཡི་དམ་གྱི་ལྷར་ཟུངས། མཆེད་ལྕམ་རྣམས་ཀྱང་ཡེ་ཤེས་དག་པའི་ལྷ་དང་ལྷ་མོར་ལྟོས། འཇིག་རྟེན་གྱི་གཏམ་དང་ངན་རྟོག །བཞད་གད་དང་བྲེ་མོའི་གཏམ། ཆོས་ལ་གཟུ་ལུམ་རས་ཆོད། གཅིག་ལ་གཅིག་ཟུར་སྨོད་དང་འཕྱ་སེམས་བརྙས་ཆོས་འཁོན་འཛིན་ཁྲོ་ཚིག །དགོས་མཛའ། ནང་སྡེབ། ཕྱོགས་རིས་ཉེ་རིང་མ་བྱེད། ཏིང་ངེ་འཛིན་གྱི་སྒང་ལ་ཁུས་འདེབས་པ་སོགས་སྒྲ་ཆེན་པོ་མ་འབྱིན། སློབ་དཔོན་རྣམས་


TN02_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་ཤེས་པ་རྣམས་ལ་བརྩེ་བས་སློབས། སློབ་བུ་རྣམས་ཀྱིས་ཀྱང་ལས་ཀྱི་སློབ་དཔོན་ལ་སོགས་པ་རྣམས་གཙུག་གི་རྒྱན་བཞིན་ཁུར། ཛབ་ཀྱི་རྒྱུན་མ་བཅད། ཆང་དང་གཉིད་དང་ལེ་ལོའི་གཞན་དབང་དུ་མ་བཏང་གཞན་དུ་ན་བདུད་དབང་དུ་སོང་ནས་དངོས་གྲུབ་མི་འབྱུང་བས་སྒྲིམས་ཤིག་ཅེས་བརྩེ་བས་གདམས་པར་བཤད་དོ། །དེའང་ནང་རེ་ནུབ་རེ་བཞིན་འཁོར་ལ་བསྐུལ་འདེབས་སུ་བྱེད་པར་བཤད་པས་དང་པོ་ལན་གཅིག་ཁོ་ནར་བྱེད་པ་མིན་ནོ། ༈ །ཚོགས་མཆོད་སྐབས་ཚོགས་ཀྱི་དཀྱིལ་འཁོར། ཞེས་པ། ཚོགས་ཀྱི་འཁོར་ལོའི་མཆོད་པ་བྱེད་པ་ལ་དཔའ་བོ་དང་རྣལ་འབྱོར་མ་གཉིས་ཚོགས་དགོས་ཤིང༌། དེ་ལ་འདུས་པ་ཆེ་འབྲིང་ཆུང་གསུམ་ཡོད། འདི་དུས་ཚོགས་ཀྱི་ཡོ་བྱད་རྣམས་ལ་དམ་ཚིག་གི་སྐད་ཀྱིས་མི་རྗོད་པར་ཐ་མལ་བའི་བརྡས་འབོད་ན་དམ་ཚིག་ཉམས་པར་གསུངས། སྙིང་པོ་རྒྱན་ལས། ལོངས་སྤྱོད་གསུམ་པོ་ཉིད་མེད་པར། །ཚོགས་ཀྱི་བྱ་བར་འགྱུར་མ་ཡིན། །ཞེས་དཔའ་མོའི་ལོངས་སྤྱོད་ཆང༌། དཔའ་བོའི་ཤ་ཆེན་གཉིས་ཀའི་ལོངས་སྤྱོད་སྙོམ་འཇུག་སྟེ་གསུམ་པོ་ཚང་དགོས་པར་བཤད། མཆན། ཤོམ་སྐབས་ཞིང་ལྤགས་སམ་གཅན་གཟན་པགས་པར་བཱ་ལ་སོགས་བཟའ་བ་རྣམས་གཡས་དང༌། མ་ད་ན་སོགས་བཏུང་བ་རྣམས་གཡོན་དུ་བཤམས། དམ་ཉམས་ཀྱིས་ཚོགས་མཆོད་ཕུལ་ཡང་ལྷས་མི་བཞེས་ཤིང༌། གླང་ཆེན་


TN02_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབོགས་ལས་ཡེ་ཤེས་ལྷ་དང་འཁོན་གཅུག་སྦྱོང་བའི་བཤགས་པ་ཡེ་ཤེས་སྐུ་མཆོག་མར་གསུངས་པས་དེ་སྔོན་དུ་གཏོང་སྲོལ་སྣང༌། ཚོགས་བསྒྲལ་གྱི་ཉ་བོ་ཟུར་དུ་བཅས་པ་མེད་ན་བསྒྲལ་མཆོད་ཀྱི་ཚོགས་བྱིན་རླབས་ཀྱི་སྔོན་ནས་ལོགས་སུ་བཅད་ལ། བྱིན་རླབས་གྲུབ་པའི་འོག་ཏུ་ཕུད་རིམ་པ་གསུམ་སྤྲོས་ཏེ། དང་པོ་གཉིས་མཆོད་བཤགས། གསུམ་པ་གཙང་ལྷག་ཏུ་བཞག་སྟེ། བར་དུ་སྔར་གྱི་བསྒྲལ་མཆོད་འབུལ་བར་གཏེར་བདག་གླིང་པས་བཤད། དེས་བཀའ་མའི་ཡིག་ཆར། དང་པོ་ནས་བསྒྲལ་མཆོད་ཟུར་དུ་མི་དབྱེ་བར་བྱིན་རླབས་ཀྱི་རྗེས་ལ་ཕུད་རིམ་བཞིར་བསིལ་ཏེ། གསུམ་པ་དེ་ལ་ཧཱུཾ། རྐྟ་བྲན་ལ། མཆན། ཞེས་འདོད་ཡོན་གྱི་ལྷ་མོ་རང་གི་སྙིང་ཁར་བསྡུས་ཏེ། དགུག་བསྒྲལ་བསྟབ་པ་བྱེད་པར་ཡང་བཤད། ཡང་རུ་ཟུང་གི་བཤགས་པ་གཉིས་ལ་གྲངས་བཞི་རེར་མཛད་པ་ནི་ལུས་ངག་ཡིད་གསུམ་ཡེ་ཤེས་དང་བཞིའི་ཉམས་ཆག་སྐོང་ཆེད་ཡིན་པར་ཨོ་རྒྱན་གླིང་པའི་བཀའ་འདུས་ལས་གསུངས་ཏེ། བཞི་ཚན་གཉིས་ནི་ཉམས་ཆག་བཤགས་པ་དང༌། དམ་ཚིག་གསོ་བའི་ཆེད་དུ་མཛད་དམ་སྙམ། ཚོགས་ཞིང་སྤྱན་འདྲེན་སྐབས། མདུན་བསྐྱེད་ཡོད་ན་དེ་དང་བསྲེ། མེད་ན་མདུན་ཁར་བཞག །དེ་ནས་ཚོགས་ཕུད་གསུམ་གྱི། བདེ་འདུས་གསང་སྔགས་ལྡེ་མིག་ལས། དམར་བ་ལ་བསྟབ་པ། དཀར་བ་ལ་བཤགས་པ།


TN02_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་བ་ལ་མཆོད་པ། ཞེས་སོ་སོའི་དེ་ཉིད་དང་བཅས་པ་བཤད་ཡོད་དེ། མཐིང་དཀར་དམར་གསུམ་ནི་གཙོ་བོའི་ཞལ་གསུམ་པོ་ལ་བྱའོ། །མཆན། དང་པོ་ནི། ཡེ་ཤེས་ལྷ་ལ་འདྲིས་གདགས་པ་ལྟ་བུ་དང༌། གཉིས་པ་འཁོན་གཅུག་སྦྱོང་ཆེད་ཡིན་གསུང༌། ཕུད་དང་པོ་འདོད་ཡོན་དྲུག་གི་སྤྲིན་དུ་ཤེས་པས་མཆོད། བར་པ་དམ་སྐོང་གི་རྫས་བདུད་རྩི་ལྔར་ཤེས་པས་བཤགས། ཐ་མ་དགྲ་བགེགས་ཀྱི་གཟུགས་ཕུང་དུ་ཤེས་པས་བསྟབ་ཅེས་ཧེ་རུ་ཀ་གལྤོ་ལས་སོ། །རྒྱུད་སྡེ་སྒྱུ་འཕྲུལ་སོགས་ལྟར་ན་བསྒྲལ་བསྟབ་ནི་ཁྲོ་བོའི་དགོས་ཆོས་སུ་སྣང་མོད། གཏེར་ཕྱོགས་ནས་དཔྱད་རྒྱུ་ཡོད་སྣང༌། ཚོགས་བསྐང་གཉིས་ཀྱི་ཁྱད་པར་ནི། ཚོགས་རིམ་གསུམ་ནི་ལྷ་ཚོགས་སྤྱིར་མཆོད་པ་དང༌། བསྐང་བ་ལ་གསང་རྫོགས་ལས། ལྷ་ཚོགས་མཚན་དོན་རེ་རེ་ནས་ཐུགས་དམ་བསྐང་བ། ཞེས་གསུངས་པས་སོ་སོར་བསྐང་བ་སྟེ། སྨན་མཆོད་དུས་སྤྱིར་དང༌། སོ་སོར་འབུལ་བ་གཉིས་འབྱུང་བ་དང་འདྲའོ། །ཚོགས་ལ་རོལ་བ་ན། ཤ་དཔའ་བོ་དང༌། ལག་གཡས་རྩེ་གསུམ་རྒྱས་བཟུང་ལ། ཆང་དཔའ་མོས་མ་སྤྱད་བར་དུ་ཅིག་ཤོས་ལ་སྐལ་པ་མེད་པར་སྙིང་པོ་རྒྱན་ལས་ཏེ། སྐྱེས་པའི་ཐོད་པ་དུམ་གཅིག་པ་སྣོད་དུ་དགོས་གསུངས། གཙོ་བོ་ལ་ནི་དང་པོར་དཔའ་མོས་ཆང་གཡས་གཡོན་འདྲེན་ཅིང༌། སྟེང་འོག་ཏུ་བྱས་ནས་འདྲེན། ལག་གཡས་རྩེ་གསུམ་རྒྱས་བཟུང་ལ། དེ་ནས་དེའི་རྗེས་བཞིན་འབྲང་བའི་དཔའ་བོས་བཟའ་བ་བསྟབ། གཙོ་མོ་ལ་དང་པོར་དཔའ་བོས་བཟའ་བ་འདྲེན་ཅིང༌། དེ་ནས་དེའི་


TN02_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནས་འབྲང་བའི་རྣལ་འབྱོར་མས་ཆང་བསྟབ། དེ་ནས་གཡས་གྲལ་ལ་བཟའ་བ་དང་པོར་དང༌། གཡོན་གྲལ་ལ་བཏུང་བ་ཐོག་མར་སྟོབ་པར་སྨིན་གཏེར་སོགས་ཀྱིས་གསུངས་ཏེ་ཕོ་གཡས་གྲལ་མོ་གཡོན་གྲལ་དུ་སྡེ་ཚན་བསྡེབས་པ་ལ་དགོངས། དེར་ལུས་དཀྱིལ་ལྷག་པར་གསལ་བས་ནང་གི་སྲེག་བླུགས་ཀྱི་ཚུལ་དུ་རོལ། གསང་ཆོག་སྐབས། མདུན་བསྐྱེད་གཞན་མེད་ན། བདག་བསྐྱེད་ལྷ་ཚོགས་ཐམས་ཅད་སྙོམས་འཇུག་མཛད་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་བསྐུལ་ཏེ། ཚོགས་ཞིང་གི་ལྷ་ཡབ་ཡུམ་རྣམས་ཀྱང་རོལ་པ་མཛད་པའི་དགའ་བའི་རོས་ཞུ་སྟེ་རང་གི་སྤྱི་བོ་ནས་ཞུགས། ཚོགས་ལ་རོལ་དུས་རཏྣ་རྐྵི་ཏས། བཏུང་བ་དགའ་བ་སྐྱེད་པ་ཙམ། །དེ་བས་ལྷག་དང་ཆད་པ་མིན། །བདེ་བ་སྐྱེད་ཕྱིར་བཏུང་བ་སྟེ། །མྱོས་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་པས་ཇི་ཙམ་འཐུང་བའང་ཤེས་ཏེ། མྱོས་པའི་ནུས་པ་ཟིལ་གྱིས་ནོན་རིམ་ལྟར་རོ། །མཆན། སྙིང་དབུས་ཀྱི་ཐིག་ལེར་བསྟིམ། མདུན་བསྐྱེད་ཡོད་ན་འོད་ཞུ་མི་བྱེད། ལྷག་ཆོག་དུས། དམེ་ལྷག་མཆོད་པའི་རས་མ་དང་བཅས་པ་ལ་གོང་གི་གཙང་ལྷག་བསྣན་གསུངས་ཏེ་འདི་ལ་བཤད་རྒྱུ་ཅུང་ཟད་ཡོད། ལྷག་མ་བཙོན་འཛིན་བྱེད་ན་ལྷག་ཆོག་མི་བྱེད་ཅེས་སྔགས་འཆང་མཁས་པ་ལ་ལ་གསུངས་ཏེ་མི་འཐད་དམ་སྙམ། དུས་མཚན་དང་གདོང་ཐུག་སྲུང་ཕྱིར་ལྷག་གཏོར་ལ་ཉིན་མོ་སྤོས་མེ་དང༌། མཚན་མོ་མེ་སྒྲོན་འཇུག །ལས་རྡོར་པས་པད་སྐོར་སྔོན་འགྲོས་མཁའ་ལྡིང་གི་རྒྱས་བླངས་ལ་སྒྲུབ་ཁང་གི་སྒོ་དྲུང་བར་ཕྱི་ནུར་དུ་འགྲོ་ཞིང༌། ཕྱི་རོལ་གོམ་པ་བདུན་བཅུའི་མཚམས་


TN02_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲིན་མོའི་ཟ་ལམ་ཡིན་པས་དེར་སྤུང༌། སྣོད་ཀྱང་བཤལ་ནས་མཆོད་གསུངས། དཔལ་འབར་ཚུར་ཁྱེར་ཏེ་ཡོང་བའི་ཕྱག་ལེན་ཡོད། ལྷག་གཏོར་རིགས་གཏོང་དུས་གཏོར་སྣོད་མ་བསྒུལ་བར་མི་ལེན། གཏོར་སྣོད་ཁ་ཕྱིར་བསྟན་ནས་མི་འབུལ་ཞེས་པདྨའི་ལམ་རིམ་གྱི་རང་འགྲེལ་དུ་བྱུང༌། ཡང་སྔོན་དུ་ལྷག་གཏོར་ལ་ཁ་ཕྲུ་འདེབས་ཚུལ་ནི། ཡ་རྐན་དཔའ་བོ་དང༌། མ་རྐན་དཔའ་མོར་ཤེས་པས་དེ་གཉིས་མཉམ་པར་སྦྱོར་བའི་བྱང་སེམས་ཀྱི་བདུད་རྩིས་གཏོར་མ་བདེ་ཆེན་སྤོར་ནུས་སུ་བརླབ་པར་བལྟས་ལ། སོར་མོ་རྣམས་ཕན་ཚུན་བཅིངས་པ་ལས། མཐེབ་མཛུབ་ཐེའུ་ཆུང་རྣམས་་ག་ལྤོར། དཔལ་གྱི་ལྕེ་ལ་རྟ་མགྲིན་ཧྲཱིཿ མཁའ་དབྱིངས་ཕྱག་རྒྱ་རབ་ལྡན་པས། །རྟོག་བསྲེག་བདུད་རྩིས་སྦྱོར་མཆོད་དབུལ། །ཞེས་སོ། །ལུང་འདི་ཉིད་ལྟར་སྒྱུ་འཕྲུལ་ཁྲོ་བོ། ཡང་དག །དོང་སྤྲུགས་སོགས་ཀུན་ནོ། །རང་གི་ལྕེ་ལ་རྟ་མགྲིན་ཡུམ་བཞི་དང་རོལ་པ་མཛད་པའི་བྱང་སེམས་ཛ་གད་ཀྱི་ཁ་ཕྲུ་དང་རོ་གཅིག་པས་མཁའ་དབྱིངས་ཀྱི་ཕྱག་རྒྱ་ལས་ལྷག་མ་དམེ་གཏོར་དུ་དབབ་ཅེས་མཐུན་པར་འབྱུང་ངོ༌། །མཆན། བརྐྱང་སྟེ་རྩེ་སྤྲད་པའི་ནང་ནས་བདུད་རྩིའི་ཁ་ཟེགས་བྲན། འདི་ནི་དམ་ཚིག་སྲེ་བའི་ཆེད་ཡིན་ནོ། །ཚོགས་ཀྱི་གླུ་གར་ནི་བདེ་བ་ཆེན་པོའི་ལམ་གྱི་གྲོགས་ཞིང་སྔགས་ལྷན་སྐྱེས་ཀྱི་ཕོ་ཉ་མོ་རྣམས་མཉེས་པའི་ཆེད་དུ་བྱེད་པ་ཡིན་ཏེ་བརྟགས་གཉིས་ལས་གསུངས་ཤིང༌། ཚིམ་པ་དྲུག་གི་ཐད་དུའང་གསལ་ལོ། །རྒྱུད་ཉི་ཟླ་ཁ་སྦྱོར་ལྟར་མཉམ་


