Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཀྱི་ལས་ཚོགས་གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་ཀྱི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousགཅོད་ཀྱི་ལས་ཚོགས་གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་ཀྱི་ཆོ་གnext

གཅོད་ཀྱི་ལས་ཚོགས་གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་ཀྱི་ཆོ་ག


TN02_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་གཅོད་ཀྱི་ལས་ཚོགས་གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་ཀྱི་ཆོ་ག་གཞན་ཕན་ཐུགས་རྗེའི་ཟློས་གར་ཞེས་བྱ་བ་བཞུགས་སོ། །བདེ་བར་གཤེགས་པ་ཀུན་གྱི་ཡུམ། །འཕགས་མ་སྒྲོལ་མ་རྣལ་འབྱོར་མ། །ཤེས་རབ་ཕ་རོལ་ཕྱིན་མ་ལ། །བརྟེན་ནས་གནས་ལུང་ཆོ་ག་བཤད། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། །དང་པོ་ནི། འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བགྱིས་ཏེ། དངོས་གཞི་ལས། རྟེན་ལ་འགུགས་པ་ནི་ཕཊཿཀྱིས་མཚན་རྟོག་བཅད་ནས། ཆོས་


TN02_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང༌། །ནྲྀཿཡིག་ཡོངས་གྱུར་ཚེ་འདས་ཕུང་ཁམས་དང༌། །སྐྱེ་མཆེད་ཡོངས་རྫོགས་གསོན་གྱི་གནས་སྐབས་བཞིན། །མངོན་སུམ་ཇི་བཞིན་རྟེན་དང་གཉིས་མེད་གྱུར། །ན་མོ། །དོན་གཉིས་མཐར་ཕྱིན་སངས་རྒྱས་བདེན་པ་དང༌། །ཞི་བ་ཆགས་བྲལ་དམ་ཆོས་བདེན་པ་དང༌། །ལྡན་གྲོལ་གཉིས་ལྡན་དགེ་འདུན་བདེན་པ་དང༌། །དོན་དམ་ཆོས་དབྱིངས་འགྱུར་མེད་བདེན་པ་དང༌། །ཀུན་རྫོབ་རྟེན་འབྱུང་བསླུ་མེད་བདེན་པ་དང༌། །བདེན་པ་ཆེན་པོའི་བྱིན་རླབས་ནུས་སྟོབས་ཀྱིས། །ཚེ་ལས་འདས་པའི་རྣམ་ཤེས་རིགས་དྲུག་གནས། །གང་ན་གནས་ཀྱང་མྱུར་དུ་འདིར་ཁུག་ཅིག །ལན་གསུམ། ཛ་ཧཱཾཨུ་བཾ་ཧོ་ཞེས་ཕྱག་རྒྱ་བཞིས་བཅིངས། དེ་ནས་བགེགས་གཏོར་བསང་སྦྱང་ལ། ཕཊཿཏྲཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་གཏོར་མ་འདོད་ཡོན་ལྔ་དང་ལྡན་པར་གྱུར། འབྲུ་གསུམ་གྱིས་སྦྱངས་སྤེལ་བསྒྱུར་ལ། གཏོར་མ་གསུམ་རེ་རེ་བཞིན་གཡས་སུ་བསྐོར་ནས། ཨོཾ་སརྦ་བིགྷན་སོགས། ཏིང་ལོ་གསུམ་རེ་རེ་བཞིན་གཡོན་དུ་བསྐོར་ནས། ཨོཾ་སུམྦྷ་ནི་སོགས་ཀྱི་མཐར། ཕཊཿ ཚེ་འདས་ཐར་ལམ་གེགས་བྱེད་བགེགས་ཀྱི་རིགས། །གནོད་བྱེད་ཟ་འདྲེ་གཤེད་བདུད་ལན་ཆགས་ཚོགས། །ཐམས་ཅད་གླུད་ཀྱི་གཏོར་མ་འདི་


