Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
གཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ།
   
   
   
   


 
previousགཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ།next

གཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ།


TN03_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༧)གཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །


TN03_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༨)བླ་མ་དང་སྟོན་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཡང་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་དྲིན་དང་། མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱི་མཐུ་ལས། ཐོས་བསམ་སྒོམ་པའི་ཤེས་རབ་ཁྱད་པར་ཅན་སྐྱེ་བ་ལ་ཕྱི་ནང་གི་རྐྱེན་ཕལ་མོ་ཆེ་འཛོམ་བཞིན་པའི་གནས་སྐབས་སུ་གྱུར་ཀྱང་། ད་དུང་ས་ལམ་གྱི་རྟོགས་པ་བོགས་མི་ཐོན་པའི་གནད་ཀྱི་ཆེ་ཤོས་ནི་བློ་ལས་སུ་མི་རུང་བར་བྱེད་པ་འགལ་རྐྱེན་ལས་ངན་པའི་སྡིག་སྒྲིབ་ཁོ་ན་ལས་ཡིན་པས་དེ་སྦྱོང་བྱེད་ཞིང་གི་མཐུ་ལ་བསྟེན་ཏེ་ཚོགས་ཀྱི་བསགས་རྒྱབ་མང་བ་ཞིག་གནད་དུ་ཆེ་ཞིང་། དེའི་ཚུལ་ནི་བྱང་ཆུབ་སེམས་དཔའི་ས་དང་སྤྱོད་འཇུག་ལ་སོགས་པར་མཐའ་ཡས་པ་ཞིག་ཡོད་པ་ལས། འདིར་ཇོ་བོ་བཀའ་


TN03_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

(༡༤༩)གདམ་པའི་སྦྱོར་ཆོས་ཀྱི་སྡོམ་དྲུག་གི་ཐོག་མར། གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པའི་སྐབས་ནས་འབྱུང་བ་ལྟར་ཕྱག་དར་གྱི་ཚུལ་ལས་བརྩམས་པའི་གཏམ་ཉུང་ངུར་དྲིལ་ཏེ་འཆད་པ་ལ། ཕན་ཡོན་བཤད་པ་དང་། ཕྱག་དར་གྱི་ཚུལ་དངོས་བརྗོད་པ་སྟེ་གཉིས་ལས། དང་པོ་ལའང་ཕན་ཡོན་དངོས་དང་། དེས་ན་ཚུལ་འདི་ལ་འབད་པར་བསམ་པ་གཉིས་ལས། དང་པོ་ནི། སྔོན་བཙུན་པ་རྣམ་གྲོལ་སྡེས་འཕགས་པ་བྱམས་པ་ལོ་བཅུར་བསྒྲུབས་ཀྱང་མ་གྲུབ་སྟེ། དཔལ་ལྡན་ཟླ་བ་ལ་ཐབས་དྲིས་པས་སྡིག་པ་ཞི་བའི་དོན་དུ་བསྲེགས་བླུགས་གྱིས་ཤིག་པར་གདམས་པ་བཞིན། སྦྱིན་སྲེག་འབུམ་ཕྲག་མང་པོ་བགྱིས་པས་ནམ་ཞིག་མེ་ཐབ་ཀྱི་ཁུང་བུར་བྱམས་པའི་ཞལ་


TN03_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༠)བསྟན་པར་གྲགས་པ་བཞིན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་རང་རང་གི་འགལ་རྐྱེན་ནམ་ཟད་པ་ན་མངོན་དུ་འགྱུར་བ་ཆོས་ཉིད་ཡིན་པས་ཡོན་ཏན་གྱི་ཚོགས་རྫོགས་པ་ལ་སྒྲིབ་སྦྱང་གི་ཐབས་མང་བ་དགོས་ཤིང་། དེ་ལས་སྟོབས་བཞིའི་བཤགས་པ་ལ་སོགས་པ་ཕུང་པོ་གསུམ་གྱི་དགེ་ཚོགས་རླབས་པོ་ཆེ་བསྡུ་བ་ནི་སྐྱེ་བོ་མཁས་ཤིང་མཛངས་པ་རྣམས་ཀྱི་ཡུལ་ཡིན་ཞིང་། དངོས་འབྱོར་གྱི་མཆོད་པ་ཕལ་ཆེར་ཡང་བསོད་ནམས་ཆུང་ངུའི་ད་རི་དྲ་རྣམས་ཀྱི་སྐལ་བས་མི་ཁུག་པ་དང་། ལོག་འཚོ་དང་སེར་སྣས་མ་སྦགས་པའང་དཀའ་ལ། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ལ་བརྟེན་ནས་བསོད་ནམས་གསོག་པ་ནི་བློ་ཤིན་ཏུ་རྟུལ་བ་རྣམས་ལ་འཆར་དཀའ་བ་སོགས་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་ལམ་ཆུང་བ་ཧ་ཅང་བུལ་བར་གཟིགས་ཏེ། དགེ་འདུན་གྱི་མཆིལ་ལྷྭམ་དང་ལྷྭམ་སྒྲོག་གུ་ཅན་རྣམས་བྱི་དོར་བྱ་བའི་ལས་འབའ་ཞིག་བཅོལ་ནས་རྡུལ་སྤང་ངོ་། །དྲི་མ་བྲལ་ལོ། །ཞེས་ཟློས་སུ་བཅུག་པས། སྔར་ཨོཾ་བྷུ་ཞེས་པའི་ཡིག་འབྲུ་ཙམ་ཡང་འཛིན་མི་ནུས་པ་ལ་དུས་དེར་དཀོན་མཆོག་གི་ཞིང་ལ་བསྟེན་པའི་ལས་དཀར་པོ་དེའི་ནུས་པས་ཚིག་སྡེ་ཚན་གཉིས་ཀ་ཟིན་ཏེ་ཉིན་རེ་ཞིང་དགེ་འདུན་གྱི་ལས་ཁོ་ན་བགྱིས་པས་ཇེ་ཞིག་ན་འཕགས་པའི་ལམ་གྱིས་རྒྱུད་འགྲོལ་བའི་དགེ་རྩ་སྨིན་ཏེ། རྡུལ་འདི་ས་རྡུལ་མིན་ཏེ་འདོད་ཆགས་རྡུལ། །ཞེས་


