Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
རྡོ་རྗེ་གང་རྩལ་གྱི་གནས་རྟེན་ལ་བསང་མཆོད་འབུལ་བ།
   
   
   
   
   
   


 
previousརྡོ་རྗེ་གང་རྩལ་གྱི་གནས་རྟེན་ལ་བསང་མཆོད་འབུལ་བ།next

རྡོ་རྗེ་གང་རྩལ་གྱི་གནས་རྟེན་ལ་བསང་མཆོད་འབུལ་བ།


TN02_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོང་རིའི་གནས་སུ་འཛམ་གླིང་གི་གཞི་བདག་ལ་མཆོད་པ་བྱ་ཚུལ་ཉུང་ངུ་ཀུན་ཏུ་དགེ་བའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །ཡུལ་ལྷ་ཆེན་པོ་རྡོ་རྗེ་གང་རྩལ་གྱི་གནས་རྟེན་ལ་བསང་མཆོད་འབུལ་བར་འདོད་པས། བསང་ཐབ་ཟླུམ་པོའམ་གྲུ་བཞི་མཛེས་པར་བརྩེགས་པའི་དབུས་སུ་བདུད་རྩི་ཅན་གྱི་ཤིང་སྣ་སོགས་བསང་རྫས་གཙང་མ་སྣ་ཚོགས་བཀྲ་ཤིས་པའི་མེ་ལ་སྦྱར་ཏེ། བདག་གི་རྣལ་འབྱོར་ལ་གནས་པས། ཨོཾ་སྭ་བྷ་བ་སོགས། སྟོང་པའི་ངང་ལས་བསང་དཀྱིལ་ཞི་བའི་མེ་ཐབ་ཟླུམ་པོ་ཡེ་ཤེས་ཀྱི་མེ་འོད་འཕྲོ་བ་དང་བསང་རྫས་རྣམས་ཀྱང་ཡེ་ཤེས་སྒྱུ་མའི་རང་མདངས་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ། སྣང་སྲིད་བརྟན་གཡོ་ཐམས་ཅད་ཁྱབ་པའི་འདོད་ཡོན་གྱི་སྤྲིན་ཕུང་རྣམ་པ་ཐམས་ཅད་པར་གྱུར། སྤྲོ་ན་སྔགས་དྲུག་ཕྱག་དྲུག་དང༌། བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབ། ཧོ། །གསན་དུ་གསོལ་ལོ། །མཁྱེན་པར་མཛད་དུ་གསོལ་ལོ། །རྒྱལ་དབང་པདྨ་ཀ་རའི་ཐ་ཚིག་ལ་གནས་པ། དཀར་ཕྱོགས་སྐྱོང་བའི་མཐུ་སྟོབས་ཀྱི་མངའ་བདག །རྒྱལ་རོང་བྲག་ལྷ་མགོན་པོའི་གནས་རི་དང༌། གནས་རིའི་ཉེ་འདབས་ན་བཞུགས་པའི་གཞི་བདག །སོ་སོའི་སྤྲུལ་འཁོར་ཕོ་ཉ་དང་བཅས་པ་ཐམས་ཅད་བདུད་རྩི་བསང་མཆོད་ཀྱི་མགྲོན་དུ་དགོངས་པ་བསྐྱེད་དེ་བཞུགས་ཤིང༌། གཞན་ཡང་བོད་དང་བོད་ཆེན་པོའི་མངའ་རིས་