TN02_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གི་བདེ་བ་བརྟན་པར་བྱ་བའི་ཐབས་ཀྱང་ཡིན་ནོ། །བརྟགས་གཉིས་སུ། དེ་ཚེ་དགའ་བས་གླུ་བླངས་ཏེ། །དེ་ཚེ་རྡོ་རྗེ་མཆོག་ལྡན་ནོ། །ཞེས་པའི་རྐང་པ་ཕྱི་མའི་དོན་ནི། དེའི་ཚེ་གྲོང་པའི་གླུ་ཕལ་པ་ལེན་པ་མིན་གྱི། རྡོ་རྗེའི་ཚིག་དེ་ཁོ་ན་ཉིད་མཆོག་དང་ལྡན་པ་བླང་ཞེས་པ་སྟེ། ཐེག་པ་ཐུན་མོང་གི་ལམ་སྟོན་པ་ལྟ་བུས་ཀྱང་མི་ཆོག་གོ །།ཚིམ་པ་དྲུག་ནི། ཚོགས་ཞིང་རྣམས་མཆོད་པས་ཚིམ་པ། རྣལ་འབྱོར་ཕོ་མོ་རྣམས་བཟའ་བཏུང་གིས། སྙིང་གའི་ཡེ་ཤེས་སེམས་དཔའ་བདུད་རྩིས། ལུས་དཀྱིལ་གྱི་ལྷ་རྣམས་འབར་འཛག་གིས། འབྱུང་པོ་རྣམས་གཏོར་མས། ཕྱི་ནང་གི་མཁའ་འགྲོ་མ་རྣམས་རྡོ་རྗེའི་གླུས་ཚིམ་པ་སྟེ་དྲུག་གོ །སྙིང་པོ་རྒྱན་དུ། གང་དུ་དཔའ་བོ་རྣལ་འབྱོར་མ། །ཚིམ་པ་རུ་ནི་མི་ནུས་ན། །དེ་དག་སྙན་གསན་དབབ་མི་བྱ། །གང་དུ་ཚིམ་པར་མ་གྱུར་པ། །དེས་ནི་བསོད་ནམས་རབ་ཟད་བྱེད། །དེ་བས་ཀུན་ཏུ་རྣལ་འབྱོར་པ། །ཟས་སོགས་ཀྱིས་ནི་ཚིམ་པར་བྱ། །ཞེས་སོ། །མཆན། །ཚོགས་མཆོད་དུ་ཆ་གསུམ་གཏོར་མ་འཛུད་སྲོལ་སྣང་བའང་དེ་ལྟར་རོ། །དམ་ཚིག་ལྔ་པ་ལས། འདི་དག་གཞན་གྱི་རྒྱུད་གསུངས་པའི། །བྱ་བ་རྣམས་ནི་དལ་ལ་བྱ། །གང་ཕྱིར་མྱུར་དུ་བྱས་པ་ཡིས། །རྣལ་འབྱོར་པ་ཡི་དགའ་ཉམས་བྱེད། །ཅེས་ལས་རིམ་རྣམས་དལ་གྱིས་བག་ཕབ་ནས་བྱ་དགོས་པར་གསུངས། ཚོགས་འཁོར་ལ་ནི་བསྔགས་པ་ཆེ་སྟེ། ཌོམྦིའི་ཧེ་རུ་ཀའི་ཚོགས་འཁོར་གྱི་ཆོ་ག་ལས། དེ་ལ་སངས་


TN02_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འཐོབ་པའི་རྒྱུ། །བསོད་ནམས་ཡེ་ཤེས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་ཕྱིར་རྟག་ཏུ་ཚོགས་བསག་བྱ། །ཡེ་ཤེས་མངོན་པར་རྟོགས་པ་སྟེ། །བསོད་ནམས་རྣམ་པ་མང་ཡོད་ཀྱང༌། །རང་གི་ལྷ་ཡི་འཁོར་ལོ་ཡིས། །འདོད་ཡོན་ལྔ་སྦྱོར་བླ་ན་མེད། །ཅེས་དང༌། སྙིང་པོ་རྒྱན་ལས། སྡིག་པ་ཐམས་ཅད་རྣམ་དག་ཅིང༌། །རྒྱ་ཆེར་འབྲས་ལ་ཉེར་སྦྱོར་བ། །རྣལ་འབྱོར་སྤྱོད་པའི་མཆོག་རིམ་དག། ཉ་སོགས་བརྒྱད་ལ་རབ་ཏུ་སྤྱད། །ཅེས་ཚོགས་འཁོར་གྱི་སྐབས་སུ་བཤད་དོ། །དེ་ལའང་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་དབང་བསྐུར་ཐོབ་པ་མིན་པ་འཁོར་ལོ་དེར་ཚོགས་འཁོར་སྐོར་བའི་འདུ་བར་མི་བཏུབ་གསུངས། ཐོ་རེ་ལོང་ཙམ་ལས་མ་བྲིས། ཉུ་ལེའམ་ཉམས་དྲོད་ལེན་པའི་འབྱུང་པོ་ནི། དགོང་མོ་ཉི་མ་ནུབ་ཁ་ཟེར་ལ་བྱ་རོག་སྐད་བསྒྱུར། སྲོད་ལ་བྲང་རྐུན་ནག་མོ། ནམ་གུང་གཏི་མུག་རྒྱན་བྱེད་མ། ནམ་ཕྱེད་འདོད་ཆགས་དམར་མོ་ར་ནུ་ཅན། ཕྱེད་ཡོལ་ལམ་ནམ་སྨད་དུ་ན་བེར་རྩེ། བར་ཆད་ཀྱི་ལྟས་མཐོང་བའམ་བར་ཆད་ཡོད་མེད་རྟོག་པ་སོགས་ཀྱི་སྐབས་ཐམས་ཅད་དུ་བར་ཆད་ཕྱོགས་ཀྱི་གཏམ་མཆུ་སྒོར་མི་འདོན་པ་གལ་ཆེ། བཏོན་ན་བར་ཆད་དེ་དག་སྟོབས་རྒྱས་ནས་རང་ཉིད་དེ་དག་གི་དབང་དུ་འགྲོ་ཞེས་དགོངས་འདུས་ལས་སོ། །དངོས་གྲུབ་རྟགས་ལའང་གསང་རྒྱ་གལ་ཆེ་བ་ནི་འདྲའོ། །མཆན། ཐོ་རང་ལག་བསེན་མ། ཉི་ཤར་གནམ་ཐེ་ནག་པོ། ཉི་དྲོས་ཀླུ་སྲིན་སྔོན་མོ། །


TN02_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཕྱེད་ཀླུ་ཆེན་བཞི། ཕྱེད་ཡོལ་ས་བདག་མ་ཡམ། ཉི་མྱུར་དམུ་བདུད་དང་ཐེའུ་རང་བསྡོང་བ་རྣམས་འོང་སྟེ། དེ་རྣམས་ཀྱང་དམ་སྲིའི་རིགས་སོ། །བཀའ་བརྒྱད་རྣམ་གསུམ་གྱི་སྐོར་དུ། དེ་དག་སོ་སོའི་ཆོ་འབྲང་དང༌། གཟུགས་ཇི་ལྟ་བུས་འོང་བ། འོང་བའི་རྟགས་སོ་སོ་སོ་སོ་བཅས་བཤད་དེ། འདྲེའི་ཚང་བརྟོལ་བ་ཞེས་འདུལ་ཐབས་ཀྱི་ཡན་ལག་ཏུ་ཡང་འགྲོ་བས་མཁོ་མོད། འདིར་མ་བྲིས། དགོང་ཁ་བྱ་མཆུ་ནག་མོ་འོང་བ་ཤས་ཆེ། གཞན་ཡང་དམ་སྲིའི་བྱེ་བྲག་མང་པོ་འོང་སྟེ། དེ་རྣམས་འོང་བའི་རྟགས་ཐུན་མོང་དུ། དཀྱིལ་འཁོར་མདངས་ཆུང་བ་དང༌། དམ་རྫས་ཧམ་རྐྱ་བ། མར་མེ་མདངས་ཉམས་པ། རྩེད་མོ་གླུ་གཞས་ལ་རྩི་བ། ཉམས་འཐིབས་ཤིང་བྱིང་བ། སྙིང་རྗེ་མེད་པར་ཞེ་སྡང་རང་ག་མ་སྐྱེ་བ། ཆོས་དང་བླ་མ་ལ་ཐེ་ཚོམ་འཆར་བ། འདོད་ཆགས་སོགས་ཉོན་མོངས་གཞན་ཡང་འབར་བ། སྐྱོ་ཞིང་སྙིང་མི་དགའ་ཕྱད་དེ་བ་དང༌། ནད་པ་གློ་བུར་ཙག་ཙོག་མང་བ། དགེ་སྦྱོར་གཡེལ་ཞིང་བྱེད་སྙིང་མི་འདོད་པ། གཉིད་དབང་དུ་འགྲོ་བ། སེམས་འཕྱོ་ཞིང་ལས་སུ་མི་རུང་བ་སོགས་འབྱུང་ངོ༌། །དེ་དག་འདུལ་བའི་ཐབས་གསང་རྫོགས་དང་རང་ཤར་ལས་གསུངས་ཚུལ་ནི། ཏྲི་ཡིག་ལ་ཉུ་ལེ་རྣམས་ཀྱི་མིང་གིས་བསྐོར་བ་བྲིས་པའི་ལིང་ཀ་བཅས་ཏེ་དགུག་གཞུག་བྱ། ཕོ་ཉ་བཏང༌། སྡེར་མོའི་སྔགས་དང་ཧཱུྃ་བཞིས་ཕུར་པ་གདབ། རྡོ་


TN02_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དུས་མཚམས་པ་གིང་དཀར་ནག་གི་ཆས་སུ་ཞུགས་པས་བོང་མཇེ་ལ་འུག་མགོ་བཀལ་བའི་ཐོ་བས་བརྡུང་ཞིང༌། མི་ལག་ལ་མི་ལྤགས་ཀྱི་ལྕགས་འབྲས་བཏགས་པས་མཆེད་རྣམས་བྲབ་སྟེ་བསྐྲད། ནན་ལྟར་ཆོ་འཕྲུལ་ཆེ་ན་ཀུན་ཐུབ་རྒྱལ་མོ་སྐུལ། སྐབས་སུ་བྲོས་ཀྱང་གཟིར་རོ། །བདེ་འདུས་བསྙེན་སྒྲུབ་ཀྱི་པྲ་ཁྲིད་དང༌། ཏི་ཀ་ལས་གསུངས་ཚུལ་ནི། བགེགས་ཀྱང་དག་པ་རབ་འབྱམས་སུ་འཆར་བའི་ལྟ་དགོངས་ཀྱི་གདེངས་བརྟན་ན་ཉུལ་ལེ་འདུལ་ཐབས་གཞན་གང་ཡང་མི་དགོས་ཤིང༌། དེ་ལས་གཞན་ལ་ཉུ་ལེ་སོ་སོ་ལ་གཉེན་པོའི་ཕོ་ཉ་སོ་སོར་བཏང་བ་དང༌། རང་གཙོ་བོར་གསལ་བའི་ཐུགས་ཀ་ནས་སྤྲོས་ལ་བཏང་སྟེ་དེའང་ཕོ་ཉ་དེ་དང་དེ་གྲངས་མེད་པ་སྤྲོ་བར་གསུངས། མཆན། སྤྱིའི་གཉེན་པོ་ཀུན་ཐུབ་རྒྱལ་མོ་བཏང་བ་དང༌། གདོན་ཤིན་ཏུ་དྲག་པོ་ཕོ་ཉས་མ་ཐུལ་བ་བྱུང་ན། ལས་ཀྱི་རྒྱལ་ཐེབས་ལྟ་བུའི་སློབ་དཔོན་གཞན་གྱིས་སྲུང་ཟློག་གསད་གནན་སྲེག་པ་སྟེ་གཟེར་ཁ་ལྔའི་ལས་སྦྱོར་ཟུར་དུ་བསྒྲུབས་ནས་ཚར་གཅད་པའམ། ཡང་ན་དྲག་སྔགས་ཀྱི་སྦུ་གྲིས་བརྡེག་པར་བཤད་དོ། །རྒྱུན་དུ་འབྱུང་བའི་དངོས་གྲུབ་བླང་བ་ནི། ཚུལ་བཞིན་སྒྲུབ་པའི་གང་ཟག་ལ་དམ་ཅན་དངོས་གྲུབ་རྒྱུན་དུ་སྐྱེལ་བ་ནི། ཉི་མ་དམར་ཐག་ཆད་པ་ལ་ལྷ་སྲིན་སྡེ་བརྒྱད་ཀྱིས། མུན་སྲོས་ལ་སྲིན་པོ་དམ་ཅན་གྱིས། གུང་ལ་སྲིད་པའི་མ་མོས། ནམ་ཕྱེད་ན་རེ་མ་ཏིས།


TN02_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ཡོལ་ན་མ་མོ་བདུན་གྱིས། ནམ་ལང་དཀར་མོ་སྡེ་བཞིས། ཐོ་རེང་གིང་ཆེན་བཅོ་བརྒྱད་ཀྱིས། ཉི་ཤར་རྡོ་རྗེ་སྲིན་པོས། ཉི་དྲོས་ཧ་ནུ་མ་དྷས། ཉིན་ཕྱེད་ཀླུ་དམ་ལྡན་གྱིས། དགོང་མོ་ཀླུ་སྨན་མཚོ་སྨན་གྱིས་དངོས་གྲུབ་སྐྱེལ་ལོ། །གཞན་ཡང་རྒྱུན་དུ་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས་ཀྱིས། ཆོས་དང༌། ཚེ་དང༌། དབང་དང༌། མཐུ་དང༌། སྲིད་དང༌། ནོར་དང༌། འབྲུ་དང༌། ཟས་དང༌། ལས་སྣ་ཚོགས་ཀྱི་དངོས་གྲུབ་ཁྱེར་ནས་ཡོང་ངོ༌། །རྟགས་སུ་སྒྲ་སྙན་པ། གཟུགས་མཛེས་པ། འོད་དང་དུ་བ། དྲི་ཞིམ་པ། བརྩོན་འགྲུས་རྩོམ་སྙིང་འདོད་པ། ཏིང་ངེ་འཛིན་གསལ་བ། ཉམས་དགའ་བ། བྱིན་ཆེ་བ། གཟེངས་མཐོ་བ། དཔའ་གདེང་ཐོབ་པ། སྤོབས་པ་སྐྱེ་བ། སེམས་ལས་སུ་རུང་བ་བྱུང་ན་དངོས་གྲུབ་སྟེ། དགའ་བྲོད་ཀྱང་མི་བྱ། ཆོས་ཀྱི་དབྱིངས་ཀྱི་བྱིན་བརླབས་སམ་རྟེན་འབྲེལ་གྱི་ཆོས་ཉིད་ཙམ་དུ་བསམ། ཉུལ་ལེ་བར་ཆད་ཀྱི་ལྟས་ངན་མཐོང་ཡང་མི་དགའ་བ་མི་བྱེད་དེ་བཞིན་ཉིད་ཀྱི་རྩལ་དུ་ལྟ། འདི་དག་ནི་སྤུ་གྲི་དང༌། གཙོ་བོར་སྒྲུབ་འབུམ་ཆེན་མོ་ལས་བྲིས། དེས་ན་ཉུལ་ལེ་བསྐྲད་པའི་རྗེས་ལ་དངོས་གྲུབ་ཀྱི་བྱིན་འབེབས་རེ་བྱ་ཞིང༌། དངོས་གྲུབ་ཀྱི་མཚན་མ་ནམ་བྱུང་དུ་ཐོད་པའི་བདུད་རྩི་ལ་བརྟེན་ནས་གློ་བུར་བའི་དངོས་གྲུབ་ལེན་ཆོག་མདོར་བསྡུས་རེ་བྱེད་དོ། །དངོས་གྲུབ་སྐྱེལ་མཁན་དེ་དག་


