Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་སྔགས་ཀྱི་འགྲེལ་བཤད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་སྔགས་ཀྱི་འགྲེལ་བཤད།next

ཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་སྔགས་ཀྱི་འགྲེལ་བཤད།


TN02_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་སྔགས་ཀྱི་འགྲེལ་བཤད་རྣམ་མཁྱེན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས།


TN02_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དབུས་པདྨོ་དྲྭ་བ་དྷུ་ཏིའི་ཁམས། །བདེ་ཆེན་མཆོག་ཏུ་མི་འགྱུར་གཉུག་མའི་ཡིད། །རྗེས་ཆགས་ཉམ་བརྒྱའི་གར་གྱིས་རྣམ་རོལ་བ། །མཁའ་སྤྱོད་མཁའ་འགྲོའི་གཟུགས་ཅན་དེ་ལ་འདུད། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་དང༌། །ཐེག་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་གསུངས་ཤིང་གསུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ནི། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །


TN02_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཇི་སྐད་གསུངས་པ་བཞིན་དུ། གསང་ཆེན་རྡོ་རྗེའི་ཐེག་པ་ཡིན་ལ། དེ་ལའང་གདུལ་བར་བྱ་བའི་སེམས་ཅན་གྱི་ཉོན་མོངས་པ་འདོད་ཆགས་རྣམ་པ་བཞིའི་དབང་དུ་མཛད་ནས། འདུལ་བྱེད་ཐབས་ཀྱི་རྣམ་གྲངས་རྒྱུད་སྡེ་ཆེན་པོ་བཞིའི་ངེས་བརྗོད་དུ་ཕྱེ་བ་ལས། འདིར་ནི་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་ཏནྟྲ་དང་དགོངས་པའི་གནད་གཅིག་ཅིང༌། རྒྱུད་སྡེའི་བབས་དང་མཚུངས་པའི་རྣལ་འབྱོར་བླ་ན་མེད་པ་གསང་སྔགས་མའི་རྒྱུད་ཀྱི་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་པའི་མན་ངག་གང་ཞིག །ཤྲཱི་མ་ཧཱ་ར་ཛ་ས་ཧོ་རའི་མི་རྗེ་ཨིནྡྲ་བྷུ་ཏིའི་ཁང་སྟེང་དུ་གསང་བ་ཐམས་ཅད་ཀྱི་རྒྱལ་པོ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཆར་དུ་བསྙིལ་བ་དང༌།


TN02_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མདའ་བསྣུན་ཞབས་ཀྱིས་བུདྡྷ་ཀ་པཱ་ལ་སྤྱན་དྲངས་པའི་དཔེར་བརྗོད་ཀྱི་ངེས་པ་ལྟར། བདེ་བ་ཆེན་པོ་པདྨ་སམ་བྷ་བས་ཆོས་ཀྱི་གཏེར་ཟབ་མོ་སྦས་དོན་གབ་པ་མངོན་ཕྱུང་དུ་གཏན་ལ་ཕབས་ཏེ། ཀློང་ཆེན་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་རྒྱས་བཏབ་པ། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་བཛྲ་ཝ་ར་ཧིའི་རྩ་སྒྲུབ་བདེ་ཆེན་དཔལ་ཕྲེང་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཀུན་མཁྱེན་རྫོགས་ཆེན་པ་དཔལ་ལྡན་རང་བྱུང་རྡོ་རྗེའི་ཞལ་སྔ་ནས་ཀློང་དགུའི་བརྡ་རྟགས་བཅུད་དུ་སྨིན་པར་མཛད་དེ་ཐུགས་སྲས་རིག་འཛིན་གྱི་བརྒྱུད་པ་གྲུབ་པའི་གོ་འཕང་མཐོན་པོ་ལ་མངོན་པར་འཛེགས་པ་དུ་མ་ཞིག་གི་ཞལ་ནས་སྙན་དུ་བརྒྱུད་པ་ལས། འདིར་ད་ལྟ་ཁོ་བོ་ཅག་ཀྱང་གདམས་ངག་གི་སྣ་ཁ་མ་ལོག་ཅིང་བྱིན་རླབས་ཀྱི་ནུས་པ་མ་རྙིང་བའི་ཀློང་བྱང་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལྟ་བུ་དག་ནི་ངོ་མཚར་ཏོ་ཞེས་ཡི་རང་གི་མེ་ཏོག་འཐོར་བཞིན་པ་ཙམ་དུ་མཆིས་པའི་སྐལ་བཟང་འགའ་ཞིག་ལོངས་སྤྱོད་ཀྱི་ཁྱད་ནོར་དུ་སྤྱོད་ཅིང་གནས་སོ། །དེ་ལ་མན་ངག་ཟབ་མོ་འདིའི་གནད་རྒྱ་ཆར་བཤད་པས་གཏན་ལ་ཕབ་ན། གསང་སྔགས་བླ་ན་མེད་པའི་ཏནྟྲ་ཆེན་པོ་མཐའ་དག་གི་སྒྲོམ་ནས་འདོན་དུ་ཡོད་མོད་ཀྱི། རེ་ཞིག་རྩ་སྔགས་ཀྱི་ཡི་གེ་གསུང་ཕྱག་རྒྱ་ཟབ་མོའི་རྡོ་རྗེ་འབྲུ་བཅུ་གཉིས་པ་འདི་ཉིད་འབྲུ་ནོན་གྱི་རྣམ་པར་བཤད་པ་ཙམ་ཞིག་གིས་བསྟི་བསྟངས་སུ་བགྱི་ན། ཨོཾ་ཞེས་བྱ་བ་ནི། སྤྱིར་སྐུ་ལྔའི་དག་པ་བརྗོད་པའི་རྣམ་


