Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་བླའི་རྗེས་འཛིན་བྱིན་རླབས་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousསྨན་བླའི་རྗེས་འཛིན་བྱིན་རླབས་ཆོ་གnext

སྨན་བླའི་རྗེས་འཛིན་བྱིན་རླབས་ཆོ་ག


TN02_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྨན་གྱི་བླ་མ་ལ། །དད་བརྒྱས་སྤྱི་བོས་རབ་བཏུད་དེ། །རྣམ་མང་ནད་ཀྱིས་གཟིར་བའི་འགྲོ། །རྗེས་འཛིན་བྱིན་རླབས་ཆོ་ག་བྲི། །གང་ཞིག་གིས་བཅོམ་ལྡན་འདས་སྨན་གྱི་བླ་མའི་བྱིན་རླབས་བྱེད་པར་འདོད་པས། དྲི་བཟང་གི་ཆུས་བྱུགས་པའི་སྟེགས་གཙང་མའི་ཁར་མགུལ་ཆིང་ནོར་བུའི་མདངས་ལྡན་གྱི་བུམ་པ་བཅུད་ཀྱིས་གཏམས་པ་དང༌། བདེ་གཤེགས་མཆེད་བརྒྱད་ཀྱི་སྐུ་གསུང་ཐུགས་རྟེན་བྲིས་པའི་ཙཀ་ལི་མཐའ་བརྟེན་གྱི་རྫས་དང་བཅས་པ་དང་ཉེ་ལོགས་སུ་ཁྲུས་བུམ་རྒྱན་ལྡན་ཀྱང་འདུ་བྱ་ལ། མདུན་དུ་ཉེར་སྤྱོད་ལྔ་སོགས་གཙང་ཞིང་དག་པའི་མཆོད་རྫས་གང་འབྱོར་བཀོད་ལེགས་པར་བཤམ་མོ། །དེ་ནས་ཆོ་གའི་གཞུང་བསྲང་བཟླས་པ་མཆོད་བསྟོད་བཅས་གྲུབ་རྗེས་སློབ་མ་རྣམས་མདུན་དུ་འཁོད་པ་ལ་ཁྲུས་བྱ་བའི་ཕྱིར། ཁྲུས་བུམ་ཐོགས་ལ། ཧཱུྃ། བདེ་གཤེགས་སྨན་བླ་མཆེད་བརྒྱད་ཐུགས་རྗེའི་ཆུས། །སྐལ་ལྡན་སློབ་མའི་སྒོ་གསུམ་སྡིག་སྒྲིབ་དང༌། །དེས་བསྐྱེད་ནད་གདོན་བར་ཆད་སྡུག་བསྔལ་ཚོགས། །ལྷག་མེད་ཤེལ་གོང་ཕྱིས་བཞིན་དག་གྱུར་ཅིག །ཡི་གེ་བརྒྱ་བ་བརྗོད་ཅིང་བཀྲུ། བགེགས་གཏོར་བསང་སྦྱང་ནི། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །བགེགས་གཏོར་གཙང་ཞིང་དག་པའི་ལོངས་སྤྱོད་སྤྲིན། །དྲི་རོ་ནུས་པ་ཕུན་སུམ་ཚོགས་


