Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་སྒྲུབ་ཐབས།
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་སྒྲུབ་ཐབས།next

འཇམ་དཔལ་སྒྲུབ་ཐབས།


TN02_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་ཡེ། འཕགས་པ་འཇམ་དཔལ་སྒྲུབ་པར་འདོད་པས། གནས་དབེན་པར་སྟེགས་བུའི་ཁར་འཕགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་ཕྱི་ནང་གི་མཆོད་པས་བསྐོར། སྒྲུབ་པ་པོ་སྟན་བདེ་བ་ལ་གནས་ཏེ། དང་པོ་སྐྱབས་སེམས་ནི། ཧྲཱི། ཀ་དག་རིག་པ་ཡེ་གྲོལ་འདུས་མ་བྱས། །འཇམ་དཔལ་རྫོགས་པ་ཆེན་པོར་སྐྱབས་སུ་མཆི། །ལྷུན་གྲུབ་ཡེ་ཤེས་དབྱིངས་སུ་གྲོལ་བའི་ཕྱིར། །ཟབ་མོའི་རྣལ་འབྱོར་སྒྲུབ་པར་སེམས་བསྐྱེད་དོ། །གནས་ཡོ་བྱིན་རླབས་ནི། ཨོཾ་ཨཱཿཧཱུཾ། ཕྱི་དང་ནང་གི་གཟུང་འཛིན་རྟོག་ཚོགས་ཁམས། །ཀུན་ཀྱང་སྣང་སྟོང་མཆོད་པའི་ཕྱག་རྒྱ་ཆེ། །ཡེ་ནས་རྣམ་གྲོལ་ཀུན་ཏུ་བཟང་པོའི་སྤྲིན། །ནམ་མཁའ་མཛོད་ཀྱི་འཁོར་ལོར་བྱིན་གྱིས་རློབས། །མ་ཧཱ་སརྦ་པུ་ཙ་ཨཱཿཧཱུཾ། དངོས་གཞི་ལྷ་བསྐྱེད་ནི། ཨ་ཁྱབ་གདལ་རིག་པ་སྟོང་པའི་ངང་ཉིད་ལས། །ཀུན་སྣང་ལྷུན་གྲུབ་སྙིང་རྗེ་ཆེན་པོའི་རྩལ། །རིག་དང་སྟོང་པ་མི་ཕྱེད་རྡོ་རྗེའི་སྐུ། །འཇམ་དཔལ་རྣོན་པོ་ཡེ་ཤེས་སྒྱུ་མའི་གར། །འཕོ་འགྱུར་མེད་པ་ཐིག་ལེ་ཆེན་པོའི་ཞལ། །ཆགས་དང་སྒེག་པའི་ཉམས་འགྱུར་ཅིར་ཡང་སྣང༌། །ཐབས་དང་ཤེས་རབ་མཚོན་པའི་ཕྱག་གཉིས་ན། །དབང་སྔོན་རལ་གྲི་ཨུཏྤལ་གླེགས་བམ་འཛིན། །སྲིད་ཞིར་མི་གནས་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །འཁོར་དུ་སངས་རྒྱས་བྱང་སེམས་པཎ་གྲུབ་ཚོགས། །ཏིལ་གྱི་གོང་བུ་བཞིན་དུ་བསྐོར་ཞིང་བཞུགས། །དེ་ལྟར་


TN02_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་གྱུར། །སྤོས་རོལ་བཅས། ཧཱཾཨུ་ཡུལ་གྱི་མིང་ནི་རྒྱ་ནག་ཡུལ། །རི་བོ་རྩེ་ལྔ་གནས་ཀྱི་མཆོག །གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས། །འཇམ་དཔལ་རྡོ་རྗེ་རྣོན་པོའི་ལྷ། །མཐའ་ཡས་རྒྱལ་བ་སྲས་དང་བཅས། །གནས་འདིར་ཐུགས་རྗེས་གཤེགས་སུ་གསོལ། །གཤེགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མཉྫུ་ཤྲཱི་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛ། ཛ་ཧཱཾཨུ་བཾ་ཧོ། །ས་མ་ཡ་ཏིཥྛ་ལྷན། ན་མོ་པུ་རུ་ཤ་ཡ་ཧོ། །མཆོད་པ་ནི། ཧོ། །ཚོགས་དྲུག་སྣང་བ་རྒྱན་དུ་རོལ་པའི་དཔྱིད། །དབང་པོ་དྲུག་ལ་དགྱེས་དགུར་འཆར་བའི་སྤྲིན། །ཕྱི་ནང་གསང་བ་བླ་མེད་མཆོད་ཚོགས་ཀྱིས། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་མཉེས་གྱུར་ཅིག །མཉྫུ་ཤྲཱི་བཛྲ་ས་པཱ་རི་ཝ་ར་ཨཱརྒྷཾ་སོགས། ཤབྡ་རཱུ་པ་སོགས། པྲ་ཏིཙྪ་སྭཱ་ཧཱ། བསྟོད་པ་ནི། ཧྲཱི། ཡེ་གྲོལ་རིག་པ་ཁྱད་ཆོས་དྲུག་ལྡན་དབྱིངས། །ལྷུན་གྲུབ་རང་གསལ་བདེ་སྟོང་བུམ་པའི་སྐུ། །བློ་ལས་འདས་པ་མཐའ་གྲོལ་ལྟ་བའི་བབ། །འཇམ་དཔལ་རྫཽགས་པ་ཆེན་པོའི་ངང་ལ་བསྟོད། །འཛབ་དམིགས་ནི། ཐུགས་ཀར་པད་ཉི་ཟླ་བའི་སྟེང༌། །གཞོམ་དུ་མེད་པ་ཁམས་ལྔའི་བཅུད། །མི་ཤིགས་ཐིག་ལེའི་ངོ་བོ་ཉིད། །དྷཱི་ཡིག་གསེར་སྦྱངས་ཞུན་མའི་མདོག །དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་ཟེར་འཕྲོས་