TN02_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་དང་སྦྱར་བའི་གཏམ་དང༌། དེ་ཉིད་རིགས་པ་དང་མི་རིགས་པར་སྒྲུབ་པ་དང་འགོག་པའི་སྨྲ་བ་པོ་མང་དུ་བྱུང་བ་སོགས་ཡོད་དེ། མདོར་ན། རྡོ་རྗེ་རྩེ་མོའི་རྒྱུད་ལས་ཇི་སྐད་བཤད་པ་བཞིན་དུ། དགེ་ལེགས་སུ་བྱ་བ་དང༌། རབ་བསྔགས་ཀྱི་དོན་ཅན་གང་ཞིག །རྡོ་རྗེའི་གླུའི་སྣ་འདྲེན་ཡིན་ལ། པདྨོ་ཡོ་གི་ནི་ཞེས་པ་འདི་ནི། དཔལ་ནམ་མཁའ་ཆེ་ལས། འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང༌། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུས་ཉམས་ནི་དུ་མས་གར་མཛད་དོ། །ཞེས་དཔལ་ལྡན་འཕགས་པ་ལྟས་སྤྱོད་པ་བསྡུས་པའི་སྒྲོན་མར་ལུས་རྣམ་པར་དབེན་པའི་སྐབས་སུ་དྲངས་པ་ལྟར། དག་པ་དང་མ་དག་པའི་སྤྲོས་པ་རྒྱུ་དང་མི་རྒྱུའི་དངོས་སྣང་མཐའ་དག་མཆོག་ཏུ་མི་འགྱུར་བའི་འོད་གསལ་ཆེན་པོ་རང་རིག་པ་ཙམ་གྱི་རྣམ་རོལ་དུ་བསྟན་པ་ཡིན་ཏེ། སྣང་བ་ཐམས་ཅད་ཡུམ་ལྔའི་ཀློང༌། །སྲིད་པ་ཐམས་ཅད་མཁའ་འགྲོའི་དལ། །ཞེས་ནང་གི་ཕྲ་བ་མི་ཤིགས་པའི་རང་བཞིན་ཅན་གྱི་འབྱུང་བ་ལྔ་ནི། ངེས་དོན་གྱི་ཌཀྐི་རྣམ་པ་ལྔའི་དཀྱིལ་འཁོར་ཆེན་པོ་སྟེ། དེ་དག་ནི་བེམ་པོའི་ཁམས་སུ་གཏོགས་པ་མ་ཡིན་གྱི། ཤིན་ཏུ་ཕྲ་བ་དང༌། ཕྲ་བ་དང༌། རགས་པའི་ལུས་རྣམས་ཀྱི་དང་པོའང་ཡིན་ལ། རགས་པ་དང་ཕྲ་བའི་སེམས་དང༌། ཤིན་ཏུ་ཕྲ་བ་སྣང་གསུམ་གྱི་