TN03_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༡)སོགས་ཆེད་དུ་བརྗོད་དེ་དགྲ་བཅོམ་ཐོབ་པ་ལྟར། བྱ་སླ་ཞིང་ས་ཆོད་ཆེ་ལ་གནད་ཟབ་པའི་ཚོགས་བསགས་ཀྱི་སྒོ་ཆེས་ཆེ་བ་ནི་ཕྱག་དར་གྱི་མཆོད་པའི་བསྙེན་བཀུར་ཡིན་ཏེ། འདི་ནི་ལུས་ཀྱི་ངལ་བ་ཙམ་ལ་བརྟེན་པའི་ཕྱིར་ལོངས་སྤྱོད་ཀྱི་ཤེ་མོང་དང་། དབང་ཐང་གི་ཁྱད་ནོར་སོགས་དཀའ་བ་དང་དཀོན་པའི་རྒྱུ་ཚོགས་ལ་མི་ལྟོས་པས་བྱ་སླ་ལུགས་དེ་ལྟར་ཡིན་ཞིང་། མུ་སྟེགས་ཅན་གྱིས་མེ་ལྔ་བསྟེན་པ་ལྟར་སྲིད་པའི་རྩ་བ་གཅོད་བྱེད་ཀྱི་ཐབས་དང་མ་འབྲེལ་བའི་ཀུན་སྤྱོད་མ་ཡིན་པར། འདི་ནི་སློབ་དཔོན་མ་ཏི་ཙི་ཏྲས་དཀོན་མཆོག་གི་བྱིན་རླབས་རྒྱུད་ལ་འཇུག་མི་འཇུག་གི་ཕྱི་རྐྱེན་སངས་རྒྱས་ལ་སོགས་པ་ཡོད་མེད་ལས་མིན་གྱི། ནང་རྐྱེན་རང་གི་དགེ་བའི་ཚོགས་ཀྱིས་ཡུལ་དེ་ལ་བྱ་བ་བྱས་མ་བྱས་ནས་ཡིན་པར་བསྔགས་འོས་བསྔགས་བསྟོད་དུ་གསུངས་པ་བཞིན། རང་རྒྱུད་ཀྱི་སྲིད་རྩ་ལྡོག་པ་ལ་ཀུན་ཉོན་རྨིང་གྱེལ་གྱི་ཐབས་དེ་རང་དབང་དུ་སྟོན་པ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་རྐྱེན་ལ་བསྟེན་དགོས། བསྟེན་ལུགས་ཀྱང་སངས་རྒྱས་མཐོང་བས་རེ་ཞིག་མི་འདུལ་བ་མཚན་ཐོས་པ་ལ་བརྟེན་ནས་རིམ་གྱིས་འདུལ་བ་དང་། ཆོས་ཐོས་པས་རེ་ཞིག་མི་ཐུལ་བར་སྟོན་པ་ཅང་མི་གསུང་བ་མཐོང་བས་འདུལ་བ་དང་། སངས་རྒྱས་ཀྱི་གཟུགས་ཀྱིས་མི་ཐུལ་གྱི་རང་རྒྱལ་གྱི་གཟུགས་ཀྱིས་འདུལ་བ་དང་། གཏམ་འབེལ་བས་མི་ཐུལ་གྱི་རྫུ་འཕྲུལ་བསྟན་པས་འདུལ་བ་ལ་སོགས་པ་གདུལ་བྱའི་རིགས་མི་འདྲ་བའི་


TN03_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༢)དབྱེ་བ་མཐའ་མེད་པར་མདོ་སྡེ་མང་པོ་ནས་གསུངས་མོད། གང་ལྟར་ཡང་དངོས་སམ་བརྒྱུད་ནས་སངས་རྒྱས་ཀྱི་གདུལ་བྱར་གྱུར་ཕན་ཆད་སྔོན་དེ་བཞིན་གཤེགས་པ་ལ་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་ཞིག་ནི་ཅི་ནས་ཀྱང་མེད་མི་རུང་དུ་དཀོན་མཆོག་བརྩེགས་པ་ནས་གསུངས་པ་ལྟར་ཡིན་པས་སྟོན་པ་སངས་རྒྱས་ལས་གདམས་ངག་ནོད་དེ་རྣམ་བྱང་གི་ཡོན་ཏན་ཡོངས་སུ་རྫོགས་པའི་རྟེན་འབྲེལ་རྒྱུད་ལ་སྒྲིག་བྱེད་དུ་འགྲོ་བའི་ཕྱིར། ས་ཆོད་ཆེ་ལུགས་དེ་ལྟར་ཡིན་ཏེ། ནེ་ཙོ་མི་སྐད་ཤེས་པ་ཞིག་གིས་བཅོམ་ལྡན་འདས་ལ་སེམས་དང་བས་སྐད་སྙན་པ་གཅིག་ཕྱུང་བ་ཁོ་ནས་ལྷར་སྐྱེས་ཏེ་སྟོན་པའི་སྤྱན་སྔར་བདེན་པ་མཐོང་བར་ལས་བརྒྱ་པར་གསུངས་ན། དེ་ལས་ལྷག་པའི་འབད་རྩོལ་གྱི་ངལ་བ་དང་བཅས་ཏེ་ཞིང་ཁྱད་པར་ཅན་ལ་བསྙེན་བཀུར་བགྱིས་པ་ལྟ་ཅི་སྨོས་པའི་ཕྱིར་རོ། །དེའང་ལས་ཀྱི་རྣམ་སྨིན་ཆེ་ཆུང་དང་སྟོབས་དྲག་ཞན་གྱི་ཁྱད་པར་ནི་ཤེས་སྤྲིང་ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །སོགས་གསུངས་པ་ལྟ་བུ་སྟེ། མདོར་བསྡུ་ན། ཞིང་གི་མཐུ་ཆེ་ཆུང་དང་། བསམ་པའི་ཤུགས་དྲག་ཞན་དང་། སྦྱོར་བའི་འཇུག་པ་མཆོག་དམན་ནས་ཡིན་པས། འདིར་ཡང་ཞིང་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་བསྟེན་པ་དང་། བསམ་པ་ཁྱད་པར་ཅན་མཛོད་ལས། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །ཞེས་པ་ལྟ་བུའི་ཀུན་སློང་གཉིས་པོ་གང་རུང་དུ་དོན་ཆེན་པོ་གསུམ་ལ་དམིགས་པ་དང་།


TN03_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༣)སྦྱོར་བ་ཁྱད་པར་ཅན་རྒྱུན་མི་ཆད་པ་དང་ཤུགས་དྲག་པ་དང་དཀའ་ཚེགས་ཆེན་པོས་བསྒྲུབས་པའི་ཕྱིར་དགེ་བའི་འགྱུར་ཚབ་ཀྱང་དེ་སྙེད་དེ་སྙེད་ཀྱིས་ཤིན་ཏུ་ཆེ་བ་སྟེ། ཡུལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་སྒྱུ་མའི་རྣམ་པ་བསམ་གྱིས་མི་ཁྱབ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་བསམ་གྱིས་མི་ཁྱབ། ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ། བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱི་སྒོ་མོ་ཆེ་མཐའ་ཡས་པ་མཐའ་ཡས་པ་སྐད་ཅིག་སྐད་ཅིག་ལ་ངང་གིས་འཇུག་པ་བཞིན་དུ་ཡུལ་ཅན་སངས་རྒྱས་ལ་དམིགས་པའི་དད་པས་བསྙེན་བཀུར་བགྱིས་པ་ལའང་བསོད་ནམས་ཀྱི་ཕུང་པོ་མཐའ་མེད་དེ། རིན་ཆེན་ཕྲེང་བར། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་བྱང་ཆུབ་སེམས་ཀྱི་ཕན་ཡོན་རིགས་པས་བསྒྲུབས་པ་ཉིད། སངས་རྒྱས་ཡོན་ཏན་ཚད་མེད་ལ། །བསྙེན་བཀུར་དེ་ནི་དེ་འདྲའོ། །ཞེས་འདོན་པ་བསྒྱུར་བས་ཆོག་པའི་ཕྱིར་ཏེ། གནད་ཟབ་ལུགས་དེ་ལྟར་ཡིན་ནོ། །དེའི་ཚུལ་ཞིབ་ཏུ་ནི་བནྡེ་ཡེ་ཤེས་སྡེའི་སངས་རྒྱས་གཙོའི་རྒྱ་ཆེར་འགྲེལ་གྱི། བསམ་མི་ཁྱབ་ལ་དད་བྱས་པའི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་པའི་འགྲེལ་པ་དང་མདོ་སྡེ་རྣམས་དང་བཞི་བརྒྱ་པའི་འགྲེལ་པ་ལ་སོགས་པར་བལྟས་པས་ཤེས་སོ། །ཕན་ཡོན་འཐོབ་ལུགས་ཀྱང་། སྐུ་གཟུགས་དང་མཆོད་རྟེན་ལྟ་བུ་གཅིག་


