Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
བཀའ་སྲུང་གི་སྐོར།
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་གི་སྐོར།next

བཀའ་སྲུང་གི་སྐོར།

ཚེ་རིང་མཆེད་ལྔའི་མངའ་གསོལ།


TN02_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་མཆེད་ལྔའི་མངའ་གསོལ་ཕན་བདེའི་ཕོ་ཉ་བཞུགས་སོ། །ཧཱུྃ། མཁའ་སྦྱོང་གནས་ཡུལ་ཉེར་བཞིའི་བདག །ལྷན་སྐྱེས་བཛྲ་ཝཱ་རི་ཧི། །འཇིག་རྟེན་འདས་ཀྱང་སྲིད་ན་སྣང༌། །ཞིང་སྐྱེས་རིགས་ལྔར་མངའ་གསོལ་ལོ། །དཔྱིད་དང་ཐིག་ལེ་མཉམ་སྦྱོར་བའི། །འཕོ་མེད་བདེ་སྟོང་རྡོ་རྗེའི་སྲོག །འོད་གསལ་ཡེ་ཤེས་་ནི། །ཚེ་འཛིན་མཆེད་ལྔར་མངའ་གསོལ་ལོ། །དོན་གྱི་མཁའ་འགྲོ་གཉུག་མའི་ཡིད། །ཕྱག་རྒྱ་རྟགས་ཀྱི་སྐུར་བཞེངས་པ། །རྗེས་ཆགས་བཞད་པའི་ལང་ཚོ་ཅན། །སྨན་བཙུན་མཆེད་ལྔར་མངའ་གསོལ་ལོ། །སྣང་སྲིད་སྲིད་པ་མ་མོའི་དལ། །གཟོད་ནས་རང་རྩལ་རྫོགས་པའི་ཕྱིར། །དུས་གསུམ་ཀུན་ལ་དབང་བསྒྱུར་མ། །ཚེ་རིང་མཆེད་ལྔར་མངའ་གསོལ་ལོ། ཁྲག་འཐུང་རིག་འཛིན་པདྨ་ཡིས། །རྡོ་རྗེ་གསང་བའི་དམ་བསྒྲགས་ཚེ། །བོད་ཁམས་སྐྱོང་བར་ཞལ་བཞེས་པ། །བརྟན་མ་ཆེན་མོར་མངའ་གསོལ་ལོ། །སྔགས་རིག་གྲུབ་བརྙེས་རྒྱ་མཚོའི་དཔྱིད། །རྣལ་འབྱོར་ཡོངས་ཀྱི་མཛའ་ན་མོ། །དམ་ལྡན་བུ་བཞིན་སྐྱོང་མཛད་མ། །རྡོ་རྗེའི་སྲུང་མར་མངའ་གསལ་ལོ། །ཡིད་ཆོས་དབུ་མར་ཐིམ་པའི་གཟུགས། །ཀུན་ཁྱབ་ནམ་མཁའི་སྐུ་མངའ་མ། །ཡུལ་ཆེན་ཉེར་བཞིའི་བདག་མོ་མཛད། །ཞིང་སྐྱོང་གཙོ་མོར་མངའ་གསོལ་ལོ། །རིག་སྟོང་མི་འགྱུར་ཐིག་ལེ་ཆེ། །ཕུལ་བྱུང་དངོས་གྲུབ་རྒྱ་མཚོའི་མཛོད། །ཡིད་བཞིན་རེ་བ་སྐོང་མཛད་མ། །ཚེ་སྟེར་


TN02_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོར་མངའ་གསོལ་ལོ། །མདོར་ན་སྨན་བཙུན་མཁའ་འགྲོ་ཆེ། །ལྷན་ཅིག་སྐྱེས་པའི་རྗེ་མོ་ལྔ། །དུས་གསུམ་ཀུན་ཏུ་མཆོད་བསྟེན་པས། །རྣལ་འབྱོར་དོན་ཀུན་ཡོངས་རྫོགས་མཛོད། །ཅེས་པའང་ཨ་བྷྱས་གང་དྲན་སྐད་ཅིག་ལ་བྲིས་པ་སྟེ། གྲུབ་ཆེན་རིན་པོ་ཆེས་མཛད་པའི་མངའ་གསོལ་འདུག་ཀྱང་གཏེར་ཞུང་གི་ཚིག་དང་བསྟུན་ཏེ་བཀོད་པའོ། །དགེའོ།། ༈ །།

