Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་ཡུམ་ཀའི་དབང་གི་མཚམས་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་ཡུམ་ཀའི་དབང་གི་མཚམས་སྦྱོར།next

རིག་འཛིན་ཡུམ་ཀའི་དབང་གི་མཚམས་སྦྱོར།


TN02_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཡུམ་ཀའི་དབང་གི་མཚམས་སྦྱོར་མུ་ཏིག་གི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །


TN02_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཡུམ་ཀའི་དབང་གི་མཚམས་སྦྱོར་མུ་ཏིག་གི་ཆུན་པོ་ཞེས་བྱ་བ། །དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་རྡོ་རྗེ་བཙུན་མོ་ནི། །མི་འགྱུར་བདེ་བའི་ཡེ་ཤེས་ཀྱི། །འབྱུང་གནས་ཆེན་པོར་ངེས་པས་འདུད། །དེའང་གཞུང་རྩ་བ་ལས། ཆོ་ག་གཅིག་གིས་བྱིན་རླབས་དང་ཿ རྗེས་གནང་དབང་བསྐུར་གསུམ་རྫོགས་པཿ དམ་ཚིག་འཆལ་བར་མི་གཏོང་ཞིང་ཿ ཉམས་སུ་ལེན་པའི་གང་ཟག་ལསཿ གཞན་དུ་སྤེལ་ན་བཀའ་ཆད་འབྱུང་ཿ ཞེས་ཤིན་ཏུ་ཟབ་ཅིང་གཉན་པར་གསུངས་པའི་ཡུམ་ཀ་བདེ་ཆེན་རྒྱལ་མོའི་དབང་གི་ཆོ་ག་བསྒྲུབ་པ་ལ། སྦྱོར་བ་ཡོ་བྱད་ཀྱི་ཤོམ་སོགས་བདག་འཇུག་དབང་དོན་རབ་གསལ་ལས་འབྱུང་བས་ཤེས་ཤིང༌། དངོས་གཞིའི་བུམ་པ་བསྐྱེད་བཟླས་སྐབས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་


TN02_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བདེ་སྐྱོང་གི་གཞལ་མེད་ཁང་ཆེན་པོར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འཁོར་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་རང་སྣང་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་མའི་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿ གཉིས་སུ་མེད་པར་གྱུར། ཛཿཧཱུྃ་བཾ་ཧོཿབཛྲ་ཛྙཱ་ན་་ནི་པུཥྤེ་སོགས། དེ་དག་བསྔགས་པ་མི་ཟད་སོགས་ཀྱིས་བསྟོད། རང་གི་ཐུགས་ཀ་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ་དེ་རྣམས་ཀྱི་སྐུ་ལས་ཡེ་ཤེས་


TN02_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཞེས་དམིགས་ལ་བཟླས་བརྗོད་གང་མང་བྱ། ལས་བུམ་དུ་དཔལ་རྟ་མཆོག་རོལ་པ་ཐོད་དབྱུག་དང་སྡིགས་མཛུབ་མཛད་པ་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར་བའི་མོས་པས་ལས་སྔགས་བརྒྱ་རྩ་སོགས་བཟླ། རྗེས་ལ་སྔར་ལྟར་མཆོད་བསྟོད་དང༌། རྒྱལ་བ་ཀུན་གྱི་སོགས་ལས་ལྷ་ལའང་མཆོད་བསྟོད་ཕུལ། ཨོཾ་ཨཱཿཧཱཾཨུ་ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་ལྷ་འོད་དུ་ཞུ་ནས་བུམ་བཅུད་དང་རོ་གཅིག་ཏུ་གྱུར། ཞེས་འོད་ཞུའི་མཐར། བདག་འཇུག་ལེན་པའམ་རིག་མེ་དོར་བ་གང་རིགས་དང༌། ཚོགས་ཀྱི་མཆོད་པའང་ངེས་པར་བྱའོ། །དེ་ནས་དབང་གི་བྱ་བ་དངོས་ལ་འཇུག་པ་ནི། སྔོན་དུ་རིག་འཛིན་ཡབ་ཀའི་དབང་བཞི་རྫོགས་པར་ཐོབ་པའི་རྡོ་རྗེའི་སློབ་མ་བདུན་ནམ་ཉེར་གཅིག་ལས་མི་མང་བ་འཁོད་པ་ལ། ཕྱི་རོལ་དུ་ཁྲུས་བྱ། བགེགས་བསྐྲད། བསྲུང་བའི་འཁོར་ལོ་བསྒོམ་པ་རྣམས་གྲུབ་ནས། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐའ་གཉིས་ལ་མི་གནས་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མཆོག་གི་བྱིན་རླབས་ཐུན་མོང་མ་ཡིན་པ་ནོད་དེ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཚུལ་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པའི་ཡིད་ཀྱིས་གསན་པར་ཞུ། གང་གསན་པར་བྱ་བ་ནི།