TN02_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཚོགས་སྦྱོར་གྱི་ལམ་ལ་གནས་པ་ཞེས་སྒྲུབ་འབུམ་ལས་གསུངས་ཏེ། མདོར་ན་དཔལ་ལྡན་ཧེ་རུ་ཀས་རང་གི་འཁོར་དངོས་གྲུབ་སྟེར་བའི་ཕོ་ཉར་བྱིན་གྱིས་བརླབས་ཏེ་བཏང་བ་ཡིན་ལ། དཀྱིལ་འཁོར་གྱི་གཙོ་བོ་དངོས་ལ་སོགས་པ་ནི་རེ་ཞིག་དངོས་གྲུབ་ལེན་ཡུལ་དུ་ཁུག་དཀའ་བ་ལོངས་སྤྲུལ་གཉིས་ཀྱི་རིགས་པ་ལྟ་བུ་ཞིག་ཡིན་པས། དེ་ལས་ཆེས་འགྲུབ་སླ་བའི་ཕོ་ཉ་ལས་དངོས་གྲུབ་བླང་བ་རྒྱུན་དུ་བྱས་པས་གོང་ནས་གོང་དུ་དངོས་གྲུབ་ཀྱི་མཐུ་སྐྱེས་ཏེ། ནམ་ཞིག་ན་དེའི་གོང་མ་རིགས་བཞིས་ཁྲག་འཐུང་དང༌། གཙོ་བོ་དངོས་ལ་དངོས་གྲུབ་ལེན་པའི་ནུས་པ་རྙེད་འོང་ངོ༌། །དེས་ན་སླ་བའི་གོ་རིམ་ཟེར་བ་དང་འདྲའོ། །ཕོ་ཉ་རྐྱང་གྲུབ་ཀྱིས་དངོས་གྲུབ་བསྒྲུབས་ནའང་མྱུར་མོད་ཀྱི་ཚན་ཆུང་ལ། དཀྱིལ་འཁོར་ཆེན་པོའི་བསྙེན་སྒྲུབ་དང་འབྲེལ་བ་ནི་ཚན་ཤིན་ཏུ་ཆེ་སྟེ། འདི་འདྲ་ལ་དགོངས་ནས་ཕུར་པའི་སྐབས་སུའང་རྩ་བ་སྤུ་གྲིར་འབྲེལ་བ་ལ་མྱུར་བ་དང་ཚན་ཆེ་བའི་ཟབ་གནད་གཉིས་ཡོད་པར་གསུངས་སོ། །དེ་ལྟར་ཕོ་ཉས་དུས་མཚམས་བཅུར་དངོས་གྲུབ་ཉིན་བཞིན་སྐྱེལ་བ་དང༌། དེ་ལ་ཉུལ་ལེ་རྣམས་བར་ཆད་བྱ་བའི་ཕྱིར་རྒྱུ་བ་ནི། སྔོན་དུ་བསྙེན་པ་ཚད་ལྡན་གྱིས་ལྷའི་ཐུགས་ཉེ་བར་བྱས་པའི་འོག་ཏུ། དངོས་གྲུབ་མངོན་དུ་བྱེད་པའི་སྒྲུབ་པའི་སྐབས་སུ་ཡིན་གྱི། དང་པོ་གཞི་བསྙེན་བྱེད་དུས་ནས་འོང་བ་ནི་མིན་པ་འདྲའོ། །འདི་དག་ཀྱང་སྒྲུབ་ཆེན་བཀའ་


TN02_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་གསང་གཏམ་ཞིག་ཡིན་ཏེ། ཕ་དགོངས་བུས་ལོན་པ་ཉུང་བར་སྣང་ངོ༌། །ཡང་སྒྲུབ་འབུམ་ཆེན་མོར། དེ་ལ་སྒྲུབ་པའི་གེགས་ནིཿ རྣམ་རྟོག་རང་ག་མ་དང་ཿ ཐེ་ཚོམ་དང་རས་ཆོད་ཡ་མ་བླ་སྟེཿ རྡོ་རྗེ་རྒྱལ་པོའི་ཏིང་ངེ་འཛིན་གལ་ཆེ་བསཿ དགོངས་པ་གསེང་ལ་སྙིང་པོ་བཟླས་ཤིང་༔ སྒྲུབ་པའི་གཙོ་བོར་ཏིང་འཛིན་གསརཿ ཅེས་པས་སྒྱུ་མ་ཙམ་དུ་གང་ཡང་ཡོད་པས་རྟོག་དཔྱོད་དུ་མ་དང་ལྡན་པར་བྱཿ དོན་དམ་པར་གང་ཡང་མེད་པས་རྣམ་རྟོག་མེད་པར་བྱའོཿ བདེན་པ་དབྱེར་མེད་དམཿ སྣང་སྟོང་དབྱེར་མེད་པའི་ལྟ་བ་དང་ཿ སྤྱོད་པ་མ་ནོར་བས་འབྲས་བུ་ལམ་དུ་འཁྱེར་བའི་ཐེག་ཆེན་མཆོག་ལ་འབད་དོཿ ཞེས་བདེན་ཞེན་སོགས་ཐ་མལ་པའི་རྣམ་རྟོག་མི་རྒྱུ་བར་བྱ་བར་བསྟན། དེའི་དེ་མ་ཐག་པར། དམ་ཚིག་ཉམས་ན་དངོས་གྲུབ་རྡུལ་ཙམ་ཡང་མི་འབྱུང་ཿ དམ་ཚིག་ནི་མ་ཚོར་བར་ཡང་ཉམས་སྲིད་པས་བཤགས་རྒྱུན་བཙུགས་ཏེ་འབད་དོཿ དམ་ཅན་སྤྲིན་ལྟར་གཏིབསཿ དངོས་གྲུབ་ཆར་ལྟར་འབྱུང་འཕྲོ་ལ་དམ་ཚིག་ཕྲ་མོ་གཅིག་ཉམས་ཀྱང་ཿ ཀླུ་སྲིན་ལ་ཐོགས་པ་ལྟར་དམ་ཅན་མི་དགྱེས་ནས་དངོས་གྲུབ་འཆད་པས་བར་ཆོད་ཀྱིས་ཚུགས་སྲིད་པས་བསྐངས་བཤགས་གཅེས་ཏེ་ནན་ཏན་བྱཿཉམས་པ་ལ་གཟབ་ཅིང་འཛེམ་མོཿ དེ་ལ་བསྐང་བ་ཡང་ཕྱི་རྫས་སྐོང་ངམ་མདོས་སྨན་རག་གཏོར་མཿ ནང་རྟོག་ཚོགས་ལྷར་


TN02_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ་སྟེཿ ལྷ་དང་གཉིས་མེད་དུ་རྟོགས་པ་ནི་ཟབ་བོཿ གསང་བ་ལྟ་བས་བསྐང་བྱ་སྐོང་བྱེད་བསྐང་རྒྱུ་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་ཐིམ་པར་གཉིས་མེད་དུ་བསྐང་བ་ནི་གནད་ཆེའོཿ བླ་མ་དང་དང་མཆེད་ཐུགས་རབ་ཏུ་མཉེས་པར་བྱ་སྟེ་དབང་ཞུཿ དུས་མཆོད་མ་ཆག་པ་ནི་བསྐང་བཤགས་དམ་པའོཿ འཐིབ་པ་སངས་ཕྱིར་གར་ཡང་བྱཿ སྐྱོ་བ་བསང་ཕྱིར་རྡོ་རྗེའི་གླུ་བླང་ཿ བར་ཆད་འདུལ་ཕྱིར་བྲོ་ཡང་བྱཿ སྐབས་སུ་ཡ་མཚན་གཏམ་ཡང་བརྗོདཿ བར་མཚམས་ཀུན་ཏུ་ཚེ་ཡང་དགུགཿ ཟས་རྣམས་འཚམས་པར་བཟའ་ཞིང་ཿ ལྷག་ཚད་ལྷག་ཕུད་སྣོད་དུ་བསགས་ལ་ཕན་ཆད་དུ་མི་འཁྱེརཿ མི་ལ་མི་སྦྱིན་ནོཿ ཛབ་ལ་ནན་ཏན་བསྐྱེད་པ་སྒྲུབ་པའི་སྲོག་ཡིན་པས་ཡ་མ་བླ་ཡེ་བྱ་མི་རུང་ཿ ཐེ་ཚོམ་སྤངས་ཏེ་དད་བརྩོན་བསྐྱེད་དོཿ ཞེས་སོ། །ཡང་དེ་ལས། སྒྲུབ་པ་ལ། རབ་ལོ་སྒྲུབ་རྟགས་དང་སྦྱར་བ། འབྲིང་ཟླ་སྒྲུབ་གྲངས་དང་སྦྱར་བ། ཐ་མ་ཞག་བདུན་ནམ་ལྔར་སྒྲུབ་པ་སྟེ་གསུམ་ལས། དང་པོ་ནི་བདག་དོན་དངོས་གྲུབ་སྒྲུབ་པའི་དབང་དུ་བྱས་པ་དང༌། གཉིས་པ་ནི། དེ་ལྟར་མི་ནུས་པས་ལས་རུང་ཙམ་གྱི་ཕྱིར་རམ། གཞན་ཡང་སློབ་མ་ལ་དབང་སྐུར་བའི་སྔོན་འགྲོའི་ཆེད་དུ་དང༌། གསུམ་པ་ནི། གཞན་དོན་སོ་སོའི་སྐྱེ་བོ་གཡེངས་ཤིང་མི་ཁོམ་པའི་དོན་ནམ། འོན་ཏེ་རང་གི་དམ་བཅའ་མི་གཅོག་པ་དང༌། བསྐངས་སོའི་ཆེད་ཡིན་པར་གསུངས་ཏེ། འདི་ལ་དུས་མཚམས་བཀོལ་བྱང་དུ་བཤད་ཚུལ་ཡང་ཡོད། དེ་ལྟར་ན་ཚོམ་བུའི་སྒྲུབ་པ་ལ་ཡང་ལམ་མོས་


TN02_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དང་ངེས་རྫོགས་ཀྱི་རིམ་པ་དུ་མ་ཞིག་ཡོད་དོ། །བདེ་འདུས་བསྙེན་སྒྲུབ་ཏི་ཀ་ལས། རྒྱ་གར་བའི་ལུགས་ལྟར་དངོས་གྲུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་ཚོགས་སྒྲུབ་རྩོམ་པའི་ལོ་སྒྲུབ་འགྲོལ་བ་ན་ནི་འོག་ཏུ་འཆད་པའི་གནས་སྲུང་སོགས་མི་དགོས་པར་གསུངས་སོ། །ཡང་སྒྲུབ་འབུམ་ལས། དངོས་གྲུབ་ཀྱི་རྣམ་གྲངས་ཀྱང༌། མེ་ཆུ་ནད་མཚོན་མུ་གེ་དམག་དགྲ་དུས་མིན་འཆི་བ་སྟེ་འཇིགས་པ་བརྒྱད་ཞི་བ། ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་འཁོར་དང་ལོངས་སྤྱོད་དེ་འབྱོར་བ་དྲུག་རྒྱས་པ། རྒྱལ་པོའི་ཚུལ་དང་རྗེ་དཔོན་དང་སློབ་དཔོན་དང༌། ཕ་མའི་ཚུལ་དུ་གཞན་གྱིས་མཐོང་ནས་མོས་ལུགས་བཞིས་དབང་དུ་འདུ་བ། དཔལ་འདུས་བསྙེན་ཡིག་ཏུ་རྒྱལ་པོའི་ཆད་པ་ཞེས་འབྱུང༌། མཆན། དགྲ་བགེགས་སྐད་ཅིག་ལ་ཚར་གཅོད་པ་སྟེ་ལས་བཞི་དང༌། གཞན་ཡང་ས་འོག་སྟེང་གི་རིན་པོ་ཆེ་དང༌། ཆོས་ཀྱི་གཏེར་ལ་དབང་བ་དང༌། རིག་པ་ལ་རྩལ་དབང་ཐོབ་ནས་སྣང་བ་ལ་དབང་བསྒྱུར་བ་དང༌། གསེར་འགྱུར་རྩི་དང་རི་ལུ་མིག་སྨན་རྐང་མགྱོགས་མཁའ་སྤྱོད་སོགས་ཏེ། དེ་དག་ཡོངས་སུ་རྫོགས་པའམ་མ་མཐའ་སྣ་རེ་ཡན་ཆད་ལ་གསུངས་པས་དེར་བཤད་པའི་ལོ་སྒྲུབ་ཀྱི་དངོས་གྲུབ་ལ་ཡང་ཆེ་ཆུང་སྣ་ཚོགས་ཤིག་ཡོད་པར་མངོན་ཏེ། སྔོན་དུ་རིམ་པ་དང་པོའི་ལམ་ཅི་ཙམ་བཏང་བའི་ཁྱད་དུ་སེམས་སོ། །མ་གྲུབ་ན་སྦོགས་ཆོག་ནི། དམ་ཚིག་ཉམས་ཆག་དྲག་ཏུ་བཤགས། བསྐང་བ་རྒྱ་ཆེན་པོ་བྱ། བསོད་ནམས་ཀྱི་


TN02_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་བསྐྱེད་སྔར་གྱི་རྟེན་རྫས་ལག་ཆ་ཐམས་ཅད་ཁྲུས་ནས་དབྱུང་ཞིང༌། བླ་མ་མཚན་ཉིད་དང་ལྡན་པས་རབ་གནས་བྱ། བརྩོན་འགྲུས་དྲག་པོས་སྒྲུབ་པ་ལན་གསུམ་མམ་བདུན་དུ་སྤོགས་པས་འགྲུབ་ཅེས་ཕུར་པ་སྦུ་གྲི་ལས་གསུངས་ལ། སྒྲུབ་འབུམ་ལས་ལན་གསུམ་སྦོགས་པ་དང༌། དེས་མ་གྲུབ་ན་གནད་འབེབས་བྱ་ཚུལ་ཞིག་གསུངས་སོ། ༈ །དངོས་གྲུབ་ལེན་པའི་སྔོན་དུ་གླག་ཚོལ་བའི་བགེགས་སྲུང་ཕྱིར་དཀྱིལ་འཁོར་གྱི་མཐར་རྟ་བྲོ་རྡུང་ཞིང་སྐོར་བ་ནི་སྒྲུབ་འབུམ་ལས་ལན་གཉིས་སུ་བཤད། ཞལ་གདམས་རྨི་ལམ་མར་ཡང༌། བར་སྐབས་ཀུན་ཏུ་ལས་བྱང་ལྟར་རྟ་བྲོ་རྡུང་ཞིང་གདུལ་ཞེས་གསུངས། ༈ །སྒྲུབ་འབུམ་གྱི་དངོས་གྲུབ་ལེན་ཆོག་གོང་འོག་ཀུན་ཏུ་དཀྱིལ་འཁོར་གྱི་ལྷའི་སྦྱོར་མཚམས་ནས་སྤྲོས་པའི་བདེ་བ་ཆེན་པོའི་བདུད་རྩི་དབང་སྐུར་བའི་བསམ་རྒྱུད་འབའ་ཞིག་གསུངས་ཏེ། དངོས་གྲུབ་ཀྱི་སྙིང་པོ་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ལ་བཞེད་པ་ཡིན་ནོ། །དངོས་གྲུབ་ཀྱི་ཞལ་ཟས་སོགས་མཉམ་པོར་བགོས་ཏེ། ཆ་གཅིག་བླ་མ་ལ་འདྲེན། ཆ་གཅིག་རིག་འཛིན་ལ་ཕུད་དུ་བཞག །གཞན་མཉམ་པོར་བགོས་ཏེ། ཡོགས་ཚད་དུ་རོལ་པ་ལས་མི་ལ་མི་སྦྱིན་པ་གལ་ཆེ་ཞེས་སྒྲུབ་འབུམ་ལས་སོ། །ལོ་སྒྲུབ་ཟླ་ཞག་གི་སྒྲུབ་པ་གང་བྱེད་ཀྱང༌། སུམ་གཉིས་བསྙེན་སྒྲུབ་དང༌། གསུམ་ཆ་གཅིག་ལས་སྦྱོར་ལ་སྐྱེལ་བར་དེ་ཉིད་ལས་སོ། ༈ །ལས་