TN02_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་ལ། རྒྱ་མཚོ་ཆེན་པོའི་ཕ་མཐར་ཕྱིར་དེངས་ཤིག །རྩ་སྔགས་ཧཱཾཨུ་བཞིའི་སྔགས་དང༌། དྲག་སྔགས་སོ་ལྔས་བསྐྲད། བཛྲ་རྐྵ་རྐྵ་ཧཱུྃ་གིས་སྲུང་འཁོར་བསྒོམ། དེ་ནས་ཚེ་འདས་ཀྱིས་འདི་བཞིན་གསོལ་བ་གདབ་པར་བསམ། ཀྱེ་ཧོ་བླ་མ་འགྲོ་བའི་མགོན། །སྐྱབས་མེད་བདག་ལ་དགོངས་སུ་གསོལ། །རིགས་དྲུག་འཁོར་བའི་གནས་རིས་ལས། །ད་ལྟ་ཉིད་དུ་དྲང་དུ་གསོལ། །ཞེས་བརྗོད་དེ་ནས་མེ་ལོང་ངོས་སུ་བྱང་བུའི་གཟུགས་བརྙན་འཆར་བ་ལ་ཁྲུས་བྱ་ཞིང༌། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །རྩ་སྔགས་གཤམ་བུར། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་མང་དུ་བཟླས་མཐར། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ས་ཡི་ནང་དུ་སོང༌། །ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ཆུ་ཡི་ནང་དུ་སོང༌། །མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་མེ་ཡི་ནང་དུ་སོང༌། །རླུང་ནི་དུག་གི་ཕ་ཡིན་ཏེ། །རླུང་ནི་དུག་གི་མ་ཡང་


TN02_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་རླུང་གི་ནང་དུ་སོང༌། །མུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཆེ་གེ་མོའི་འབྱུང་བའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་འབྱུང་བའི་དུག་བྱུང་བྱས་པའི་མཇུག་ཏུ། དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཁྱོད་ཀྱི་ཉོན་མོངས་དུག་ལྔའི་སྒྲིབ། །ད་ལྟ་ཉིད་དུ་དག་གྱུར་ཅིག །ཅེས་བདེན་སྟོབས་ཀྱིས་དུག་དབྱུང་ཡང་བྱ། དེ་ནས་ཤིས་བརྗོད་ནི། སྟོབས་བཅུ་མངའ་བདག་རྫོགས་སངས་རྒྱས། །འཁོར་བའི་འཇིགས་སྐྱོབ་དམ་པའི་ཆོས། །འགྲོ་བའི་འདྲེན་པ་དགེ་འདུན་ཏེ། །བདེ་ལེགས་འབྱུང་གནས་མཆོག་གསུམ་གྱིས། ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཆེ་གེ་མོའི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་སྡིག་པའི་ཕྱོགས་ལས་རྒྱལ་ཞིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དེ་ནས་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་བར་མོས་ལ། ས་གཞི་སྤོས་ཆུས་སོགས་བརྗོད་རྗེས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་


TN02_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་རྗེས་ཟློས་བྱེད་པར་མོས་ལ། ཡེ་ཤེས་དབབ་པ་ནི། ཕཊཿ ཆོས་ཐམས་ཅད་སྟོང་པར་གྱུར་སྟོང་པའི་ངང་ལས་ཚེ་འདས་ལུས་རྟེན་དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ཕཊཿ མ་ཡུམ་ཆེན་ཆོས་སྐུའི་ཐུགས་ཀློང་ནས། །རང་ཤར་མཁའ་འགྲོ་ལབ་སྒྲོན་མ། །འཁོར་གནས་གསུམ་་ཚོགས་དང་བཅས། །ད་ལྟ་ཉིད་དུ་འདིར་གཤེགས་ལ། །མཆོག་ཐུན་གྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱཾཨུ་གུ་རུ་དྷེ་ཝ་་ནི་དྭི་པ་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེམ་ཕེམ་ཕེམ། །ཞེས་གསོལ་བ་བཏབ་པའི་མོད་ལ་དབྱིངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་འཁོར་དཔའ་བོ་་ཚོགས་དང་བཅས་པ་ཐམས་ཅད་ནམ་མཁའ་ནས་ཁ་ཆར་བབ་པ་བཞིན་དུ་བྱོན་ནས་ཚེ་འདས་རྡོ་རྗེ་རྣལ་འབྱོར་མ་གསལ་བ་ལ་ཐིམ་པས་དབྱིངས་ཕྱུག་ཡེ་ཤེས་རྗེ་མོ་ལབ་ཀྱི་སྒྲོན་མའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད། ཏིཥྛ་བཛྲས་བརྟན་པར་བྱས། དེ་ནས་བུམ་པ་སྤྱི་བོར་