TN02_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་མངའ་བས་སངས་རྒྱས་སྒྲུབ་པའི་ཐབས་ཚུལ་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པའི་ནང་ནས་མཆོག་ཏུ་གྱུར་པ་ནི་སྙིགས་དུས་ཀྱི་ཚེ་ཐུང་ངུ་གཅིག་གིས་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་གཅིག་སློབ་པ་མིན་པའི་ཟུང་འཇུག་ཏུ་མཚམས་སྦྱོར་བར་བྱེད་པ་བླ་མེད་རྣལ་འབྱོར་ཆེན་པོའི་ལམ་གྱི་གསང་བ་འབའ་ཞིག་ཡིན་ཅིང་གསང་སྔགས་ཀྱི་ཆོ་ག་གཞན་ལས་སྒྲུབ་ཏུ་མི་ནུས་པའི་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཆེན་པོ་རྣམས་ཀྱང་ལམ་འདིས་དཀའ་བ་མེད་པར་འགུག་ནུས་པ་དེ་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ལས་བྱུང་བའི་ཐབས་དང་ཤེས་རབ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་རག་ལས་པར་?ཟིགས་ནས་བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ཀྱི་སྐུ་གང་འདུལ་དེར་སྣང་གི་རྣམ་པར་འཆར་བ་དེ་ཉིད་མཁའ་སྤྱོད་དང་ས་སྤྱོད་ཀྱི་འཇིག་རྟེན་སོགས་ཧེ་རུ་ཀའི་གྲོང་ཁྱེར་ཆོས་ཀྱི་དབྱིངས་རྒྱ་མཚོར་འབྱམས་ཀླས་པ་རྣམས་སུ་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་དང་མཉམ་པའི་རྣལ་འབྱོར་མ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་མཐའ་ཡས་པའི་གཟུགས་ཀྱིས་ལྷན་ཅིག་སྐྱེས་པའི་དེ་ཉིད་མཚོན་པ་ལ་བརྟེན་ནས་གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པའི་དཔའ་བོ་རྒྱ་མཚོའི་རྡུལ་སྙེད་