TN02_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཙོས་འཛམ་བུའི་གླིང་མཐའ་དབུས་ཀྱི་སྲུང་མ་དཀར་ཕྱོགས་ལ་དགའ་བ་ཐམས་ཅད་ཞི་ཞིང་བྱམས་པའི་ཐུགས་ཀྱིས་གནས་འདིར་ཞལ་འཛོམ་པར་འདུས་ཏེ། བཀྲ་ཤིས་བསང་མཆོད་ཀྱི་དགའ་སྟོན་འདི་ལ་དགྱེས་པར་མཛད་ཅིང་བཞུགས་སུ་གསོལ་ལོ། །བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ དར་དཀར་གྱི་གཡབ་མོ་དང་དུང་བརྡས་བསྐུལ་ཞིང་སྤྱན་དྲང༌། ཧོཿ མཐོ་རིས་ཀྱི་ཡུལ་ས་རིན་པོ་ཆེའི་འབྱུང་ཁུངས་ཅན་ན། སྐྱེ་དགུའི་བསོད་ནམས་ཀྱི་ནུས་པ་དུས་སུ་སྨིན་ནས། རྩི་བཅུད་ཀྱི་དགེ་མཚན་མང་པོ་གཡང་དུ་ཆགས་པ་ལས་བཏུས་ཏེ། བྱིན་ཟའི་ཞལ་དུ་དྲང་བའི་གཡུ་དུད་་ཕྲེང་བ་ལྟ་བུར་ཚར་དུ་དངར་ཞིང༌། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་བསང་མཆོད་འདོད་ཡོན་གྱི་རྒྱ་མཚོ་འདིས། དབུས་རྒྱལ་ཁབ་རུ་བཞིའི་མུ་ཁྱུད། ཤར་རྒྱལ་མོ་རོང་གི་འཕྲུ་ཏོག་ཁམས་གསེར་གཞུང་མི་སྡེའི་རྟེན་ཕུར། གསེར་སྟོད་འབྲོང་རི་སྨུག་པོའི་ས་འཛིན་གྱི་ཟོམ་ན་བཞུགས་པ། འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་རྣམ་པར་བཀོད་པའི་བྱེ་བྲག །བཙན་གྱི་དགྲ་ལྷ་ཆེན་པོ། ཕྱུགས་ཀྱི་གཡང་བདག་ཆེན་པོ། འཕན་གྱི་སྲིད་སྐྱོང་ཆེན་པོ། ཆོས་ཀྱི་དགེ་བསྙེན་ཆེན་པོ། བྲག་ལྷ་མགོན་པོ་བཙུན་མོ་གཉིས་དང་བཅས་པ་ལ་མཆོད་དོ། །གསོལ་ལོ། །


TN02_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་འཕང་བསྟོད་དོ། །རྔ་རོལ་བྱ། མཆོད་ཁ་གསོས་ཏེ། ༈ །དེའི་བཀའ་འཁོར་གྱི་ཐུ་བོ་དམ་ཅན་སྡོང་ར་དཀར་པོ། ཕྱིའི་བློན་ཆེན་ཐོར་བོས་རི་བཀྲ། ནང་གི་བློན་ཆེན་གསེར་ལག་ལྷ་རྩེ། གསང་བའི་བློན་ཆེན་འཛི་ཆུང་སྟག་རྩེ། དམར་མཛོད་ཀྱི་གཉེར་ཀ་སྐྱ་རེངས་རྫ་ཁྲོད་རྒྱུ། སྤྱན་གཟིགས་ཀྱི་སྲུང་མ་རྗེ་ཆེན་རི་རྗི་སྤུན་བདུན། གཡུང་དྲུང་རྔ་ལ་སྟག་རྩེ་རྡོ་རྗེ་ནུས་ལྡན་རྩལ། འཛི་ཆེན་ཤིང་གི་ལྷ་མོ། །རྫ་ཁྲིའི་དམ་ཅན་མགར་ནག །སིལ་པོ། སིལ་དམར་སོགས་གསེར་གཞུང་ལ་ཀླུང་ཉིན་སྲིབ་ལ་གནས་པའི་སྲུང་མ་ཆོས་ཀྱི་དམ་ཚིག་དང་ལྡན་པ་ཐམས་ཅད་བསང་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདིས་མཆོད་དོ། །གསོལ་ལོ། །དབུ་འཕང་བསྟོད་དོ། ༈ །གཞན་ཡང་ཡུལ་འདིའི་ཉེ་འཁོར་དུ་འདབས་ཆགས་པ། མདོ་ཁམས་རོལ་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ། རྡོ་རོལ་གྱི་ཡུལ་གླིང་ཐོག་མཐའ་བར་གསུམ་ན་གནས་པ། རལ་པ་རྩེ་དགུ། རྡོ་སྙིང་མཐོན་པོ། ཐང་ཡག་རྡོ་རྗེ་མགར་དམར། སྐུ་བླ་གཉན་རྩེ་ལ་སོགས་པ་ཟོ་དོར་ཆེ་ཕྲ་ཐམས་དང༌། སྐུ་བསོ་ཐོག་རྒྱལ་བའི་དབེན་གནས། གསུང་བ་གནས། ཐུགས་སྦར་ཞབས་བྲག་དཀར། ཡོན་ཏན་ག་གོང་སེང་གེ་ཡང་རྫོང༌། ཕྲིན་ལས་ཐུགས་རྗེ་ཆེན་པོ་འུར་


