Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  collapse section
   
   
དུར་ཁྲོད་ལྷ་མོ་ལ་བསྟོད་པ།
   
   
   
   
   
   
   
   
   
   
   
   
   


 
previousདུར་ཁྲོད་ལྷ་མོ་ལ་བསྟོད་པ།next

དུར་ཁྲོད་ལྷ་མོ་ལ་བསྟོད་པ།


TN02_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

༈ དུར་ཁྲོད་ལྷ་མོ་ལ་བསྟོད་པ་གནོད་སྦྱིན་ཀུན་ཏུ་དགའ་བའི་དབྱངས་ཞེས་བྱ་བ། རྡོ་རྗེ་སྲིད་མོའི་ཉི་མའི་ཞལ་མངའ་གློགས་ལྟར་འབར་བའི་ཁྲོད་གཉེར་ཅན། །དམར་སེར་མེ་ཡི་རལ་པ་གྱེན་བརྫེས་སྐྱིན་ཐང་རླུང་ངག་གཡོ་བ་དང་། །སྨིན་མ་ཡོན་པོའི་ལྷ་སྟངས་རེས་ཀྱང་ས་གསུམ་མུན་པ་བཞིན་འཐིབ་པའི། །བདུད་ཀྱི་བདུད་ཆེན་གཏུམ་མོ་ཁྲོས་མས་བདུད་རྣམས་འཇིགས་པ་སྐྱེད་གྱུར་ཅིག །གླལ་བའི་ཤུགས་ཀྱིས་རབ་དམར་ཞལ་གདངས་དུག་རླངས་ན་བུམ་ཆེར་འཁྲིགས་ཤིང་། །སྟོང་ཁམས་མ་ལུས་དང་བཞིན་འདར་བའི་དམོད་སྔགས་འབྲུགས་སྟོང་ང་རོ་ལྡིར། །སྡིག་ཅན་སྙིང་ཁྲག་ཧུ་ཀྱིས་བཏུང་བའི་རྔམས་ཞལ་ཁྲག་གི་ཞམ་ཆུ་ཅན། །དྲན།


TN02_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོད་ལ་བདུད་སྡེ་མཐར་བྱེད་འཇིགས་མེད་ལྕམ་མོ་དེས་སྲུངས་ཤིང་། །སྤུ་གྲིའི་སེན་མོ་མདུང་ལྟར་གཟིངས་པས་བྱད་གདོན་སྙིང་རྩ་ཐལ་འབྱིན་ཞིང་། །མི་གསོན་ལྟོ་བ་ཐད་ཀར་བྲལ་ནས་ཁྲག་ལྡན་རྒྱུ་ལྟོ་ཞལ་འདྲེན་པ། །ཕུང་བྱེད་བདུད་མོ་བཤན་པའི་ལག་ཅན་དམ་ཉམས་སྲོག་དབུགས་མངའ་མཛད་མོ། བཀའ་སྡོད་འབར་མ་བྱེ་བའི་གཙོ་ཁྱོད་སྡིག་ཅན་བདུད་ལ་ནུས་མཐུ་སྟོན། །ཅེ་སྤྱང་མཆེ་བ་ཁྲག་གིས་དམར་རྣམས་བཟོད་པར་དཀའ་བའི་སྒྲ་སྒྲོགས་ཤིང་། །རོ་ལང་ཁྲོས་པས་བཤུགས་སྐད་རབ་འདོན་མོ་རོའི་ཁང་པ་ངམ་གནག་པར། །ཞིང་བཅུའི་ཀླད་ཁྲག་རུལ་བའི་མཚོ་ལ་མི་ཐོད་སྐྱོག་གིས་འཆུ་མཛད་མ། །དུར་ཁྲོད་མ་མོ་དམེ་བ་ཅན་ཁྱོད་ཉམས་པ་ཅན་ལ་ཁ་ཕྲུ་ཐོབ། །ལ་ལ་མེ་འབར་གཡང་གཞིའི་གོས་མནབས་ཀླུ་བདུད་ཁྲོས་པའི་སྐ་རགས་བཅིངས། །འགའ་ཞིག་གཅེར་མོ་གདུག་པའི་དྲི་འཐུལ་ལྟས་ངན་བརྒྱ་བའི་འོ་དོད་འབོད། །གཞན་དག་འཆི་མེད་ཡང་ཚོའི་ཉི་གཞོན་འཇིག་རྟེན་མངོན་པར་དགའ་བའི་དཔྱིད། །རྡོ་རྗེ་སྲིན་མོ་སྣ་ཚོགས་གཟུགས་ཁྱོད་དེང་འདིར་བདུད་ལ་མངོན་སྤྱོད་མཛོད། །པདྨའི་མིག་ཅན་པདྨོའི་མདོག་མཚུངས་པདྨ་ལྟ་བུར་འཛུམ་པའི་ཞལ། །འོ་འཛིན་པདྨ་ཁ་འབུས་དབྱིབས་


TN02_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་འཇམ་ཞིང་གཉེན་པ་པདྨའི་ལག །དགའ་ཆེན་པདྨོའི་ཞགས་པ་རེ་རེས་ཁམས་གསུམ་རྣམ་པར་འཆིང་ནུས་པ། །འོད་ཆེན་འབར་མ་ལྷ་བརྒྱའི་གཙོ་མོས་བདེ་བ་མཆོག་གི་དགའ་སྟོན་སྤེལ། །མཁའ་ལྟར་ཞི་བ་ཆོས་ཀྱི་སྐུ་ཡང་རྡོ་རྗེ་ཁྲོས་པའི་སྙེམས་འཆང་ཞིང་། །བདེ་ཆེན་སྙིང་རྗེའི་འཛུམ་དཀར་དགོད་ཀྱང་མི་སྡུག་སྲིན་མོའི་རྣམ་རོལ་ཅན། །དཔལ་ལྡན་ལྷན་ཅིག་སྐྱེས་མའི་མཆོག་ཀྱང་ངན་ནེ་མ་ཞེས་མཚན་བསྒྲགས་པ། །དེ་ཡིས་བདག་ལ་དོན་ཀུན་གྲུབ་པའི་དངོས་གྲུབ་རྒྱ་ཆེན་ཆར་དུ་སྙིལ། །དུར་ཁྲོད་ལྷ་མོའི་བསྟོད་པ་གནོད་སྦྱིན་ཀུན་ཏུ་དགའ་བའི་དབྱངས་ཞེས་བྱ་བ་རྡོ་ཤོད་ཀྱི་སྨྱོན་པ་འཇིགས་མེད་པས་སྦྱར་བའོ། མངྒ་ལཾ།


previousདུར་ཁྲོད་ལྷ་མོ་ལ་བསྟོད་པ།next