TN03_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༤)ལ་དམིགས་ནས་མཆོད་པ་ཕུལ་བ་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཆོད་རྟེན་ལ་དམིགས་པའི་མཆོད་པ་བསོད་ནམས་ཆེས་ལྷག་པར་འཕགས་པ་ཐོགས་མེད་ཞབས་ཀྱིས་བཤད་ཅིང་། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཚུལ་རྒྱ་མཚོ་ལ་ངེས་ཤེས་མ་རྙེད་པར་དེ་བཞིན་གཤེགས་པ་གཅིག་ལ་དམིགས་པའི་མཆོད་པ་དང་། ཐམས་ཅད་ལ་དམིགས་པའི་མཆོད་པ་གཉིས་ཀྱི་ཡང་ཕྱི་མ་བསོད་ནམས་ཆེ་བར་པ་ཆེན་མང་པོས་བཤད་པ་ལྟར་ཡིན་པས་ལྷ་རྟེན་དང་གཙུག་ལག་ཁང་ཉི་ཚེ་བ་རེ་ལ་དམིགས་ནས་ཕྱག་དར་བགྱིས་པ་དང་། མཆོད་རྟེན་ཐམས་ཅད་ལ་དམིགས་པའི་ཕྱག་དར་གྱི་བསྙེན་བཀུར་གཉིས་ལས་ཕྱི་མ་མཆོག་ཏུ་བསྔགས་པ་དང་། སངས་རྒྱས་གཅིག་གི་ཡེ་ཤེས་ཉིད་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ཞུགས་པར་ངེས་པ་མ་འདྲོང་བའི་གང་ཟག་གིས། རྒྱལ་བ་ཐམས་ཅད་ལ་དམིགས་པ་དང་། རེ་རེ་ལ་དམིགས་པའི་ཕྱག་དར་གྱི་བསྙེན་བཀུར་གཉིས་ལ་ཡང་སྔ་མ་ཆེས་ལྷག་པའི་ཕྱིར་འདུན་ཤུགས་རྒྱ་ཆེ་བ་ཞིག་གནད་དུ་ཆེ་ལ། དེས་མཚོན་ཏེ་ཁྱད་པར་གཞན་ཡང་སྔར་དྲངས་པའི་བཤེས་སྤྲིང་གི་ལུང་ལས་ཤེས་པར་བྱའོ། །སྟོན་པས་ཀྱང་རྗེས་འཇུག་རྣམས་ལ་དོན་དེ་ཉེ་བར་འདོམས་པའི་ཕྱིར། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཉིན་རེ་ཞིང་རྒྱལ་བྱེད་ཚལ་འཕྱག་ཏུ་འོང་བ་ལས། ཉིན་གཅིག་བྲེལ་བ་ཞིག་བྱུང་ནས་ལུས་པས། ཉི་མ་ཤར་བ་དང་སྟོན་པ་ཀུན་དགའ་


TN03_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༥)ར་བའི་སྒོར་འཆགས་པས་རྒྱལ་བྱེད་ཚལ་རྡུལ་གྱིས་གང་བ་གཟིགས་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཕུལ་བའི་རྩ་མཆོག་གི་ཆུན་པོ་བསྣམས་ཏེ། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་ཕྱག་དར་མཛད་པ་ཡིན་ཏེ། དེར་མ་ཟད་ཉིན་དེ་ཉིད་ཀྱི་ཕྱི་དྲོ་སྟོན་པས་དགེ་འདུན་བསྡུས་ཏེ། ཕྱག་དར་གྱི་ཡོན་ཏན་ལྔ་བཤད་པར་ཡང་གསུངས་སོ། །ཡོན་ཏན་ལྔ་ནི། ཕྱག་དར་བྱས་པས་རང་གི་སེམས་དང་བ་དང་། །གཞན་གྱི་སེམས་དང་བ་འདྲེན་པ་དང་། ལྷ་རྣམས་ཀྱང་དེ་ལ་དགའ་བ་དང་། མཛེས་པའི་ལས་གསོག་པ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོ་བ་རྣམས་ཡིན་ཏེ། བསྡུ་ན། ཚེ་འདིའི་ཡོན་ཏན་དང་། ཚེ་རབས་བརྒྱུད་མར་འཐོབ་པའི་ཡོན་ཏན་གཉིས་སུ་ཕྱག་དར་གྱི་ཕན་ཡོན་ཐམས་ཅད་འདུ་ལ། ཚེ་འདིར་ནི། འཕྲལ་དུ་བདེ་བར་གནས་པའི་ཡོན་ཏན་དང་། ཡུན་དུ་དོན་ཆེན་འགྲུབ་པའི་ཡོན་ཏན་གཉིས་འབྱུང་སྟེ། དང་པོ་ནི། སངས་རྒྱས་སམ་དགེ་འདུན་ནམ་བླ་མའམ་མཆོད་རྟེན་ལ་སོགས་པ་བསོད་ནམས་དམ་པའི་ཞིང་ལ་བསྟེན་ཏེ་དགེ་ཚོགས་རྒྱ་ཆེན་པོ་ཡོངས་སུ་བཟླུམ་པའི་མཐུས་ཆུ་སྣོད་ནམ་དྭངས་པ་ན་ཟླ་གཟུགས་ཤུགས་ལ་འཆར་བ་ལྟར་དཀོན་མཆོག་གི་བྱིན་རླབས་རྒྱུད་ལ་འཇུག་གོ །དེ་ཞུགས་ན་དད་པའི་ཉེར་ལེན་དང་ཚོགས་ཞིང་གི་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས་གང་ཟག་དེ་ལ་ཕུན་ཚོགས་བདེ་བའི་དངོས་པོ་མཐའ་ཡས་བ་ཞིག་ཉེ་