TN02_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པས་སངས་རྒྱས་དང༌། །བྱང་སེམས་པཎ་གྲུབ་རྒྱ་མཚོ་ཡི། །མཁྱེན་བརྩེ་ནུས་པའི་དངོས་གྲུབ་དབྱིག །སླར་འདུས་རང་ལ་ཐིམ་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་བརྒྱ་སྟོང་ཁྲི་འབུམ་དུ་བཟླ། ཐུན་མཐར་མཆོད་བསྟོད་ཕུལ་ལ། །བརྗོད་མེད་དོན་བཤགས་མཐར། ཚོགས་ལས་ནི་དང་པོ་བྱིན་རླབས། ཧཱུཾ། བདག་ཉིད་ཐུགས་ལས་འབྲུ་གསུམ་ཡི་གེའི་ཚོགས། ཚོགས་རྫས་རྣམས་ལ་ཆར་ལྟར་བབ་པ་ཡིས། །སྦྱང་སྤེལ་བསྒྱུར་བའི་ཡེ་ཤེས་བདུད་རྩིའི་སྤྲིན། །རྡོ་རྗེའི་ལོངས་སྤྱོད་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱཾཨུ་ལན་གསུམ། ཚོགས་ཞིང་སྤྱན་འདྲེན་ནི། ཧཱཾཨུ་འོག་མིན་གནས་དང་མཁའ་སྤྱོད་སྤྲུལ་པའི་གྲོང༌། །དབུགས་ཆེན་འབྱིན་པ་རྣམ་གྲོལ་ཞིང་ལྔ་སོགས། །སྐུ་གསུམ་སྟོན་པའི་ཞིང་ཁམས་རབ་འབྱམས་ནས། །འཇམ་དབྱངས་འཁོར་བཅས་ཚོགས་ལ་གཤེགས་སུ་གསོལ། །བཛྲ་ས་མཱ་ཛ། ཚོགས་ཕུད་རྣམས་ཕུལ་ལ། ཧཱཾཨུ་དངོས་འབྱོར་ཡིད་སྤྲུལ་དམ་རྫས་སྤྲིན་གྱིས་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཉམས་ཆག་བཤགས། །བདུད་བཞི་དབྱིངས་བསྒྲལ་ཚོགས་ཀྱི་འཁོར་ལོས་མཆོད། །མཆོག་དང་ཐུན་དངོས་གྲུབ་སྩལ་དུ་གསོལ། །མ་ཧཱ་ག་ཎ་ཙཀྲ་སརྦ་ས་མ་ཡ་སརྦ་པུ་ཛ་ཁཱ་ཧཱི། ཞེས་ཕུལ། ཚོགས་ལ་རོལ། ལྷག་མ་བསྔོ་བ་ནི། ཚོགས་ལྷག་ཁ་ཕྲུས་གདབ། ཨོཾ་ཨཱཿཧཱཾཨུ་གིས་བརླབས། འཇམ་དཔལ་རྡོ་རྗེའི་བཀའ་འཁོར་