TN02_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས། ཨོཾ་རྒྱལ་ཀུན་སྐུ་ཡི་རྡོ་རྗེ་བུམ་པའི་དབང༌། །དེང་འདིར་ཚེ་འདས་ལུས་ལ་བསྐུར་བ་ཡིས། །སྣང་སྟོང་གཞོམ་བྲལ་སྐུ་ཡི་དབང་ཐོབ་ནས། །མ་ཅིག་སྐུ་ཡི་གསང་བ་མངོན་གྱུར་ཤོག །རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་་ཨོཾ། བདུད་རྩི་མགྲིན་པར་བཞག་ནས། ཨཱཿ རྒྱལ་ཀུན་གསུང་གི་རྡོ་རྗེ་བདུད་རྩིའི་དབང༌། །དེང་འདིར་ཚེ་འདས་ངག་ལ་བསྐུར་བ་ཡིས། །གྲགས་སྟོང་བརྗོད་བྲལ་གསུང་གི་དབང་ཐོབ་ནས། །མ་ཅིག་གསུང་གི་གསང་བ་མངོན་གྱུར་ཤོག །རྩ་སྔགས་མཐར། ཨ་བྷི་ཥིཉྩ་ཨཱ། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ་རྒྱལ་ཀུན་ཐུགས་ཀྱི་ངོ་བོ་རྡོ་རྗེའི་དབང༌། །དེང་འདིར་ཚེ་འདས་སེམས་ལ་བསྐུར་བ་ཡིས། །རིག་སྟོང་བློ་བྲལ་ཐུགས་ཀྱི་དབང་ཐོབ་ནས། །མ་ཅིག་ཐུགས་ཀྱི་གསང་བ་མངོན་གྱུར་ཤོག །རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། གཏང་རག་གི་མཎྜལ་ཕུལ། གཙོ་བོས་ཇི་ལྟར་སོགས། བརྗོད་པར་བསམ། སྐབས་འདིར་འདོད་ཡོན་བསྔོ་བ་ནི། གསུར་རྫས་གྱ་ནོམ་པར་བཤམས་ནས། བྱིན་རླབས་སྤྱི་མཐུན་ལྟར་བྱས་ལ། ཀྱེ་ཧོ་ཚེ་འདས་ཐར་པའི་ལམ་བགྲོད་ལ་སོགས་ནས། སྲིད་པ་བར་མ་དོར་ཉམ་ང་བའི་སོགས་དང༌། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ་སོགས། ཕཊཿ ཚེ་འདས་ཀྱི་སྟེང་གི་ནམ་


TN02_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་གར་སྟབས་ཁྱུག་ཁྱུག །གསུང་སྙན་པའི་དབྱངས་ཀྱིས་བུ་ཡར་ཤོག་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འགྲོའོ། །ཞེས་གསུང་བར་མོས་ལ། ཕཊཿ ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་འཁོར་བའི་བཙོན་ར་ན། །སྡུག་བསྔལ་གསུམ་གྱི་ཁྲི་མུན་འཐིབས། །ཉོན་མོངས་དུག་ལྔའི་སྒོ་སྲུང་མང༌། །ཐར་དཀའི་གནས་འདི་ཡ་རེ་ང༌། །སྲིད་པའི་སྡུག་བསྔལ་སྐྱི་རེ་བུང༌། །འཁོར་བའི་སེམས་ཅན་ཉམ་རེ་ཐག །འདི་རུ་སྡོད་པ་ཁྱོད་རེ་བླུན། །དེ་བས་གནས་འདིར་མ་ཆགས་པར། །ཐར་པ་བྱང་ཆུབ་གོ་འཕང་ལ། །མོས་འདུན་བསྐྱེད་ཅིག་རིགས་ཀྱི་བུ། །བསླུ་མེད་སྐྱབས་གནས་མཆོག་གསུམ་ལ། །དད་གུས་བསྐྱེད་ཅིག་རིགས་ཀྱི་བུ། །ཡུམ་ཆེན་ཆོས་སྐུའི་ཐུགས་ཀློང་དུ། །དབྱེར་མེད་རོ་གཅིག་ཨེ་མ་ཧོ། །ཞེས་བརྗོད་པའི་མོད་ལ་ཚེ་འདས་ཀྱི་རྣམ་ཤེས་དེ་ཉིད་འོད་ཀྱི་གོང་བུ་སྲན་མ་ཙམ་དུ་གྱུར་ནས་མ་ཅིག་ལབ་ཀྱི་སྒྲོན་མའི་ཐུགས་ཀར་ཐིམ་པའི་མོད་ལ་མ་ཅིག་ཀྱང་ཆོས་སྐུ་ཡུམ་ཆེན་མོའི་དགོངས་ཀློང་དང་རོ་གཅིག་ཏུ་གྱུར། ཕཊཿ ལྔ་ཕྲུགས་སུ་བརྗོད་པས་སྐུ་ལྔའི་དབྱིངས་སུ་རྒྱས་བཏབ་ནས་མི་དམིགས་པའི་ངང་ལ་དར་ཅིག་མཉམ་པར་བཞག །དེ་ནས་བྱང་བུའི་གཟུགས་བརྙན་མེར་སྦྱང་བ་ནི། ཕཊཿ