TN03_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༦)བར་འགྱུར་ཏེ། དགྲ་བཅོམ་པ་མི་སྡུག་སྔོན་གྱི་ལས་དབང་གིས་བསོད་སྙོམས་བསླང་བ་ཡང་མི་རྙེད་པར་བཀྲེས་ལྟོག་གི་གདུངས་པ་ཁོ་ནས་རྟག་ཏུ་མནར་བ་ལས། ཉིན་གཅིག་དེས་སྟོན་པའི་དྲི་གཙང་ཁང་ཕྱག་དར་ལ་ཞུགས་པས། ཉིན་དེར་བསོད་སྙོམས་གྱི་སྐལ་བ་ཆེར་ཐོབ། དེ་ཕན་ཆད་དུ་སྟོན་པའི་གཙང་ཁང་དབྱིབ་དེས་ཁོ་བོའི་ཟས་སྐལ་གཅོད་པ་ཡིན་པས་ལས་འདི་བདག་གི་སྐལ་བར་ཞོག་ཅིག་ཅེས་སྒྲ་བསྒྲགས་པ་བཞིན་ནོ། །དེའང་དགྲ་བཅོམ་པ་ནི་ཕྱིས་ཁམས་གསུམ་དུ་སྐྱེ་བ་མི་ལེན་པས་དེ་འདྲ་དེ་ལ་ནི་བསོད་ནམས་ཀྱི་རྣམ་སྨིན་ཡང་མཐོང་ཆོས་བདེ་བར་གནས་པའི་རྐྱེན་ཙམ་དུ་འཆར་བ་སྟེ། ཆོས་མངོན་པར། དགྲ་བཅོམ་པས་རྒྱལ་བ་མཆོད་པ་ལྟ་བུ་ཕྱི་མའི་བདེ་འབྲས་ཀྱི་སླད་དུ་མ་ཡིན་པས་སྟོན་པ་ལ་དྲིན་དུ་གཟོ་བའམ་བྱས་པ་ཤེས་པའི་ཕྱིར་ཡིན་ནོ། །ཞེས་གྲགས་པས་མཚོན་ལ། །གཞན་ནི་དེ་དང་སྒོ་ཕྱོགས་རེ་ནས་འདྲ་བར་ཟད་ཀྱི། ཐམས་ཅད་ནས་ནི་མ་ཡིན་ནོ། །གཉིས་པ་ནི། སེམས་རྙོག་པ་ཅན་ལ་བདེན་མཐོང་གི་ནུས་པ་མེད་པས། ས་ག་མའི་བུ་རྣམས་གསལ་རྒྱལ་གྱིས་བཀུམ་པའི་ཚེ། དེ་དག་གི་མགོ་བཅད་ནས་སྒྲོམ་དུ་བཅུག་སྟེ་མའི་ཁྱིམ་དུ་བསྐུར་བ་ན། སྟོན་པས། རེ་ཞིག་སྒྲོམ་དེའི་ཁ་མ་དབྱེ་ཞིག །ཅེས་བསྒོས་ནས་ཆོས་བསྟན་པས་ས་ག་མས་བདེན་པ་མཐོང་བའི་འོག་ཏུ་གདོད་སྒྲོམ་དབྱེ་བར་གནང་བ་བཞིན། འཚིག་པ་དང་མངོན་པར་མི་དགའ་བ་ལ་སོགས་པས་སེམས་མ་དཀྲུགས་


TN03_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༧)པ་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་འཆར་སླ་ཞིང་། ཕྱག་དར་ནི་སེམས་དང་བའི་རྣམ་པ་དང་མཐུན་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དགའ་བ་འདྲེན་པ་དང་། དེར་ཡང་མ་ཟད་དེ་ཕྱག་དར་གྱི་ཚོགས་རྒྱལ་བ་སྲས་བཅས་ལ་བསྟི་སྟང་བགྱིས་པའི་མཐུ་ལས་དཀོན་མཆོག་གི་བྱིན་རླབས་སེམས་ལ་འཇུག་པས་བསམ་བསྒོམ་ལ་མྱོང་བ་ཁྱད་པར་ཅན་འདོན་ནུས་པའང་ཡིན་ནོ། །ཚེ་རབས་བརྒྱུད་མར་འཐོབ་པ་ནི། ཉི་ཚེ་བའི་དམྱལ་བ་ཕལ་མོ་ཆེ་དང་དེ་མ་ཡིན་པའི་དམྱལ་བའི་རིགས་མང་པོ་ཞིག་དགེ་འདུན་གྱི་གཙུག་ལག་ཁང་འདྲལ་བ་དང་སྨོད་པ་དང་ངན་སྐྱུགས་མཆིལ་སྣབས་དོར་བ་དང་། རང་དགར་སྤྱད་པ་ལ་སོགས་པའི་རྣམ་སྨིན་དུ་གསུངས་པ་ལྟར། དེ་ཉིད་འདོན་པ་བསྒྱུར་བ་ལས། དཀོན་མཆོག་གསུམ་ལ་གུས་པ་ཉེ་བར་བཞག་སྟེ། དགེ་འདུན་གྱི་གཙུག་ལག་ཁང་ངམ། མཆོད་རྟེན་གྱི་ཉེ་འཁོར་དང་། བླ་མའི་གནས་གཞི་སོགས་ཕྱག་དང་བྱས་པ་དང་། ཆག་ཆག་བཏབ་པ་དང་། བག་ཡོད་པའི་སེམས་ཀྱིས་བཀུར་སྟིར་བགྱིས་པས་ཀྱང་མཐོ་རིས་ཀྱི་གྲོང་ཁྱེར་བདེ་ཞིང་མི་མཐུན་པ་མེད་པ་རྣམས་སུ་སྐྱེས་ཏེ། འདུག་ན་ཉམས་དགའ་བའི་ཕོ་བྲང་། གཞལ་མེད་ཁང་ཤིན་ཏུ་བདེ་བ་དང་། འགྲོ་ན་ཡིད་དུ་མཆི་བའི་ལམ་སྲང་རིན་པོ་ཆེ་བཀོད་པའི་ངོ་མཚར་དུ་མ་དང་ལྡན་པར་འགྱུར་བ་ལ་སོགས་པ་ཕན་ཡོན་གྱི་སྒོ་འཕར་མང་པོ་ཞིག་མཚོན་ནུས་ཏེ། ཟ་མ་ཏོག་ལྟ་བུའི་གཏམ་ལས། མཆོད་རྟེན་གདུང་བཅས་གཙུག་


TN03_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༨)ལག་ཁང་། །མི་གང་འབད་པས་ཉེན་ཀོར་འཕྱག །ཀུན་ནས་དྲི་མ་མེད་བྱེད་པ། །གསེར་གྱི་ཁ་དོག་འདྲ་བར་འགྱུར། །ཞེས་སོ། །གོང་དུ་སྨོས་པའི་ཕྱག་དར་གྱི་ཡོན་ཏན་བཞི་པའི་སྟེང་ནས་བསྔགས་པ་བརྗོད་དེ་གསུངས་པ་འདིས་ཡོན་ཏན་ལྔ་པའང་མཚོན་ནུས་སོ། །སློབ་དཔོན་ཡེ་ཤེས་རྡོ་རྗེས་དེ་ཉིད་མཐོང་བའི་ལམ་ལས་ཀྱང་། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །སོགས་མཎྜལ་བྱི་དོར་བྱས་པ་དང་བ་བྱུང་གིས་ཆག་ཆག་བཏབ་པ་ལ་སོགས་པ་ཕ་རོལ་ཕྱིན་དྲུག་དང་སྦྱར་ཏེ། དེའི་མཐུས་གནས་སྐབས་སུ་ཁ་དོག་གསེར་དུ་སྣང་ཞིང་ནད་མེད་ལ་ཚེ་རབས་མང་པོར་རྒྱལ་བའི་རིགས་ནོར་མང་པོའི་ཁྱིམ་དུ་སྐྱེ་བ་དང་མཐར་ཐུག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འགྲུབ་པར་ཡང་གསུངས་ཏེ། མཎྜལ་དེ་ནི་འཕགས་ཡུལ་གྱི་སློབ་དཔོན་མི་ཕམ་བཤེས་གཉེན་གྱི་འཇམ་དཔལ་མཆོད་ཆོག་ཏུ་བཤད་པ་ལྟ་བུའི་སངས་རྒྱས་སྲས་བཅས་གང་དུ་སྤྱན་འདྲེན་པའི་མཆོད་སྟེགས་ཡིན་པས། དེ་ནི་འདིར་ཡང་དཀོན་མཆོག་གསུམ་དངོས་སམ་དེའི་རྟེན་གསུམ་གྱི་གནས་གཙུག་ལག་ཁང་ཀུན་ལ་རིགས་པ་སྦྱར་དུ་ཡོད་མོད། འོན་ཀྱང་དེ་ཉིད་ཕྱག་དར་བྱ་བ་དང་། སྤོས་ཆུས་འདེབས་པ་ལ་སོགས་པ་ཕྱིན་དྲུག་གི་ཡ་གྱལ་དུ་འགྲོ་བ་དང་། ཞིང་ཁམས་རྣམ་དག་གི་སྦྱོང་བྱེད་དུ་འགྲོ་བ་ནི་སེམས་བསྐྱེད་ཀྱི་ས་མ་ཟིན་ན་གཏན་མེད་པས། འཇམ་དཔལ་ཞིང་བཀོད་ལས། མཚན་རབ་སུམ་ཅུ་རྩ་གཉིས་