TN02_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

འུར། ཡུལ་འདིའི་སྨད་ཆ་རང་བྱུང་རྨུ་རྡོའི་ཕོ་བྲང་སོགས། མདོ་ཁམས་ཤར་ཕྱོགས་ཀྱི་དབེན་གནས། གཙུག་ལག་ཁང་དང༌། མཆོད་རྟེན། ཚལ་དང༌། ནགས་དང༌། ཆུ་ཀླུང་གི་གནས་སོགས་ལ་དབང་བའི་གཞི་བདག་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བསང་བྱེད་རྩི་སྨན་གྱི་མེ་མཆོད་ཆེན་པོ་འདིས་མཆོད་དོ། །གསོལ་ལོ། །དབུ་འཕང་བསྟོད་དོ། ༈ །གཞན་ཡང་བདག་ཅག་གིས་གནས་འདིར་སྤྱན་དྲངས་པའི་ཡུལ་ལྷ་གཞི་བདག་གཏེར་སྣ་ཚོགས་ཀྱི་སྲུང་མ། ཡེ་ཤེས་དང་ལས་ལ་གྲུབ་པ། གངས་ལྡན། ཀཻ་ལ་ཤ༌།ལི་ཡུལ། རྒྱ་ནག་བོད། འཕགས་ཡུལ་ཏེ་འཛམ་གླིང་ཆ་ཤས་དྲུག་གི་ས་བླ་ས་སྟེང་ས་འོག་འཇིག་རྟེན་སྤྱི་དང་བྱེ་བྲག་ལ་དབང་བྱེད་ཅིང་གཉུག་མར་གནས་པ་དང༌། གླིང་དང་འཇིག་རྟེན་གྱི་ཁམས་གཞན་ནས་གློ་བུར་དུ་ལྷགས་པའི་ལྷ། ཀླུ། གནོད་སྦྱིན། དྲི་ཟ་རྫུ་འཕྲུལ་ཆེན་པོ་ལ་སོགས་པ་མི་མ་ཡིན་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ལྷ་བསང་བདུད་རྩི་འབྱུང་བའི་ཡིད་བཞིན་གྱི་སྤྲིན་ཆེན་པོ་ནམ་མཁའི་མཐའ་ཀླས་པར་ཁྱབ་པ་འདིས་མཆོད་དོ། །གསོལ་ལོ། །དབུ་འཕང་བསྟོད་དོ། ༈ །བདག་ཅག་འཁོར་དང་བཅས་པའི་སྒོ་གསུམ་གྱི་སྤྱོད་པ་ཆོས་མ་ཡིན་པའི་དབང་དུ་གྱུར་པ་དང༌།


TN02_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་གཞོབ་དང་དམེ་འབག་ལ་སོགས་པ་འཕྲལ་གྱི་ཀུན་ཏུ་སྤྱོད་པ་མ་དག་པས། ལྷ་རིགས་དྲ་མ་རྣམས་ཀྱི་ཐུགས་དང་འགལ་བ་ཅི་མཆིས་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ་ལོ། །དེ་ལྟར་བསང་མཆོད་ཕུལ་བའི་རྟེན་འབྲེལ་དང༌། དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་ཚད་མེད་པས། ཆོས་སྐྱོང་བའི་ཡུལ་ལྷ་ཆེན་པོ་རྣམས་ཀྱི་དགྱེས་པ་ཡོངས་སུ་སྐོང་བ་དང༌། སོ་སོའི་གནས་ལུས་ལོངས་སྤྱོད་ཀྱི་གཟི་བྱིན་ཉམས་པ་ཐམས་ཅད་སོར་ཆུད་ནས། རྒུད་པ་མེད་པའི་དཔལ་དང་དབང་ཕྱུག་ཆེས་ཆེར་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །གྱུར་ནས་ཀྱང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཉིན་གསུམ་གྱི་བྱ་ར། མཚན་གསུམ་གྱི་མེལ་ཚེ་མི་འབྲལ་ལུས་དང་གྲིབ་མ་བཞིན་དུ་མཛོད་ལ། ཆགས་ཆེ་ཉམ་ང༌། ནད་གདོན་བགེགས་རིགས། གློ་བུར་ཡེ་འདྲོགས། རྨི་ལྟས་མཚན་ངན། མི་འདོད་པའི་ཉེ་བར་འཚེ་བ། མི་མཐུན་པའི་རྐྱེན་ངན་པ་ཐམས་ཅད་སྒྲ་ཙམ་ཡང་མི་གྲགས་པར་ཉེ་བར་ཞི་བའི་ཕྲིན་ལས་སྒྲུབས། མིའི་ཚེ་སྲོག་སྲིངས། ཁྱིམ་གྱི་ཕྱྭ་གཡང་སྤེལ། ཕྱུགས་ཀྱི་མངའ་ཐང་སྐྱེད། བཙན་པོའི་མགོ་རྨོག་བསྟོད། དགྲ་གཉའ་