ཤན་པ་སྲོག་སྒྲུབ་ནག་མོའི་མཆོད་སྐོང་།


TN02_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །གང་ཞིག་གིས་ཤན་པ་སྲོག་སྒྲུབ་མའི་མཆོད་སྐོང་གི་ཆོ་ག་ཤིན་ཏུ་བསྡུས་ཏེ་བྱ་བར་འདོད་པས། མཆོད་གཏོར་འདུ་བྱས་ཏེ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་པདྨ་ཐོད་ཕྲེང་རྩལ་དྲག་ཤུལ་ཁྲོས་པའི་སྐུ་ཅན་དུ་གྱུར། །རང་གི་མདུན་དུ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ཆེན་པོར་གསོད་བྱེད་ཀྱི་ཤན་པ་སྲོག་སྒྲུབ་མ་ཞལ་གཅིག་ཕྱག་གཉིས་ཆུ་གྲི་དང་མི་སྙིང་འཛིན་པ་སྐུ་མདོག་ནག་ལ་རྔམ་པ་སྲིད་པའི་རླུང་ལ་བཞོན་པ་འཁོར་དུ་ཤ་ཟ་འབུམ་གྱིས་བསྐོར་བ། ས་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པར་གྱུར། རོལ་མོ་དཀྲོལ་ལ། ཧཱུྃ་བྷྱོཿ ཆོས་དབྱིངས་སྐྱེ་བ་མེད་པ་ལས། །སྐྱེ་བའི་ཆོ་འཕྲུལ་རྔམ་པའི་སྐུ། །སྲོག་སྒྲུབ་ཤན་པ་འཁོར་དང་བཅས། །མ་ཐོགས་མྱུར་དུ་འདིར་གཤེགས་ཤིག །བཛྲ་ས་མཱཿཛཿ ཞེས་སྤྱན་དྲངས། ས་མ་ཡ་ཏིཥྛ་ལྷན། གྱིས་བཞུགས་སུ་གསོལ། ཧཱུྃ་བྷྱོཿ རང་བཞིན་དག་པའི་གནས་མཆོག་འདིར། །ཏིང་འཛིན་སྒྱུ་འཕྲུལ་སྤྲུལ་པའི་གར། །སྲོག་སྒྲུབ་ཤན་པ་འཁོར་བཅས་རྣམས། །ཐུགས་དམ་


TN02_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བའི་དམ་རྫས་ནི། །བདུད་རྩི་སྨན་གྱི་རྒྱ་མཚོ་བསྐྱིལ། །དམར་ཆེན་རྐྟའི་དབའ་ཀློང་འཁྲུགས། །ཛ་གད་བཅུད་ཀྱི་སྤྲིན་ཕུང་འཁྲིགས། །ཕུད་སྐྱེམས་བཏུང་བའི་རྒྱུན་བཟང་སྒྲེངས། །ཚིལ་ཆེན་གསུར་གྱི་དྲི་ངད་འཐུལ། །སྣ་ཚོགས་གཡང་གཞིའི་རྒྱལ་མཚན་སོགས། །ཐུགས་ཀྱི་དགྱེས་པ་བསྐང་བའི་རྫས། །བཞེད་དགུའི་རོལ་མོར་འཆར་བའི་སྤྲིན། །ནམ་མཁའ་གང་བའི་ལོངས་སྤྱོད་ཀྱིས། །སྲོག་སྒྲུབ་ནག་མོའི་ཐུགས་དམ་བསྐང༌། །སྤྱང་གདོང་རྔམ་མའི་ཐུགས་དམ་བསྐང༌། ཁ་གདོང་འབར་མའི་ཐུགས་དམ་བསྐང༌། །འུག་གདོང་ནག་མོའི་ཐུགས་དམ་བསྐང༌། །ཤ་ཟ་འབུམ་སྡེའི་ཐུགས་དམ་བསྐང༌། །ཐུགས་དམ་གཉན་པོ་བསྐངས་ནས་ཀྱང༌། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་བར་ཆད་ཞི་བ་དང༌། །མཐུན་རྐྱེན་ལེགས་ཚོགས་གོང་འཕེལ་བའི། །ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །སྤྲོ་ན། ཨོཾ་ནག་མོ་ཁྱི་ཁ་ལེ་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིངྟ་ཁ་ཧཱི། ཞེས་གསུམ་མམ་བདུན་གྱིས་གཏོར་འབུལ་བྱ། བསྡུ་ན་གཏོར་མེད་ཀྱང་རུང༌། མཐར། བཛྲ་མུས། སྲོག་སྒྲུབ་འཁོར་དང་བཅས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། ཞེས་པའང་ཇོ་བོ་རི་མོ་མཁན་ན་ཐའི་མིང་ཅན་ངོར་སྤྲང་སྨྱོན་འཇིགས་མེད་པས་སྨྲས་པའོ། །དགེའོ།། ༈ །།