TN02_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་སྐབས་སྤྱིར་ཏིང་ངེ་འཛིན་གྱི་རྫོང་བཅའ་བ་དང༌། དྲག་པོའི་ལས་ཀྱི་གཡུལ་འགྱེད་པའི་ཟབ་གནད་མཐའ་ཡས་ཀྱང༌། སྒྲུབ་འབུམ་གྱི་ཚིག་གིས་ཟིན་པ་རྣམས་ལས། དགོངས་པ་གསུམ་ནི། མི་ལྡོག་པའི་ཕྱིར་དུ་བདག་ཧེ་རུ་ཀར་གསལ་བ། མི་རྡུགས་པའི་ཕྱིར་དུ་ཕུར་པ་ཡཀྵ་ཀཱི་ལ་ཡར་གསལ་བ། མི་འབྱམས་པའི་ཕྱིར་དུ་ལིང་ག་གཟས་པོ་དངོས་སུ་གསལ་བའོ། །ཕུར་པའི་རྣམ་དབྱེ་ནི། རྫོང་འཕྲང་སྲོག་གསུམ་གྱི་དགོངས་པ་ཐ་མི་དད་པ་ནི་རིག་པ་ཡེ་ཤེས་ཀྱི་ཕུར་པ། བསྒྲལ་བྱ་ལས་ངན་གདུལ་དཀའ་བའི་སེམས་ཅན་ངན་འགྲོར་ལྟུང་བ་ལ་མི་བཟོད་པའི་བརྩེ་བ་ནི་ཚད་མེད་ཐུགས་རྗེའི་ཕུར་པ། རང་རང་གི་ཕྱག་གཡས་པའི་སོར་མོ་ལྔ་ལ་ཁྲག་འཐུང་རིགས་ལྔ་དང་གཡོན་སོར་མོ་ལྔ་ལ་ཀྲོ་དྷི་རིགས་ལྔ་བསྐྱེད་དེ། དེ་རྣམས་མཉམ་པར་སྦྱོར་བའི་བྱང་སེམས་ལས་ཕུར་པ་སྲས་སུ་བསྐྱེད་ལ་མཐུ་དབང་བསྐུར་བ་ནི་སྦྱོར་མཚམས་བྱང་སེམས་ཀྱི་ཕུར་པ། དགོངས་པ་དེ་ལྟ་བུས་རྒྱུ་ལྕགས་སམ་སེང་ལྡེང་ངམ་སྐྱེར་བ་ལས་གྲུབ་པའི་རྫས་ཕུར་སོར་མོ་བཅུ་གཉིས་པ་ཐལ་སྦྱར་གྱིས་བཟུང་བ་ནི་མཚན་མ་རྫས་ཀྱི་ཕུར་པ་སྟེ་བཞིའོ། །བྱུག་བདུག་སོགས་ནི། གུ་གུལ་གྱི་བདུག་པས་གཟི་བྱིན་བསྐྱེད། རྐྟས་དབང་སྐུར། ཡུང་ཀར་གྱིས་བསྐུལ། འདི་གཙོ་ཕུར་དུ་གསུངས་པས་སོར་ཉེར་བཞི་པའོ། །ལར་བཅུ་གཉིས་པ་སོགས་ཀྱང་འགལ་བ་མེད་པ་འདྲ། མཆན། ཞེས་སྒྲུབ་འབུམ་


TN02_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤད་ལ། རྣལ་འབྱོར་དབང་ཕྱུག་གི་བཀའ་བརྒྱད་གཞུང་ལས། གུ་གུལ་གྱི་དུད་པས་དབྱིངས་ནས་བཞེངས། ཉུང་ཀར་གྱིས་བསྐུལ། རྐྟས་གཟི་བྱིན་སྐྱེད། ཅེས་གོ་རིམ་དང་བྱེད་ལས་མི་འདྲ་ཙམ་བཤད། བྱེད་ལས་དེ་དག་ཀུན་གྱི་མགོར། མངོན་སྤྱོད་ཀྱི་ཕྲིན་ལས་མཛད་པར། ཞེས་པ་རེ་སྦྱོར་རྒྱུ་ཡིན་པ་འདྲ། གྲུ་གུ་ཡང་དབང་རྟ་མགྲིན་ལས། ཕུར་བུ་པདྨ་ཀཱི་ལ་ཡར་གསལ་བ་ལ། ཡུངས་ཀར་གྱིས་བྲབ་པས་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གི་གོ་ཆས་གཏམས་པས་གཟི་བྱིན་བསྐྱེད་པར་དང༌། གུ་གུལ་གྱི་བདུགས་པས་ཁྲོས་འཁྲུགས་རྔམས་པ་དང༌། ཕུར་རྩེར་རྐྟས་བྱུགས་པས་གདུལ་བྱ་ལ་ཐུགས་རྗེས་ཆགས་པས་མདངས་དང་ལྡན་པར་བསམ། ཞེས་བཤད་དོ། །ཕུར་སྐོར་བྱ་ཚུལ་སྒྲུབ་འབུམ་གྱི་དོན་བླ་མའི་ཕྱག་བཞེས་ཀྱིས་བརྒྱན་པ་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ། ཞེས་སྲུང་ཕྱིར་ཀླད་ལ་ལན་གསུམ་གཡས་སུ་བསྐོར། པདྨ་ཀྲོ་དྷི་ཤྭ་རི། རང་ལ་མི་ལྡོག་པར་བྱ་ཕྱིར་སྐེད་ལ་ལན་གསུམ་ཕྱི་ལ་བསྐོར། བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་གཟིར་ཕྱིར་ལན་གསུམ་བདུན་དུ་བསྒྲིལ། མ་ཧཱ་ཡཀྵ། ཕོ་རྒྱུད་དགུག་ཕྱིར་གཡས་སུ་ཚམ་རྔམ་ལན་གསུམ་བྱ། ཀཱ་ལ་རཱུ་པ། ལན་གསུམ་དྲིལ། ཀརྨ་རཾ་རཾ། མོ་རྒྱུད་དགུག་ཕྱིར་གཡོན་དུ་ཚམ་རྔམ་ལན་གསུམ་བྱ། ཛྭ་ལ་རཾ། ལན་གསུམ་དྲིལ། མཱ་ར་ཡ་ཧཱུྃ་ཕཊཿ གར་པད་ཀྱིས་ཕུར་


TN02_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དར་འཕྱར་ཞིང་ཉ་བོ་ལ་གདབ་ཅེས་རིག་འཛིན་པད་འཕྲིན་གྱིས་བཤད། ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་ཀྱང༌། ཀླད་ལ་བསྐོར་བས་བདག་འཁོར་སྲུང་ཿ སྐེད་ལ་བསྐོར་བས་ཕྱིར་མི་ལྡོགཿ ཅེས་སོགས་འདི་དང་ཕྱོགས་འདྲར་བཤད། དེ་ནས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་ནི། གསང་རྫོགས་ཀྱི་རྒྱུད་དང་སྒྲུབ་འབུམ་གྱི་དགོངས་པ་རིག་འཛིན་འཇིགས་མེད་གླིང་པས་གབ་དཀྲུགས་བསལ་ནང་བཤད་པ་ལྟར་བརྗོད་ན། གཟས་པོའི་སྙིང་ནང་ན་སྲོག་གི་དངོས་པོ་ཁྲག་གི་དྭངས་མ་བྱེའུ་ལེན་པའི་མགོ་ཙམ་གྱི་དབུས་ན་ཚེའི་རང་བཞིན་འོད་ཀྱི་ཨ་དཀར་པོ། །དེའི་དཀྱིལ་ན་རྣམ་ཤེས་ཀྱི་ངོ་བོ་ནྲི་ལྗང་གུ་གཅིག་གསལ་གདབ། ཕུར་པའི་ཟུར་གསུམ་གྱི་རྩེ་ལ་ཧཱཾཨུ་གསུམ་དང་རྩེ་སྒབ་བམ་རྩེ་མོ་དང་ཉེ་བའི་ཕྱོགས་ཟུར་གསུམ་ལ་ཕཊ་གསུམ་བཀོད། དེ་ཉིད་སྙིང་གར་བསྣུན་པས་ཨ་དཀར་དེ་ཕུར་རྩེའི་ཧཱུྃ་གསུམ་གྱིས་ཙན་གྱིས་བླངས་ཏེ་རང་ལ་ཕྱོགས་པས་ཁབ་ལེན་ལ་ལྕགས་འདུ་བ་ལྟར་རང་གི་ཐུགས་སྲོག་ལ་འུབ་ཀྱིས་འདྲེས་ནས་བདག་བཀྲག་མདངས་གཟི་བརྗིད་འབར་བར་བལྟ་བ་ནི་ཚེ་ལུང༌། ཡང་ཁོའི་སྙིང་གའི་ནྲི་ཡིག་གི་སྟེང་དུ་ཕུར་པ་བསྒྲིལ་བས་དེ་ནག་ཐུམ་གྱིས་སོང་སྟེ་དྲན་པ་ཉམས། བྱུང་ཚོར་གྱི་སྒོ་འགགས། ཉོན་མོངས་པའི་བག་ཆགས་རྩད་ནས་ཆོད་དེ་སྐུ་གསུམ་གྱི་རང་བཞིན་དུ་གོ་འཕོས་ནས་ཕུར་རྩེའི་ཧཱུྃ་ཡིག་གསུམ་དང་དབྱེར་མེད་དུ་འདྲེས་


TN02_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པས་བལྟ་བ་ནི་ཁྲུས་ལུང༌། དེ་ནས་ཕུར་རྩེ་ནམ་མཁའ་ལ་དེང་བྱས་ལ་ཕཊ་སྒྲ་དྲག་པོ་གསུམ་གྱིས་བསྐུལ་བས་ཧཱུྃ་གསུམ་པོ་དེ་ཟུར་གྱི་ཕཊ་ཡིག་གསུམ་པོས་མེ་སྟག་ཡར་བ་ལྟར་འོག་མིན་གྱི་ཞིང་དུ་སྤྲོས་པས་དེ་ན་བཞུགས་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཞུགས། ཧཱུྃ་དེ་ཡང་བདེ་བ་ཆེན་པོའི་རྗེས་ཆགས་ཀྱིས་ཞུ་སྟེ་མགྲིན་པར་འཕགས་ཨཱཿལ་ཐིམ། ཨ་ཡང་ཞུ་སྟེ་སྤྱི་བོའི་ཨོཾ་ལ་ཐིམ། ཨོཾ་དེ་ཡང་ཞུ་དྷུ་ཏི་བརྒྱུད། དགའ་བ་བཞིའི་འགྲོས་ཀྱིས་བབས་ནས་ཡུམ་མཁར་རྒྱལ་བའི་སྲས་སུ་བསྐྲུན་པར་བསམ་པ་ནི་གནས་ལུང་ངོ༌། ཁ་ཅིག་དེ་ལྟར་གནས་སྤར་ཟིན་ནས་ཕུར་གདབ་བྱེད་པ་གཡག་རོ་ལ་ཚབ་བྱེད་པ་འདྲ་བས་མི་འཐད་ཟེར་བ་ནི། སྒྲུབ་འབུམ་སོགས་ལས་ཚེ་ཁྲུས་གནས་གསུམ་རྫོགས་རྗེས་སུ་ཕུར་གདབ་རྒྱས་པར་བྱེད་ཚུལ་གསུངས་པ་དང་དངོས་འགལ་ཏེ། གནས་སྤར་བའི་རྣམ་ཤེས་ཕུང་པོ་ལ་ཕྱིར་ལྡོག་ཏུ་མི་རུང་བར་བྱ་བའི་ཆེད་དུ། ཕུར་པའི་རྒྱས་གདབ་ཀྱིས་སྐྱེ་བའི་སྒོ་བཅད་པ་ཡིན་པས་གནད་མ་གོ་བར་ཟད་དེ་སྤུ་གྲི་དང་སྒྲུབ་འབུམ་ལས་དེ་ལྟར་གསུངས་པའི་ཕྱིར་རོ། །འདི་ལ་བག་ཆགས་ཀྱི་རྟེན་གཞི་བསྒྲལ་བ་ཞེས་ཀྱང་འཆད་དོ། །སློབ་དཔོན་གྱིས་ཕུར་གདབ་དང་ཐུན་ཆར་ཕབ་པའི་འོག་ཏུ་ཕུར་པ་མཆེད་རྣམས་ལ་རིམ་པས་བསྐོར་ཏེ་སོ་སོ་ནས་འདེབས་


TN02_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་དེ་གཉིས་ལས་གསུངས་ཏེ། དྲག་པོའི་ལས་ལ་དཔུང་ཚན་བསྐྱེད་པ་ཡིན་ནོ། །དེ་ནས་ལིངྒ་ཆ་གསུམ་དུ་གཏུབས་ཏེ། ཁ་ཅིག་ཏུ་ཕོ་རྐང་པ་གཡས་ནས་དང༌། མོ་གཡོན་ནས་ཐོག་མ་བྱས་ཏེ་བཅད་གསུངས། མཆན། སྟོད་ཚོགས་ཐ་མར་བཅུག་ལ་བསྟབས། སྨད་ཀྱིས་སྦྱིན་སྲེག་བྱ། དེའི་ཐལ་བ་དང་མགོ་བོ་མནན་པ་བྱ་ཞེས་ཀྱང་དེ་ཉིད་ལས་སོ། །ཚོགས་ཐ་མ་དང་ལས་སྦྱོར་གྱི་བསད་པ་གཉིས་ལས་རིམ་གཅིག་ཏུ་བྱེད་མི་བྱེད་ལ་འབྲི་བྱང་གི་བཞེད་པ་མི་མཐུན་ཡང༌། བྱང་པའི་ལུགས་ལྟར་གཅིག་གིས་འཐུས་པར་བྱེད་པ་ཉིད་གཏེར་གཞུང་དེ་དག་ལ་འགྲིགས་ཤིང་སྒྱུ་འཕྲུལ་ལེའུ་ཉི་ཤུ་པ་ལས་གསུངས་པའི་དྲག་པོའི་ལས་སྒྲུབ་རྒྱས་སྤྲོས་ཚེ་ཡང༌། ཚོགས་ཐ་མ་ཟུར་དུ་མི་བྱེད་པ་ཉིད་དཔལ་ལྡན་ཟུར་པ་སོགས་ཀྱི་ཕྱག་བཞེས་གཙང་མ་ཡིན་ནོ། །ཡང་སྒྲུབ་འབུམ་ཆེན་མོར། བདག་ཆོས་དབྱིངས་ཀྱི་རིག་རྩལ་དཔལ་དུ་ཤར་བ་དང་གཅིགཿ ཕུར་པ་ཆོས་སྐུའི་རབ་རྩལ་དགྲ་བགེགས་ཀྱི་གཉེན་པོར་སྣང་བ་དང་གཉིསཿ དགྲ་བགེགས་ཆོས་ཉིད་མ་རིག་པའི་ངན་རྩལ་བླ་མེད་གནས་སུ་ཚེ་ལུང་ཁྲུས་ལུང་གི་དགོངས་པས་བསྒྲལཿ ཕུང་པོ་ལ་ཕྱིར་མི་ལྡོག་པའི་ཆེད་དུཿ གདབཿ གཅོདཿ བསྟབཿ བསྲེགཿ མནན་པ་བྱ་སྟེ་བྱང་ཆུབ་པཿ དེ་གསུམ་གྲུབ་མཐའ་གཅིག་སྟེཿ བདག་ཆོས་སྐུཿ ཕུར་པ་ལོངས་སྐུཿ གཟས་པ་པོ་


TN02_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་སྤྲུལ་སྐུ་གསུམ་ཆོས་དབྱིངས་སྐྱེ་མེད་དུ་གཅིག་པའོཿ བདག་ཕུར་འབེན་གསུམ་གྲུབ་མཐའ་གཅིགཿ ཅེས་པའི་དོན་ནོཿ ཞེས་གསུངས་ཏེ། བདག་ཕུར་འབེན་གསུམ་སྐུ་གསུམ་དུ་གསུངས་པ་ནི། འདྲ་བ་ལས་བཏགས་པ་སྟེ། དེ་གསུམ་གྱི་ནང་ནས་སངས་རྒྱས་ཀྱི་གཟུགས་སུ་ཕྱིས་གྲུབ་པ་ནི་གཟས་པོ་ཡིན་པས་དེ་སྤྲུལ་སྐུ་དང༌། དེ་སངས་རྒྱས་སུ་སྤྲུལ་བྱེད་ཀྱི་རྩ་བའི་སྐུ་ནི་ཕུར་པ་ཡིན་པས་དེ་ལོངས་སྐུ། ཕུར་པ་ཡང་རྣལ་འབྱོར་པས་སྤྲུལ་ཚུལ་སྔར་བཤད་པ་ལྟར་ཡིན་པས་གཞན་གཉིས་ཀའི་སྤྲུལ་གཞི་སྔགས་པ་ཡིན་པ་ལ་དགོངས་ནས་དེ་ཆོས་སྐུར་གསུངས་པ་སྟེ་འགྲོ་ལུགས་འདི་ནི་གཏེར་ཕྱོགས་ན་ཀུན་ཏུ་རྒྱུ་ཞིག་ཡིན་ནོ། །ཞར་བྱུང་གཏོར་ཟློག་དུས། ཟློག་པའི་སྔོན་དུ་བསད་པ་འབྱུང་བའི་དོན་ལ་དཔྱད་ན་དེ་གཉིས་ཡུལ་ཐ་དད་ཡིན་བྱས་ན་ནི་མི་འགྲིགས་པར་སྣང་བས། འདི་ལྟར་ཟློག་པའི་སྐབས་སུ་སྤྱིར་མེ་དང་ས་གཡོ་སོགས་སེམས་མེད་ཀྱི་གནོད་པའང་ཟློག་པ་འབྱུང་མོད། ཟློག་རྒྱུ་གཙོ་བོ་ནི་མ་རུངས་པའི་སེམས་ཅན་ཡིན་ཏེ། མངོན་སྤྱོད་ཀྱི་ཡུལ་གཅིག །སླར་དཔྱད་དུས། སྔར་ཡོད་ཀྱི་གནོད་བྱེད་བསད་པ་དང་གསར་དུ་འཇུག་པ་དང་ཕྱིར་བཟློག་པ་ཞེས་བཤད་རྒྱུར་མངོན། མཆན། དགོས་པའི་ཕྱིར་ཏེ། ལས་འདི་མངོན་སྤྱོད་ཀྱི་རྩ་བའི་གཟེར་ཁ་ཡིན་པས་སོ། །སྲུང་བས་མ་ངེས་པ་མིན་ཏེ་སླ། དེ་ལྟར་ན་བསད་པའི་ལས་ཀྱིས་ཁོའི་མཐུ་


