Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
འབྲོང་རིའི་གསེར་སྐྱེམས།
   
   
   
   
   


 
previousའབྲོང་རིའི་གསེར་སྐྱེམས།next

འབྲོང་རིའི་གསེར་སྐྱེམས།


TN02_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་མར་ཐུད་སོགས་ཀྱིས་སྤྲས་པ་དང་གསེར་སྐྱེམས་གཙང་མ་འབྲུ་གསུམ་ལན་གསུམ་གྱིས་བརླབ། ཨ་ཀཱ་རོས་བསྔོ་ལ། ཀྱེ། དགོངས་ཤིག་སྤྱན་རས་གཟིགས་དབང་སྤྲུལ་པའི་གར། །སྐྱེ་དགུ་སྙིང་རྗེས་སྐྱོང་བའི་ཐུགས་དམ་ཅན། །གནས་ལས་མིང་བཏགས་འབྲོང་རི་སྨུག་པོ་སྟེ། །མཚན་ནས་བརྗོད་ན་རྒྱལ་རོང་བྲག་ལྷ་མགོན། །གཡས་གཡོན་བཙུན་མོ་རི་བཀྲ་སྡོང་ར་སོགས། །འཁོར་བཅས་གདུང་བའི་དབྱངས་ལ་རྩེ་གཅིག་གསོན། །སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གིས། །བོད་ཁམས་མཐའ་དབུས་གཞི་བདག་འབྱུང་པོ་ཀུན། །དབང་བསྡུས་རྗེས་འཇུག་སྐྱོང་བའི་ལས་གཉེར་གཏད། །ང་ནི་རིག་འཛིན་དེ་ཡི་སྔགས་བརྒྱུད་དེ། །ཁྱོད་ཀྱང་ལྷ་འདྲེ་དེ་ཡི་རིགས་ཡིན་པས། །མ་གཡེལ་སྔོན་གྱི་ཐ་ཚིག་དྲན་པར་མཛོད། །ཁྱད་པར་གྲུབ་དབང་ཀུན་བཟང་གཞན་ཕན་གྱིས། །ལྷ་དང་མི་གཉིས་དམ་ཚིག་གཅིག་བསྲེས་ནས། །ཆོས་སྲིད་སྐྱོང་བའི་གཉེར་དུ་ཁྱོད་ཅག་བསྐོས། །བདག་ཅག་སྔགས་འཆང་དེ་ཡི་བརྒྱུད་འཛིན་ཏེ། །ཁྱོད་ཀྱང་ཐ་ཚིག་དེ་ལས་མི་འདའ་བས། །མ་གཡེལ་རེ་བའི་འབྲས་བུ་མཆིས་པར་མཛོད། །བདག་ཅག་འཁོར་བཅས་མི་འདོད་རྐྱེན་དབང་གིས། །ས་ཕྱོགས་ཡུལ་རིས་གཞན་དུ་གནས་སྤོས་ཀྱང༌། །ལྷ་མིའི་མཛའ་གཞུང་བོར་ནས་འོང་བ་མིན། །གྲོགས་སུ་ཁྱོད་བཟུང་དཔུང་དུ་ཁྱོད་ཁུར་ཞིང༌། །རྒྱལ་མཚན་ཁྱོད་འཕྱར་ཁྱོད་ལ་རྟེན་བཅས་ནས། །བསྡད་པའི་ངང་ཚུལ་དགོངས་ལ་


TN02_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བརྩེར་མཛོད། །ཉེ་ཡང་བསམ་སྦྱོར་ལོག་ན་རང་སྒོའི་དགྲ། །རིང་ཡང་དམ་ཚིག་གཅིག་ན་ཆོས་ཀྱི་སྤུན། །རྫུ་འཕྲུལ་ཤུགས་ལ་ཉེ་རིང་མ་མཆིས་ཤིང༌། །བདེན་པའི་མཛའ་གཅུགས་གཞན་དུ་མི་འགྱུར་བས། །བདག་ཅག་ཕྱོགས་བཞི་མཚམས་བརྒྱད་གར་གནས་ཀྱང༌། །དུང་སེམས་ཆུ་བོའི་རྒྱུན་བཞིན་རིང་བར་མཛོད། །སངས་རྒྱས་བསྟན་སྲུང་བསྟན་འཛིན་སྐུ་ཚེ་སྲིང༌། །དགེ་འདུན་སྡེ་སྐྱོང་སྦྱིན་བདག་མངའ་ཐང་སྐྱེད། །ཆོས་མཐུན་དོན་སྒྲུབ་རྣལ་འབྱོར་རེ་བ་སྐོང༌། །བཤད་སྒྲུབ་རྒྱུན་སྤེལ་མཐུན་རྐྱེན་ཡོ་བྱད་སྦྱོར། །འཁོར་ཚོགས་བདེ་སྐྱིད་གནས་གཞི་བཀྲ་ཤིས་ཤིང༌། །སྐྱེ་དགུ་ཆོས་བཞིན་སྤྱོད་པའི་ཕྲིན་ལས་མཛོད། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང༌། །མདུན་གྱི་བསུ་མ་རྒྱབ་ཀྱི་སྐྱེལ་མ་མཛོད། །འདུག་ན་རྟེན་ཕུར་ལྡང་ན་མཁར་བ་གྱིས། །མཐོ་བ་སྐྱོར་ལ་དམའ་བ་ལག་ནས་དྲོངས། །མི་ཡི་དཔལ་སྐྱེད་ཕྱུགས་ཀྱི་གཡང་ཞག་སྤེལ། །སྨྲ་ན་གཏམ་དང་བསྐོར་ན་བློ་གྲོས་བྱོན། །མ་ཤེས་སློབ་ལ་མ་དྲན་གསལ་བར་སྨོས། །ཡོན་པོ་སྲོང་ལ་འཆུག་པ་ཐིག་ཏུ་ཞོག །སྲུང་བའི་གོ་དང་བཟུང་བའི་ཕུབ་ཏུ་གྱིས། །རྟ་ལ་དར་ཐོགས་མཚོན་ལ་རྣོ་རྩེ་ཐོགས། །རང་མགོ་གཟེང་བསྟོད་དགྲ་མགོ་རྡོག་པས་རྫིས། །ལྷ་ཞལ་མདངས་ཕྱུང་འདྲེ་གདོང་ཐལ་བས་ཁོབ། །མདོར་ན་བྱམས་པའི་ཕ་དང་བརྩེ་བའི་མས། །འགྲོགས་པས་མི་སྐྱོ་ལུས་དང་གྲིབ་མ་བཞིན། །མ་བོས་རང་འཁོར་བོས་ན་སྙན་


