Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་ཡུམ་རྫོགས་རིམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་ཡུམ་རྫོགས་རིམ།next

ཚེ་ཡུམ་རྫོགས་རིམ།


TN02_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་རིག་འཛིན་སྐབས། འབྱུང་བ་བེམ་པོའི་ལུས་ཡེ་ཤེས་ཀྱི་མེས་སྦྱངས་ཞེས་མ་བཤད། སྙིགས་མའི་ལུས་སྦྱང་ཞེས་གསུངས་ཏེ། དྭངས་མ་ཟད་ནས་སྙིགས་མ་སྟོབས་འཕེལ་བ་ན་ན་རྒ་སོགས་སུ་འགྱུར་བ་བཞིན་སྙིགས་མ་འགྲིབ་ཅིང་དྭངས་མ་སྟོབས་འཕེལ་བ་ན་འཆི་མེད་དང༌། འཇམ་ཡང་ལ་སོགས་པའི་ཡོན་ཏན་དུ་འགྱུར་བར་ཚེ་སྒྲུབ་སྐོར་དུ་གསུངས་པས་དེ་ལྟར་སྙིགས་མའི་ཆ་ཟད་ནས་དྭངས་མ་སྟོབས་སུ་གྱུར་པའི་རྡོ་རྗེའི་ལུས་ཐོབ་པ་སྟེ་དེའང་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་འདི། དེ་ལྟར་ཆེད་དུ་མ་བསྒྲུབས་པར་བདེ་སྟོང་སྦྱོར་བའི་བདེ་བ་འབར་སྟོབས་ཀྱིས་སྙིགས་མ་སྦྱངས་ཤིང༌། དེ་སྟོབས་ཀྱིས་དྭངས་མ་ནུས་པ་འཕེལ་ཞིང་ཆེར་འབར། དེ་སྟོབས་ཀྱིས་རྒ་ཤི་མེད་པར་སོང་ནས། འཇིག་རྟེན་ཐམས་ཅད་ཀྱིས་མི་ཐུབ་པའི་ལུས་སུ་མི་ཤིགས་པའི་ལུས་ཐོབ་པའོ། །ཟག་ཟད་ཚེ་དབང་ཞེས་པར། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་པར་གསུངས་པ་ལ་ཆེས་འགྲིགས། འདི་ཡན་སྒྱུ་འཕྲུལ་སྐབས་སོ།། ༈ །།འཆི་མེད་མཁའ་འགྲོའི་ཚེ་ལམ་ཇི་ལྟ་བ་བཞིན་དུ་ཉམས་སུ་ལོང་ནུས་པའི་བརྩོན་འགྲུས་ཅན་གྱིས་འཆི་མེད་འགྲུབ་ཚུལ་ནི། རྫོགས་རིམ་སྐབས་རྡོ་རྗེ་ལུས་ཀྱི་གནད་ཆེ་སར་དམིགས་ཏེ། སྲིད་ཞིའི་དྭངས་མ་བཅུད་སྡུད་པའི་དམིགས་རིམ་བྱས་སྟོབས་ཀྱིས་གནས་དེར་བདེ་ཆེན་འཆར་ཏེ། དེ་ཤར་བ་ན་རྟོག་པ་རགས་པའི་སྤྲོ་བསྡུ་དང་བྲལ་


TN02_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བས་འབྱུང་ལྔའི་དྭངས་མ་བསྡུ་དམིགས་དངོས་བྱེད་པ་མེད་མོད། འོན་ཀྱང་དྭངས་བཅུད་བསྡུ་དམིགས་ཀྱི་དེ་མ་ཐག་རྐྱེན་ལས། དྭངས་བཅུད་དེ་དག་ཐམས་ཅད་ནང་བདེ་ཆེན་གྱི་ཐིག་ལེར་འདྲིལ་བའི་བདེ་ཆེན་དེ་ངའོ་སྙམ་པའི་སྣང་ཞེན་གྱི་ཤུགས་མ་ཉམས་པ་ནི་ཡོད་ལ། དེ་ནི་དོན་གྱིས་བདེ་ཆེན་དེས་རང་ཉིད་སྲིད་ཞིའི་དྭངས་བཅུད་མཐའ་དག་འདུས་པའི་ངོ་བོར་ང་རྒྱལ་བཞག་པར་སོང་ཡོད་ཅིང༌། དེ་སྐབས་བདེ་བའི་དབང་གིས་རླུང་ལས་སུ་རུང་ཡོད་པས། ང་རྒྱལ་བཞག་པ་ལྟར་ནུས་པ་ཐོན་སླའོ། །ལར་ཡང་རྫོགས་རིམ་པའི་བདེ་བ་དེ་སྐྱེ་སྐབས་རྩུབ་པ་དང་རེང་བ་དང་ལྕི་བའི་སྙིགས་མའི་རླུང་གི་ཆ་རྙིང་པ་དུ་མ་ཞིག་འགགས་ནས་དྷུ་ཏིར་འཇམ་པ་དང་མཉེན་པ་དང་ཡང་བ་དང་དང་བའི་རླུང་གསར་པ་དུ་མ་སྐྱེ་བ་ཞིག་ཡོད་ཅིང༌། སྐབས་འདིར་ནི་བདེ་ཆེན་དེ་བརྟན་གཡོའི་ཚེ་བཅུད་ཐམས་ཅད་འདུས་པའི་ང་རྒྱལ་གྱི་ཤུགས་ཆེས་ཆེ་བ་ལ་ཁྱད་པར་དུ་གནས་པའི་རྒྱུ་བསྒྲུབས་ཡོད་པས། དེའི་དབང་གིས་བདེ་བ་དེ་སྐྱེ་བ་ན་སྙིགས་མའི་རླུང་འགགས་སྟོབས་དང༌། དྭངས་མའི་རླུང་ངམ་ཡོན་ཏན་སྐྱེད་པའི་རླུང་གསར་པ་སྐྱེ་སྟོབས་གཞན་ལས་ཆེས་ཆེ་བ་ཞིག་ཡོད་ཅིང༌། རླུང་དང་འདྲ་བར་ཁམས་བདུད་རྩི་དཀར་དམར་གྱིའནག་རྒུད་པ་བྱང་ཚབས་དང༌། ཡོན་ཏན་གྱི་ནུས་པ་སྐྱེ་ཚབས་གཞན་ལས་ཆེའོ། །བདེ་བ་དེ་ལས་ལྡང་བ་ནའང་བདེ་བའི་མདངས་ལྷ་སྐུར་འཆར་བར་བྱས་པའི་སྒོ་ནས་སྔར་གྱི་ཚེ་ཡུམ་གྱི་སྣང་ཞེན་ལ་བོགས་