TN02_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྫུ་འཕྲུལ་གྱི་ཁྲོ་ཕུར་བཅག་ནས་གཟོད་ཕྱིར་ཟློག་གི་བསྐྲད་པ་བྱས་ན་ཤིན་ཏུ་སླ་བ་ཡིན་ནོ། །གདབ་ཁ་བྱས་པས་ཁོའི་སྲོག་མ་འགག་ཀྱང་མཐུ་དཔལ་གཟི་བརྗིད་ཀྱི་བརླིང་ཆ་བཅོམ་ནས་རང་དབང་དང་འབྲལ་དུ་འཇུག་པ་ཡང་འཐད་དེ། ཚེ་འདས་ལ་གནས་ལུང་བྱས་པས་ཡུལ་དེ་ངན་སོང་དུ་སྐྱེས་ཟིན་འཕོ་མ་ནུས་ཀྱང༌། སྡུག་བསྔལ་རྩེ་ཞིལ་བ་སོགས་ལ་ཕན་པར་བཤད་བཞིན་ནོ། །དཀྱུས་ལ་འཇུག་སྟེ། སྦྱིན་སྲེག་སྐབས། ལས་གཞུང་བསྲང་སྟེ་ཚོགས་མཆོད་ཀྱི་རྗེས་ལ། སློབ་དཔོན་བཞིས་དཀྱིལ་འཁོར་གྱི་ཕྱོགས་བཞིར་བྱ་བའམ། ཡང་ན་རང་ཁོ་ནས་རེས་མོས་བྱས་ཏེ་ལས་བཞིའི་སྲེག་བླུགས་འབུལ་བའང་རུང་ཞེས་སྒྲུབ་འབུམ་ལས་སོ། །ཐབ་ཀྱི་དབུས་སུ་མེ་ལྷ་དང་སྲེག་ལྷ་གཉིས་པོ་དབྱེར་མེད་དུ་དཀྱིལ་འཁོར་གྱི་ལྷའི་རྣམ་པར་བསྒོམ་ནས་སྲེག་བླུགས་ཀྱི་རིམ་པ་གཅིག་གིས་མཉེས་པར་བྱེད་པ་ཡིན་པར་པཎ་ཆེན་ཆོས་ཀྱི་རྒྱལ་པོ་མངའ་རིས་པས་བཤད་དེ། སྒྲུབ་འབུམ་ཆེན་མོ་ལས། མེ་ལྷ་དང་ཡོངས་རྫོགས་ལྷ་རྣམས་གཉིས་སུ་མེད་པར་གསལ་བའི་ཐུགས་ཀརཿ མེ་ཉིད་ཡེ་ཤེས་ཀྱི་མེ་འབར་བའི་བསྐྱེད་ལཿ ཞེས་གསུངས་པའི་དགོངས་པའོ། །རྒྱུན་གྱི་མེ་མཆོད་ལ་ནི་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་དང༌། རྣལ་འབྱོར་མའི་མར་མེའི་སྦྱིན་སྲེག་གི་རིགས་པ་སྦྱར་རོ། །མཆན། དེའང་མེ་ལྷ་དཀྱིལ་འཁོར་གྱི་ལྷའི་རྣམ་པར་བྱས་པ་ལ་མཆོད་པ་ནི་གསར་མའི་དཀྱིལ་ཆོག་མང་པོར་


TN02_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྐྱོང་གི་གཏོར་ཆོག་སྐབས་ཕྱོགས་སྐྱོང་བཅོ་ལྔ་རྡོ་རྗེ་འཆང་གི་གཟུགས་སུ་སྒོམ་པར་གསུངས་པའི་རིགས་པས་ཀྱང་བསམ་དུ་ཡོད་ལ། དེ་དཀྱིལ་འཁོར་བ་དང་དབྱེར་མེད་དུ་བལྟས་ནས་མཆོད་པས་ནི་སྒྲུབ་དཀྱིལ་ལྷ་རྣམས་མེ་ལྷ་ལ་ཞུགས་ནས་སྲེག་བླུགས་བཞེས་པར་འགྱུར་ཏེ། དབང་གི་དུས་སུ་སངས་རྒྱས་ཐམས་ཅད་སློབ་དཔོན་གྱི་ལུས་ལ་ཞུགས་ནས་མཆོད་པ་ལེན་པར་གསུངས་པ་བཞིན་ནོ། །སྒྱུ་འཕྲུལ་ལས། ཞལ་དུ་གྱུར་པའི་མེ་བོས་ལ། །ཞེས་གསུངས་པ་ལྟར། སྦྱིན་སྲེག་གིས་དངོས་གྲུབ་སྒྲུབ་པའི་ཟབ་གནད་ནི་མེ་ལྷ་ལྷའི་ཞལ་དུ་སྟེ་ལྷ་ཚིམ་པའི་སྒོར་བྱེད་པའི་ཆོག་ལ་ཐུག་པར་རིག་པ་མཆོག་ལས་བཤད་ཅིང༌། སྒྲུབ་སྡེའི་སྐོར་ན་མེ་ལྷ་ཟུར་དུ་མི་སྐྱེད་པའི་ཕྱོགས་མང་པོ་ཡོད་པས་དེ་ལ་མན་ངག་འདི་གལ་ཆེའོ། །དེ་ལྟར་སྦྱིན་སྲེག་གྲུབ་མ་ཐག་བྲོའི་ལས་རིམ་བྱ། དེ་ནས་སྲེག་རྫས་ཀྱི་ལྷག་མ་རྣམས་གཏོར་མར་སྩལ་ཏེ་ལྷག་ཆོག་བྱ་ཞེས་སྒྲུབ་འབུམ་དུ་གསུངས་པ་སྒྱུ་འཕྲུལ་པ་དང་ཡང་མཐུན། ཡང་དེ་ཉིད་ལས། ཞི་བའི་སྦྱིན་སྲེག་གི་ཐལ་བ་ཆུ་ལ་གཤེགས་ཏེ། ཆུ་དེ་འཐུང་བའི་སེམས་ཅན་གྱི་སྒྲིབ་པ་སྦྱོང་ངོ། །རྒྱས་པའི་མཛོད་ཕུགས་སུ་གདབ་སྟེ། ལོངས་སྤྱོད་རྒྱས་པར་འགྱུར་རོ། །དབང་གི་རྫིང་ངམ་ཁྲོན་པར་བླུག་སྟེ། ལྷ་འདྲེ་མི་གསུམ་དབང་དུ་འདུའོ། །དྲག་པོའི་ནི་མནན་ནམ་རླུང་ལ་སྐུར་ཏེ། གནོད་བྱེད་བརླག་པར་བྱེད་དོ་ཞེས་


TN02_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། རྗེས་མཐའ་རྒྱས་སྐབས། ས་སྦྱིན་ལ་རིན་ཆེན་ལྔ་བདར་བ་ལས་གྲུབ་པའི་བུམ་པ་སོ་བཏང་བའི་ནང་དུ། དར་སྣ་དང༌། འབྲུ་སྨན་རིན་ཆེན། སྙིང་པོ་ལྔ། སྒྲུབ་གཏོར་ཆ་གསུམ་དུ་བྱས་པའི་ཕུད་ཆ་གཅིག་རྣམས་སྩལ་ཏེ། འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་དང་མགུལ་ཆིངས་གསོལ། ལྷའི་རིགས་ཀྱི་ཁ་དོག་ཏུ་བསྒྱུར་ཏེ། རྡོ་རྗེ་ལས་པས་གསེར་གྱི་འཇོར་དང༌། དངུལ་གྱི་ཁྱེམ་པ་ཐོགས་ལ། དཀྱིལ་འཁོར་གྱི་འོག་ཏུ་ཁུང་བུ་བྲུས་ཏེ། སའི་ལྷ་མོའི་མཁའ་དབྱིངས་ཁ་ཕྱེ་བར་བསམས་ལ། སྒྲུབ་པ་པོ་རྣམས་གོས་རྒྱན་གསར་པ་བགོ །ལག་གཡོན་དུ་བུམ་པ་ཐོགས། གཡས་པས་མེ་ཏོག་འཐོར་བཞིན་དཀྱིལ་འཁོར་བསྐོར་ལ་སྨོན་ལམ་བཏབ་སྟེ་སྦ། རིགས་ཀྱི་ཕྱག་མཚན་གཏེར་གྱི་སྟེང་དུ་བྲིས་པས་རྒྱས་གདབ། དེས་ནི་དངོས་གྲུབ་བརྟན་པར་འགྱུར་བས་ཚེ་འདིར་ཚེ་རིང་ཞིང༌། ལོངས་སྤྱོད་འཕེལ། ས་བདག་གཞི་བདག་གི་ཀོ་ལོང་སོགས་ཞི་ནས་གནས་དང་ཡུལ་ཕྱོགས་ཀྱང་བཀྲ་ཤིས་པར་འགྱུར། དངོས་གྲུབ་གཏེར་དུ་སྦས་པའི་རྟེན་འབྲེལ་གྱིས་ཚེ་ཕྱི་མ་ལ་མི་ཟད་པའི་གཏེར་གྱི་བདག་པོར་འགྱུར་ཞིང༌། གཞན་ཡང་དངོས་གྲུབ་མང་པོའི་གཏེར་ཁ་དང་མ་འབད་བཞིན་དུ་ཕྲད་པར་འགྱུར་ཏེ། འདི་ནི་སྒྲུབ་འབུམ་ལ་བལྟས་ནས་ཞིབ་མོར་བྲིས་ཡོད་དོ། །ཕན་ཡོན་དེ་ལྟར་འོང་བ་ནི་སའི་ལྷ་མོའི་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གྱི་མཐུ་ཡིན་ཏེ། མེ་ལྷས་སྔགས་


TN02_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འབྲས་བུ་མྱུར་དུ་འབྱིན་པ་བཞིན་ནོ། །སྒྲུབ་པ་རྫོགས་ནས་གནས་སྲུང་བ་ནི། སྒྲུབ་འབུམ་ལས་འདི་ལྟར་བཤད་དེ། ཞག་གསུམ་དུ་ལས་གཞུང་ལན་རེ་བསྲང་སྟེ་གཏོར་མ་གཏོང༌། ཐག་རིང་པོར་མི་འགྲོ། གནས་སུ་དམེ་ཡུག་མཛེ་སྤྲང་མི་བཏང༌། དེ་ནས་སྒྲུབ་པའི་ཡོ་བྱད་ལྷག་མ་རྣམས་ཆ་གསུམ་དུ་བགོས་ཏེ། གཅིག་བླ་མ་ལ་དབུལ། གཅིག་རྒྱལ་ཐེབས་སོགས་ལ་དབུལ། གཅིག་ཚར་སྟོང་བྱས་ཏེ་དགེ་སློང་བཞི་སྡེ་བྱ། བོན་རྩིས་སྨན་བཟོ་བཞི་སྡེ་བྱ། རྒྱལ་རྗེ་བློན་འབངས་སྤྲང་པོ་བཞི་སྡེ་བྱ། བྱིས་པའི་སྟོན་མོ་སོགས་ཀྱང་བྱའོ། །གཞན་ཡང་རིག་འཛིན་གོང་མས་གནས་དེར་གསུང་རབ་ཉན་བཤད་ཀློག་གསུམ་སོགས་རྣམ་དཀར་དང་འབྲེལ་བའི་དགའ་སྟོན་ཅི་ཙམ་བྱས་པ་དེ་ཙམ་དུ་དགེ་ལེགས་ཀྱི་འབྱོར་པ་རླབས་ཆེ་བ་འབྱུང་ཞེས་བཤད་དོ། །སྒྲུབ་འབུམ་ཆེན་མོའི་དངོས་གཞིའི་ས་བཅད་ཉེར་གསུམ་པར་གསང་རྫོགས་རང་གི་རྒྱུད་ལ་དགོངས་ནས། ལེའུ་དགུ་པ་ནས། གདུལ་བྱ་བློ་རིགས་ཐ་དད་པཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིཿ བྱེ་བྲག་སྒྲུབ་ལ་མོས་ན་ཡང་ཿ འདི་ཡི་བསྙེན་སྒྲུབ་སྐབས་དང་སྦྱོརཿ བདེ་བར་གཤེགས་པ་རང་རྒྱུད་མེདཿ གང་ལྟར་མོས་པ་དེ་ལྟར་འགྲུབཿ ཅེས་པསཿ སྤྱིར་གསང་སྔགས་བསྙེན་སྒྲུབ་འདི་ཞི་ཁྲོ་བཀའ་བརྒྱད་ཐམས་ཅད་ཀྱི་ཁོག་སྐྱེད་བྱེད་མ་ལྟ་བུ་ཡིན་ཕྱིརཿ སྔོན་


TN02_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཆོག་ཁྲིགས་འདི་བཞིན་ལཿ འདོད་ལྷའི་མཚན་དང་རྫས་བཅས་གར་དགོས་སུ་བཅུག་སྟེཿ བར་འདིར་རང་རང་གི་སྒྲུབ་གཞུང་ཿ ཞི་ཁྲོཿ ཡང་དགཿ ཕུར་པཿ བདུད་རྩིཿ མ་མོཿ པདྨཿ ཐུགས་རྗེ་ཆེན་པོཿ ཕྱག་རྡོརཿ གང་བྱེད་འདིའི་སྒོ་ནས་བཏོན་པས་ཁྱད་པར་མཆོག་ཏུ་འགྱུར་རོཿ ཞེས་གསུངས་ཤིང༌། སྔགས་རྙིང་མའི་སྒྲུབ་ཆེན་གྱི་ཕྱག་བཞེས་ཐམས་ཅད་ཀྱི་རྩ་བའི་ཁུངས་སུ་མཐོང་ནས་དེ་རྩ་བར་བཟུང༌། བདེ་འདུས་བསྙེན་སྒྲུབ་ཀྱི་པྲ་ཁྲིད་སོགས་གཞན་ལའང་བལྟས་ནས་བྲིས་པ་ཨོ་རྒྱན་མཁན་པོའི་སྔགས་བརྒྱུད་བྱེད་ན་མཁོ་ངེས་པ་ཅན་དུ་ཡོད་དོ། ༈ །ལས་ཀྱི་ཕྲེང་བ་ལས། དུས་ཀྱི་ཉུལ་མ་དང༌། ཚོགས་ཀྱི་སྐོས་ཉུལ་བ་དང༌། ཏིང་ངེ་འཛིན་གྱི་དྲོད་ཉུལ་བ་དང༌། ཏི་རའི་གནས་འཕྲོགས་པ་དང༌། དུར་ཁྲོད་གནས་ཉུལ་བ་དང༌། མཆོད་པའི་ཕུད་ཉུལ་བ་སྟེ་ཉུ་ལེ་དྲུག་དང༌། དུས་ཀྱི་དཀྱིལ་འཁོར་དང༌། ཚོགས་ཀྱི་དང༌། གསལ་བཀྲའི་སོགས་དཀྱིལ་འཁོར་དྲུག་བཤད་དོ། །སྒྱུ་འཕྲུལ་ལམ་རིམ་ལས། སྔར་བཤད་དང་མི་འདྲ་བའི་ཉུ་ལེ་དང༌། བར་ཆད་ཀྱི་རྟགས་ཀྱི་རྣམ་གྲངས་དུ་མ་ཞིག་བཤད་ཅིང༌། དངོས་གྲུབ་ཀྱི་རྟགས་སུ། སྐུ་རྟགས་སུ་དམ་ཅན་སྤྲིན་ལྟར་འཐིབས་ཤིང་འོང་བ། གསུང་རྟགས་སུ་བདུད་རྩི་རང་ཁོལ་བ། ཐུགས་རྟགས་སུ་མར་མེ་འབར་ཡུན་རིང་ཞིང་འོད་གསལ་བ་ཞེས་བཤད་ཅིང༌། དམ་ཅན་འཁོར་བའི་རྟགས་སུ། ཡིད་དགའ། ཏིང་འཛིན་