TN02_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ས་ལ་དབུགས་འབྱིན་པར་མཛད་པ་ལས་རེ་ཞིག་གངས་ལྡན་གྱི་རི་བོའི་འགྲམ་འདིར་རྡོ་རྗེ་དབྱངས་ཅན་མ་མི་མོའི་ལུས་སུ་སྲིད་པ་བཟུང་སྟེ། རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་མཆོག་གི་ཡེ་ཤེས་སྦྱིན་པ་དང༌། གདུལ་བྱ་ཐ་མལ་པ་རྣམས་ཀྱང་གྲོལ་བ་བཞི་ལྡན་གྱི་སྐུས་རྗེས་སུ་བཟུང་བ་དང༌། མ་འོངས་ཕྱི་མ་ཕྱི་མའི་དུས་ལ་དགོངས་ཏེ་མཚོ་དང་གངས་བྲག་ཐམས་ཅད་ཆོས་ནོར་དམ་རྫས་ཀྱི་གཏེར་ཁས་ཕྱུར་བུར་དགངས་པ་སོགས་སྐད་ཅིག་དང་བསྐལ་བ་མཉམ་པའི་རྣམ་པར་ཐར་པ་རྒྱ་མཚོའི་མཐུ་བསྟན་ནས། སླར་ཡང་ལུས་མ་སྤང་བར་འདོད་དགུར་བསྒྱུར་བའི་གཟུགས་ཀྱིས་རིག་པ་འཛིན་པའི་ཞིང་ནས་ཞིང་དུ་རྒྱུ་ཞིང་ཡེ་ཤེས་དང་འཇིག་རྟེན་གྱི་རྣལ་འབྱོར་མ་འབུམ་ཕྲག་ཡངས་པའི་ཚོགས་རྗེར་བཞུགས་པ་ནི། རྒྱལ་བའི་དབང་པོ་ཀུན་མཁྱེན་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་སྣང་ཇོ་མོའི་བྱིན་རླབས་ཟུང་འཇུག་རྣམ་རོལ་ལས། དོན་གྱི་རྣལ་འབྱོར་ཡེ་ཤེས་ང་ཉིད་ཡིན། །ཉི་ཤུ་རྩ་བཞིའི་ཡུལ་ཀུན་རྟག་ཏུ་རྒྱུ། །འདི་ནས་ནུབ་ཕྱོགས་ཟངས་མདོག་དཔལ་རིན། །སྲིན་པོ་འདུལ་བའི་ཆོ་འཕྲུལ་ཅིར་ཡང་སྟོན། །ཞེས་གསུངས་པ་ལྟར་ཇོ་མོ་མཁར་ཆེན་བཟའ་བདེ་ཆེན་


TN02_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཚོ་རྒྱལ་ཡིན་ལ། དེ་ལྟ་བུའི་དོན་གྱི་དབང་ལ་དགོངས་ནས་རྣལ་འབྱོར་མ་ཆེན་མོ་འདིའི་སྒྲུབ་ཐབས་ཆ་ལག་དང་བཅས་པ་སྤྲུལ་པའི་སྐུ་གུ་རུ་ཆོས་ཀྱི་དབང་ཕྱུག་དང་རིག་འཛིན་རཏྣ་གླིང་པ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་དུ་མས་གཏན་ལ་ཕབ་ཅིང་ཐུགས་ཉམས་སུ་བསྟར་བ་ལས། འདིར་ནི་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་སྔ་ནས་ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་༔ ཞེས་བསླུ་མེད་རྡོ་རྗེའི་གསུང་གིས་ལུང་བསྟན་པ་རྒྱལ་སྲས་མཆོག་གྲུབ་རྒྱལ་པོའི་རྣམ་འཕྲུལ་གཏེར་སྟོན་གྱི་སྐྱེ་བ་བཅུ་གསུམ་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པའི་ཟབ་གཏེར་གྱི་གསང་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེ་སྟེ། གྲུབ་པའི་སློབ་དཔོན་ཉིད་ཀྱི་གསུང་ལས། སྐུའི་དབེན་གནས་་སོགས་ནས་་རྒྱ་ཁྲོལཿ ཞེས་བཀའ་སྩལ་པའི་ཆོས་བདག་གཏད་རྒྱའི་བརྒྱུད་པ་ནས། བརྩམས་ཏེ་ད་ལྟའི་བར་དུ། དབང་གི་ཆུ་བོ་མ་ནུབ་ཅིང༌། བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ་བའི་མཁའ་འགྲོའི་ཁ་རླངས་ཀྱི་ངད་པ་ཐོ་ལེར་བྱུང་བ་དབྱིངས་ཡུམ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་