TN02_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ལྟག་ནས་ནོན། ཟུན་ཉེ་འདབས་ནས་སྐྱོར། འཁོར་མཐའ་བཞི་ནས་སྡུད། མི་ལ་དམན་རེས་མ་སྐོར། ནོར་ལ་སྐྱེ་འབྲི་མ་བཏང༌། །ཁྱིམ་ལ་གང་སྟོང་མ་འཇུག །ཕུག་ཏུ་ཕྱི་མི་དང་གྲོས་ངན་མ་འཇོག །སྒོ་རུ་ནང་གཏམ་དང་སྙིང་མི་མ་མངགས། དཀྱུས་སུ་འཐབ་འཛིང་དང་མི་རོ་མ་བཏང༌། མི་ཁ་དང་ཁ་སྨྲས་ཉེ་སྐོར་དུ་མ་བཞག །ནང་དུ་སྐྱིད་དར་འཛོམ། ཕྱི་རུ་འགྲོ་ལམ་བྱམས། མི་ཆོས་གཙང་མ་བཅུ་དྲུག་དང༌། ཕོ་རྩལ་སྣ་དགུ་སོགས་ལུགས་གཉིས་རིག་པའི་གནས་ཐམས་ཅད་ལ་མཛངས་པའི་འཕྲུལ་དོན་ཡོད་ཞགས་པའི་འཁྲུལ་འཁོར་ལྟ་བུ་བྱིན་ནས། ཆོས་དང་སྲིད་ཀྱི་ལེགས་ཚོགས་རབ་འབྱམས་ལ་མངའ་སྒྱུར་ཞིང༌། སྙན་གྲགས་ཀྱི་རྔ་བོ་ཆེ་མཐའ་ནས་མཐའ་རུ་ལྡིར་བས། བདུད་དང༌། མུ་སྟེགས། ཀླ་ཀློ་དང༌། ལྷ་མ་ཡིན་གྱི་འབྱུང་པོ་སྡེ་རིས་དང་བཅས་པ་ཉི་མས་མེ་ཁྱེར་ལ་བྱ་བ་བཞིན་དུ་ཟིལ་གྱིས་གནོན་པའི་ཕྲིན་ལས་མཛད་དུ་གསོལ། ཡུལ་ཕྱོགས་འདི་ལ་སོགས་ཏེ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ཡང་ནད་མུག་འཁྲུག་རྩོད་ཀྱི་སྐལ་བ་ངན་པ་མཐའ་དག་མི་འབྱུང་ཞིང༌། ཕྱི་སྣོད་ཀྱི་འཇིག་རྟེན་ས་བཅུད་དང་བཀྲག་མདངས་རྒྱས། ཆར་ཆུ་དུས་བཞིན་འབབ་ཅིང༌།


TN02_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཕྱུགས་ལོ་བཞིན་ལེགས། ནང་བཅུད་ཀྱི་འགྲོ་བ་བདེ་སྐྱིད་དང་ཆོས་སུ་འཛོམ། གོང་རྗེ་ཡི་གདུང་རབས་བརྗིད། སྒབ་མི་སྡེའི་ཆུས་སྲིད་བརྟན། བར་གསེར་གྱི་ཁྲིམས་གཞུང་བཙུན། མི་མཁས་པའི་མགོ་རྣ་སྙན་གྲགས་ཀྱིས་བསྟོད། ལྷ་དཀར་ཕྱོགས་དབུ་འཕང་ཆོས་སྤྱོད་ཀྱིས་མཐོ། སྟོན་པའི་བསྟན་པ་བསྙེན་བཀུར་དང་བཤད་སྒྲུབ་ཀྱིས་འཕེལ་ཏེ། སྡེ་བཞིའི་ཕུན་ཚོགས་རྫོགས་ལྡན་གྱི་དགའ་བ་གསར་དུ་ཚེས་པ་ལྟར་དར་ཞིང་རྒྱས་པར་མཛད་དུ་གསོལ། ཕྱོགས་འདིར་སྡེ་འཁྲུགས་དང་མི་ཕྱུགས་ཀྱི་ནད་ཡམས་མང་པོའི་སྣ་འདྲེན་པ། ཐོག་སེར་དང་ལོ་ཉེས་བྱེད་པ། རི་རུད་དང་ས་གཡོ་སོགས་འབྱུང་བཞིའི་གནོད་པ་སྣ་ཚོགས་གཏོང་བ། མིའི་བླ་རྐུ་ཞིང༌། ཕྱུགས་ཀྱི་གཡང་དང༌། ཟས་ཀྱི་བཅུད་ལ་རློམ་པ། གསར་སྐྱེས་དང་གནའ་རབས་ནས་ཆགས་པའི་འདྲེ་སྲིན་མ་རུངས་པ་རྣམས་དང༌། རྐུ་འཕྲོག་གསོད་གཅོད་ལ་བརྩོན་པ། མཐའ་མི་དབུས་སུ་འབོད་པ། ཡུལ་འཁོར་གྱི་ས་བཅུད་ཉམས་སུ་འཇུག་པ། སྒང་གི་རི་དྭགས་དང་ཀླུང་གི་ཉ་གཤོར་བ་སོགས་ཉེས་མེད་ཀྱི་སེམས་ཅན་སྡུག་ལ་སྦྱོར་བ། ཆོས་འཁོར་དང་གཙུག་ལག་ཁང་འཇིག་པ། རྒྱལ་བའི་བསྟན་པ་དང་