TN02_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་འབྱུང་བར་བཤད། གསུང་རྟགས་བདུད་རྩི་ལ་འབབ་པ་ནི། བདུད་རྩི་དེ་སྨྲ་ལྕེས་མྱང་བྱ་ཡིན་པའི་ཕྱིར་རོ་ཞེས་ཀྱང་གསུངས། ནང་དུ་ཐུགས་ཀྱི་བྱིན་རླབས་ཞུགས་པའི་རྟགས་སམ་ལྟས་ཕྱི་རོལ་དུ་དལ་གྱི་མར་མེ་ལ་ཤར་བ་ཞེས་པ་སྟེ་དེས་འགྲེས། མཆན། བྲིས་སྐུ་བཞད་པ། སྒྲུབ་རྫས་ཞག་ཏུ་འཁྱིལ་བ། མར་མེ་རང་འབར་བ་ཞེས་གཞན་དུ་གསུངས་པའང་སྐུ་གསུང་ཐུགས་ཀྱི་རྟགས་སོ་སོར་སྦྱོར་རྒྱུ་ཡིན་པ་འདྲ། ཚོགས་སྒྲུབ་ཀྱི་ལམ་གྱི་སྙིང་པོ་ནི་འདོད་ཡོན་ལམ་ཁྱེར་གྱི་ཐབས་རྒྱས་པ་རྣམས་ཏེ། འདི་ནི་དཔལ་གསང་བའི་སྙིང་པོ་དང༌། དེའི་ལམ་རིམ་རྩ་འགྲེལ་དུ། གོས་རྒྱན་བཟའ་བཏུང་གླུ་དང་ཚིག །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །སོགས་ལས་རྒྱ་ཆེར་ཤེས་དགོས་ཏེ། གཞན་སྒྲུབ་པའི་ཚོགས་སྒྲུབ་ཀྱི་ལས་རིམ་ཡང་སྒྲུབ་སྡེའི་ལུགས་དང་མཐུན་ཚབས་ཆེ་བ་ཞིག་སྣང་ངོ༌། །དེ་ཉིད་སྣང་ཆེན་ལས། ཇི་ལྟར་པདྨ་དམར་པོ་ཆུ་ལས་སྐྱེས་ཀྱང་ཆུའི་ཉེས་པའི་སྐྱོན་གྱིས་གོས་པར་མི་འགྱུར་བའི་རང་བཞིན་ཡིན་པ་དེ་བཞིན་དུ་མི་དམིགས་པའི་ཐུགས་རྗེ་ཆེན་པོས་ཆགས་པས་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་སྐྱེས་ཀྱང་འཁོར་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་གོས་པར་མི་འགྱུར་བའི་ཕྱིར། འདོད་པས་མི་ཆགས་ཞེས་གསུངས་སོ། །ཞེས་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་གཟུགས་བརྙན་དང་མཚུངས་པའོ་ཞེས་ངེས་པར་བཟུང་ནས། མི་དམིགས་པའི་ཐུགས་རྗེ་ཆེན་པོས་དེ་བཞིན་གཤེགས་


TN02_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཆགས་པའི་པདྨ་ཆེན་པོ་ལས་པདྨའི་རིགས་ཀྱི་གཟུགས་སུ་སྤྲུལ་ནས་བྱེད་པའོ། །ཞེས་བཤད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆགས་པའི་དོན་ནི། སངས་རྒྱས་ཐམས་ཅད་པདྨའི་རིགས་ཀྱི་རྣམ་པར་ཤིན་ཏུ་མཉམ་པར་བཞག་པའི་སྦྱོར་བས་མངོན་དུ་བྱས་པའོ། །དཔལ་མཆོག་འགྲེལ་ཆེན་ལས་ཀྱང་ཇི་ལྟར་པདྨ་འདམ་གྱི་ནང་ན་དམར་དུ་ཟིན་ཀྱང་ཆུའི་ཉེས་པས་མི་གོས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བ་རྣམས་ནི། འཁོར་བའི་འདམ་གྱི་ནང་དུ་སྐྱེས་ཤིང་ཐུགས་རྗེ་ཆེན་པོའི་ཆགས་པས་ཆགས་སུ་ཟིན་ཀྱང༌། འཁོར་བའི་ཉེས་པས་གོས་པར་མི་འགྱུར་རོ། །དེ་ལྟར་ཆོས་རྣམས་བསྒོམ་ན་ནི། ཞེས་བྱ་བ་ནི་ཇི་ལྟར་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐུགས་རྗེ་ཆེན་པོའི་ཆགས་པས་ཆགས་ཀྱང་འདོད་ཆགས་ལ་སོགས་པའི་འཁོར་བའི་ཆུའི་ཉེས་པ་ལས་ངེས་པར་གྲོལ་བ་ཡིན་ནོ། །དེ་བཞིན་དུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དག་པའོ་ཞེས་བསྒོམ་ཞིང༌། ཡང་དང་ཡང་དུ་མངོན་སུམ་དུ་བྱེད་ལ། སྙིང་རྗེ་ཆེན་པོའི་ཆགས་པས་ཆགས་ན་བློ་ལྡན་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པ་དང་ལྡན་པའོ། །ཉོན་མོངས་པ་ཅན་དུ་གྱུར་ཀྱང་ཞེས་བྱ་བ་ནི་འཁོར་བའི་ཉོན་མོངས་ཅན་དང་ཉེ་


TN02_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉོན་མོངས་པ་ལ་སོགས་པ་དང་ལྡན་དུ་ཟིན་ཀྱང་ངོ༌། །ཉོན་མོངས་ཀུན་ལས་རྣམ་གྲོལ་ནས། །མྱུར་དུ་བྱང་ཆུབ་མཆོག་ཐོབ་འགྱུར། །ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་སྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པས་མྱུར་བ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང༌། སངས་རྒྱས་ཉིད་མཐོང་བར་འགྱུར་བའོ། །ཏིང་འཛིན་འདི་ལ་གཟིགས་པས་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་བསྒོམ་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་ནི་དབང་ཕྱུག་ཉིད་དུ་འཐོབ་པར་འགྱུར་ཞིང་རྟོགས་པར་འགྱུར་བ་སྟེ། བཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བས་རང་དབང་དུ་སྤྱད་པར་མཛད་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་བཏགས་སོ་ཞེས་བྱ་བ་ནི་རང་དབང་དུ་གྱུར་པ་ཐུགས་སུ་ཆུད་པ་དེས་དེའི་རྗེས་སུ་འགྲོ་བའི་དོན་ལས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་བཏགས་པའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་བསྒོམ་པའི་དུས་ནས་ཉེ་བར་བཟུང་ནས་སོ། །བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་དག་པ་དེ་ཐུགས་སུ་ཆུད་པ་དང༌། རྗེས་སུ་མཐུན་པའི་ལུས་དང་


TN02_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང་ཡིད་ཡོངས་སུ་ཐོབ་པས་སོ། །དུས་ཇི་སྲིད་གཅིག་གིས་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཡོངས་སུ་དག་པར་འགྱུར་ཞེ་ན། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཞེས་བྱ་བ་གསུངས་ཏེ། ཇི་སྲིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་མ་བྱས་པ་དེའི་བར་དུ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཐོབ་པ་ལ་གེགས་སུ་གྱུར་པའི་སྒྲིབ་པ་དང་ལྡན་པར་མི་འགྱུར་བའོ། །མྱུར་དུ་འཚང་རྒྱ་བ་ཉིད་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་ནི་གོ་བར་ཟད་དོ། །ཞེས་གསུངས། པདྨ་དམར་པོའི་དེ་ཉིད་འདི་དག་ཧྲཱིཿཡིག་དམར་པོའི་དེ་ཉིད་དུ་ཡང་འགྲོ་སྟེ། དེ་ཉིད་བསྡུས་པ་དང་དཔལ་མཆོག་ལས་དེ་དེའི་སྔགས་དོན་དང་དེ་ཉིད་དུ་གསུངས་པའི་ཕྱིར་རོ། །པདྨའི་སྙིང་པོ་ནི་པདྨའི་ས་བོན་གྱི་ཚོགས་ཀྱིས་གང་བས་ས་བོན་གྱི་མཛོད་དོ། །འདིར་པདྨ་ནི་ལྷ་ཐུགས་རྗེ་ཆེན་པོ། སྙིང་པོ་ནི་ཤེར་ཕྱིན་དང་དེའི་ཡི་གེ་ཧྲཱིཿདེ་ལས་པདྨའི་རིགས་མཐའ་ཡས་པ་སྤྲོ་བ་ནི། སྙིང་པོ་དེ་ས་བོན་གྱི་མཛོད་དུ་འགྱུར་ལུགས་སོ་སྙམ་དེ་དཔྱད་དགོས། ཡང་དེ་ཉིད་སྣང་བའི་འགྲོ་འདུལ་གྱི་དུམ་བུའི་འགྲེལ་པར། མདོ་སྡེ་ཟབ་མོ་རྒྱ་ཆེ་བའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཟབ་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བསྟན་པའི་ཕྱིར་རོ། །རྒྱ་ཆེ་བ་ནི་ནམ་མཁའི་ཁམས་ཁྱབ་པའི་གཟུགས་དུ་མ་སྟོན་པའི་ཕྱིར་རོ། །མདོར་བསྟན་པས་ན་


TN02_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་སྟེ། དེའི་དོན་མདོར་ན་བསྟན་པ་བརྗོད་པའི་སྟོབས་ཀྱིས་སེམས་ལ་ངེས་པ་བསྐྱེད་པའོ། །ཟབ་པ་ཡང་ཡིན་ལ་རྒྱ་ཆེ་བ་ཡང་དེ་ཡིན་པས་ན་མདོ་སྡེ་སྟེ། མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའོ། །དེ་དག་གི་རྒྱུད་འབུམ་པ་ལ་སོགས་པ་རྒྱ་ཆེར་བསྟན་པ་དེ་ལས་མདོར་བསྡུས་ནས་བརྗོད་ཅིང་རབ་ཏུ་སྟོན་པ། ཞེས་གསུངས་ཏེ། པདྨའི་རིགས་ཀྱི་ཆོས་ཀྱི་ཡི་གེ་རྣམས་ཟབ་རྒྱས་ཀྱི་མདོ་སྡེར་བསྔགས་ཚུལ་ཡིན་ནོ། །དེའི་སྟེང་ནས་དེ་ཉིད་བསྡུས་པའི་ཧྲཱིཿབཤད་ལ་ངེས་པ་དྲངས་ཤིང༌། མི་ཏྲ་ཛོ་ཀིའི་ཡིག་དྲུག་གི་བཤད་པ་དང་བསྒྲིགས་ནས་ཡིག་དྲུག་གསུང་རབ་ཐམས་ཅད་བསྡུས་པའི་མདོ་སྡེ་ཡིན་ལུགས་ཀྱང་ཤེས་པར་བྱའོ། །ཡང་དེ་ཉིད་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཡི་གེ་ཧཱུྃ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡི་གེ་ཧྲཱིཿརྣམ་པར་བསམས་ཏེ། ཞེས་སོ། ༈ །ཧྲཱིཿཡིག་ནི་ཧ་དང་ར་དང་ཨི་གསུམ་འདུས་པའི་བདག་ཉིད་ཀྱི་ཡི་གེ་ཐིག་ལེས་བརྒྱན་པ་སྟེ། ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་དུ། འདབ་མ་གཉིས་པའི་བཞི་པའོ། །ཞེས་བྱ་བ་ནི་ཡི་གེ་ཧའོ། །དེའི་འོག་ཏུ་མེའོ་ཞེས་པ་ནི་ར་དང་ལྡན་པའོ། །དབྱངས་ཡིག་ཅེས་པ་ནི་ཨཱའི་བདག་ཉིད་སྦྱར་བའོ། །རིགས་པའི་རྒྱལ་མོ་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་ཧྲཱིཿའོ། །ཐིག་ལེ་སྟེང་དུ་ལྡན་པ་ནི་ཧྲཱིཿཡི་དོན་ནོ། །དེ་རང་དང་ཉེ་བ་ནི་ཧྲཱིཿསྟེ་གཉིས་པའོ། །ཞེས་རིག་སྔགས་ཀྱི་རྒྱལ་མོ་ཡི་གེ་གཅིག་མའི་


TN02_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཏུ་ཚུལ་གསུངས་པ་ལྟར་རོ། །དེའང་གཡུང་དྲུང་འཁྱིལ་བ་གསུམ་གྱི་ཞལ་གདམས་ལས། ཧྲཱིཿནི་ཐིག་ལེ་གསུམ་དུ་བཞུགས། །ཨི་ནི་རླུང་གི་ཐིག་ལེ་སྟེ། །ཧ་ནི་བྱང་ཆུབ་ཐིག་ལེའོ། །རྐྟའི་ཡི་གེ་ར་ཡིག་སྟེ། །ཞེས་པ་ལྟར། སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་དང༌། ཁམས་དཀར་དམར་རོ། །ཚེག་དྲག་གཉིས་ཀྱིས་དྷུ་ཏིར་བྱང་སེམས་དཀར་དམར་གྱི་འདུ་འཕྲོད་མཚོན་གསུངས་སོ། །མདོར་ན་ཁུ་རྡུལ་རླུང་གསུམ་བདེ་སྟོང་དུ་རོ་གཅིག་འདྲེས་པའོ། །ཚེག་དྲག་ཐིག་ལེ་ཡིན་པས་བདེ་བ་ལ་བཤད་ཀྱང་རུང་ངམ་དཔྱད། གཞན་ཡང་ཧྲཱིཿཡིག་གིས་གཞི་ལ་ཁམས་དཀར་དམར་གྱི་དབུས་སུ་རླུང་སེམས་ཞུགས་པ་དང༌། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ། རྩ་ཐིག་རླུང་གསུམ་སོགས་སྦྱང་གཞི་དང༌། རྡོ་རྗེ་གསུམ་གྱི་རྣལ་འབྱོར་སོགས་སྦྱོང་བྱེད་ཀྱི་ལམ་དང༌། སྦྱང་འབྲས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་སོགས་མཚོན་ཚུལ་མང་དུ་སྤྲོས་ཀྱང་ཆོག་ཅེས་ཐོའུ་བཀྭན་པས་སོ། །དཔེར་ན་མྱུ་གུའི་ཆ་ཤས་ཐམས་ཅད་རྫོགས་པར་སྐྱེད་པའི་ནུས་པ་དང་ལྡན་པའི་ཆོས་ཞིག་ལ་མྱུ་གུའི་ས་བོན་ཞེས་འདོགས་པ་ལྟར། རྟ་མཆོག་རོལ་པའི་གོ་འཕང་སྐྱེད་པའི་ནུས་པ་ཐམས་ཅད་ཧྲཱིཿཡིག་ལ་ཚང་བས་ས་བོན་གྱི་ཡི་གེར་བཞག་པར་འཆད་དོ། །འདི་ལས་སྔགས་སྐབས། བྱེར་གཏུབ་སོགས་བོད་སྐད་འདྲེས་པས་སྔགས་སུ་མི་འཐད་དོ་ཞེ་


TN02_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ན། དཔལ་ལྡན་ལྷ་མོའི་སྔགས་བྷྱོ་བདུན་མར་ཡང༌། ཁ་ལར་ཀ་ཆེན་མོ་ཞེས་ཡོད་པ་སོགས་བཤད་ནས། མདོར་ན་སྔགས་གསུང་བ་པོ་དང་བྱིན་གྱིས་རློབ་པ་པོས་སྐད་གང་དང་གང་དུ་བྱིན་གྱིས་བརླབས་པ་དེ་ཁོ་ན་དབང་བཙན་པར་བྱ་དགོས་ཀྱི། ཐམས་ཅད་སཾ་སྐྲི་ཏའི་སྐད་ཁོ་ན་དང་མཐུན་དགོས་པའི་ངེས་པ་མེད་པས་འདི་འདྲ་ལ་སྒྲ་པས་སྤྱོད་མི་ནུས་ཤིང་དཔྱད་པས་སྐྱོན་དུ་སོང་བའང་མང་ངོ་ཞེས་ཀྱང་ཐོའུ་བཀྭན་པས་སོ། །སྒྲ་བཟང་པོ་སྨྲ་བ་རྣམས་ཀྱི་ཞེན་པ་དགག་པ་དང༌། སྒྲ་ངན་པ་སྨྲ་བ་རྣམས་ལ་ཐུགས་བརྩེ་ནས་དེ་དག་གི་སྐད་བྱིན་གྱིས་བརླབས་པའང་ཡོད་དམ་སྙམ། བོད་ཀྱི་འབྱུང་པོ་རྣམས་ཀྱི་སྐད་ཕར་ལ་རང་གཤེད་དུ་བསྐོར་ཆེད་དེ་དག་གི་སྐད་དུ་གཉན་པོའི་དྲག་སྔགས་བྱིན་གྱིས་རླབས་པར་བཤད་ལུགས་ཀྱང་ཡོད་དམ་སྟེ། ལྷ་བཙན་བྱང་ཆུབ་འོད་ཀྱི་གཏེར་ཁ་བུ་ཏྲ་མིང་སྲིང་གི་སྔགས་ཞང་ཞུང་གི་སྐད་དུ་མཛད་པ་ལ་རིན་བཟང་དགྱེས་པའི་ལོ་རྒྱུས་བཞིན་ནོ། ༈ །ཨོཾ་དང་ཧཱུྃ་ཕཊ་རྣམས་ཀྱི་དོན་རྣལ་འབྱོར་རྒྱུད་ལས་གསུངས་པ་ནི། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང༌། །སྐལ་བཟང་རྣམ་པ་དང་ལྡན་ཞིང༌། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་པ་ལྟར་ཨོཾ་ཡིག་ནི་མཆོག་སྟེར་བ་སོགས་ཀྱི་ཆེད་ཡིན་ནོ། །ཧཱུྃ་ནི་ངེས་ཚིག་གི་ཚུལ་