TN02_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བརྟེན་ནས། མངོན་པར་དབང་བསྐུར་བ་སྐབས་སུ་བབ་པ་ཡིན། དེ་ཡང་སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་སོགས་སྔོན་དུ་ལེགས་པར་གྲུབ་ནས་སློབ་མ་ལ་བྱ་བ་ཡིན། དེ་ལའང་མཎྜལ་དབུལ་ཞིང་གསོལ་བ་གདབ་པ་སོགས་སྔོན་དུ་འགྲོ་དགོས་པས་ཐོག་མར་བླ་མ་དང་ཁྱབ་བདག་རྡོ་རྗེ་བཙུན་མོ་ཞལ་མི་གཉིས་པའི་སྤྱན་སྔར་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་རི་རབ་གླིང་བཞི། ལྷ་མིའི་ལོངས་སྤྱོད་མ་ཚང་བ་མེད་པའི་རྣམ་པར་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྤྲད་ལ་མཎྜལ་ཕུལ། དེ་ནས། སྔོན་ཆད་དཀྱིལ་འཁོར་གྱི་སྒོ་འདིར་མ་ཞུགས་པའམ་ཞུགས་ཀྱང་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་མིག་དར་དམར་པོ་རེ་གདོང་གཡོགས་པའི་མོས་པ་མཛོད། ཙཀྵུ་བནྡྷ་སོགས་ཀྱིས་མིག་རས་དང༌། དཀྱིལ་འཁོར་བ་དང་མཇལ་བའི་ཚེ་ཕྱག་རྟེན་གྱི་སླད་དུ། མཆོག་གི་མེ་ཏོག་ཁ་དོག་ལྔ་པའི་ཆུན་འཕྱང་ཆེན་པོ་རེ་ཡང་ཐོགས་པའི་མོས་པ་མཛོད། ཨ་ཁཾ་ཝཱི་རས་མེ་ཏོག་དང༌། འདི་གཉིས་ལོ་རྒྱུས་ཀྱི་གོང་དུ་བྱ་བའང་བདག་འཇུག་གི་དགོངས་པར་མཐུན་ནོ། །སླར་ཡང་ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་


TN02_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ། ཚོགས་གསོག་པའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ་རྣམ་དབྱེར་མ་མཆིས་པ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ངོ་བོར་བཞུགས་པའི་སྤྱན་སྔར་ཉེ་ལམ་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ཡན་ལག་བརྒྱད་ཀྱི་ཐབས་མཁས་ལ་བརྟེན་ནས་བསྐལ་པ་རྒྱ་མཚོའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མིག་འཕྲུལ་ལྟ་བུར་ཟླུམ་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། སླར་ཡང་ཁྱེད་རང་རྣམས་ཀྱི་རྒྱུད་རིག་པ་འཛིན་པའི་སྡོམ་ལྡན་དུ་བྱ་བའི་སླད་དུ་སྔར་གསལ་བཏབ་པའི་ཚོགས་ཞིང་དང་སློབ་དཔོན་གཉིས་དབང་པོར་བྱས་ཏེ། དམིགས་པར་བྱ་བའི་ཡུལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སྒྲུབ་པར་བྱེད་པའི་ཐབས་རིགས་ལྔའི་དམ་ཚིག་ཚུལ་བཞིན་དུ་བཟུང་ནས། གྲུབ་པའི་འབྲས་བུ་མཐའ་གཉིས་ལ་མི་གནས་པའི་ཟུང་འཇུག་གི་གོ་འཕང་ཐོབ་པར་བགྱིའོ་སྙམ་དུ་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་བ་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་སོགས་ལན་གསུམ། དེ་ནས། རིག་པ་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད་སློབ་དཔོན་