TN02_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི། །གིཾ་ལང་དབང་ཕྱུག་བརྟན་མ་རྒྱ་མཚོ་ཡིས། །འདོད་ཡོན་ལོངས་སྤྱོད་ལྷག་གཏོར་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧཱི། ཞེས་ཕྱི་རོལ་དུ་དོར། གཏང་རག་མཆོད་བསྟོད་མཐར་ཡིག་བརྒྱས་ནོངས་པ་བཤགས། ཨཱ་གདོད་མའི་གཞི་དབྱིངས་ནང་གསལ་ཀློང་ཆེན་པོར། །གཟུགས་སྐུའི་སྒྱུ་འཕྲུལ་མཁའ་ལ་འཇའ་ཚོན་བཞིན། །གཞི་མེད་རྩ་བྲལ་ངང་དུ་མཉམ་པར་བཞག །རྗེས་ཐོབ་ལུ་གུ་རྒྱུད་ཀྱི་དོན་ལ་བལྟ། །དགེ་བསྔོ་ཤིས་བརྗོད་སོགས་སྤྱི་ལྟར་བྱའོ། །ཞེས་པའང་འཇམ་དབྱངས་འོད་ཟེར་གྱི་ངོར་ཉི་སྒྲོལ་ཞེས་པ་ཤིང་སྤྲེལ་ལོར་སྤྲང་པོ་འཇིགས་མེད་པས་སོ། །དགེ་ཞིང་བཀྲ་ཤིས།། །།
ན་མོ་མཉྫུ་ཤྲཱི་ཡེ། གང་ཞིག་གིས་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྒོམ་ཞིང་སྒྲུབ་པར་འདོད་པས། དང་པོ་སྐྱབས་སེམས་ནི། མཁའ་ཁྱབ་འགྲོ་རྣམས་སྲིད་ལས་བསྒྲལ་སླད་དུ། །བཅོམ་ལྡན་འཇམ་དཔལ་མགོན་ལ་སྐྱབས་མཆི་ཞིང༌། །རྗེ་བཙུན་སྨྲ་བའི་ཉི་མའི་ཏིང་འཛིན་གྱིས། །བླ་མེད་བྱང་ཆུབ་སྒྲུབ་པར་སེམས་བསྐྱེད་དོ། །ལན་གསུམ། དངོས་གཞིའི་རྣལ་འབྱོར་ནི། ཆོས་རྣམས་བསམ་གྱིས་མི་ཁྱབ་དབུ་མ་ཆེ། །རྟེན་འབྱུང་སྒྱུ་མ་ལྟ་བུར་སྣང་བའི་གར། །མདུན་གྱི་ནམ་མཁར་རིན་ཆེན་སེང་གེའི་ཁྲིར། །རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་སྨྲ་བའི་ལྷ། །དམར་སེར་མཚམས་སྤྲིན་སྣང་བ་འབུམ་འཕྲོ་ཞིང༌། །ཕྱག་གཡས་ཡེ་ཤེས་རལ་གྲི་མཁའ་ལ་ཕྱར། །གཡོན་


TN02_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེར་ཕྱིན་གླེགས་བམ་ཐུགས་ཀར་འཛིན། །དྲི་མེད་དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས། །ཐུགས་ཀར་ཟླ་སྟེང་ཐུགས་སྲོག་ཡི་གེ་དྷཱིཿ མཐའ་བསྐོར་འབྲུ་དྲུག་སྔགས་ཀྱིས་བསྐོར་བ་ལས། །འོད་ཟེར་བདུད་རྩིའི་རང་བཞིན་མངོན་བྱུང་སྟེ། །བདག་གི་སྙིང་གར་ཞུགས་ཤིང་ཐིམ་པའི་མོད། །སྤོབས་པའི་གཏེར་ཆེན་རྣམ་བརྒྱད་གྲོལ་བར་འགྱུར། །ཞེས་བསམ་ལ། ཨ་ར་པ་ཙ་ན་དྷཱིཿ ཞེས་ཅི་མང་བཟླས། ཨ་ཞེས་མ་སྐྱེས་ཚུལ་ལ་འཇུག་པའི་སྒོ། །ར་ཏི་རྡུལ་མེད་ཚུལ་ལ་འཇུག་པའི་སྒོ། །པརྠ་དོན་དམ་ཟབ་མོར་འཇུག་པའི་སྒོ། །ཙ་ལ་སྐྱེ་འཆི་མེད་པར་འཇུག་པའི་སྒོ། །ན་མ་མིང་དང་བྲལ་བར་འཇུག་པའི་སྒོ། །དྷཱིཿཞེས་བློ་གྲོས་མཆོག་ལ་འཇུག་པའི་སྒོ། །རྟོགས་དཀའ་ཟབ་མོ་སྒོ་དྲུག་ལེགས་རྟོགས་ནས། །གཟུངས་སྤོབས་སྣང་བ་རྒྱས་པའི་དངོས་གྲུབ་སྩོལ། །ཞེས་གསོལ་བ་བཏབ། ཐུན་མཐར་བདུན་གྱི་ལྷ་རང་ལ་བསྡུ། དགེ་བའི་རྩ་བ་སེམས་ཅན་གྱི་དོན་དུ་བསྔོ། ཞེས་པའང་མདོ་སྔགས་དང༌། ཚུལ་བཟང་གཉིས་ཀྱི་ངོར་འཇིགས་མེད་པས་སོ།། །།
ན་མོ་མཉྫུ་ཤྲཱི་ཡེ། གང་གིས་འཕགས་པ་འཇམ་དཔལ་གྱི་ཏིང་འཛིན་བསྒོམ་པར་འདོད་པས་ཁྲུས་གསུམ་སྔོན་དུ་སོང་སྟེ། སྐྱབས་སེམས་བྱ་བ་ནི། མཐའ་ཡས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །བླ་མ་འཇམ་དཔལ་མགོན་ལ་སྐྱབས་མཆི་ཞིང༌། །མཁའ་ཁྱབ་འགྲོ་ལ་ཕན་པའི་དོན་སླད་དུ། །ལག་