མདོ་སྨད་རྡོ་རོང་གི་སྲིན་མོ་རྫོང་གི་གཞི་བདག་ལ་གསོལ་མཆོད་བསྡུས་པ།


TN02_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །བདག་ཉིད་ང་རྒྱལ་བརྟན་པོའི་ངང༌། །མདུན་དུ་དཀར་བགེགས་གཏོར་མ་དང༌། །སྐྱེམས་ཕུད་ཕྱེ་མར་ལ་སོགས་བཤམ། རཾ་ཡཾ་ཁཾ་གིས་


TN02_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རློབས་ཤིང༌། །འབྲུ་གསུམ་ནམ་མཁའ་མཛོད་ཀྱི་སྔགས། །ཕྱག་རྒྱ་ལྡན་པས་རབ་ཏུ་སྤེལ། །ཀྱེ། རང་བཞིན་ཀ་དག་སྤྲོས་བྲལ་ཆེན་པོའི་དབྱིངས། །སྣང་བརྟགས་ཤེས་བྱའི་གྲྭ་ཟུར་མི་དམིགས་ཀྱང༌། །ཀུན་བྱེད་སྒྱུ་མ་སེམས་ཀྱི་ཆོ་འཕྲུལ་དུ། །དག་དང་མ་དག་བརྟན་གཡོའི་སྣང་ཆར་ཤར། །དེ་སླད་རིག་པ་རང་སྣང་རོལ་པའི་རྒྱན། །མ་རྟོགས་འཁྲུལ་ངོར་གཞན་སྣང་དྲེགས་པའི་ཟོལ། །ལྷ་དང་ལྷ་མིན་མཁའ་འགྲོ་དམ་ཚིག་ཅན། །མ་ལུས་འཁོར་བཅས་གཏོར་མའི་མགྲོན་ལ་གཤེགས། ཁྱད་པར་མདོ་སྨད་རྡོ་རོང་སྲིན་མོ་རྫོང༌། །རི་དང་ནགས་ཚལ་རྫ་བྲག་སྲང་མདོ་སོགས། །གནས་སྐྱོང་གཞི་བདག་རང་རང་འཁོར་ཚོགས་བཅས། །ཀུན་ཀྱང་འདིར་གཤེགས་བདེན་པའི་ཐ་ཚིག་དགོངས། །དཀར་མངར་ཤ་ཁྲག་འབྲས་བུས་བརྒྱན་པ་ཡི། །མཆོད་སྦྱིན་གཏོར་མ་འདོད་དགུའི་རྒྱ་མཚོ་དང༌། །རོ་མཆོག་བརྒྱ་ལྡན་དབང་པོ་སིམ་བྱེད་པའི། །གཙང་མ་ཕུད་ཀྱི་བདུད་རྩི་གསེར་སྐྱེམས་སོགས། །དངོས་སུ་བཤམ་དང་ཡིད་ལས་བྱུང་བ་ཡི། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང༌། །རེག་འཇམ་ལྷ་རྫས་རྣམ་པ་དུ་མའི་ཚོགས། །མི་ཟད་ལོངས་སྤྱོད་ནམ་མཁའ་མཛོད་ལྟ་བུས། །སྤྱི་རུ་སྣང་སྲིད་དྲེགས་པ་སྡེ་བརྒྱད་དང༌། །བྱེ་བྲག་ཡུལ་འདིའི་གནས་བདག་གཞི་བདག་རིགས། །གློ་བུར་ལྷགས་དང་གཉུག་མར་གནས་པའི་སྡེ། །ཐུགས་དམ་སྐོང་ཞིང་དགྱེས་པ་བསྐྱེད་གྱུར་ཅིག །བྷུ་མི་པ་ཏི་