TN02_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས། །འཛད་མེད་ནམ་མཁའ་མཛོད་ཀྱི་ཕུང་པོར་གྱུར། །འབྲུ་གསུམ། མགྲོན་འགུག །བསྔོ་སྔགས་རྣམས་བརྗོད་རྗེས། ན་མོ་སངས་རྒྱས་དཀོན་མཆོག་གི་བདེན་པ་དང༌། ཆོས་དཀོན་མཆོག་གི་བདེན་པ་དང༌། དགེ་འདུན་དཀོན་མཆོག་གི་བདེན་པས་སློབ་མ་འདི་དག་ལ་བཅོམ་ལྡན་འདས་སྨན་གྱི་བླ་མའི་དབང་བསྐུར་བྱིན་རླབས་ཀྱི་ཆོ་ག་སྒྲུབ་པ་ལ་གེགས་བྱེད་པའི་གདོན་བགེགས་ལོག་འདྲེན་གྱི་ཚོགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་སངས་རྒྱས་རྣམས་ཀྱི་མངོན་སྤྱོད་ཀྱི་ཕྲིན་ལས་ཁྲོ་བོ་འཆོལ་བའི་ཚོགས་ཀྱིས་ཁྱེད་རྣམས་རྡུལ་དུ་བརླག་པར་གདོན་མི་ཟའོ། །ཧཱུྃ་བཞིའི་སྔགས་བརྗོད། ཧཱུྃ་སློབ་དཔོན་ཐུགས་ལས་ཡེ་ཤེས་མེ་དཔུང་དང༌། །རྡོ་རྗེ་འབར་བའི་སྤྲིན་ཆེན་སྤྲོས་པའི་མོད། །ཕྱོགས་མཚམ་མཐའ་དག་མི་ཤིགས་མཚོན་ཆའི་གུར། །གཞོམ་གཞིག་ཡོངས་བྲལ་སྲུང་བའི་འཁོར་ལོར་གྱུར། བཛྲ་རྐྵ་ཧཱུྃ། དེ་ནས་ལོ་རྒྱུས་བསྙད་པ་ནི་སྒྲ་དག་ལ་བརྡ་འཕྲོད་པར་བརྗོད་དེ། འདི་སྐད་དུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག་གི་བདག་ཉིད་ཐམས་ཅད་མཁྱེན་པའི་ས་ལ་དགོད་པར་བྱ། དེའི་ཆེད་དུ་གང་གསན་པར་བྱ་བའི་ཆོས་ནི། །ད་ལམ་གྱི་སྐབས་སུ་


TN02_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་སྨན་གྱི་བླ་མའི་བྱིན་རླབས་དབང་བསྐུར་གྱི་ཆོ་ག་བསྒྲུབ་པ་ལ་ཐོག་མར་ཡིད་ཆེས་ཤིང་དང་བ་འདྲེན་པའི་ཆེད་དུ་ལོ་རྒྱུས་ཅིག་འཆད་ན། སྤྱིར་ནམ་མཁའི་གར་ཁྱབ་རྒྱལ་བའི་ཞིང་ཁམས་ཀྱིས་ཁྱབ་ཅིང་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུས་ཁྱབ་སྟེ། དཀོན་བརྩེགས་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་སོ། །དེ་ཐམས་ཅད་ལས་ཀྱང་བྱེ་བྲག་ཏུ་བདེ་བར་གཤེགས་པ་མཆེད་བརྒྱད་ནི་སྙིགས་མའི་དུས་ན་ལྷག་པར་ཡང་ཐུགས་རྗེ་དང་ཕྲིན་ལས་ཀྱི་འཇུག་པ་རླབས་ཆེ་བར་གསུངས་ཏེ། ཇི་སྐད་དུ། བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་སྐྱོབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྨན་བླ་མཆེད་བརྒྱད་ཀྱི་སྒྲུབ་སྐོར་ཤིན་ཏུ་མང་ཡང་ཁྱད་པར་དུ་གྱུར་པ་འདི་ནི། རང་གཞུང་ལས། ལྷ་དང་བླ་མའི་བྱིན་རླབས་ཀྱིས་ཐོབ་ནོར། །དད་ལྡན་རྣམས་ལ་ཕན་ངེས་བྱིན་ནུས་ལྡན། །དེ་ཕྱིར་ལོག་ལྟའི་སྐྱོན་གྱིས་མི་སྦགས་པར། །འཕྲལ་ཕུགས་ཀུན་ཏུ་ཕན་དང་བདེ་སྟེར་ལམ། །ཡིན་ལ་ཡིན་བཞིན་དད་གུས་མོས་གསུམ་གྱིས། །ཉམས་སུ་ལོངས་