TN02_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ལས་ཀྱང་རྣམ་པར་གྲོལ་བའི་གཉུག་མ་ཡེ་ཤེས་རྡོ་རྗེ་བདེ་བ་མཆོག་གི་འཁོར་ལོ་དང་རྣམ་པ་ཀུན་ཏུ་མི་ཕྱེད་པའི་བདག་ཉིད་ཁོ་ནར་ངེས་པའི་ཕྱིར། ལུས་ཤིན་ཏུ་ཕྲ་བ་དང༌། སེམས་ཤིན་ཏུ་ཕྲ་བའི་ཕྲ་བ་རོ་གཅིག་ཏུ་གྱུར་པ་སྟེ། སྲིད་པ་ལུགས་ལྡོག་གི་སྣང་བ་མཐའ་དག་ཀྱང་དེ་ལས་གཞན་ན། རང་དབང་དུ་གྲུབ་པའི་མཚན་མ་རྡུལ་ཙམ་ཡང་མེད་པ་ནི་གྲུབ་མཐའ་འདིས་གང་སྣང་དག་པ་རབ་འབྱམས་སུ་སྒྲུབ་པའི་མན་ངག་གི་ཆིངས་ཆེན་པོའོ། །དེ་ལྟ་ནའང་སྒྲིབ་བྱེད་ཀྱི་ཉེས་པ་དུ་མའི་གཞན་དབང་གིས། རྡོ་རྗེ་ཕྲེང་བའི་རྒྱུད་དུ། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གིས་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང༌། །ཞེས་བཤད་པ་བཞིན་དུ་རང་བཞིན་རྣམ་པར་དག་པའི་འོད་གསལ་གྱི་ཁམས་ལས། རྩ་ལ་སྡུག་ཀུན་སྲིད་པའི་སྣང་བ་མཐའ་དག་དང་བའི་ཆུ་ལས་ཆུ་བུར་ལྟར་གྲུབ་པ་ན། སྐྱེས་བུ་ཅང་ཤེས་པ། ཁྱུ་མཆོག་གླང་པོ་ཆེ་ལྟ་བུ་རྣམས་ནི་དང་པོ་ཁོ་ནར་སེམས་ཅན་རྣམས་ལ་སྒྱུ་མའི་རྣམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་ཉེ་བར་བཞག་སྟེ། སྤྲུལ་པ་སྒྱུ་འཕྲུལ་གྱི་རོལ་མོ་ཕྱོགས་དང་དུས་ཀྱི་མཐའ་ཀླས་པར་འབར་བས་འགྲོ་བ་མ་ལུས་པ། རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དང༌། །རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོག །ཅེས་གསུངས་པ་ལྟར། མི་སློབ་གྲུབ་པ་