TN02_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སོགས་ཡེ་ཤེས་དབབ་པ་དཀྱུས་བཞིན་བྱ། དེའང་རྡོ་རྗེ་གསུམ་གྱི་ཕེབས་རྟགས་མ་འབྱུང་ན་སྤོགས་ཆོག་གི་སྒོ་ནས་དབབ་པ་དང༌། སྔོན་དུ་སློབ་དཔོན་གྱིས་བསྙེན་པའི་སྐབས་སུ་སྔགས་འབུམ་ཕྲག་བཟླ་ཚུལ་དགོངས་འདུས་་སྤྱི་རྒྱུད་ནས་གསུངས་པ་སོགས་གཞན་དུ་ཤེས་དགོས། མེ་ཏོག་འཐོར་བའི་སྐབས། སྔར་གཏད་པའི་རིན་པོ་ཆེའི་མེ་ཏོག་གི་ཅོད་པན་དེ་ཉིད་དཀྱིལ་འཁོར་གྱི་གཙོ་མོའི་དབུ་གཙུག་ཏུ་བཅིང་བར་མོས་ལ་སྔགས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་ལྟོས་མེད་དུ་འདོར་བར་ཞུ། པྲ་ཏིཙྪ་བཛྲ་ཧོཿ སྔགས་ཀྱིས་འབུལ་དུ་གཞུག་ཅིང་དངོས་གྲུབ་ཀྱི་མཚན་མ་བརྟག །དེ་ལྟར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་གནས་བསྒྱུར་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བསྩལ་བའི་མོས་པ་མཛོད། པྲ་ཏིཙྪ་བཛྲ། པྲ་ཏིགྷྲྀ་ཎ་སོགས་བརྗོད་ཅིང་སྤྱི་བོར་བཞག །སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཆེན་པོའི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་ཕྱུང་སྟེ་ཁྱེད་རང་རྣམས་ཀྱི་མ་རིག་པའི་ལིང་ཏོག་དང་མིག་དར་དུས་མཉམ་དུ་བསལ་བའི་མོས་པ་མཛོད། ཙཀྵུ་པྲ་བེ་ཤ་ཡ་ཕཊཿ ཅེས་བརྗོད་པས་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་ཡེ་ཤེས་ཀྱི་སྣང་ཆ་ལས་གྲུབ་པའི་འོག་མིན་གསང་བ་མཆོག་གི་ཞིང་དང་གཞལ་མེད་ཁང་ཟླ་གམ་སྒོ་གཅིག་པ་བདེ་བ་ཆེན་པོའི་ཆོས་འབྱུང་གིས་མཚན་པའི་དབུས་སུ། སྐུ་གསུམ་ཕོ་ཉའི་དབང་ཕྱུག་མ་བདེ་


TN02_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཡེ་ཤེས་ཀྱི་རྒྱལ་མོ། །སྐུའི་དབྱིངས་ལ་གདན་གསུམ་ཚང་བའི་དཀྱིལ་འཁོར་རྫོགས་ཤིང༌། རིག་རྩལ་དག་པའི་དཔའ་བོ་དང་རྣལ་འབྱོར་མ་འབུམ་སྡེའི་དབུས་ན་དགྱེས་དགུར་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྟེན་དང་བརྟེན་པར་བཅས་པ་ཕྱི་ནང་གསང་གསུམ་དབྱེར་མེད་དུ་མཐོང་བའི་མོས་པ་མཛོད། ཅེས་མཐོང་བ་བསྟན། དེས་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོས་རྣམས་གྲུབ་ནས་སླར་ཡང་དངོས་གཞིའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་སོགས། ཞེས་གསོལ་བ་བཏབ་པས་བླ་མ་རྡོ་རྗེ་རྣལ་འབྱོར་མའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྲོས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་འབུམ་དུ་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་གར་མིག་འཕྲུལ་ལྟར་བསྒྱུར། ཁྲོ་བོ་རྣམས་ཀྱིས་དྲག་ཤུལ་གྱི་རོལ་པ་དུ་མས་བགེགས་རྣམས་རྒྱང་དུ་བསྐྲད་དེ། རིག་པའི་ལྷ་མོ་རྣམས་ཀྱིས་བདེ་སྐྱོང་གི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་སྤྱི་བོར་བཞག་ཅིང་རྡོ་རྗེ་གཏོར་བླུགས་ཀྱི་ཆོ་གས་རྗེས་སུ་བཟུང་བའི་མོས་པ་མཛོད།