TN02_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲས་བཟང་ཐོབ་པར་ངེས། །ཞེས་གསུངས་པ་ལྟར་རྒྱལ་བ་ཐམས་ཅད་ཀྱི་གསང་བའི་ཆོས་ཀྱི་མཛོད་འཛིན་པ་དཔལ་ལག་ན་རྡོ་རྗེ་ཉིད་མིའི་ཟོལ་ལ་བརྟེན་ནས་བོད་ཁམས་ཀྱི་ལྗོངས་སུ་ཕན་བདེ་སྤེལ་བའི་བཤེས་གཉེན་དུ་ཞལ་བསྒྱུར་བ་གྲུབ་དབང་བྱང་ཆུབ་རྡོ་རྗེ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལ་བཅོམ་ལྡན་འདས་སྨན་མཁྱེན་རྒྱལ་པོའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་དུ་བྱིན་གྱིས་བརླབས་པ་ལས་གདམ་ངག་བདུད་རྩིའི་ཡང་ཞུན་འདི་ཉིད་ཐུགས་ཀྱི་ག་འུར་རྒྱས་བཏབ་པ་གང་དམ་པའི་ངང་ཚུལ་རྫོགས་པའི་བཤེས་གཉེན་ཆེན་པོ་བློ་བཟང་ནོར་བུས་བསྐུལ་འདེབས་ཀྱི་རྐྱེན་ལས་དག་པར་ཕབ་པ་སྟེ། འདི་ཉིད་ཀྱི་སྒོ་ནས་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་སུ་ཡོད་པ་ལས་དང་པོ་ནི་སྔོན་དུ་གྲུབ་པ་ལགས་ན། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པའི་མནྡལ་ཕུལ། མཎྜལ་ཕུལ། སླར་ཡང་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། བླ་མ་སྨན་རྒྱལ་བདག་ལ་དགོངས། །སྲིད་པའི་འཁོར་ལོར་འཕྱན་པའི་འགྲོ། །སྡུག་བསྔལ་སྒྲོག་གིས་བཅིངས་པ་ལས། །སྒྲོལ་ཕྱིར་བྱིན་རླབས་ཆོ་ག་སྩོལ། ལན་གསུམ། དེ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཕྱིར་འདིའི་རྗེས་ཟློས་གྱིས། ན་མོ། བསླུ་མེད་སྐྱབས་ཀྱི་མཆོག་གསུམ་ལ། མི་ལྡོག་དད་པས་


TN02_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི། །ཕོངས་གྱུར་འགྲོ་བ་སྐྱོབ་པའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། སླར་ཡང་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་གྱིས། དགོངས་ཤིག་སྟོན་པ་བཅོམ་ལྡན་འདས། །སྒྲུབ་པོ་སྐལ་བཟང་རྣལ་འབྱོར་བདག །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྐྱབས་ཀྱི་དམ་པར་དཀོན་མཆོག་འཛིན། །འཇིག་རྟེན་ལྷ་རྣམས་མཆོད་མི་བྱ། །གཞན་གནོད་གཞི་དང་བཅས་པ་སྤོངས། །རྟག་ཏུ་འགྲོ་ཕན་ཐབས་ལ་བརྩོན། ཁྲུས་དང་གཙང་སྦྲར་གནས་བགྱི་ཞིང༌། །བདེ་གཤེགས་སྨན་རྒྱལ་བསྒོམ་ཞིང་མཆོད། །མདོར་ན་བསྲུང་བྱའི་བསླབ་སྡོམ་རིགས། །མ་ལུས་བདག་གིས་ཡོངས་སུ་བཟུང༌། །ལན་གསུམ། ཨོཾ་སྭ་བྷ་ཝས་སྟོང་པར་བསྒོམ་རྗེས། བྱིན་རླབས་ཀྱི་གཞི་རྟེན་བསྒྲུབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ཤར་ཕྱོགས་བལྟ་ན་སྡུག་པའི་ཕོ་བྲང་ཆེན་པོར་སློབ་མ་རྣམས་བཅོམ་ལྡན་འདས་བདེ་གཤེགས་སྨན་པའི་རྒྱལ་པོ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་མ་འདྲེས་པར་གསལ་བཏབ་པའི་གནས་གསུམ་ཨོཾ་ཨཱཿཧཱཾཨུ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་པར་གྱུར།