TN02_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་རི་ཝ་ར་ཨི་དམ་བ་ལིངྟ་ཁ་ཧི། ལན་བདུན་བརྗོད་ཅིང་མགྲོན་ལ་བསྔོ། ཀུན་སྣང་རིག་པ་སྒྱུ་མའི་རྣམ་རོལ་དུ། །མི་འཆར་སྲིད་ཞིའི་དངོས་སྣང་ཡོད་མིན་པས། །ཡོངས་གྲུབ་ཡེ་ཤེས་ཆེན་པོའི་ཕྱག་རྒྱ་ནི། །ཕུན་ཚོགས་གཏེར་གྱི་རྒྱ་མཚོར་ཅིར་ཡང་སྣང༌། །དེ་ལྟར་བདག་གིས་མཆོད་དང་བསྙེན་བཀུར་མཐུས། །ལྷ་སྲིན་དྲེགས་པ་ཡིད་ཀྱི་གཟུགས་ཅན་རྣམས། །སྲེད་པའི་ཤིང་རྟ་ཕྱུར་བུར་ཁེངས་ནས་ཀྱང༌། །གནོད་པར་སེམས་པའི་ཁོན་འཛིན་ཞི་གྱུར་ཅིག །ཕྱོགས་རྣམས་ཀུན་ཀྱང་རྫོགས་ལྡན་དགའ་བ་བཞིན། །བདེ་ཞིང་དགེ་བའི་དུས་སྟོན་དར་བབས་ཤིང༌། །སྐྱེ་དགུ་ཐམས་ཅད་ཚེ་རིང་ནད་མེད་སོགས། །མཐོ་རིས་ཡོན་ཏན་བདུན་གྱིས་འབྱོར་གྱུར་ཅིག །གཏོར་མ་གཤེགས་ཤིང་སྐྱེམས་ཕུད་གཏོར། བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་གཙྪ། ཞེས་བརྗོད་མགྲོན་རྣམས་རང་སར་གཤེགས། སྨོན་ལམ་གདབ་ཅིང་ཤིས་པ་བརྗོད། ཅེས་པའང་སྔགས་འཆང་མེ་ལོང་རྡོ་རྗེ་དང༌། རྟོགས་ལྡན་་དྷ་ཏུའི་ཞལ་ནས་བསྔགས་ཤིང་ཉེ་ཆར་བཙུན་པ་ཆོས་ལྡན་གྱིས་ཀྱང་བསྐུལ་བའི་ངོར། འཇིགས་མེད་པས་སོ།། །།

མགོན་པོ་ལེགས་ལྡན་གྱི་མངའ་གསོལ།


TN02_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་བློ་ལྡན་མཆོག་སྲེད་ལ་ན་མོ། །གང་ཞིག་གིས་མགོན་པོ་ལེགས་ལྡན་གྱི་མངའ་གསོལ་བྱ་བར་འདོད་པས། དབྱངས་གདངས་སྙན་པོས། ཧཱུྃ། མི་འགྱུར་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་དངོས། །འགགས་མེད་སྒྱུ་འཕྲུལ་རོལ་མོར་འབར་བའི་གར། །ཞི་ཆགས་ཁྲོ་བོའི་རྣམ་རོལ་མཐའ་ཀླས་པས། །དགྱེས་མཛད་རྡོ་རྗེའི་གཟུགས་


