Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་ཀྱི་ཆོ་ག་འཆི་མེད་གྲུབ་པའི་ཤིང་རྟ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་ཀྱི་ཆོ་ག་འཆི་མེད་གྲུབ་པའི་ཤིང་རྟ།next

ཚེ་སྒྲུབ་ཀྱི་ཆོ་ག་འཆི་མེད་གྲུབ་པའི་ཤིང་རྟ།


TN02_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཡེ་ཤེས་དམ་པའི་སྐུ་མཆོག་ནི། །འཆི་བདུད་ཉེས་པ་འཇོམས་པའི་རལ་གྲི་སྟེ། །འཆི་བྱེད་མ་རིག་རྒུད་པའི་གཡུལ་ངོ་ཆེ། །འཆི་མེད་ཞི་བར་སྒྲོལ་ལ་ཕྱག་འཚལ་ལོ། །འདིར་གུ་རུ་ཉི་མ་འོད་ཟེར་གྱི་རྣལ་འབྱོར་ལ་བརྟེན་པའི་ཟབ་མོ་ཚེའི་སྒྲུབ་པ་བྱ་བར་འདོད་


TN02_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཐོག་མར་སྐྱབས་སེམས་ནི། བདག་གཞན་འགྲོ་ཀུན་སྲིད་ལས་རྣམ་གྲོལ་ཞིང༌། །འཆི་མེད་རྟག་པ་དམ་པའི་ས་བསྒྲུབ་ཕྱིར། །ཚེ་དབང་རིག་འཛིན་ལྷ་ལ་སྐྱབས་མཆི་ཞིང༌། །སངས་རྒྱས་ང་རྒྱལ་ཆེན་པོའི་ཏིང་འཛིན་བསྒོམ། །ལན་གསུམ། དངོས་གཞི་བསྒོམ་བཟླས་ནི། དག་པའི་ཆོས་ཉིད་རང་བཞིན་མ་བཅོས་པ། །ཀུན་སྣང་འཆི་བ་མེད་པའི་ཡེ་ཤེས་ཆེར། །ཟུང་འཇུག་སེམས་ཀྱི་རྡོ་རྗེ་གཉུག་མའི་སྲོག །ཧྲཱིཿཡིག་མི་ཤིགས་ཐིག་ལེར་སྦྱར་བ་ལས། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འོད་ཟེར་སྤྲིན། །ནམ་མཁའ་གང་བའི་སྤྲོ་བསྡུ་མི་ཟད་པས། །རྒྱལ་བ་ཀུན་མཉེས་འགྲོ་བའི་དོན་བྱས་ཏེ། །ཞུ་བའི་བདེ་ཆེན་ལྷན་སྐྱེས་ནམ་མཁའི་གཟུགས། །བདེ་མཆོག་སྒྱུ་མ་སྐུ་ཡི་ཟློས་གར་ནི། །རང་བཞིན་རྣམ་དག་འདབ་སྟོང་གེ་ས་རར། ཁུ་རྡུལ་དག་པ་ཉི་ཟླའི་གདན་སྟེང་དུ། །ཡེ་ཤེས་ཉི་མ་འོད་ཟེར་བརྒྱ་པའི་སྐུ། །ཞལ་གཅིག་རྗེས་ཆགས་ཅིར་ཡང་བཞད་པའི་ཉམས། །ཕྱག་གཉིས་ཚེ་འཛིན་པདྨོའི་མྱུ་གུ་དང༌། །འཆི་མེད་བདུད་རྩིའི་བུམ་བཟང་རབ་ཏུ་འཆང༌། །མཛེས་པའི་ཞབས་ཟུང་རྒྱལ་པོ་རོལ་སྟབས་ཅན། །སྐུ་ལ་རུས་རྒྱན་སྟག་གི་ཤམ་ཐབས་གསོལ། །ཐུན་མཚམས་