TN02_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདས་ཕུང་པོ་ལྔ་ཡི་བུད་ཤིང་ལ། །བཅོམ་ལྡན་རྒྱལ་བ་རིགས་ལྔའི་མེ་སྦར་རོ། །ཚེ་འདས་འབྱུང་བ་ལྔ་ཡི་བུད་ཤིང་ལ། །རྒྱལ་ཡུམ་གཤེགས་མ་ལྔ་ཡི་མེ་སྦར་རོ། །ཚེ་འདས་རྣམ་ཤེས་ཚོགས་བརྒྱད་བུད་ཤིང་ལ། །སེམས་དཔའ་ཆེན་པོ་བརྒྱད་ཀྱི༴ ཚེ་འདས་སྐྱེ་མཆེད་དྲུག་གི་བུད༴ འགྲོ་འདུལ་ཐུབ་པ་དྲུག་གི༴ ཚེ་འདས་ལུས་ངག་ཡིད་གསུམ་བུད༴ རྒྱལ་ཀུན་གསང་བ་གསུམ་གྱི་མེ་སྦར་བས། །ཚེ་འདས་སྒྲིབ་གཉིས་ཡོངས་དག་ཚོགས་གཉིས་རྫོགས། །སྐུ་གཉིས་མངོན་གྱུར་དོན་གཉིས་འགྲུབ་པར་ཤོག །ཅེས་བརྗོད་མཐར་རྩ་སྔགས་དང་མི་འཁྲུགས་པའི་གཟུངས་སོགས་བཟླས་རྗེས། བཟང་པོ་སྤྱོད་པའི་སྨོན་ལམ་དང༌། བྱང་ཆུབ་སྤྱོད་པའི་སྨོན་ལམ་དང༌། ཚེ་འདས་ཀྱི་ཤུལ་མི་སོགས་ཀྱང་མཐོ་རིས་ཡོན་ཏན་བདུན་གྱིས་འབྱོར་པའི་ཆེད་དུ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འདིར་སྨྲས་པ། རྣམ་མང་དུཿཁས་གཟིར་བའི་འགྲོ་བ་རྣམས། རྣམ་དག་ཞི་བའི་ཡོན་ཏན་དཔག་མེད་རྣམས། །རྣམ་ཐོབ་དགྲར་ངེས་མ་རིག་འཁོར་བཅས་རྣམས། །རྣམ་པར་འཇོམས་བྱེད་ལམ་བཟང་འདི་ཀོ་རྨད། །རྨད་བྱུང་ཆོས་འདི་ཟབ་ཅིང་རྒྱ་ཆེ་བས། །བྱིས་བློས་དཔག་དཀའ་ཁྱད་པར་རང་ཉིད་འདིར། །ལེགས་པར་སྦྱངས་པའི་ཤེས་རབ་ཆེས་དམན་པས། །ནོངས་པར་གྱུར་གང་དམ་པ་རྣམས་ལ་འཆགས། །གལ་ཏེ་ལེགས་པའི་


TN02_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དོན་ཕྲ་མོ་འགའ། །མཆིས་སྲིད་དེ་ཡང་འགྲོ་བ་མ་ལུས་པ། །རིང་པོར་མི་ཐོགས་རྣམ་གྲོལ་རྒྱལ་བའི་སར། །བཀྲི་སླད་བསྔོས་བཞིན་གེགས་མེད་འགྲུབ་གྱུར་ཅིག །ཅེས་ཟབ་མོ་གཅོད་ཀྱི་ལས་ཚོགས་གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་ཀྱི་ཆོ་ག་གཞན་ཕན་ཐུགས་རྗེའི་ཟློས་གར་ཞེས་བྱ་བ་འདི་ནི་རང་སློབ་ཀུན་བཟང་འཇིགས་མེད་ཀྱི་ངོར། གྲུབ་དབང་ལཀྵིཾ་ཀཱ་རའི་ཡང་སྲིད་དུ་མིང་གི་ཅོད་པན་ཐོབ་པ། འཇིགས་མེད་བསྟན་པའི་རྒྱལ་མཚན་དུ་འབོད་པས་ཤར་མར་སྤེལ་བའི་ཡི་གེ་པ་ནི་ཉེ་གནས་་བཙུན་པ་མ་ཏི་བྷ་དྲས་བྲིས་པ་དགེ །མངྒ་ལཾ།། །།


previousགཅོད་ཀྱི་ལས་ཚོགས་གཤིན་པོའི་སྡུག་བསྔལ་སྦྱོང་བྱེད་ཀྱི་ཆོ་གnext