TN02_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་མངའ་གསོལ་ལོ། །རྣམ་ཀུན་མཆོག་ལྡན་སྤྲོས་བྲལ་དབྱིངས་ཉིད་ལས། །འཕོ་མེད་རིག་སྟོང་རྡོ་རྗེ་སྲིན་པོའི་གཟུགས། །སྣང་གསུམ་མཚན་མའི་ཁམས་ལ་ཁྲོས་པའི་ཉམས། །འཇིགས་མཛད་དཔའ་བོ་ཆེན་པོར་མངའ་གསོལ་ལོ། །ཞི་བ་ཆོས་སྐུའི་ངང་ལས་མ་གཡོས་ཀྱང༌། །དྲག་ཤུལ་ཁྲོས་པའི་སྒྱུ་འཕྲུལ་རྣམ་མང་པོས། ཁམས་གསུམ་འོད་གསལ་དབྱིངས་སུ་སྒྲོལ་མཛད་པ། །བདུད་འདུལ་ཁྲག་འཐུང་དཔའ་བོར་མངའ་གསོལ་ལོ། །དཔྱིད་དང་ཐིག་ལེ་མཉམ་སྦྱར་གཉུག་མའི་སྲོག །ཟུང་འཇུག་ཡེ་ཤེས་ཆེན་པོར་རྩལ་རྫོགས་པས། །བདེ་སྟོང་བདུད་རྩིས་མོས་པའི་བཞད་སྒྲ་ཅན། །འདོད་ཆགས་རྡོ་རྗེའི་གསུང་དུ་མངའ་གསོལ་ལོ། །མཐའ་ཡས་སྲིད་ཞིའི་དངོས་སྣང་མ་ལུས་པ། ཁ་སྦྱོར་ཡེ་ཤེས་དབྱིངས་སུ་རྒྱས་ཐེབས་པས། །བརྟན་གཡོ་སྣང་སྲིད་ཟིལ་གནོན་ཧེ་རུ་ཀ༌།གཤེ་མཛད་གཏུམ་ཆེན་རྡོ་རྗེར་མངའ་གསོལ་ལོ། །རྟོག་ཚོགས་དྷུ་ཏིར་ཐིམ་པའི་བདེ་བ་མཆོག །ལས་རླུང་ཟས་སུ་ཟོས་པའི་རྐན་སྒྲ་ཡིས། །སྐྱེ་དང་འཆི་བའི་གྲོང་ཁྱེར་ཀུན་འཇིག་པ། ཁྲག་འཐུང་འབུམ་སྡེའི་གཙོ་བོར་མངའ་གསོལ་ལོ། །གཉུག་མའི་ཕུང་ཁམས་སྣང་སྟོང་ཕྱག་རྒྱ་ཆེ། །བདེ་ཆེན་སྒྱུ་འཕྲུལ་འཁོར་ལོར་རོ་གཅིག་པས། །ཀུན་སྣང་སྙིང་རྗེའི་ཉམས་བརྒྱར་འབར་བའི་དཔྱིད། །སྣང་སྲིད་གཞི་བཞེངས་ཆེན་པོར་མངའ་གསོལ་ལོ། །ཆོས་ཉིད་ངང་