TN02_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གསར་པའི་མདངས་ལྟར་ལམ་མེ་བ། །དཔའ་བོ་ཆེན་པོ་བརྟུལ་ཞུགས་སྤྱོད་པའི་གཟུགས། །རང་བྱུང་ལྷུན་གྲུབ་དྭངས་མའི་མཚན་དཔེར་རྫོགས། །གནས་གསུམ་རྡོ་རྗེ་ཡི་གེ་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ། །དཔའ་བོ་རྣལ་འབྱོར་ཚོགས་བཅས་སྤྱན་དྲང་གྱུར། །ཞེས་སྤྱན་དྲངས་ཤིང་སྤོས་རོལ་བཅས། ཧྲཱིཿ གདོད་ནས་སྐྱེ་མེད་ཀ་དག་ཆོས་ཀྱི་སྐུ། །སྐྱེ་བའི་ཆོ་འཕྲུལ་ཕྱག་རྒྱ་ཆེན་པོའི་ལྷ། །ཟུང་འཇུག་འཆི་མེད་གྲུབ་པའི་དཀྱིལ་འཁོར་གཙོ། །ཚེ་སྦྱིན་བླ་མ་རིག་འཛིན་གཤེགས་སུ་གསོལ། །ཨོཾ་ཨཱཿམ་ཧཱ་གུ་རུ་ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛཿཔདྨ་ཀ་མ་ལ་ཡ་སྟྭཾ། ཞེས་མདུན་མཁར་ཞུགས་སུ་གསོལ་ལ། མཆོད་པ་ནི། ཧྲཱིཿ ཀུན་ཏུ་བཟང་པོ་རང་སྣང་དག་པའི་རྒྱན། །སྣང་སྟོང་འདོད་ཡོན་མཆོད་པའི་སྤྲིན་ཕུང་གིས། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད་མཆོད་པས། །ཚེ་དབང་གྲུབ་པའི་རིག་འཛིན་མཉེས་གྱུར་ཅིག །བཛྲ་ཨཱརྒྷཾ་སོགས། བསྟོད་པ་བྱ་བ་ནི། ཧྲཱིཿ གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་བུམ་པའི་སྐུ། །གཞི་སྣང་འདབ་སྟོང་ཐིག་ལེའི་ལྟེ་བ་རུ། །ལྷུན་གྲུབ་མཚན་དཔེའི་རྣམ་རོལ་པདྨ་འབྱུང༌། །དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཁྱོད་ལ་བསྟོད། །ཛཿཧཱུྃ་བཾ་ཧོཿ


TN02_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཏིཥྛ་ལྷན། ཞེས་དམ་ཡེ་གཉིས་མེད་དུ་བསྲེ། དེ་ནས་འཛབ་དགོངས་ནི། ཐུགས་ཀར་ཁ་སྦྱོར་ཉི་ཟླའི་ག་འུ་རུ། །འཕོ་འགྱུར་མེད་པ་ཐིག་ལེ་ཆེན་པོའི་སྲོག །གསུང་གི་རྡོ་རྗེ་ཧྲཱིཿཡིག་འབར་བ་ནི། །ཤིན་ཏུ་ཕྲ་བ་འོད་ལྔའི་ཐིག་ལེ་ཅན། །གནད་བསྐུལ་འཛབ་བཟླས་རིག་པ་ལ་སྦྱར་བས། །མཁའ་སྤྱོད་དཔའ་བོ་་ཐུགས་རྒྱུད་བསྐུལ། །རྟག་བརྟན་འཆི་བ་མེད་པའི་དངོས་གྲུབ་དབྱིག །ངོ་མཚར་ཕྱག་རྒྱའི་རྣམ་རོལ་ཚད་མེད་པས། །སྙིང་དབུས་ཏིང་འཛིན་སེམས་དཔར་རོ་གཅིག་གྱུར། །ཞེས་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཞོལ་བ། གསུང་ཕྱག་རྒྱའི་སྙིང་པོ་ཡི་གེ་འབྲུ་གཅིག་གི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བྱ་ཞིང༌། སྐབས་སུ་འཇམ་རླུང་བུམ་པ་ཅན་བཟུང༌། ཐུན་མཐར་མཆོད་བསྟོད་བྱ་ཞིང༌། ཚེ་འགུགས་ནི། ཧྲཱིཿ སྣང་གསུམ་རྟོག་པའི་བག་ཆགས་མ་ལུས་པ། །སྒྲ་གཅན་དབུ་མའི་གྲོང་དུ་བསྒྲལ་བ་ལས། །བསམ་གྱིས་མི་ཁྱབ་སྐྱེ་འཆིའི་ཁམས་སྤངས་པ། །ཚེ་དབང་གྲུབ་པའི་མགོན་པོ་དབྱིངས་ནས་བཞེངས། །མཉམ་པའི་ཆོས་ཉིད་ཀློང་ཆེན་ཡངས་པ་ལས། །འཕོ་ཆེན་འཆི་མེད་རྡོ་རྗེའི་ཡེ་ཤེས་སྐུ། །ལྷན་སྐྱེས་་འདུ་བ་འབུམ་དང་བཅས། །