TN02_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་ལ་ཡ་ག་འབོད་ཅིང་སྦྱོར་ངན་ཤོམ་པའི་མི་སོགས་འཇིག་རྟེན་མི་བདེ་བའི་བྱེད་པོ་གང་ཡིན་ཐམས་ཅད། ལྷ་དགེ་སྡིག་གི་གཟུ་བ་ལག་པས་ཉེས་བྱེད་ཀྱི་ཁ་མགོན་མ་མཛད། སྲུང་མ་མཐུ་སྟོབས་ཀྱི་མངའ་བདག་ལགས་པས་དྲག་ཤུལ་གྱི་ཆེ་བ་དེ་མ་ཐག་སྟོན་ལ། མཐུ་རྩལ་ཕྱག་རྒྱ་གཉན་པོའི་ཟིལ་འོག་ནས་སླན་ཆད་མི་ལྡང་བར་མཛད་དུ་གསོལ། མདོར་ན་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་ཐམས་ཅད་ནས་གནས་སྐབས་ཡིད་ལ་སྨོན་པའི་དོན་ཐམས་ཅད་ཐོགས་མེད་དུ་འགྲུབ་ཅིང༌། མཐར་ཐུག་བླ་ན་མེད་པའི་སྲིད་ཞིའི་གཙུག་རྒྱན་དུ་གྱུར་ནས་འགྲོ་འདུལ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་མཆོད་པས་མངའ་དབུལ་འཕྲིན་བཅོལ་དང་བཅས་པ་བྱས་ནས། སརྦ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿ མཆོད་སྦྱིན་གྱི་ཡུལ་རྣམས་སོ་སོའི་གནས་སུ་གཤེགས་པར་གྱུར་བར་བསམ་ལ། ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །སྤྲོ་ན་གསོལ་མཆོད་ཚན་བཞི་རེ་རེ་བཞིན། ནོངས་བཤགས། བྱིན་བསྐྱེད། ཕྲིན་བཅོལ་རྣམས་ཚང་བར་སྦྱར། གྲངས་གསོག་ན་རྒྱས་པ་ཚར་གཅིག་གི་འཕྲོར་བྱིན་རླབས་ཁ་གསོས་ཀྱི་ཚུལ་དུ་བྱས་མཐར། སྤྱན་འདྲེན་གྱི་ཚིག་རྣམས་དང་མཐར་གཤེགས་གསོལ་མ་གཏོགས་པ་ལ་གྲངས་གཟུང་ངོ༌། །དྲག་སྔགས་གསང་བ་སྤུ་གྲིའི་གཏེར་ནས།


TN02_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བརྒྱ་ཕྲག་མང་པོའི་ཟ་མ་ཏོག །གསེར་སྟོད་འབྲོང་རི་སྨུག་པོའི་ཟོ་དོར་གསོལ་ཞིང་མཆོད་པའི་ཁྲིགས་རིམ་རྒྱས་བསྡུས་འཚམས་པ་འདིའང༌། འཇིགས་མེད་བསྟན་པའི་ཉི་མས་འབྲོང་རིའི་སྒོ་ཆེན་བྲག་དམར་ཡོལ་བའི་མདུན་ལོགས་སུ་བྲིས་པ་མངྒ་ལཾ།། །།


previousརྡོ་རྗེ་གང་རྩལ་གྱི་གནས་རྟེན་ལ་བསང་མཆོད་འབུལ་བ།next