TN02_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་ས་མཐོར་འགོད་པའི་ཐབས་མཁས་ཀྱི་སྒོ་མོ་ཟད་མི་ཤེས་པ་འདི་ལྟ་སྟེ། གཟུགས་སྐུ་སྒྱུ་འཕྲུལ་དྲྭ་བ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་ཆུ་ཟླ་དང་མིག་འཕྲུལ་ལྟ་བུའི་མཚན་ཉིད་ཅན་སྒོམ་པ་ལ་བརྟེན་ནས། རྡོ་རྗེ་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་ལུས་མངོན་དུ་བྱེད་དེ། ཚེ་གཅིག་ལུས་གཅིག་ལ་སྣང་གསུམ་གྱི་བག་ཆགས་ཆ་དང་བཅས་པ་ཡོངས་སུ་སྦྱོང་བ་དང༌། དག་པ་དང༌། ཤིན་ཏུ་དག་པའི་མཐར་ཐུག་པར་བྱེད་དོ། །དེའི་ཕྱིར་གཟུགས་སྐུ་སྒྱུ་འཕྲུལ་དྲྭ་བ་ལའང༌། སྤྲུལ་པའི་སྐུ་དང་ལོངས་སྤྱོད་ཆེན་པོའི་སྐུ་གཉིས་སུ་གནས་པ་ལྟར། ལམ་འདི་ལའང༌། དམ་ཚིག་གི་སྐུའི་རྣལ་འབྱོར་དང༌། ཡེ་ཤེས་ཀྱི་སྐུའི་རྣལ་འབྱོར་གཉིས་ཤིག་ཡོད་དེ། འདི་ལྟར་རྣལ་འབྱོར་པས། སྙིང་ལ་གནས་པའི་བདེ་སྟོང་གི་ཕག་མོ་བཛྲ་ཡོ་གི་ནིའི་རྩལ་སྣང་རགས་པ་དམ་ཚིག་གི་ཕྱག་རྒྱ་ཆགས་པ་ཆེན་པོའི་དམར་འོད་ཀྱི་གཟི་བྱིན་ཀུན་ནས་སྒེགས་པ། བདེ་ཆེན་གྲུབ་པའི་རྒྱལ་མོ་ཞེས་གྲགས་པ་འབར་བའི་ལྷར་སྣང་གི་ང་རྒྱལ་བརྟན་པ་ལ་བརྟེན་ནས། ཐ་མལ་གྱི་སྣང་བ་ཆོས་ཉིད་དུ་སྦྱོང་ཞིང༌། ཞེན་འཛིན་ཡེ་ཤེས་སུ་འགོག་པའི་ཏིང་ངེ་འཛིན་གྱི་དམིགས་པ་ཆེས་ཆེ་བ་ནི། པདྨའི་རིགས་ཀྱི་ཡོ་གི་ནི་སྟེ་རྣལ་འབྱོར་མ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཛྙཱ་ན་ཝ་ར་ཧི། ཞེས་པ་ནི། གཉུག་མ་མི་ཤིགས་པའི་རྡོ་རྗེ་གསུམ་པོ། །


TN02_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་ཕྲ་བའི་རྡུལ་གཟོད་ནས་གཞོམ་དུ་མེད་པས་ཆུའི་དྭངས་མ། མེ་རླུང་ཕྲ་བའི་ཁམས་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་མེ་ལོང་ལ་ཉི་མས་རེག་པའི་ངད་ལྟར་བདེ་དྲོད་དྭངས་མའི་ངོ་བོ་ཉིད་དང་བཅས་པ་སྐུ་རྡོ་རྗེ་དང༌། སྒྱུ་འཕྲུལ་ལས། ཨ་ནི་སྟོང་དང་མི་སྟོང་གི༌།དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་པའི་ངེས་དོན་གྱི་ཨ་ཡིག་རྡོ་རྗེ་རླུང་གི་ད་ལ་གསུང་རྡོ་རྗེ་དང༌། འཕོ་མེད་བདེ་སྟོང་གི་རིག་པ་ནང་གསལ་ཀ་ནས་དག་ཅིང་འཁྲུལ་རྟོག་ལས་རླུང་དུ་མའི་བཞོན་པ་དང་བཅས་པ་གཟོད་མ་ཉིད་ནས་གཞི་རྩ་མེད་པའི་ཆོས་ཉིད་དུ་སངས་པ་ནི་ཐུགས་རྡོ་རྗེ་སྟེ། གསུམ་དུ་ཕྱེ་བ་ལས། འདིར་ནི། ཇི་སྐད་དུ། ཕྱེད་ཚད་ཙམ་གྱི་ཕྲ་མོ་མཆོག །ཡིད་ཀྱི་དངོས་པོ་ཐིག་ལེའི་གཟུགས། །རྟག་ཏུ་སྙིང་གི་དབུས་གནས་པ། །འོད་ཟེར་ཆེན་པོ་འབར་བ་ཅན། །ཞེས་པ་ལྟར། སྐུ་རྡོ་རྗེ་གཉུག་མའི་གཟུགས་སྦྱང་གཞིར་གནས་པ་དེ་ཉིད། སྦྱང་བྱའི་དྲི་མ་མཐའ་དག་དང་འབྲལ་བའི་སླད་དུ། སྦྱང་འབྲས་རྣམ་ཀུན་མཆོག་ལྡན་གྱི་ཕག་མོའི་གཟུགས་སུ་ང་རྒྱལ་བྱ་བ་སྟེ། གང་ལ་བརྟེན་ནས་རྩ་ཨ་བ་དྷུ་ཏིའི་མདུད་རྒྱ་འབྲལ་བ་དང༌། ལས་རླུང་དབུ་མའི་སྦུབས་སྒྲོལ་བ་དང༌། ལྷན་ཅིག་སྐྱེས་པ་ནམ་མཁའི་གཟུགས་ཅན་དུ་སེམས་སྦྱོར་བ་ལ་སོགས་པ་རྡོ་རྗེའི་ལམ་གྱི་སྲོག་ཤིང་ཆེན་པོའོ། །དེ་ཉིད་ཀྱིས་ནི་གཟུགས་སྐུ་སྒྱུ་མའི་ཆོ་འཕྲུལ་གྱི་རྣམ་པ་ལམ་དུ་བྱ་བའི་དམིགས་པ་