TN02_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་བདེ་བ་སྦྱིན་པའི་ལྷར་བཞེངས་ཤིག །འོད་ལྔ་ཡེ་ཤེས་ཀློང་དགུའི་རྣམ་རོལ་གྱིས། །ལྷུན་གྲུབ་འཆི་བ་མེད་པའི་ཚེ་བཅུད་བསྡུས། ཁམས་དྲུག་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་དུ། །ཡེ་ཤེས་ལྷ་མོ་བཞི་ཡིས་དབང་མཆོག་བསྐུར། །མ་རིག་ལས་ཀྱི་རྒྱུ་འབྲས་འཆོལ་བ་དང༌། །རྩ་རླུང་ཐིག་ལེའི་དབང་ཐང་ཉམས་པ་ལས། །འཆི་འཕོའི་འདུ་བྱེད་ཉེར་བར་ཕྱོགས་པའི་ཁམས། །གཞི་རྩ་མེད་པའི་དབྱིངས་སུ་ཞི་བར་མཛོད། །འཁྱམས་དང་ཡར་དང་ཆད་དང་ཉམས་པ་དང༌། །བརྐུས་དང་ཟད་དང་བྱད་དུ་བཅུག་པའི་ཚེ། །རྗེས་འཛིན་རིག་པ་བརྟུལ་ཞུགས་མཐུ་ཕྱུངས་ལ། །མི་འགྱུར་སྲོག་གི་ཀ་བ་བརྟན་པོར་ཚུགས། །སྣོད་བཅུད་བརྟན་གཡོའི་དགེ་མཚན་གཡང་དུ་བསྐྱིལ། །འཁོར་འདས་སྲིད་ཞིའི་ལེགས་ཚོགས་དབང་དུ་བསྡུས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་དུ་བསྙིལ། །འཕོ་འགྱུར་གཉིས་མེད་ཚེ་ཡི་བྱིན་ཆེན་ཕོབ། །གཞོམ་མེད་འོད་ལྔའི་རང་མདངས་ཤིགས་སེ་ཤིག །མི་ཤིག་ཐིག་ལེའི་སྤྲིན་ཕུང་ཐིབས་སེ་ཐིབ། །རྡོ་རྗེ་སྔགས་ཀྱི་རང་སྒྲ་དི་རི་རི། །སྐྱེ་འཆི་མེད་པ་ཚེ་ཡི་བྱིན་ཕོབ་ཅིག །ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ།


TN02_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་མཆོད་བསྟོད་འདིར་བྱ། མཐར་བསྡུ་ལྡང་ནི། ཨ་དག་པ་རབ་འབྱམས་བརྟན་གཡོའི་སྣང་བ་ཀུན། །འོད་གསལ་རིག་པ་ཆོས་ཟད་ངང་དུ་བསྡུ། །སླར་ཡང་ནང་གསལ་ཕྲ་བའི་ཡེ་ཤེས་ཆེའི། །རང་གདངས་ཕྱག་རྒྱ་སྒྱུ་མའི་འཁོར་ལོར་ལྡང༌། །ཧྲཱིཿཧྲཱིཿཧྲཱིཿ མཇུག་ཏུ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག་ཉིད་ནི། །ཚེ་དབང་འཆི་མེད་རིག་འཛིན་ས་ཐོབ་སྟེ། །འགྲོ་བ་སེམས་ཅན་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །སྙན་བརྒྱུད་མན་ངག་ཆུ་གཏེར་བསྲུབས་པའི་སྐྱེས། །ཟབ་ལམ་གདམས་པའི་ཟླ་སྣང་འདི་བཀོད་པས། །འཆི་བདུད་མུན་པའི་རྡུལ་ཁམས་མཐར་བསྐྲད་དེ། །བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཚེ་སྒྲུབ་ཀྱི་ཆོ་ག་འཆི་མེད་གྲུབ་པའི་ཤིང་རྟ་ཞེས་བྱ་བ་དབྱངས་གསལ་གྱི་ཡེ་ཤེས་ཐོག་མའི་སྲོག་ཤིང་ལ་གསལ་བྱེད་ཐ་སྙད་ཀྱི་འཇུག་པ་དུ་མས་མཛའ་བོར་བྱས་པའི་མིང་གི་གྲགས་པ་ཅན་ཆོས་རྗེ་བློ་གསལ་དབང་པོའི་གཟུགས་སུ་སྣང་བར་བྱས་ཤིང༌། ཀུ་མཱ་རའི་བརྟུལ་ཞུགས་ཅན་གྱིས་བརྗོད་པ་དགེ་བར་གྱུར་ཅིག། ༈ །།


previousཚེ་སྒྲུབ་ཀྱི་ཆོ་ག་འཆི་མེད་གྲུབ་པའི་ཤིང་རྟ།next