TN02_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཞིང༌། །མ་བསྐུལ་ལས་འགྲུབ་བསྐུལ་ན་སྒབ་ཡང་བས། །ཉེར་འཚེ་གང་བྱུང་རྩ་སྦུར་མེས་བསྲེག་དང༌། །མཐུན་རྐྱེན་ལྕགས་ཕྱེ་ཁབ་ལེན་བཞིན་དུ་གྱིས། །ཆོས་ཉིད་རང་བཞིན་གཅིག་ཏུ་མཉམ་པ་དང༌། །རིགས་བདག་རྒྱལ་བ་གཅིག་གིས་བསྡུས་པ་དང༌། །དམ་ཚིག་སྲོག་རྩ་གཅིག་པའི་རྟེན་འབྲེལ་མཐུས། །མི་ཚིག་ལྷས་གསན་ལྷ་སེམས་མི་ལ་དགོངས། །ལྷ་མིའི་འདུན་གྲོས་གཡང་གི་རྒྱ་མཚོར་འཁྱིལ། །བདེ་བསྐྱིད་གཏེར་ཁ་རྡོལ་བའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་གསེར་སྐྱེམས་ཕྱོགས་བཅུར་གཏོར། གཏོར་མ་གཙང་སར་གཤེགས། ཡང་ན་བསང་མེར་འབུལ། ལྷ་དང་ལྷ་མིན་གསང་བ་པ། །བསྟན་པ་སྐྱོང་རྣམས་བརྙས་མི་བྱ། །ཟེར་རྒྱུ་དེ་རེད་པས་གཞི་བདག་དཀར་ཕྱོགས་སྐྱོང་བ་མཐུ་བོ་ཆེ། ཨོ་རྒྱན་རིན་པོ་ཆེས་སྒང་དྲུག་གཞི་བདག་བཅུ་གཉིས་ཀྱི་ཡ་གྱལ་དུ་བསང་གཞུང་ལས། གསེར་ཟླ་སྒང་ལ་དབང་བསྒྱུར་བ། །ཞེས་བསྔགས་ཤིང༌། འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། དྲག་སྔགས་དངོས་གྲུབ་འབྱུང་གཏེར་དང༌། གཞན་ཡང་རྫོགས་ཆེན་སེམས་ཕྱོགས་སོགས་ཟབ་ཆོས་མང་པོའི་གཉེར་བྱང་གཏད་པ། རྡོ་གྲུབ་ཐམས་ཅད་མཁྱེན་པ་དང༌། ཁྱུང་ལུང་རས་པ་སོགས་ལ་རང་གཟུགས་བསྟན་ཅིང་ཞབས་ཏོག་བགྱིས་ཏེ་ལྷག་པར་འགོ་བའི་ལྷ་འདི་ཉིད། རང་ཅག་རྣམས་ཀྱི་སློབ་དཔོན་རྒྱུད་ཀྱི་སྲུང་མ་ཕྱི་ཐག་རིང་པོ་ཅན་དུ་སྣང་བས། ཁྱད་གསོད་བརྙས་སྨོད། དགའ་སྡུག་བློ་འཚུབ། ཡིད་ཆད་འཁང་ར་སོགས་མ་རབས་གཞུང་ངན་གྱི་བྱ་བ་ངོ་སོར་མི་འཁྱེར་བར། གུས་ཤིང་ཞེན་པ་དང༌། དང་ཞིང་ཞི་བའི་ཡིད་ཀྱིས་མཆོད་བསྟོད་ལ་བརྩོན་པར་བྱའོ།། །།


previousའབྲོང་རིའི་གསེར་སྐྱེམས།next