TN02_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཟིན་ཏོ། །ཧཱུྃ་ཞེས་པ་ནི། སུ་ཞིག་སྲིད་དང་ཞི་བའི་ཁམས་ཐམས་ཅད་མཉམ་ཉིད་ནམ་མཁའི་རྡོ་རྗེར་ཡོངས་སུ་དག་པའི་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་གྱུར་པའི་ཁྱད་པར་ལས་ནམ་ཡང་འདའ་བ་མི་རྙེད་ཅིང༌། མི་སློབ་བླ་ན་མེད་པའི་བྲལ་སྨིན་གྱི་ཡོན་ཏན་རྒྱ་མཚོ་ལྷུན་གྱིས་གྲུབ་པའི་བདག་ཉིད། ཡེ་ཤེས་ཐམས་ཅད་ཀྱི་སྤྱི་གཟུགས་འོད་གསལ་བདེ་བ་ཆེན་པོའི་མཐར་ཕྱིན་པ་ཡོངས་སུ་མ་རྙེད་པ་དེ་སྲིད་དུ་ནི། སྒྱུ་འཕྲུལ་གཟུགས་སྐུའི་དཀྱིལ་འཁོར་སྤྲོ་བ་དང༌། རིགས་བརྒྱ་རང་སྣང་གི་ཆོ་འཕྲུལ་རྣམ་པར་སྣང་བའི་བྱེད་པོ་གདུགས་ཟླ་མ་མཆིས་པ། དཔལ་ལྡན་སྟོབས་བཅུའི་དབང་ཕྱུག་ཏུ་འགྱུར་བར་མི་སྲིད་པ་ཉིད་དེ། དེའི་ཕྱིར་ཆོས་ཀྱི་སྐུ་ལམ་དུ་བྱེད་པ་ལ། མངོན་བརྗོད་བླ་མ་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་པ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་གོང་དུ་བཤད་མ་ཐག་པའི་གཉུག་མའི་ཐུགས་རྡོ་རྗེ་ཉིད་ཐུགས་རྡོ་རྗེ་འབྲས་བུ་མཐར་ཕྱིན་པའི་ངོ་བོར་སྒོམ་པ་སྟེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་ཀྱང༌། གཉུག་མའི་ཕུང་པོ་དང་སྐྱེ་མཆེད་ཧཱུྃ་དུ་བསྒོམ་པའི་མན་ངག་བཤད་ལ། འདིར་ནི། གཉུག་མའི་ཕུང་པོའི་བྱེ་བྲག་པ་སེམས་རྡོ་རྗེ་གཉུག་མའི་ཏིལ་ཀ་མཚོན་བྱེད་དུ་བཞག་པ་སྟེ། བཾ་ཡིག་པདྨ་ར་ག་ལྟར་དམར་བ་འོད་གསལ་གྱི་ངོ་བོར་