TN03_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

(༡༥༩)བརྒྱན་པའི་སྐུ། །བདེ་གཤེགས་འགྱུར་བར་སུ་དག་འདོད་པ་དག །སྙིང་ལ་རྫོགས་པའི་བྱང་ཆུབ་སེམས་ཞོག་སྟེ། །མཆོད་པའི་ཕྱིར་ནི་དེ་ཡི་ཐད་དུ་སོང་། །ཞེས་རྐང་པ་དང་པོ་གཉིས་ཀྱི་བསྟན་དོན་དེ་རྐང་པ་བཞི་པའི་བསྟན་དོན་རྐྱང་པ་ཙམ་གྱིས་མི་འགྲུབ་པས། རྐང་པ་གསུམ་པས་ཁྱད་པར་ཅན་གྱི་སྒྲ་སྦྱར་བ་ལྟར་འདིར་ཡང་འདྲའོ། །འོ་ན་ཐེག་ཆེན་པ་དང་ཐུན་མོང་གི་ཕྱག་དར་གྱི་ཕན་ཡོན་ཅི་འདྲ་ཞིག་ཅེ་ན། དེ་ནི་སྔར་ཡང་བཤད་ཟིན་ཏེ། མདོར་ན་ཐེག་པ་དམན་པའི་སེམས་ཀྱིས་བསོད་ནམས་ཅི་ཙམ་ཞིག་བསགས་ཀྱང་རང་འབྲས་ཉན་རང་གི་དགྲ་བཅོམ་གང་རུང་ལས་འགྲོ་ས་མེད་པས་ཚེ་དང་ལྡན་པ་བྲན་བུ་དང་སྐྱོང་བ་གཉིས་ལ་ཕྱག་དར་གྱི་བདག་རྐྱེན་ལས་ཅི་ཙམ་ཐོབ་པའི་ཡོན་ཏན་དེ་ལས་ལྷག་པ་ཞིག་དམན་ལམ་པ་ལ་འགྲུབ་ཏུ་མེད་པར་མཐོང་ངོ་། །དེའི་གཏམ་ནི། མཐའ་འཁོབ་ཀེ་རའི་རྒྱལ་པོས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཁྱེའུ་གཉིས་སྐྱེས་སུ་བསྐུར་ཏེ། གཡོས་ལ་མཁས་པ་བྲན་བུ་དང་། གནས་མལ་གྱི་ལས་ལ་མཁས་པ་སྐྱོང་བ་གཉིས་སོ། །དེ་དག་ཟས་ལ་བརྐམ་དྲག་པས་ཚོད་དུས་ཀྱི་ཟས་སྣ་རྣམས་ཀྱང་བྱུང་རྒྱལ་དུ་སྤྱད་པས་སྐྱེ་བོ་རྣམས་འཕྱ་ཞིང་སྨོད་དོ། །ནམ་ཞིག་དེ་གཉིས་ལས་གཅིག་ནི་ལས་འབྲས་ལ་ལོག་པར་ལྟ། གཅིག་ནི་འཕགས་པ་ལ་སྐུར་བ་འདེབས་པ་ཡིན་པས་གསལ་རྒྱལ་གྱི་ཞབས་རིང་བ་གཉིས་


TN03_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༠)ནི་ལྟ་བ་ངན་པ་ཅན་ནོ་ཞེས་ཕྱོགས་དང་ཕྱོགས་མཚམས་སུ་སྒྲ་རྣམ་པར་གྲགས་པ་རྒྱལ་པོས་མ་བཟོད་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱུ་མཆོག་གི་ཚིག་བགམ་པའི་ཕྱིར་དེ་གཉིས་ཁྱིམ་བདག་ལ་བྱིན་ནོ། །དེས་དེ་དག་བགས་ཀྱིས་བསྐྱངས་ནས་ཉིན་གཅིག་རྒྱལ་བྱེད་ཚལ་འཕྱག་ཏུ་བཏང་བ་དང་། དེ་དག་གིས་དེ་འཕྱག་པར་བརྩམ་པ་ན་སྟོན་པས་རྡུལ་གྱི་ཕུང་པོ་དེ་མི་འཛད་པར་བྱིན་གྱིས་རླབས་པ་དང་། དེ་གཉིས་ཇོ་བོ་ལ་སྙིང་ཉེ་བས་སྐྱོ་བཞིན་དུ་མ་བཏང་ངོ། །དེ་ལྟར་ཉིན་མོ་དེ་ཕྱག་དར་གྱིས་འདས་པར་བྱས་ནས་མཚན་ཐོག་ཐག་ཀུན་དགའ་བོའི་དྲུང་དུ་ཉལ་བས། སྟོན་པའི་སྤྱན་སྔར་ལྷ་རྫུ་འཕྲུལ་ཅན་དང་དགྲ་བཅོམ་པ་ཆོ་འཕྲུལ་གྱིས་རྩེ་བ་མཐོང་ནས་ལོག་ལྟ་མ་ལུས་པ་ཞི་སྟེ། རབ་ཏུ་བྱུང་ནས་ལམ་བསྒོམས་པས་དགྲ་བཅོམ་པ་ཐོབ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་རྫུ་འཕྲུལ་གྱི་རྣམ་རོལ་བསྟན་པ་མཐོང་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཀྱང་ལྷག་པར་དད་དེ། ཀྱེ་མའོ་སངས་རྒྱས། ཀྱེ་མ་འོ་ལེགས་པར་གསུང་བའི་ཆོས་འདུལ་བ། བྲན་བུ་དང་སྐྱོང་བ་སྡིག་པའི་ལྟ་བ་ཅན་དེ་དག་ཀྱང་གོ་འཕང་མཐོན་པོ་འདི་ལྟ་བུ་ལ་བཞག་པར་གྱུར་ཏོ་ཞེས་ཆེད་དུ་བརྗོད་དོ། །དེ་ལྟར་སྤྱིར་བཏང་དུ་ཡང་ཕྱག་དར་གྱི་མཆོད་པ་ལ་བསོད་ནམས་ཚད་མེད་པར་གསུངས་ན། དེང་སང་བསྟན་པ་ལྔ་བརྒྱ་ཕྲག་ཐ་མ་ལ་ཤིན་ཏུ་ཉེ་བའི་དུས་ཀྱི་རྒུད་པ་དུ་མས་གཙོར་ཞིང་། དུར་སྨྲིག་གི་རྒྱལ་མཚན་ཅན་ཕལ་མོ་ཆེ་