TN02_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ། །གསང་སྔགས་དམ་ཚིག་སོགས། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང༌། དྲི་མ་དག །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་གྲུབ་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སྨིན་པར་བྱས། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་ཐིམ་པར་གྱུར། དེས་ལུས་ཀྱི་སོགས། བཞག་པ་ཡིན་ནོ། །དབང་གཉིས་པའི་སླད་དུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་དཔའ་བོ་དང་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཐུགས་ཀར་རྗེས་སུ་ཆགས་པའི་མེས་ཞུ་སྟེ། བྱང་ཆུབ་སེམས་ཀྱི་རྒྱུན་མུ་ཏིག་གི་མདངས་སུ་ཆགས་པ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོན་པ་ཉིད་ལྕེ་ཐོག་ཏུ་བཞག་པ་ལ་བརྟེན་ནས་ཆན་ལ་ཕབ་ཀྱིས་ཐེབ་པ་བཞིན་དུ་རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་བདེ་བ་ཆེན་པོའི་ཏིང་འཛིན་མུ་མཐའ་མེད་པས་ཁྱབ་སྟེ་རྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། ཧོ་བྱང་ཆུབ་སེམས་ཀྱི་སོགས། བཟླས་ལུང་ནི། མདུན་བསྐྱེད་གཙོ་མོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་དམར་པོ་ལུ་གུ་རྒྱུད་དུ་བྱུང༌། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་མཐར་གཡོན་


TN02_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་དུ་འཁོར་བས་བཅོམ་ལྡན་འདས་མའི་གསུང་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་བྱུང་སྙམ་པའི་མོས་པ་དང་བཅས་ཏེ་རྩ་བའི་རིག་པ་ལན་གསུམ་རྗེས་ཟློས་མཛོད། ཨོཾ་པདྨོ་ཡོ་གི་སོགས་གསུམ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་གིས་སོགས་དཀྱུས་བཞིན། དེས་ངག་གི་ལས་དང༌། སོགས། དབང་གསུམ་པའི་སླད་དུ། བླ་མ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀ་ནས་རྡོ་རྗེའི་རིག་མ་གཟུགས་དང་ལང་ཚོར་ལྡན་ཞིང་འདོད་པའི་སྒྱུ་རྩལ་གྱི་གནས་ལ་མཁས་པ་ཞིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྤྲོས་ཏེ་ཐར་པ་བརྟེན་པ་ལ་བསྐུལ་བར་གྱུར། ཧོ་ཡེ་ཤེས་རྣམ་པ་སོགས་སྐབས་འདིར་སློབ་མ་མཁའ་འགྲོར་གསལ་བདེ་ཉིད་མཚོ་སྐྱེས་ཧེ་རུ་ཀའི་རྣམ་པར་བསྒྱུར་བ་བླ་མའི་ཕྱག་བཞེས་ཡིན་ཅིང༌། ཨ་ཧོ་མ་ཧཱ་སུ་ཁཱཿ ཞེས་རོལ་པ་ཆེན་པོའི་དམ་ཚིག་གིས་བསྐུལ་ནས་གཏད་པའི་རིག་མ་དང་ལྷན་ཅིག་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱར་བས་ལས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་ཐིམ་སྟེ། བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་བརྟན་པར་བྱས། དེས་ཡིད་ཀྱི་ལས་དང༌། སོགས། དབང་བཞི་པའི་སླད་དུ། བླ་མ་རྡོ་རྗེ་རྣལ་འབྱོར་མའི་ཞལ་ནས་སྒྲ་བརྙན་ལྟ་བུའི་རྡོ་རྗེའི་