TN02_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་དེ་ཉིད་ཀྱི་དོན་བཤད་པའི་ཕྱིར། ཡང་ཧཱུྃ་ཞེས་བསྟན་པའོ། །བཾ་གྱི་ངོ་བོ་ཉིད་ཧཱུྃ་ཡིག་གིས་ཇི་ལྟར་མཚོན་ན། ཇི་སྐད་དུ། ཧཱུྃ་ཡིག་ཡེ་ཤེས་ལྔ་ལྡན་གཞོམ་མེད་ཀྱི་ཐིག་ལེར། །ཞེས་དང༌། ཧཱུྃ་ཡིག་ཆ་ལྔས་མཚོན་པའི་རིགས་རྣམས་ཀྱི་ཁྱབ་བདག །ཅེས་ཧཱུྃ་གི་ཆ་ཤས་ཤིན་ཏུ་ལ་སོགས་པ་ལྔ་པོས་ཡེ་ཤེས་རྣམ་པ་ལྔ་དང༌། རིགས་རྣམ་པ་ལྔ་མཚོན་ཏེ། དེ་དག་དབྱེར་མེད་པའི་རང་བྱུང་གི་བདེ་བ་ནི་གཉུག་མའི་སེམས་སོ། །ཞེས་བསྟན་པ་སྟེ། དེ་ལྟར་ན། ཨོཾ་མགོ་འདྲེན། པདྨོ་ཡོ་གི་ནི་དམ་ཚིག་སེམས་དཔའི་སྙིང་པོ། །ཛྙཱ་ན་ཝ་ར་ཧི། ཡེ་ཤེས་སེམས་དཔའི་སྙིང་པོ། ཧཱཾཨུ་ཏིང་འཛིན་སེམས་དཔའི་མཚོན་བྱེད་དུ་བཞག་པའོ། །བླ་ན་མེད་པའི་རྣལ་འབྱོར་གྱི་ཚུལ་ཟབ་མོ་འདིའི་གནད་བྱང་ཇི་ལྟ་བ་བཞིན་དུ་རྟོགས་ན། སྣང་སྲིད་གདོད་ནས་ཡོངས་སུ་དག་པའོ་ཞེས་རང་གི་ངང་གིས་འཇུག་པར་འགྱུར་ཏེ། གསེར་བཞུ་བའི་མཉེན་པ་དང༌། ཆུ་བསྐོལ་བའི་ཚ་བ་བཞིན་དུ་བློ་བུར་གྱི་ཉེས་པས་སེམས་ཀྱི་དེ་ཁོ་ན་ཉིད་མི་གོས་པ་དང༌། གསེར་སྲ་བ་དང༌། ཆུའི་གཤེར་བ་ལྟར་འོད་གསལ་གཟོད་ནས་རྣམ་པར་གྲོལ་བའི་ཡེ་ཤེས་འབའ་ཞིག་བརྟན་གཡོ་ཐམས་ཅད་ཀྱི་ཡེ་གཞིར་རྟོགས་ནས་སྒྲོ་དང་སྐུར་བའི་སྤྲོས་པ་མ་ལུས་པ་དོན་དམ་ནམ་མཁའ་ལྟ་བུའི་ཀློང་ཆེན་པོར་ཞི་བའི་ཆོས་ཉིད་ཅན་དུ་འགྱུར་བ་ནི། སྔར་ཡང་མིང་ཙམ་ཞིག་སྨོས་ཟིན་ཏོ། །


TN02_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱེས་དཔའ་བོ་ཌཀྐིའི་རྒྱང་གླུ་རུ། །བླང་བའི་གྲགས་སྟོང་རྡོ་རྗེ་ནཱ་དའི་དབྱངས། །འགྲེལ་བྱེད་གཏམ་གྱི་ཟེག་མ་ཉུང་ཤས་ཞིག །ལྷན་སྐྱེས་དཔའ་མོ་དགྱེས་པའི་དཔྱིད་དུ་སྤྲོས། །ཞེས་པའང་ཆོས་འདི་ལ་རྒྱུ་མཚན་ཤེས་པའི་མོ་གུས་ཀྱི་སྣང་བ་ཕྲ་མོ་ཙམ་ཐོབ་པའི་རྡོ་རོང་གི་སྤྲང་པོ་འཇིགས་མེད་བསྟན་པའི་མིང་ཅན་གྱིས་ཇ་བར་ཞིག་ལ་བྲིས་པ་ཤིན་ཏུ་དགེ་བར་གྱུར་ཅིག། ༈ །།འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤིག །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།


previousཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་སྔགས་ཀྱི་འགྲེལ་བཤད།next