TN03_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༡)ཡང་དགེ་འདུན་གྱི་གཙུག་ལག་ཁང་མཐོང་ན་གཟི་བྱིན་གང་ཆེ། ཡུལ་དབུས་འགྱུར་འཆང་གི་བཟོ་སྐུ་མཐོང་ན་རིན་ཐང་གང་མང་། གསུང་རབ་ཀྱི་གླེགས་བམ་མཐོང་ན་རྐྱེན་སེལ་གང་བཟང་ལ་དཔྱད་པ་འཇུག་པའི་གནས་སྐབས་འདིར་སྟོན་པ་དང་བསྟན་པ་ལ་རྒྱུ་མཚན་ཤེས་པའི་དད་པས་བསྙེན་བཀུར་ཆུང་ངུ་ཙམ་ཞིག་བྱས་ཀྱང་བསོད་ནམས་ཤིན་ཏུ་མང་བར་འཕེལ་བ་ནི་ཏིང་འཛིན་རྒྱལ་པོར་བསྐལ་པ་གྲངས་མེད་པར་སངས་རྒྱས་གངྒའི་རྡུལ་སྙེད་མཆོད་པ་བས་ཀྱང་དམ་པའི་ཆོས་འཇིག་པ་ལ་ཉེ་བའི་ཚེ་ཉིན་མཚན་ཏུ་བསླབ་པ་སྣ་གཅིག་བསྲུང་བ་ཆེས་ཁྱད་པར་འཕགས་པའི་བསྔགས་བརྗོད་མཛད་པ་བཞིན་ནོ། །གལ་ཏེ་སྔར་བཤད་པའི་གཏམ་གྱི་རབས་དེ་དག་ནི་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་དུས་ཀྱི་དབང་དུ་བྱས་པ་ཤ་སྟག་ཡིན་པས་ད་ལྟ་མི་མཚུངས་སོ་ཞེ་ན། ཤིན་ཏུ་མཚུངས་ཏེ། མཆོད་རྟེན་བསྐོར་བའི་ཕན་ཡོན་ལས། །ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་རིང་བསྲེལ་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །ཞེས་གསུངས་པ་ལྟར་དང་། ཁྱད་པར་ཐེག་ཆེན་ཐུན་མོང་མ་ཡིན་པའི་མདོ་སྡེ་ལྟར་བཤད་ན། དེ་བཞིན་གཤེགས་པ་རྣམས་ནི་སྨོན་ལམ་གྱི་མཐའ་ཉི་ཚེ་བ་དང་ལྡན་པ་མ་ཡིན་ཏེ། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་ཡུན་རིང་པོ་ནས་ཀུན་ཏུ་བཟང་པོའི་


TN03_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༢)སྨོན་ལམ་ཤིན་ཏུ་ཚད་མེད་པས་ངེས་པར་འབྱུང་བ་ཉིད་ཀྱི་ཕྱིར། དེ་ནི་སྔར་ཞིག་འཇིག་རྟེན་ན་བྱུང་གིས་ད་ལྟ་མེད་དོ་ཞེས་བསམ་པར་མི་ནུས་པའི་ཕྱིར་དང་། སྟོན་པ་ད་ལྟ་མི་བཞུགས་སོ་ཞེས་བྱ་བའང་ཆོས་ཀྱི་སྐུ་ལ་བྱ་ན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་པར་སུས་ཀྱང་སྨྲ་མི་ནུས་ལ། གཟུགས་ཀྱི་སྐུ་ལ་བྱ་ན་ཡང་ལོངས་སྐུ་ནི་མྱ་ངན་ལས་འདའ་བ་མེད་དེ། ངེས་པ་ལྔ་ལྡན་ཆེན་པོའི་ཚུལ་གསེར་འོད་དམ་པ་ལ་སོགས་པར་བཤད་པ་བཞིན་ཡིན་ལ། སྤྲུལ་སྐུ་མྱ་ངན་ལས་འདས་སོ་ཞེས་ཟེར་ན་ནི་མི་རིགས་ཏེ། བདག་ཅག་གི་སྟོན་པ་ཉིད་ཀྱང་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་བཅོམ་ལྡན་འདས་ཆོས་འཕགས་བསྐལ་པ་གྲངས་མེད་ཕྲག་བདུན་བརྒྱར་བཞུགས་པ་སོགས་ཆོ་འཕྲུལ་སྤྲུལ་པའི་སྒྱུ་མ་མཐའ་གཅིག་ཏུ་མ་ངེས་པར་སྟོན་ཚུལ་མདོ་སྡེ་མང་པོ་ནས་བཤད་པའི་ཕྱིར་དང་། ཞིང་ཁམས་གཅིག་པོ་འདིའི་དབང་དུ་བྱས་སོ་ཞེས་ཀྱང་མཐའ་གཅིག་ཏུ་སྨྲ་མི་ནུས་ཏེ། འཁོར་གྱི་དཀྱིལ་འཁོར་གཅིག་ན་ཡང་སེམས་ཅན་ལ་ལས་ནི་སྟོན་པ་སངས་རྒྱས་ནས་ལོ་གཅིག་ལོན་པ་ཙམ་དུ་ཤེས་པ་དང་། ཁ་ཅིག་ནི་བསྐལ་པ་གཅིག་ཙམ་དུ་ཤེས་པ་དང་། འགའ་ཞིག་ནི་དང་པོ་ལྷུམས་སུ་ཞུགས་པ་ཙམ་དུ་ཤེས་པ་སོགས་སྣང་ཚུལ་ཚད་མེད་པ་ཞིག་འོང་བར་མདོ་སྡེ་ལས་བཤད་པས་ཞིང་འདི་ཉིད་ནའང་ད་ལྟ་བཅོམ་ལྡན་འདས་བཞུགས་པར་ཤེས་པའི་སེམས་ཅན་མཐའ་ཡས་པ་ཡོད་ན། རྣམ་འགྲེལ་ལས།