TN02_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ན་རལ་གྲིའི་རྣལ་འབྱོར་བསྒོམ་པར་བགྱི། །ལན་གསུམ། དངོས་གཞིའི་རྣལ་འབྱོར་ནི། མཐའ་བཞིའི་མཚན་མ་ཞི་བའི་དེ་བཞིན་ཉིད། །ཀུན་སྣང་ཡེ་ཤེས་སྒྱུ་མར་འཕྲུལ་བའི་གར། །མདུན་གྱི་ནམ་མཁར་རིན་ཆེན་ནོར་བུའི་ཁྲིར། །བླ་མ་རྗེ་བཙུན་མཁྱེན་པའི་གཏེར་ཆེན་ཞབས། །མཚམས་སྤྲིན་མདངས་འཛིན་ཞལ་གཅིག་ཕྱག་གཉིས་པ། །གླེགས་བམ་རལ་གྲི་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་འོངས་པའི། །མི་ཟད་ཡིད་བཞིན་དྲྭ་བའི་ཕྲེང་བ་ཅན། །མི་ཤིགས་མཚན་དཔེའི་དཀྱིལ་འཁོར་འབར་བར་བསྒོམ། །དེ་ཡི་ཐུགས་ཀར་པདྨ་ཟླ་བའི་སྟེང༌། །སྐྱེ་བ་མེད་དང་རྡུལ་མེད་དོན་དམ་དང༌། །འཆི་འཕོ་མེད་དང་མིང་དང་བྲལ་བ་དང༌། །བློ་གྲོས་ཟབ་མོའི་སྒོར་གྱུར་ཡི་གེ་དྲུག །ཉི་མ་འཆར་ཀའི་འོད་ལྟར་ལམ་མེ་བ། །སྣང་སྟོང་ཡེ་ཤེས་མཆོག་གི་རོལ་མོར་གསལ། །ཨ་ར་པ་ཙ་ན་དྷཱིཿ ཞེས་བཟླ། ཐུན་མཇུག་ཏུ། བླ་མ་འཇམ་པའི་རྡོ་རྗེའི་ཐུགས་ཀའི་འོད། །བདག་གི་སྙིང་དབུས་ཐིག་ལེར་ཞུགས་པའི་མོད། །ཇི་ལྟ་ཇི་སྙེད་ཤེས་བྱ་འཇལ་བའི་བློ། །མི་ཟད་དབྱར་གྱི་མཚོ་ལྟར་རྒྱས་པར་གྱུར། །དེ་མཐར་བླ་མ་འོད་ཞུ་བདག་ལ་ཐིམ། །བདག་ཡིད་སྒྲིབ་པའི་ཚོགས་ཀུན་རབ་བཅོམ་སྟེ། །མཁྱེན་གཉིས་ཡེ་ཤེས་མི་ཟད་འཇོ་བའི་དཔྱིད། །འཇམ་དཔལ་ཡེ་ཤེས་སེམས་དཔའི་དགོངས་ཀློང་བཞག །ཅེས་མཉམ་པར་བཞག་


TN02_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་འདི་ཡིས་མཐའ་ཡས་ཡིད་ཅན་ཀུན། །སྟོབས་དང་མི་འཇིགས་ཡོན་ཏན་རྒྱ་མཚོའི་གཏེར། །འཇམ་དཔལ་དཔའ་བོའི་ཡེ་ཤེས་མངོན་བྱས་ཏེ། །རང་གཞན་དོན་གཉིས་འབྱོར་པ་ལྷུན་གྲུབ་ཤོག །ཅེས་བསྔོ་བ་བྱའོ། །ཞེས་པའང་བླ་མ་དམ་པ་མཁའ་སྤྱོད་ཀྱིས་གནས་ཀྱིས་བསྐལ་བའི་ཡུལ་ནས་ཀྱང་བསྐུལ་བ་ལྟར་གཞོན་ནུ་འཇིགས་མེད་པས་བྲིས།། །།


previousའཇམ་དཔལ་སྒྲུབ་ཐབས།next