TN02_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཨཱ་ཕྱིས་ནས་ཧན་ཏི་འཇོམས་པར་བྱེད་པ་སྟེ། ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་སྡུག་བསྔལ་བ་དང་མ་རུངས་པ་ཐམས་ཅད་འཇོམས་པར་བྱེད་པའི་དོན་ཏེ། རྩེ་མོར། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང༌། །གདུག་པ་དངངས་ཤིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་སོ། །ཕཊ་ནི་གདུག་པ་ཅན་དང་སྡུག་བསྔལ་འཇོམས་ཤིང་བདེ་བ་འགུགས་པར་བྱེད་པ་སྟེ། རྩེ་མོར། ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང༌། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པས་འཇོམས་པར་བྱེད། །ཅེས་ཏེ་འདི་ལོ་ཆེན་རིན་བཟང་གི་འགྱུར་དུ། ཉོན་མོངས་གདུག་པ་ལྟུང་བྱེད་ཅིང༌། །ཞི་བ་འགུགས་པ་ཡིན་པར་བཤད། །ཕཊ་ཅེས་བྱ་བ་ལྟུང་བའི་དགྲ། །ངན་འགྲོའི་འགྲོ་བ་ལྟུང་བའོ། །ཞེས་གདུག་པ་ཅན་འཇོམས་ཤིང་ཞི་བ་འགུགས་ལ་ངན་འགྲོའི་འགྲོ་བ་པ་གནས་ནས་འཕོ་བར་བྱེད་པ་སྟེ། ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་ཆོག་ཏུ་ཕཊ་ཅེས་བྱ་བ་ངན་འགྲོའི་འགྲོ་བ་འཕོ་བར་བྱེད་པའོ། །ཞེས་སོ། །ཡང་ཚེ་སྔགས་སོགས་ལས་འབྱུང་བའི་སྭཱ་ཧཱ་ནི། རྩེ་མོ་ལས། སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང༌། །དགེ་བ་ཚོགས་ནི་འཕེལ་བར་


TN02_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །ཉེས་པར་བྱེད་པ་འཕྲོག་བྱེད་ཅིང༌། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་གསུང་སྟེ། དེ་ལྟ་བུའི་སྒོ་ནས་དབུགས་འབྱིན་པའོ། །ཀུན་རིག་ཊི་ཀ་ཆེན་བཞིན་བྲིས་སོ། ༈། གུ་རུ་ཞི་བའི་རྒྱུའི་ས་བོན་དང་ཐུགས་སྲོག་ལ་ཧཱུྃ་དུ་བྱེད་པ་སོགས་ཀྱང་ཡོད་མོད། ཧྲཱིཿཡིག་ལ་མཛད་པ་འདི་ནི་ཁྱད་པར་འཕགས་ཏེ། ཧྲཱིཿཤེར་ཕྱིན་པདྨའི་རིགས་ཀྱི་ས་བོན་དུ་བསྔགས་པ་ཐུགས་རྗེ་ཆེན་པོའི་ཟིན་ཐོ་ལྟར་དང༌། ཤ་འུག་གཏེར་བྱོན་གར་དབང་ཚེ་སྒྲུབ་ཀྱི་ལོ་རྒྱུས་ལས། རྒྱ་གར་མཁས་པ་པདྨ་འབྱུང་ནས་ང་༔ གདུལ་བྱའི་མོས་ངོར་ཇི་སྙེད་སྤྲུལ་པའི་གརཿ ཆུ་ཟླའི་རོལ་པར་བསམ་མི་ཁྱབ་སྟོན་ཏེཿ ངོ་བོ་མི་འགྱུར་ཀུན་བཟང་སྣང་མཐའ་ཡསཿ རྒྱལ་བ་རྒྱ་མཚོའི་ཁྱབ་བདག་སྤྱི་མེས་ཡིནཿ དེ་ཕྱིར་ང་བསྒྲུབ་སངས་རྒྱས་ཀུན་བསྒྲུབ་འགྱུརཿ ལྷ་གཞན་བསྒྲུབ་ཀྱང་ང་ཉིད་བསྒྲུབ་པ་སྟེཿ བཟང་ངན་ཕྱོགས་རིས་འདི་ཞེས་དབྱེ་བ་མེདཿ འོན་ཀྱང་སྔོན་གྱི་སྨོན་ལམ་ཁྱད་པར་གྱིསཿ པདྨའི་རིགས་སུ་བསྒྲུབ་ན་དངོས་གྲུབ་མྱུརཿ ཕྲིན་ལས་མཐའ་རྒྱས་གཞན་སྣང་དབང་དུ་སྡུདཿ འགལ་རྐྱེན་མི་འབྱུང་བྱང་ཆུབ་གོ་འཕང་ཉེཿ ཞེས་གསུངས་པས་གུ་རུའི་རྒྱུ་མ་ནོར་བ་རྩ་བའི་སྔགས་སུ་པདྨའི་རིགས་ཀྱི་རྩ་བའི་ཡི་གེ་ཉིད་ཆེས༴ ཕྱིར་རོ། །འོན་ཀྱང་འདིའི་གཙོ་བོ་འོད་གསལ་རྡོ་རྗེར་གསུངས་པ་ནི། རིགས་རེ་རེ་དང་རིགས་དྲུག་ཀའི་བདག་ཉིད་དང༌།


TN02_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་རེ་རེའང་ཡེ་ཤེས་དྲུག་ཀའི་ངོ་བོ་ཉིད་ཡིན་པ། ཕྲེང་བ་ལས་རིགས་རེ་རེའང་ལྔ་ལྔའི་རང་བཞིན་དུ་བཤད་པ་ལྟ་བུ་སྟེ། དེ་ལས་འདིར་པདྨའི་རིགས་དྲུག་ཏུ་ཕྱེ་བའི་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་གྱི་དབང་དུ་མཛད་པའོ། །ཧྲཱིཿཡིག་གི་བཤད་པ་གཞན་ཡང་ཚེ་སྒྲུབ་ཡེ་ཤེས་འོད་མཆོག་ལས། བཞི་པ་བསྙེན་པ་སྲོག་གི་བཟླས་པ་ནིཿ ཐུགས་ཀར་ཧྲཱིཿགསལ་ཧྲཱིཿཡིག་མང་དུ་བཟླསཿ དེ་བཞིན་གཤེགས་པ་ཀུན་གྱི་སྲོག་ཡིན་ནོཿ ཧ་ནི་རླུང་ཡིན་ལོངས་སྐུ་ཀུན་གྱི་སྔགསཿ དེ་ཉིད་བཟླས་ན་རླུང་སེམས་གཉིས་མེད་གྲོལཿ ར་ནི་སྤྲུལ་སྐུ་སྨིན་བྱེད་དེ་ཡིན་ཏེཿ དེ་བཟླས་དྲོད་ཀྱི་ཡེ་ཤེས་སྐྱེ་བར་འགྱུརཿ ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ་ཡིན་ཏེཿ ཨི་ནི་དོན་དམ་ངོ་བོ་ཉིད་དང་ལྡནཿ རྟོགས་ཤིང་བཟླས་པས་བདེ་སྟོང་མཆོག་ཏུ་འགྱུརཿ དེས་ན་བདེ་གཤེགས་ཡོངས་འདུས་སྔགས་འདི་བསྙེནཿ ཧྲཱིཿ ཞེས་རླུང་སེམས་ཐམས་ཅད་གཏུམ་མོའི་དབྱིངས་སུ་ཞུགས་པ་ལས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་ཞིང༌། དེ་ལས་རྡོ་རྗེ་གསུམ་མམ་སྐུ་གསུམ་དབྱེར་མེད་གོ་འཕང་ལ་སྦྱོར་བའི་རྡོ་རྗེའི་ལམ་གནད་ཆེས་རྨད་དུ་བྱུང་བ་བསྟན་ནོ། ༈ །ཐུགས་རྗེ་ཆེན་པོའི་བརྡ་ཡི་དོན་ནི། བཤད་འགྲེལ་ཆེན་མོར། ཞལ་གཅིག་ནི་སེམས་ཅན་ལ་ཐུགས་རྗེ་མི་འགྱུར་བ། ཞེས་སྙིང་རྗེ་ངོ་གཉིས་པ་དང༌། ངོ་མི་རྟག་པ་སྤངས་པ། སྒྲུབ་ཐབས་གཅིག་སྐོར་དུ་ནི། ཞལ་གཅིག་ནི་ལྷན་སྐྱེས་ཡེ་ཤེས་


TN02_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རང་དང་གཉིས་སུ་མེད་པའི་བརྡ། ཞེས་སོ། །འཛུམ་མདངས་ལྡན་པ་ནི་སེམས་ཅན་ལ་བྱམས་པར་མཛད་པ། སྤྱན་མི་ཟུམ་པ་ནི་སེམས་ཅན་ལ་ཐུགས་རྗེས་གཟིགས་པ། ཕྱག་བཞི་ནི། ཚད་མེད་རྣམ་པ་བཞི་ལྡན་པས། །འགྲོ་དོན་ཕྱོགས་མེད་མཛད་པའི་རྟགས། །ཞེས་སོ། །ཡང་གཉིས་མེད་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར། །ལོངས་སྐུ་ཤེས་རབ་པདྨ་གཡོན་ན་འཛིན། །སྤྲུལ་སྐུ་ཐབས་ཀྱི་བགྲང་ཕྲེང་གཡས་ན་འཛིན། །ཞེས་དང༌། ཞལ་བཅུ་གཅིག་པའི་ཐད་དུ། རྩ་བ་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར། །ཡན་ལག་ལོངས་སྐུའི་ཕྱག་གི་དང་པོ་ན། །སྐྱོན་གྱི་མ་གོས་པདྨ་དཀར་པོ་འཛིན། །ཉིད་ལག་སྤྲུལ་སྐུའི་ཕྱག་གི་དང་པོ་ནི། །འཁོར་བའི་སེམས་ཅན་འདྲེན་པའི་བགྲང་ཕྲེང་འཛིན། །ཞེས་ཏེ། ཕྱི་མ་གཉིས་ནི། མུ་ཏིག་གི་ཕྲེང་བ་སྙིང་རྗེ་རྒྱུན་ཆད་མེད་པས་སེམས་ཅན་འཁོར་བ་ནས་བྱང་ཆུབ་ཏུ་འདྲེན་པའོ། །པདྨ་ནི། འཁོར་བར་སེམས་ཅན་གྱི་དོན་མཛད་ཀྱང་འཁོར་བའི་ཉོན་མོངས་པ་དང་རྣམ་རྟོག་གི་སྐྱོན་གྱིས་མ་གོས་པའོ། །ཞེས་སོ། །ཕྱག་བཞི་སྐུ་གསུམ་དང་སྦྱར་བར་མ་ཟད། །ཕྱག་མཚན་དེ་ལྟར་སྦྱར་བའང་སྣང་སྟེ། ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། དང་པོའི་ཕྱག་གཉིས་སྟོང་ཉིད་ཕྱག་རྒྱ་མཛདཿ གཡས་འོག་ཤེལ་ཕྲེང་གྲགས་སྟོང་སྔགས་སྒྲ་སྒྲོགསཿ གཡོན་འོག་པད་དཀར་སྒྱུ་འཕྲུལ་སྤྲུལ་པ་འགྱེདཿ ཅེས་


TN02_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གསུམ་གྱི་བཤད་པ་མཛད་དེ། སྔ་མ་དང་བསྲེ་རྒྱུ་མིན་པ་འདྲ། ཚུལ་ཁྲིམས་བཟང་པོའི་ལུགས་ལས། ཞལ་ཆོས་སྐུ་ཐིག་ལེ་གཅིག་ཏུ་འཁྱིལ། །སྤྱན་ཐབས་ཤེས་སྙིང་རྗེས་ཟིམ་བུར་གཟིགས། །ཕྱག་ཚད་མེད་བཞི་ལྡན་འཇམ་ཞིང་མཉེན། །ཞེས་སོ། །སྐུ་མདོག་དཀར་པོ་ནི། ཆོས་སྐུ་དྲི་མ་མེད་པའི་བརྡ། །ཞེས་དང༌། དཀར་འཚེར་ཞེས་པ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་འཁོར་བའི་རྟོག་འཛིན་གྱིས་མ་གོས་པ། །ཞེས་སོ། །ཞབས་མཉམ་སྐྱིལ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་ཐུགས་མཉམ་པ་ཉིད་ལས་མི་གཡོ་བར་བཞུགས་པ། །ཞེས་དང༌། ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས། །མཉམ་གཞག་དོན་ལ་མ་གཡོས་རྟགས། །ཞེས་ཏེ། ཞབས་གཉིས་ཆོས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བརྡ། །ཞེས་དང༌། འགྲོ་བའི་དོན་ལ་ཐབས་ཤེས་ཟུང་འཇུག་གིས་མཉམ་པར་བཞུགས་པ། །ཞེས་ཀྱང་ངོ༌། །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ནི། འདོད་པའི་ཡོན་ཏན་ཐམས་ཅད་ལ་སྤྱོད་ཀྱང༌། །ཞེན་མེད་དུ་སེམས་ཅན་གྱི་དོན་དང་ཚུལ་བསྟུན་པའི་བརྡ། །ཞེས་དང༌། འདོད་ཡོན་མ་སྤངས་པར་ཆོས་ཉིད་རོལ་པའི་རྒྱན་དུ་ཤར་བ། །ཞེས་ཏེ། དགོས་འདོད་ཕུན་ཚོགས་འབྱུང་བའི་རྟགས་སུའང་བཤད་དོ། །ནམ་མཁའི་རྒྱལ་པོའི་སྒྲུབ་ཐབས་སུ། རི་དྭགས་ཀྱི་པགས་པ་ནི་སྙིང་རྗེ་ཆེན་པོ་དང་མ་བྲལ་བ། དར་གྱི་ཤམ་ཐབས་


TN02_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་ཀྱི་ངོ་ཚ་དང་ལྡན་པ། །ཞེས་སོ། །བར་ཆད་ཀུན་སེལ་དུ། སྡུག་བསྔལ་གདུང་སེལ་དར་གྱི་སྟོད་གཡོགས་དང་ཿ ཉོན་མོངས་དྲི་མས་མ་གོས་ཤམ་ཐབས་གསོལཿ དགོས་འདོད་རེ་སྐོང་རིན་ཆེན་རྒྱན་གྱིས་སྤྲསཿ སྙིང་རྗེའི་རི་དྭགས་ལྤགས་པ་ཕྲག་ན་འཆང་ཿ ཞེས་སོ། །ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི། ཐུགས་རྗེ་སེམས་ཅན་ལ་ཉི་ཟླ་ལྟར་སྙོམས་པ་དང༌། འཁོར་བའི་སྐྱོན་གྱིས་མི་གོས་པའི་བརྡའོ། །ཡུམ་གསང་ཡེ་ནི། གཟུང་འཛིན་གྱི་དྲི་མ་བྲལ་བས་དཀར་གསལ། འགྲོ་བ་ལ་རྗེས་སུ་ཆགས་པས་དམར་མདངས་འཚེར་བ། ཕྱག་མཚན་ལ། ཐུགས་རྒྱུད་བདེ་སྟོང་གི་རོས་མྱོས་ཤིང་གང་བས་ཐོད་ཆང༌། ཡེ་ཤེས་དེས་སྲིད་ཞི་ཐམས་ཅད་སྐུལ་ཞིང་དབང་དུ་སྡུད་པས་ཌཱ་རུ་སྟེ། བདེ་སྟོང་ཤེར་ཕྱིན་གྱི་རང་སྒྲས་སངས་རྒྱས་ཀྱི་ཞིང་ཐམས་ཅད་གཡོ། སངས་རྒྱས་ཐམས་ཅད་སྐུལ། འགྲོ་བའི་གནས་ཐམས་ཅད་སྐྱོད། སེམས་ཅན་རྣམས་ཏི་མུག་གི་གཉིད་ལས་སློང༌། མཆན། ཡེ་ཤེས་དང་ཕྲིན་ལས་ཀྱི་ཁྱད་དམ། ཡང་ན། སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་བདེ་ཆེན་གྱི་ཡེ་ཤེས་འབེབས་པས་ཌཱ་རུ། ཡེ་ཤེས་ཀྱི་བཏུང་བའི་རྒྱུན་དེ་ཟད་མི་ཤེས་པར་འཆང་བས་ན་ཐོད་ཆང་སྟེ། བན་སྣོད་ན་གནས་པ་དང༌། མྱོས་པར་བྱེད་པ་གཉིས་ཆར་བདེ་བ་ཆེན་པོ་དང་མཐུན་ནོ། །ཛབ་དབྱངས་ཉེར་གཅིག་ནི་མཁའ་