TN02_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་སྙན་ཅིང་འགྱུར་བ་བྱུང་སྟེ། མངོན་པར་དབུགས་དབྱུང་བའི་མོས་པ་མཛོད། ཧོ་སྒྲ་ནི་གྲགས་སོགས། ཞེས་ངོ་སྤྲོད་པ་ལ་བརྟེན་ནས་ཚིག་དང་དཔེ་ཡིས་མི་མཚོན་པའི་རང་བཞིན་ལྷན་ཅིག་སྐྱེས་པ་གཉུག་མའི་དེ་ཁོ་ན་ཉིད་སོ་སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བར་མོས་ལ་དེའི་ངང་དུ་ཅུང་ཟད་རེ་མཉམ་པར་འཇོག་མཛོད། དེས་ཀུན་གཞིའི་ལས་དང་སོགས་དག་པ་བརྗོད། མཐའ་རྟེན་ཤིས་པར་བྱ་བའི་སླད་དུ། གདུགས་དང་གསེར་ཉ་སོགས། སླར་ཡང་ཁྱེད་རང་རྣམས་དབང་སྟེགས་སེང་གེའི་ཁྲིལ་སྲིད་ཞིའི་དཔལ་གྱིས་འབྱོར་པ་ཆེན་པོས་མདུན་བདར་ཏེ་འཁོད་པ་ལ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་ཤིས་བརྗོད་བདེན་ཚིག་གི་གླུ་དབྱངས་སྙན་པར་སྒྲོགས་ཤིང་མེ་ཏོག་མནྡ་ར་བའི་ཆར་སིལ་མར་སྙིལ་བས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཡེ་་སོགས་ཤིས་བརྗོད་རྒྱས་པར་བྱ། དེས་དབང་གི་དངོས་གཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པ་ལགས་པས་གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ལ་གཅེས་སྤྲས་སུ་བྱ་བའི་སྒོ་ནས་ཚུལ་བཞིན་དུ་སྲུང་ངོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། དབང་བཞི་རྫོགས་པའི་སོགས། གཙོ་བོའི་ཇི་ལྟར་


TN02_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལན་གསུམ། རྗེས་ལ་དགེ་བ་བསྔོ་ཞིང་མཇུག་གི་ལས་རིམ་རྣམས་མཐའ་རྒྱས་སུ་བྱ་ལ། བདག་འཇུག་གི་སྐབས་སུའང་མོས་པ་མཛོད་ཅེས་པ་དང་ཁྱེད་རང་རྣམས་ཞེས་པ་ཚིག་ཕྲད་བསྒྱུར་བས་འགྲུབ་ཅིང་རྗེས་ལ་ཚོགས་འཁོར་བྱ་བ་དབང་དོན་རབ་གསལ་གྱི་དགོངས་པ་ཡིན་ནོ། །སངས་རྒྱས་པདྨའི་རང་ལུགས་དང༌། །མཐུན་པར་སྦྱར་བའི་འབེལ་གཏམ་འདིས། །རིག་པ་འཛིན་རྣམས་དགའ་སྐྱེད་ཅིང༌། །འགྲོ་ཀུན་རྡོ་རྗེ་བཙུན་མོར་ཤོག །རིག་འཛིན་ཡུམ་ཀའི་དབང་གི་མཚམས་སྦྱོར་མུ་ཏིག་ཆུན་པོ་ཞེས་བྱ་བ་ཀུན་མཁྱེན་བརྒྱུད་པའི་རང་ལུགས་ལ་དད་པའི་སྣང་བ་བརྟན་པ་རྡོ་ཤོད་ཀྱི་སྨྱོན་པ་འཇིགས་མེད་བསྟན་པའི་ཉི་མས་རང་ལོ་ཉེར་གསུམ་པ་ལ་འཆི་མེད་དགའ་བའི་ཚལ་དུ་བྲིས་པ་དགེ་ཞིང་བཀྲ་ཤིས།། ༈ །།


previousརིག་འཛིན་ཡུམ་ཀའི་དབང་གི་མཚམས་སྦྱོར།next