Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
   
   
   
   
   
   
   
   
ཡུལ་ལྷ་རྔོན་རྒྱ།
   
   


 
previousཡུལ་ལྷ་རྔོན་རྒྱ།next

ཡུལ་ལྷ་རྔོན་རྒྱ།


TN02_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་ཡང་བདག་ཅག་གནས་པའི་ས་ཕྱོགས་རྔོན་རྒྱ་བྱས་པར་བློས་བཟུང་ཞིང༌། །དམིགས་འོག་ཏུ་བཙུད་དེ། སྐྱེ་བོ་མང་པོས་ཤེས་པར་ཚིག་གིས་མནན་པ་འདི་དག་དེང་ཕན་ཆད། ལྷ་སྲུང་ཁྱེད་རྣམས་ལ་བཅོལ་ཞིང༌། སྲུང་སྐྱོབ་ཀྱི་ལས་གཉེར་གཏད་པ་ཡིན་པས། ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ་མ་གཡེལ། རི་ཀླུང་ཀུན་ཏུ་ས་བཤུ་གྱིས། ཕྱོགས་མཚམས་ཀུན་ནས་སོ་ཁ་སྲུང༌། རི་དང་ནགས་ཚལ་རྣམས་ཀྱི་ས་སྲུང་མཛོད། བྱ་དང་རི་དྭགས་ཡོངས་ཀྱི་རྫི་བོ་མཛོད། ས་གཞི་རྒྱ་ཆེ་ཞིང༌། སྲོག་ཆགས་གྲངས་མང་བས་ཐམས་ཅད་བསྐྱབ་པར་དཀའ་ཡང་ས་ཕྱར་བ་ཙམ་དང༌། ལུང་པ་ཕུ་དུང་ཙམ་འདིར་རྔོན་རྒྱ་མ་ཐུབ་ན་ཁྱེད་ཡུལ་ལྷ་གཞི་བདག་རྣམས་ཀྱི་མཐུ་སྟོབས་རྫུ་འཕྲུལ་ཡང་དེ་ཙམ་དུ་ཟད་དོ། །མཆོད་བསྟོད་ཕྲིན་ལས་གསོལ་བའི་དོན་པོའང་དེ་ཙམ་དུ་ཤེས་སོ། །ཁྱེད་ཡུལ་ལྷ་གཞི་བདག་རྣམས་ཀྱི་ཕོ་བྲང་གི་རྒྱན། །སྤྱན་གཟིགས་ཀྱི་འདོད་ཡོན། དགྱེས་པའི་དཀོར་ནོར། རང་དབང་གི་སྒོ་ཟོག་རྣམས་སྲུང་བའི་ཆེད་དུ། ཁྱེད་རང་གྲོགས་སུ་སྦྲན། དཔུང་དུ་ཁྱེར། ཤེད་དུ་ཁུར། རྒྱལ་མཚན་དུ་འཕྱར་ནས་ཕྲིན་ལས་བརྩམས་པ་ལ། དགྲ་དང་ཟུན་གཉིས་མ་ནོར། ཕན་བྱེད་དང་གནོད་བྱེད་གང་ཡིན་འདམ་ཀ་མ་ལོག་པར་གྱིས་ལ་ལས་ཀྱི་ངོ་ལོངས་ཤིག །སྔགས་འཆང་བདག་ཅག་རྣམས་ཀྱི་སྐུའི་རིམ་གྲོ་དང༌། ཚེ་སྲོག་གི་རྐྱེན་སེལ་དུ་དམིགས་ནས་སྐད་གང་གི་ས་ལ་གནས་པའི་བྱ་དང་རི་དྭགས་རྣམས་ཀྱི་སྲོག་བསླུས་ནས་ཚེ་ཐར་དུ་བཏང་ཞིང༌། མི་འཇིགས་པའི་བདེ་བ་བྱིན་


TN02_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལའང༌། ཁྱེད་དང་བདག་ཅག་གནས་གཅིག་ལ་བརྟེན་པའི་ཁྱིམ་མཚེས། ཆོས་དང་ཟང་ཟིང་གི་འབྲེལ་བས་བསྡུས་ཤིང༌། མཛའ་གཞུང་གཙང་པོ་ལས་རིང་བའི་ལམ་སྲོལ་བཏོད་དེ། ཆད་མདོ་གཙིགས་སུ་བྲིས་པ་ལགས་པས། བྱམས་བརྩེ་ཡི་རང་གི་ཐུགས་ཀྱིས་ལྷག་པར་དགོངས་ཏེ། དཔུང་རོགས་དང་ར་མདའ་མཛོད་ལ་འདོད་དོན་མཐར་སྐྱོལ་བའི་ཕྲིན་ལས་སྒྲུབ་ཏུ་གསོལ། །འདི་ན་སངས་རྒྱས་ཀྱི་གསུང་རབ་ཀློག་པ་དང་ཁ་དོན་བྱེད་པའི་གཙུག་ལག་ཁང་དང་དགེ་འདུན་བཞུགས་པའི་མདུན་སར། མེའི་འཁྲུལ་འཁོར་བཤམས་ཤིང༌། དྲག་པོའི་འབྲུག་སྒྲ་བསྒྲག །མཚོན་ཆའི་སྒྱོགས་ཆར་ཕབ་སྟེ། ཉེས་མེད་ཀྱི་འགྲོ་བ་རྩ་དང་མྱུ་གུའི་ཟས་ཀྱིས་ཆོག་ཤེས་ཤིང༌། རི་སུལ་སྟོང་པ་ན་ཉལ་བ། མགོན་མེད་ཅིང་སྐྱབས་དང་བྲལ་བ་རྣམས་དམར་གསོད་བྱེད་ཅིང་སེང་གེ་ལྟར་རྒྱུ་ཡང་དགག་པ་མེད་ན་ནི། སྡིག་བྱེད་དང་དགེ་འདུན་མགོ་འཕང་མཉམ། དཀོན་མཆོག་གསུམ་མ་རབས་གདོལ་པ་རྣམས་ཀྱི་མིག་ཞབས་སུ་བརྙས་རེས་ལ་འབབ་པས། །ཁྱེད་དང་བཅས་པའི་འཇིག་རྟེན་བདེ་སྐྱིད་འདོད་པ་དང༌། བདེ་སྐྱིད་དཀོན་མཆོག་ལས་འབྱུང་བའི་ངང་ཚུལ་སོམས་ལ། བཅོལ་བའི་ནོར་སྲུང༌། གཏད་པའི་གཉེར་ལོངས། བསྒོ་བའི་ལས་སྒྲུབ། བདག་ཅག་རྣམས་ཀྱི་འདོད་པའི་རེ་འབྲས་ཐོགས་པ་མེད་པར་འབྱུང་བར་མཛོད་ཅིག །དགེའོ།། །།


previousཡུལ་ལྷ་རྔོན་རྒྱ།next