TN02_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གསང་སྐོར་དུ་བསྟན་པར་ཟད་ཀྱི། འགྲོ་འདུལ་ཡིད་བཞིན་ནོར་བུའི་གཞུང་དཀྱུས་སུ་བསྟན་པ་ནི། བཟླ་ཚུལ་དྲུག་སྟེ། ཕྱི་མདོ་སྡེ་ལྟར་གཞན་དོན་དུ་བཟླས་པ། ནང་གསང་སྔགས་ལྟར་བསྙེན་སྒྲུབ་ཏུ་བཟླས་པ། གསང་བ་མཁའ་འགྲོ་མས་བྱིན་རླབས་བརྡའི་ཚུལ་དུ་བཟླས་པ། བླ་མ་དང་ལྷ་ལ་གསོལ་བ་གདབ་པ་མ་ལ་བུས་འབོད་ཀྱི་ཚུལ་དུ་བཟླས་པ། སྒྲིབ་སྦྱོང་ཆོས་སྤྱོད་ཀྱི་ཚུལ་དུ་བཟླས་པ། རྡོ་རྗེའི་བཟླས་པ་མཉམ་གཞག་བསམ་གཏན་གྱི་ཚུལ་དུ་བཟླས་པའོ། །དེ་རྣམས་ལ་ཛབ་དགོངས་དྲུག །སྔགས་དོན་འཆད་ཚུལ་དྲུག །དབྱངས་ཀྱི་འདྲེན་སྟངས་དྲུག་སོགས་ཡོད་དེ་བཤད་འགྲེལ་ཆེན་མོ་ལས་ཤེས་པར་བྱའོ། ༈ །དཔུང་བཟང་གིས་ཞུས་པའི་ལེའུ་བཅུ་པ་ལས། སྤྱན་རས་གཟིགས་ཀྱིས་གསང་སྔགས་བྱེ་བ་ཕྲག །གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད། །དེ་ཡི་རིག་སྔགས་བདག་པོ་རྟ་མགྲིན་དང༌། །དེ་ཡི་མིང་ཅན་དཀྱིལ་འཁོར་དམ་པ་གསུངས། །བཅུ་གཉིས་ཕྱག་དང་ཕྱག་དྲུག་པ་དང་ནི། །ཐོར་ཚུགས་ཅོད་པན་འདོད་པ་འབྱོར་བྱེད་དང༌། །ཞལ་བཞི་དོན་ཡོད་ཞགས་པར་བདུན་བསྟན་འདི། །ས་སྟེང་གསང་སྔགས་ཉི་མ་བདུན་ལྟར་འབར། །དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ། །མི་ལ་མཆོད་སྦྱིན་འཇིག་རྟེན་གསུམ་གྱི་འདུད། །སྒྲོལ་མ་དཀར་མོ་གོས་དཀར་སྤྱན་མ་དང༌། །རྣམ་གཟིགས་རལ་པ་གཅིག་


TN02_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཀར་ཤམ་དང༌། གྲགས་ལྡན་ཁྲོ་གཉེར་ཅན་དང་འདི་དག་རྣམས། །པདྨ་རིགས་ཀྱི་རིགས་སྔགས་རྒྱལ་མོ་མཆོག །དེ་དག་དཀྱིལ་འཁོར་སྣ་ཚོགས་གཟུགས་ཅན་དང༌། །ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན། །ཞེས་བཤད་དོ། །རྒྱུད་དེའི་བརྗེད་བྱང་ལས། དེའི་རིགས་སྔགས་བདག་པོ་རྟ་མགྲིན་དང༌། །ཞེས་བྱ་བ་ནི་པདྨའི་རིགས་ཀྱི་གསང་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་དོན་ཏོ། །དེ་ཡི་མིང་ཅན་དཀྱིལ་འཁོར། ཞེས་བྱ་བ་ནི་དཔལ་རྟ་མགྲིན་པདྨའི་རིགས་ཀྱི་རིག་པའི་རྒྱལ་པོ་ཡིན་པས། དཔལ་སྡོམ་གྱི་རྒྱུད་ལ་སོགས་པ་ལས་རབ་ཏུ་གནས་པའི་དཀྱིལ་འཁོར་འབྱུང་ངོ་ཅོག་ལ་དེའི་མིང་ཅན་ཞེས་གདགས་ཏེ། འཕགས་པ་རྟ་མགྲིན་ཉིད་ཀྱི་ཁྱད་པར་གྱི་དཀྱིལ་འཁོར་འབའ་ཞིག་ལ་གདགས་པ་ནི་མ་ཡིན་ནོ། །དོན་ཡོད་ཞགས་པ་བདུན་བསྟན་པ། །ཞེས་བྱ་བ་ནི་བཤད་མ་ཐག་པའི་དོན་ཡོད་པའི་ཞགས་པ་དྲུག་དང་དཔལ་རྟ་མགྲིན་དང་བདུན་ནོ། །ཉི་མ་བདུན་ལྟར་འབར། ཞེས་བྱ་བའི་དཔེས་ནི་སྒྲུབ་པ་པོའི་ལས་དང་ཉོན་མོངས་པ་ཐམས་ཅད་བསྲེག་ཅིང་མངོན་པར་མཐོ་བའི་དཔལ་ཡང་འབར་བར་བྱེད་པའི་དོན་ཏོ། །དེ་རྣམས་རྟ་མགྲིན་དཀྱིལ་འཁོར་གསང་སྔགས་ཏེ་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་ཡིན་པས། དེ་དག་གི་དཀྱིལ་འཁོར་ལ་ཡང་དབང་བསྒྱུར་བར་བསྟན་ཏོ། །མི་ལ་མཆོག་སྦྱིན་ཞེས་བྱ་བ་ནི་དམ་པ་བརྒྱད་ལ་སོགས་པ་སྟེར་བའི་དོན་ཏོ། །འཇིག་རྟེན་གསུམ་གྱི་འདུད་ཅེས་བྱ་བ་ནི་ལྷའི་རིགས་དང་


TN02_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་རིགས་དང༌། ཀླུའི་རིགས་རྣམས་ཀྱིས་མཆོད་གནས་སུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ །སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་ནི་པདྨའི་རིགས་ཀྱི་ཡུམ་བརྒྱད་ཡོད་པར་སྟོན་པའོ། །དེ་དག་དཀྱིལ་འཁོར་ཞེས་བྱ་བ་ནི་ཡུམ་དེ་རྣམས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ཐ་ཚིག་གོ །སྣ་ཚོགས་གཟུགས་ཅན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཚུལ་ཐ་དད་པ་དང༌། འཁོར་སྣ་མང་བར་བསྟན་ཏོ། །ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན། །ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་ལྷ་རེ་རེ་ལ་ཡང་ཕྱག་རྒྱ་དུ་མ་དང་བཅས་པའི་ཕྱིར་རོ། །ཞེས་སོ། །དེ་ལ་དམ་པ་བརྒྱད་ནི་དཔུང་བཟང་ཉིད་ལས། བཅུད་ཀྱི་ལེན་དང་གཏེར་དང་ཕུག་འགྲོ་དང༌། །ནོར་བསྒྱུར་འབྱུང་ཁུངས་སྔགས་དང་གསེར་འགྱུར་རྩི། །རིན་ཐང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ། །བརྒྱད་པོ་བསྟན་པ་ཡོངས་སུ་བསྒྲགས་པ་ཡིན། །ཞེས་གསུངས་པའོ། །དེ་བཞིན་དུ། སྤྱོད་རྒྱུད་རྣམ་སྣང་མངོན་བྱང༌། ཡོ་ག་དེ་ཉིད་བསྡུས་པ། བླ་མེད་གསང་བ་འདུས་པ་སོགས་རྒྱུད་སྡེ་བཞི་ཀ་ལས་ཁྲོ་བོའི་དབང་པོ་འདི་ཆེས་མང་དུ་བཤད་དེ་མ་བཀོད་དོ། ༈ །འོད་དང་འོད་ཟེར་ཞེས་པ། ལུས་ལས་ཕྱུང་བའི་འོད། སེམས་ལས་བྱུང་བའི་འོད་ཟེར་ཞེས་པའམ། བེམ་པོ་ལས་བྱུང་བ་འོད། ཡེ་ཤེས་ལས་བྱུང་བ་འོད་ཟེར་ཞེས་ཀ་མ་དྷེ་ནུས་བཤད་དེ། འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་སོགས་ཀྱིས་དཔྱད་རྒྱུ་ཡོད། །གསེར་སྦྱངས་


TN02_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁ་དོག་ལྟ་བུ་ནི་གསལ་བ། དེ་ལ་ཉི་མ་ཕོག་པའི་ཁ་དོག་ལྟ་བུ་ནི་འཚེར་བ་སྟེ། དེ་བཞིན་དུ་རང་ཉིད་གསལ་ཞིང་གཞན་དུ་མི་འཕྲོ་བ་འོད། གཞན་སྣང་བར་བྱེད་པ་འོད་ཟེར་ཞེས་བྱས་ནའང་རུང་ངམ། འོད་དང་འོད་ཟེར་གྱིས་ཟླས་ཕྱེ་བའི་འོད་དང༌། སྤྱིར་འོད་ཅེས་འབྱུང་བའང་མི་གཅིག་གམ་སྙམ། ཡང་ཀ་མ་དྷེ་ནུས། གསང་བའི་སྙིང་པོ་ཞེས་བྱ་བ་ནི། གསང་བར་བྱ་བའི་སྙིང་པོ་ཡིན་པས་ན་གསང་བའི་སྙིང་པོ་སྟེ། ཇི་སྲིད་དུ་ཁ་ཅིག་གིས་གསང་སྔགས་རྣམས་འགྲུབ་པའི་རྒྱུ་ནི་གསང་བ་ཡིན་ཞེས་བཤད་པ་ལྟ་བུའོ། །ཞེས་སོ། །ཡང༌། སྐྲག་ན་དེ་མ་ཐག་ཏུ་གསོད། །ཅེས་བྱ་བ་ནི་འཇིགས་པར་མི་བྱ་སྟེ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་ཀྱང༌། འཇིགས་པས་ལྷག་པའི་བགེགས་གཞན་མེད། །ཅེས་གསུངས་ལ། རྡོ་རྗེ་འཇིགས་བྱེད་ལས་ཀྱང༌། དེ་ལ་འཇིགས་པ་ཆེན་པོར་འབྱུང་བར་འགྱུར་ཏེ། སྔགས་པས་དེ་ལ་འཇིགས་པར་མི་བྱའོ། །ཇི་ལྟར་འཇིགས་པ་དེ་ལྟར་བགེགས་ཀྱི་བར་ཆད་དུ་འགྱུར་རོ། །བར་ཆད་དུ་གྱུར་ན་དངོས་གྲུབ་མེད་དེ། དེའི་ཕྱིར་སྔགས་པས་འཇིགས་པར་མི་བྱའོ་ཞེས་གསུངས་སོ། །གལ་ཏེ་འཇིགས་པ་ན་ཧཱུྃ་ཧཱུྃ་ཞེས་འབྲུག་ལྟར་སྒྲོགས་ཤིང༌། རང་གི་ལྷའི་རྣལ་འབྱོར་དྲན་པས་ཞི་བར་འགྱུར་རོ། །ཞེས་ཀྱང་དཔལ་རྡོ་རྗེ་འཆང་གིས་གསུངས། ཞེས་སོ། །གཞན་གྱིས་བྱས་པ་ལ་གཞན་སྤྱོད་པའི་རྣམ་གྲངས་ཡོད་


TN02_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཐད། པདྨ་ཁ་ཕྱེ་བ་དང༌། ལྕགས་གཡོ་བ་དང༌། ཤིང་ཐལ་བར་འགྲོ་བ་སོགས་རང་སྟོབས་མིན་གྱི། ཉི་མ་དང་ཁབ་ལེན་དང༌། མེའི་གཞན་སྟོབས་ཡིན་པ་དང༌། དེ་བཞིན་གཤེགས་པའི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་སངས་རྒྱས་ཀྱི་ཞིང་ལ་རང་ཅག་གིས་སྤྱོད་པའང་རང་གི་ལས་ཁོ་ནའི་མཐུ་མིན་གྱི། སངས་རྒྱས་ཀྱི་བསྔོ་སྨོན་དང་བསྡུ་དངོས་བཞིའི་གཞན་སྟོབས་གཙོ་བ་སོགས་ཏེ། འདི་འདྲ་ལ་དགོངས་ནས། ཆོས་ཀུན་ཐ་དད་རྗེས་སུ་འཇུག །ཆོས་ཀུན་ཕན་ཚུན་རྗེས་སུ་འཇུག །ཆོས་ཀུན་རྗེས་སུ་ཞུགས་པ་སྟེ། །མཐའ་བྲལ་རྗེས་སུ་འགྲོ་བའོ། །ཞེས་བཤད་པར་ཀ་མ་དྷེ་ནུས་སོ། །འདིས་སྔོན་ལས་རྐྱང་པར་མ་ཟད། འཕྲལ་རྐྱེན་ཡང་མཐུ་ཆེ་བར་ཤེས་ཏེ་ལས་མི་ཟད་པ་ཡང་འཕྲལ་རྐྱེན་སྟོབས་བཞི་དང་ཕྲད་ན་འཇོམས་འགྲོ་བ་དང༌། ལས་ཀྱི་རྣམ་སྨིན་ལས་ཐོབ་པའི་ལུས་ཀྱང་འཕྲལ་རྐྱེན་ཕ་མས་མ་གསོས་ན་མི་འཚོ་བ་ལྟ་བུའོ། །དེའང་རང་རང་གི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་གཞན་གྱིས་བྱས་པ་གཞན་ལ་འབྱོར་བ་ཡིན་གྱི། གཞན་དུ་མ་ཡིན་ཏེ། ཁབ་ལེན་གྱི་མཐུའི་ཁྱད་པར་ལྕགས་ཀྱིས་ཐོབ་ཀྱི། ཟངས་ལ་སོགས་པས་མི་ཐོབ་པ་བཞིན་ནོ། །གསང་སྔགས་ཀྱི་བདག་ཉིད་ཆེ་བ་དང༌། རྡོ་རྗེ་སློབ་དཔོན་གྱིས་ཐབས་མཁས་པའི་ཆེ་བས་ཚེ་འདས་སྡིག་ཅན་གོ་འཕང་བཟང་པོ་ལ་མིག་འཕྲུལ་བཞིན་མྱུར་བར་བགྲོད་ནས། གཙུག་ཏོར་དྲི་མེད་དུ། ཀྱེ་མ་སངས་རྒྱས།


TN02_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་རིགས་སྔགས། འབྲས་བུ་འཕྲལ་དུ་སྟོན་པ། ཞེས་སོགས་དང༌། སྦྱོང་རྒྱུད་དུ། གསང་སྔགས་ལྟ་བུའི་འདྲེན་པ་མེད། །ཅེས་སོགས་གསུངས་པའང་དེ་ཁོ་ན་བཞིན་ཡིན་པར་ཀ་མ་དྷེ་ནུས་སོ། །དཔལ་བདེ་མཆོག་ཏུ། མཚན་དང་འགྲོ་བ་དང་གཟུགས་སོགས་གཞན་དུ་སྒྱུར་བར་བཤད་པའང༌། སེམས་ཅན་དེ་དག་གི་སྔོན་གྱི་ལས་ཀྱིས་ཐོབ་པའི་རྣམ་སྨིན་གྱི་ཕུང་པོ་ཡང༌། འཕྲལ་རྐྱེན་རྣལ་འབྱོར་པའི་རིག་སྔགས་ཀྱིས་བསྒྱུར་བའོ།། ༈ །།ཨོཾ་སྭཱ་སྟི། པདྨའི་ཆོས་གཏེར་རིན་ཆེན་སྒྲོམ་བྱེ་སྟེ། །དུས་མཐར་ཆོས་ཀྱིས་ཕོངས་པའི་འགྲོ་བ་ལ། །ཟབ་ལམ་གདམས་པའི་དགའ་སྟོན་འགྱེད་མཛད་པ། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །ཚར་གཅོད་རྗེས་འཛིན་ཕྲིན་ལས་རབ་འབྱམས་ཀྱིས། །སྙིགས་མའི་འགྲོ་འདུལ་བཀའ་གཏེར་བསྟན་པ་སྐྱོང༌། །རྔ་ཡབ་གླིང་པའི་དགོངས་པ་སྐོང་མཛད་པ། །བདུད་འཇོམས་སྤྲུལ་པའི་གཏེར་སྟོན་ཞབས་བརྟན་ཤོག །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ཧེ་རུ་ཀ༌།པདྨ་འབྱུང་གནས་མཁའ་འགྲོའི་ཚོགས་བཅས་ཀྱི། །རྡོ་རྗེ་གསུམ་མཆོག་གྲུབ་པའི་བདུད་རྩི་ཡིས། །རིག་འཛིན་སྐུ་ཚེ་ལྗོན་བཟང་རྒྱས་སྨིན་ཤོག། །།ཆུང་དོན་ངོར་བསྟན་པའི་ཉི་མས་གསོལ་བ་བཏབ་པ་དགེ། །།མངྒ་ལཾ།།


previousསྒྲུབ་ཆེན་ཟིན་བྲིས།next