TN02_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བཏོན་ནས། ཡང་དྭངས་བཅུད་བསྡུ་དམིགས་བྱེད་དེ། དེ་ལྟར་མཉམ་རྗེས་འཁོར་ལོ་བསྐོར་བ་ལྟར་བསླབ་པས་རིམ་གྱིས་ལུས་ཀྱི་སྙིགས་མའི་ཆ་རྣམས་དག་ཅིང༌། དྭངས་མའི་ཆ་དང་དེའི་ཡོན་ཏན་རྣམས་ཇེ་དར་ཇེ་རྒྱས་སུ་སོང་སྟེ། མཐར་དྭངས་མ་འབའ་ཞིག་པའི་ལུས་བདེ་བའི་གཟི་བརྗིད་མི་ཤིགས་པས་འབར་བ་འགྲུབ་སྟེ། ལུས་ཀྱི་རྩ་བ་སེམས་ཡིན་པའི་ཕྱིར་རོ། །དེའི་ཚེ་ན་ནི་བརྟན་གཡོ་གཞན་རྣམས་བཅུད་དང་བྲལ་བར་མ་བྱས་ཀྱང༌། དེ་རྣམས་ཀྱི་བཅུད་ཐམས་ཅད་བཏུང་ནས་འཇུ་བ་དང་བྱེད་ལས་མཉམ་པ་ཞིག་ཡོང་སྟེ། མདོར་ན་དེ་འདྲའི་ལམ་ཚེའི་རྫོགས་རིམ་པའི་བདེ་བའི་ཡེ་ཤེས་དེ་ཉིད་ལ་ནུས་པ་དེ་འདྲ་འོང་བ་སྟེ། དེའི་ཕྱིར་ཚེ་བཅུད་བསྡུ་དམིགས་ཇི་སྙེད་བྱེད་པ་དེ་ཐམས་ཅད་མཐར་བདེ་ཆེན་ཡེ་ཤེས་ཀྱི་བཅུད་ལེན་ཁྱད་པར་བསྒྲུབ་པ་འདི་ལ་གཞོལ་ལོ། །མཁའ་འགྲོའི་གདམ་པ་འདི་འཕགས་མའི་སྙིང་ཏིག་སོགས་ཚེ་སྒྲུབ་ཁྱད་འཕགས་མང་པོར་ཚེ་བཅུད་བསྡུ་དམིགས་སྟོན་པ་ན་བཅུད་དེ་རྣམས་བསྡུས་པས་རྡོ་རྗེའི་ཚེ་ཐོབ་པར་གྱུར་རྐྱང་པ་མ་གསུང་པར། ཚེ་དང་བདེ་ཆེན་ཡེ་ཤེས་རྒྱས་པར་གྱུར་ཅེས་གསུངས་པའང༌། ཚེའི་དངོས་གྲུབ་དང༌། དེའི་འབྱུང་གནས་བདེ་ཆེན་གྱི་བཅུད་ལེན་གྲུབ་པར་གྱུར་ཞེས་པའོ། །བདེ་བས་རྟེན་བཅས་ཀྱི་དབང་པོ་རྒྱས་པ་ཙམ་གསང་འདུས་མཐའ་དཔྱོད་སོགས་སུའང་གསུངས་མོད། བདེ་བ་དེ་སྲིད་