TN02_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་སྤྱན་འདྲེན་གྱི་ཚིག་བརྗོད་མཐར། མཱ་གུ་རུ་བྷེ་ཥ་ཛྱེ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ། ཞེས་བཟླ། བརྟན་བཞུགས་བྱ། དེ་ནས་དབང་བསྐུར་བ་ནི། བུམ་པ་འདི་ཉིད་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་གསལ་བའི་ནང་ན་བཅོམ་ལྡན་འདས་སྨན་གྱི་བླ་མ་འཁོར་དང་བཅས་པ་མཚན་དཔེ་གསལ་རྫོགས་ཀྱི་སྐུར་མོས་པ་དུང་དུང་མཛོད་ཅིག །ཧཱུྃ། དོན་དམ་མཐའ་བཞི་བྲལ་བའི་ངང་ཉིད་ལས། །དག་པ་ཡེ་ཤེས་ལྷ་རུ་སྣང་བའི་དཔལ། །མི་ཟད་བྱིན་རླབས་འབྱུང་བའི་གཏེར་ཆེན་པོའི། །དབང་མཆོག་བསྐུར་བས་ས་ལམ་ཡོངས་རྫོགས་ཤོག །རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་་ཨོཾ། ལྷ་དབང་བསྐུར་བ་ནི། ཧཱུྃ་ཐུགས་རྗེ་ཀུན་ལ་སོགས། མཚན་གྱི་མེ་ཏོག་སོགས། རང་གཞུང་ལས་འབྱུང་བའི་ཤོ་ལོ་ཀ་རྣམས་ཀྱི་མཇུག་ཏུ། དབང་བསྐུར་རོ། །གསུང་རྟེན་གླེགས་བམ་གཏད་ལ། བསོད་ནམས་བྱེ་བས་བསྐྲུན་པའི་བདེ་གཤེགས་གསུང༌། དབྱངས་ཀྱི་ཡན་ལག་རྒྱ་མཚོར་ལྡན་པ་ལས། །ཉེར་འོངས་ཟབ་མོའི་མདོ་སྡེ་བརྒྱད་བརྒྱ་པ། །གསུང་མཆོག་དམ་པའི་ཆོས་ཀྱི་དབང་བསྐུར་རོ། །རྩ་སྔགས། ཨ་བྷི་ཥཱིཉྩ་ཨཱ། ཐུགས་རྟེན་ཧཱུྃ་ཡིག་གཏད་ལ། མཚན་བཅས་རྟོག་པས་མ་ཡིན་རྒྱལ་བའི་ཐུགས། །ནམ་མཁའ་ལྟ་བུར་རྒྱས་པའི་མཁྱེན་རབ་དང༌། །ཐུགས་


TN02_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྒྱུན་འཆད་མེད་པའི་ཡེ་ཤེས་ཅན། །རྣམ་པར་མི་རྟོག་ཐུགས་ཀྱི་དབང་བསྐུར་རོ། །རྩ་སྔགས་མཐར། །ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུཾ། མཐའ་རྟེན་གྱི་དབང་བསྐུར་བ་ནི། རྒྱལ་སྲིད་རིན་ཆེན་སོགས། གདུགས་དང་གསེར་ཉ་སོགས། སྔོན་དུ་་སོགས། འདོན་བསྒོམ་སྦྲག །བཀྲ་ཤིས་བརྗོད། དམ་ཚིག་ཁས་བླང༌། གཏང་རག་གི་མཎྜལ་ཕུལ། །དགེ་བ་བསྔོ། རྗེས་ཀྱི་ཆོ་ག་གཟབ་རྒྱས་སུ་བྱའོ། །སླར་སྨྲས་པ། རྒྱུད་སྡེའི་དགོངས་དོན་མ་རྟོགས་ཤིང༌། །རྩོམ་པའི་རྒྱུ་གསུམ་མི་ལྡན་པས། །འདི་ལ་འགལ་འཁྲུལ་ནོངས་པའི་དྲིས། སྦགས་པར་གྱུར་གང་མཁས་ལ་འཆགས། །དེ་དགེ་དྲི་མེད་ཟླ་བ་ལྟར། །རྣམ་པར་དཀར་བའི་བྱེད་འབྲས་ལ། །བརྟེན་ནས་འགྲོ་རྣམས་ཀུན་མཁྱེན་སར། །མྱུར་དུ་གྲོལ་བའི་བཀྲ་ཤིས་ཤོག །ཅེས་པའང་དགེ་སློང་དམ་ཆོས་འོད་ཟེར་ནས་བསྐུལ་བ་ལྟར་གཞོན་ནུ་འཇིགས་མེད་པས་རང་ལོ་བཅུ་དྲུག་པ་རྣམ་གནོན་གྱི་ལོར་སྦྱར་བའོ།། །།


previousསྨན་བླའི་རྗེས་འཛིན་བྱིན་རླབས་ཆོ་གnext