TN02_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྲོས་པ་ལྷན་སྐྱེས་དབྱིངས། །རང་བྱུང་ཡེ་ཤེས་ཁྲོ་བོར་མི་ཕྱེད་པའི། ཁྲོ་ལ་ཁྲོར་སྟོན་འཇིགས་བྱེད་རྔམ་པའི་ཐུགས། ཁམས་གསུམ་ཟིལ་གནོན་ཆེན་པོར་མངའ་གསོལ་ལོ། ཁྲོ་ཆགས་ཕྱག་རྒྱའི་ཆོ་འཕྲུལ་ཅིར་སྣང་ཡང༌། །གཞི་གྲོལ་ཀ་ནས་དག་པའི་སྟོང་ཆེན་དབྱིངས། །མི་ཤིགས་སེམས་ཀྱི་རྡོ་རྗེ་ཟུང་འཇུག་པ། །རྣམ་པར་མི་རྟོག་ཐུགས་སུ་མངའ་གསོལ་ལོ། །མདོར་ན་རྣམ་མང་གར་དགུའི་རོལ་པ་ཡིས། །འགྲོ་འདུལ་ཕྲིན་ལས་རྣམ་བཞིའི་འཇུག་པ་ཅན། །བསྟན་བསྲུང་དྲེགས་པ་འབུམ་སྡེའི་གཙོ་མཆོག་ཆེ། །ལེགས་ལྡན་ནག་པོ་ཆེན་པོར་མངའ་གསོལ་ལོ། །མངའ་གསོལ་བྱས་སོ་ལྷ་ཆེན་དུར་ཁྲོད་བདག །དབུ་འཕང་བསྟོད་དོ་བཀའ་སྡོད་དྲེགས་པའི་རྗེ། །གཟི་བྱིན་བསྐྱེད་དོ་ལེགས་ལྡན་ཚོགས་ཀྱི་བདག །རྡོ་རྗེའི་གཡར་དམ་གཉན་པོ་རྗེས་སུ་དགོངས། །དཔལ་ཆེན་སྤྱན་སྔར་ཇི་ལྟར་དམ་མནོས་བཞིན། །ཐུབ་བསྟན་སྤྱི་དང་ཁྱད་པར་རྡོ་རྗེའི་ཐེག །མི་ནུབ་ཕྱོགས་དུས་ཀུན་ཏུ་རྒྱས་མཛད་ཅིང༌། །ས་གསུམ་ཕན་བདེར་སྦྱོར་བའི་ཕྲིན་ལས་མཛོད། །ཅེས་བསྐང་བའི་རྗེས་སུ་བྱའོ། །ཞེས་པའང་བླ་མ་ཛྙཱ་ན་སཱ་མུ་དྲའི་བཞེད་ངོར་སྤྲང་འཁྱམས་འཇིགས་མེད་པས་སོ། །དགེའོ།། །།

མ་མོའི་འཁྲུགས་སྐོང་ཉེར་བསྡུས།


TN02_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲི་ཧེ་རུ་ཀ་ལ་ན་མོ། །མ་མོའི་འཁྲུགས་སྐོང་ཉེར་བསྡུས་ནི། མཆོད་སྐོང་གི་རྫས་བཟང་ལ་མང་བ་སྔགས་རྒྱ་དང་བསམ་གཏན་གྱིས་སྤེལ་ཏེ། བྷྱོཿབདེ་ཆེན་སྒྱུ་མའི་རོལ་པ་ལས། །ཡེ་ཤེས་འཇིག་


TN02_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མ་མོའི་ཚུལ། །དབྱིངས་ཕྱུག་དཔལ་ལྡན་རེ་མཱ་ཏི། །རྗེ་ཁོལ་སྤྲུལ་པར་བཅས་པ་ལ། །ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ། །རྨོངས་དང་བག་མེད་དབང་གྱུར་པས། །སོ་ཐར་བྱང་སེམས་གསང་སྔགས་ཀྱི། །ཚུལ་ཁྲིམས་བསླབ་པ་ཉམས་པ་དང༌། །མ་མོའི་ཁྱད་པར་དམ་ཚིག་ལས། །འགལ་ཞིང་ནོངས་པ་ཅི་མཆིས་པ། །ཐོག་མེད་ནས་བསགས་སྡིག་ལྟུང་དང༌། །ལྷན་ཅིག་གནོང་ཞིང་འགྱོད་པས་བཤགས། །ཐབ་གཞོབ་དམེ་འཁོན་གྲིབ་རིགས་དང༌། །བྱད་ཕུར་གདོན་བགེགས་རྐྱེན་དབང་གིས། །དམ་ཅན་མི་དགྱེས་གྱུར་པ་རྣམས། །ཆོས་དབྱིངས་རྣམ་དག་བདེན་པས་བསལ། །འགྲོ་ལ་མ་ལྟར་བརྩེ་བ་ཡི། །ཐུགས་རྗེས་དགོངས་ཏེ་ཚངས་པར་མཛོད། །མཁའ་འགྲོ་འཁྲུགས་པའི་རྒྱུ་འབྲས་ཀུན། །ཞི་ནས་འདོད་པའི་དངོས་གྲུབ་སྩོལ། །ཞེས་པའང་མཁས་བཙུན་དམ་པ་ངག་དབང་ཀུན་དགའ་གྲགས་པ་སོགས་ནས་བསྐུལ་བ་ལྟར་ཨ་བྷྱས་བྲིས།


previousབཀའ་སྲུང་གི་སྐོར།next