TN02_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཞིའི་ཚེ་བཅུད་ཀྱི་ངོ་བོར་སྣང་ཞེན་སྦྱང་ཚུལ་སྒེར་དུ་མ་གསུངས་པས། བདེ་བ་བཅུད་ལེན་དུ་འགྲོ་ཚུལ་ཆེས་ཆེར་མི་མཚུངས་སོ། །ཞུ་བདེ་ཁྱད་པར་ཅན་གྱིས་ལུས་ཀྱི་དྭངས་མ་གསོ། དྭངས་མ་ནུས་པ་འཕེལ་བའམ་དྭངས་མའི་ཡོན་ཏན་འཕེལ་རིམ་བཞིན་སྙིགས་མ་སྐྱོན་སྐྱེད་པའི་ནུས་པ་བཅས་འགྲིབ་ཏུ་འགྲོ་བ་ནི། ནད་ཀྱིས་ཉེན་དུས་ལུས་ཀྱི་རྒུད་པ་ཇི་ལྟར་ལྷག་པ་དེ་ལྟར་ཡོན་ཏན་གྱི་ཆ་རྣམས་ཞན་དུ་འགྲོ་བ། དེ་གོ་བཟློག་ན་ཤེས་སོ། །དེ་འདྲ་དེ་ལ་སྙིགས་མ་དྭངས་མས་ཕྱུག་པ་ཞེས་བྱ་ཡི། བེམ་པོའི་ཆ་ཟད་ཟེར་བ་ཡིན་པས་དུས་འཁོར་བའི་ཏིང་འཛིན་གྱི་ཡན་ལག་དང་མི་བསྲེའོ། །རིམ་པ་དང་པོའི་དུས་སུའང་ཞུ་བདེ་ཡོད་ཅིང༌། ལྷན་སྐྱེས་ཀྱང་ཡོད་མོད། བསྐྱེད་རིམ་པའི་ཞུ་བདེ་དངོས་ལམ་བྱེད་མི་ནུས་ཀྱི་རིང་ལ། བདེ་བའི་བདུད་རྩི་དེའི་དོད་དུ་ཀུན་རྟོག་གི་རང་བཞིན་གྱི་ཏིང་ངེ་འཛིན་ཚེ་བཅུད་སྤྲོ་བསྡུའི་སྣང་ཞེན་ཅན་ཙམ་ལས་མེད་མོད་དེ། དེའི་ཚེ་རྫོགས་རིམ་པའི་རླུང་དང་ཐིག་ལེ་ལས་རུང་ལྟ་བུ་མེད་ཀྱང༌། དམིགས་པ་ཡིད་བྱེད་ཀྱི་ཁྱད་པར་དེས་རླུང་ཐིག་བྱིན་གྱིས་རློབས་པ་ཙམ་ནི་མི་འགལ་བར་མ་ཟད་ངེས་པར་ནུས་ཏེ་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་ལ་སེམས་ཀྱིས་དམིགས་ནས་བགྲང་བས་རླུང་རྟ་མི་རྒོད་ཅན་ཞི་བར་མཐོང་བ་དང་འདྲའོ། །རླུང་སེམས་འཇུག་པ་གཅིག་པས་རླུང་གི་ཁ་ལོ་སེམས་ཀྱིས་བྱེད་པ་ལྟར་རྣམ་ཤེས་ཀྱི་རྟེན་ཐིག་ལེ་


TN02_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་སོགས་ཀྱང༌། སེམས་ཆགས་པས་གཟིར་བ་ན་དེ་དག་སྐུལ་འོང་བའི་རིགས་པས་ཚུལ་འདྲའོ། །དེས་ན་རེ་བའི་ཟས་དང༌། ཏིང་ངེ་འཛིན་གྱི་རྒྱས་པ་དང༌། གསང་འདུས་མདོར་བྱས་ལས་ལུས་བརྟས་པའི་ཆོ་ག་གསུངས་པ་སོགས་ལྟར་སྲིད་ཞིའི་ཚེ་བཅུད་ཀྱིས་ལུས་རགས་པ་དང༌། ཕྲ་མོ་རྩ་ཐིག་རླུང་གསུམ་ཐམས་ཅད་ཚིམ་པར་བསྒོམ་པས་སེམས་ཚིམ་ནུས་པ་ན་དེའི་རྟེན་གྱི་ཐིག་ལེ་དང་རླུང་ཡང་རིམ་གྱིས་ཚིམ་པར་འགྱུར་ཞིང༌། ཡོན་ཏན་སྐྱེད་པའི་མཐུ་གསོ་བར་བྱེད་པས་ལུས་ཀྱི་མར་མེ་ཏིང་ངེ་འཛིན་གྱི་ཞུན་མར་གྱིས་གསོ་བ་ཡིན་ལ། དེའི་གྲོགས་སུ་ལྷས་དགོངས་པར་འགྱུར་བའི་ཐབས་ཀྱི་བཟླས་པ་སོགས་བྱེད་དོ། །ལེགས་སོ། །


previousཚེ་ཡུམ་རྫོགས་རིམ།next