TN03_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༣)མ་མཐོང་ཕྱིར་ན་མེད་པ་མིན། །གསུངས་པ་ལྟར་བྱིས་པའི་བློ་གྲོས་ཀྱིས་བབ་ཅོལ་སྨྲ་བར་མི་བྱའོ། །དེས་ན་ད་ལྟ་ང་ལ་ཞེས་སོགས་མ་འོངས་པ་ན་སྟོན་པ་ཉིད་མི་བཞུགས་པ་ལྟར་བསྟན་པ་རྣམས་ཀྱང་སེམས་ཅན་ཕལ་མོ་ཆེའི་བསམ་པའི་དབང་ཉེ་བར་བཟུང་ནས་བཤད་པའོ། །གཉིས་པ་ནི། བློ་སྦྱོང་གི་ཉམས་ལེན་ལ་བརྩོན་འགྲུས་སྐྱེད་པ་རྣམས་ཀྱང་གོང་དུ་སྨོས་པ་ལྟར་རང་གི་སེམས་དང་བ་དང་། ཚོགས་ཞིང་ལ་བསྙེན་བཀུར་བྱ་བའི་ཕྱིར་ཡོན་ཏན་དྲན་པའི་སྒོ་ནས་ཆོས་འདི་ཉིད་ལ་ཐོག་མར་བསླབ་པར་བྱ་སྟེ། དེའང་སྐྱེ་བོ་ཕལ་ཆེར་ཞིག་གདོལ་པའི་ཀུན་སྤྱོད་ལ་འཐས་ཏེ་གཙང་སྦྲ་དང་མཎྜལ་ལ་སོགས་པའི་ཆོ་ག་ལ་བླ་མར་མི་བྱེད་པ་ཡིན་ཏེ། དེ་འདྲ་བ་དག་གིས་ནི་ཕྱག་དར་དང་ཆག་ཆག་བྱ་བ་ལ་ལྷུར་ལེན་ཆེར་མ་བགྱིས་ཀྱང་མི་རུང་བ་མེད་དེ། མ་ཧཱ་ཙི་ན་ལ་སོགས་པའི་ཡུལ་གྲུ་འགའ་ཞིག་སྟན་ལས་ལྡང་བ་ལ་སྲི་ཞུར་བྱེད་ཅིང་། འདུག་པ་ལ་མ་ཡིན་པ་དང་། ཁ་ཅིག་ཏུ་འཁུམ་སྟེ་སྡོད་པ་ལ་སྲི་ཞུར་བྱེད་ཀྱི་ལྡང་བ་ལ་མ་ཡིན་པ་ལ་སོགས་པ་ཁྱད་པར་མང་ཞིང་། སྟོན་པས་ཀྱང་མ་གྷ་དྷ་ལ་སོགས་པ་རྣམས་ཀྱི་ཐ་སྙད་ཀྱི་དབང་གིས་མདོ་སྡེ་དེ་དང་དེར་ཞེ་སའི་ཚུལ་ངེས་པ་ལྟར་བཤད་ཀྱི། གཞན་དུ་ན། བསམ་པ་བཟང་པོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །ཞེས་སོགས་བཞི་བརྒྱ་པར་གསུངས་པ་ལྟར། རྒན་མོ་ཀ་ཙ་ལིས་སྟོན་པའི་སྐུ་ལ་འཁྲིལ་བཞིན་དུ་བདེན་པ་མཐོང་


TN03_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༤)བ་ལྟ་བུ་ཆེས་མང་ངོ། །དེ་ལྟ་ནའང་གོང་དུ་བཤད་པའི་ཡོན་ཏན་ཁྱད་པར་བ་དེ་དག་ལྷག་པོར་འཐོབ་པའི་ཕྱིར་དུ། གཞན་ཡང་འཇིག་རྟེན་ཕལ་ཆེར་ནི་གཙང་སྦྲ་ལ་དགའ་ཞིང་མོས་པ་ཉིད་ཡིན་པས། དེ་དག་གི་བསམ་པའི་དབང་གིས་ནི་ཕྱག་དར་ལའང་བརྩོན་འགྲུས་བསྐྱེད་པར་བྱ་སྟེ། རྒྱལ་པོ་གཏུམ་པོ་ཞིག་མགྲོན་ལ་བོས་ཀྱང་ཕུ་དུད་དང་རིམ་གྲོ་བྱ་བ་ཆེས་ཆེན་པོ་དགོས་ན། སངས་རྒྱས་ཆོས་ཀྱི་རྒྱལ་པོ་ས་གསུམ་གྱི་འདྲེན་པ་གཅིག་པུ་བལྟ་ཅི་སྨོས། གལ་ཏེ་སྒྲུབ་པའི་ནན་ཏན་ཆེར་མི་ནུས་པ་ཞིག་ཡིན་ཀྱང་ལས་འདི་ལ་བསླབ་པར་བྱ་སྟེ། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོང་ཆེ། །བསྐལ་པ་བྱེ་བ་བརྒྱ་ལམ་འབྱུང་སྲིད་ཙམ། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་རྣམས་ནི་ཨུ་དུམ་ཝ་ར་ལྟར་འབྱུང་བར་དཀའ་བ་ཡིན་ལ། །སངས་རྒྱས་འབྱུང་བ་མེད་པར་ནི་བསོད་ནམས་ཀྱི་ཞིང་རྨད་དུ་བྱུང་བ་ཉན་ཐོས་དང་རང་སངས་རྒྱས་གཞན་ཡང་མི་འབྱུང་བས་ན། སུ་ཞིག་ཞིང་ཁྱད་པར་ཅན་དང་ཕྲད་བཞིན་དུ་བསོད་ནམས་མི་བྱེད་པ་དེ་དག་ནི་སྨད་པ་སྟེ། རྐང་པ་གཉིས་ཀྱིས་ས་ལ་འགྲོ་ཤེས་པ་ཙམ་མོ། །དེས་ན་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་དེ་ནན་གྱིས་ཟ་བ་ལྟར་འཕྲད་དཀའ་ཞིང་ཕྲད་ན་ཡུལ་དུ་འཚེང་བའི་བསོད་ནམས་ཀྱི་ཞིང་དེ་སྒོ་དུ་མ་ནས་མཉེས་པར་བགྱི་བའི་ཐབས་ལ་ནན་ཏན་དུ་བྱ་བར་ཤེས་དགོས། དེ་ཤེས་པས་མི་ཆོག །ཆུང་ངུ་ན་ཆུ་ཐིགས་པ་


TN03_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༥)རེ་ཙམ་གྱིས་བསོད་ནམས་གསོག་པའི་ཐབས་ལ་འབད་དགོས། དེ་ལ་འབད་པའང་ཕྱག་དང་མཆོད་པ་སོགས་ཤ་ཐང་ཐང་གི་ངལ་བ་མང་པོ་ལ་བསྟེན་མི་ནུས་ན་ཚེགས་ཆུང་ངུས་དོན་ཆེན་པོ་སྟེར་བའི་ཐབས་མཆོག་ཡང་དག་པ་ཕྱག་དར་གྱི་ལས་འདི་ཙམ་ལ་རྟག་ཏུ་ནན་ཏན་བྱ་སྟེ། གང་ཞིག་དགེ་བའི་ལས་སླ་བ་ཡང་མི་བྱེད་ན་ཤིན་ཏུ་སྨད་དོ་ཞེས་རྣམ་བཤད་རིག་པར་གསུངས་པའི་ཕྱིར་རོ། །འདི་ན་ཆེད་དུ་བྱ་བ་དམན་པ་ལྟོ་འགེང་བ་ཙམ་ཞིག་འདོད་པས་ཀྱང་ཉ་བདའ་བ་དང་རི་དྭགས་བཤོར་བ་དང་ཞིང་རྨེད་པ་ལ་སོགས་པ་མི་བཟད་པའི་གདུངས་བ་བསྟེན་ཅིང་། སྐར་ཆེན་ཞྭར་གྱོན། སྣལ་མའི་ལྕགས་བྲབ། བ་མོ་ལྷམས་སུ་བྱས་ཏེ་ཅང་མི་སེམས་པར་སྙིང་སྲན་སྐྱེད་ན། ཆེད་དུ་བྱ་བ་དམ་པ་རང་གཞན་ཐམས་ཅད་ཀྱི་དོན་ནམ། མིན་དུ་ཟིན་ཀྱང་རང་ཉིད་ཀྱི་ཚེ་རབས་ཀུན་ཏུ་ཕན་དང་བདེ་བའི་དགའ་སྟོན་མི་ཉམས་པར་བྱ་བ་ལ་ད་ལྟ་ཕྱག་དར་གྱི་ངལ་བ་ཆུང་ངུ་ཙམ་ཞིག་ཏུ་མ་ཟད་ཀྱི་དེ་བས་ཆེས་ལྷག་པའི་དཀའ་ཐུབ་ཀྱང་ཅིའི་ཕྱིར་མི་བསྟེན་ཏེ། བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་ལས། །བསོད་ནམས་བསགས་ན་བདེ་བར་འགྱུར། །དེ་ཕྱིར་མི་ཡིས་བསོད་ནམས་བསགས། །ཡང་དང་ཡང་དུ་བསོད་ནམས་བསགས། །དེ་ཉིད་ལ་ནི་འདུན་ཏེ་བྱ། །ཞེས་སོགས་འཇིག་རྟེན་ཕ་རོལ་ཏུ་སྒྲེན་མོ་ལག་པ་སྟོང་པར་ཆས་ཏེ་འགྲོ་བ་ན་བསོད་ནམས་མ་གཏོགས་པ་སྐྱབས་དང་དཔུང་གཉེན་གཞན་མེད་པར་རྣམ་གྲངས་དུ་


TN03_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༦)མས་བསྟན་པ་ལྟར་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་འཕགས་པ་ཞི་བ་ལྷས། དཀའ་ཟློག་དད་དང་ཀརྞ་པ། །བསྲེགས་དང་བཅད་སོགས་ཚོར་བ་ནི། །དོན་མེད་བཟོད་བྱེད་ཐར་པ་ཡི། །དོན་དུ་བདག་ཀོ་ཅི་ཞིག་སྔར། །ཞེས་གསུངས་སོ། །གཞན་ཡང་ཚོང་དང་ཇག་བྱ་བ་ལ་སོགས་པ་རྒྱུ་སྒྲུབ་པའི་དུས་སུ་ངལ་བ་མང་ཞིང་། འབྲས་བུ་མྱོང་བའི་དུས་ཀྱང་སྡུག་བསྔལ་བ། དེ་དག་ལ་ཡང་སྐྱེ་བོ་རྨོངས་པ་རྣམས་རྒོད་དུར་ཁྲོད་ལ་དགའ་བ་བཞིན་དུ་འཇུག་ན། གནས་ཁང་བྱི་དོར་ཙམ་ཞིག་གིས་དཀོན་མཆོག་གསུམ་ལ་བླ་མར་བྱ་བའི་ཆོ་ག་འདི་ནི་རྒྱུའི་དུས་སུ་ཚེགས་ཆུང་ལ། རྣམ་སྨིན་གྱི་ཚོར་བ་ཡིད་འོང་ཁོ་ནར་འཆར་བའི་ཕྱིར་ཡང་ཅི་སྟེ་མི་བརྩོན་ཏེ། སྤྱོད་འཇུག་ལས། སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། །ཞེས་གསུངས། དེའི་ཕྱིར་བདེ་བའི་དོན་དུ་བྱས་པར་རློམ་ཀྱང་བདེ་བའི་རྒྱུར་འགྱུར་མིན་མ་ངེས་པ་རྣམས་བྱེད་པ་བས། མཐའ་གཅིག་ཏུ་བདེ་བར་འགྱུར་བའི་བསོད་ནམས་ཀྱི་སྒོ་འཕར་འདི་དབྱེ་བའི་རིགས་སོ། །གཉིས་པ་ཕྱག་དར་གྱི་ཚུལ་དངོས་ནི། བཤད་མ་ཐག་པའི་ཡོན་ཏན་རྣམས་དངོས་སུ་འདྲེན་བྱེད་ཀྱི་ཕྱག་དར་ནི། ཕྱག་དར་ཙམ་ཞིག་མིན་གྱི། ཁྱད་པར་བ་ཞིག་དགོས་སོ། །དེ་ནི་འདི་ལྟར་ཞིང་གི་ཆེ་བ་བླ་མའམ་མཁན་པོ་སོགས་དངོས་སུ་བཞུགས་པའི་གནས་སམ། མཆོད་རྟེན་དང་


TN03_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༧)སྐུ་གཟུགས་དང་སྡེ་སྣོད་ཀྱི་གླེགས་བམ་བཞུགས་པའི་ལྷ་ཁང་ལྟ་བུ་དང་། དེ་དག་མིན་ཀྱང་གནས་དེར་བདག་ཉིད་ཀྱི་མོས་པའི་སྟོབས་ཀྱིས་བླ་མ་རྒྱལ་བ་སྲས་བཅས་མངོན་སུམ་དུ་སྤྱན་དྲང་བར་འདོད་པ་གང་རུང་ཞིག་དགོས་ཀྱི། །དེ་ལྟ་མ་ཡིན་ན་ས་ག་མ་བག་མར་འགྲོ་བ་ལ་གཟས་པའི་ཚེ། །དེའི་མས་མེ་ལོང་བྱི་དོར་གྱིས་ཤིག་པར་བསྒོས་པའི་དོན། ཁྱིམ་མེ་ལོང་འདྲ་བའི་ག་དར་བྱ་བའི་དོན་དུ་བཤད་པ་ལྟ་བུའི་འཇིག་རྟེན་གྱི་རིག་པ་རྣམས་ཀྱང་ཧ་ཅང་ཐལ་བར་འགྱུར་རོ། །བསམ་པའི་ཆེ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དང་སློབ་དཔོན་དུ་བཅས་པ་ལ་ཆོས་ཀྱི་རྗེ་བོའི་འདུ་ཤེས་དང་། བདག་ཉིད་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་ཁོལ་པོའི་འདུ་ཤེས་དང་། ཕྱག་དར་ལ་རི་མོར་བྱ་བའི་འདུ་ཤེས་དང་། ཐབས་འདི་ལ་བརྟེན་ནས་རྣམ་པར་གྲོལ་བའི་ཡོན་ཏན་གྱི་ཕུང་པོ་ལྔ་རྫོགས་པར་བྱ་བའི་འདུ་ཤེས་བསྐྱེད་དེ་བྱ་ཞིང་། བློ་སྦྱོང་གི་དམིགས་རྣམ་སྐྱོང་བའི་སྦྱོར་ཆོས་སུ་བྱེད་པ་ལ་ནི། ཚོགས་ཞིང་ལ་དང་བའི་དད་པ། ལམ་གྱི་མྱོང་བ་ལ་འདོད་པའི་དད་པ། ཕྱག་དར་གྱི་ཕན་ཡོན་ལ་ཡིད་ཆེས་པའི་དད་པ་སྟེ་གསུམ་ཀ་ཚང་བ་ཞིག་དགོས་སོ། །ཕྱག་དར་ནི་ལུས་ཀྱི་རྣམ་རིག་སྟེ། མཛོད་ལས། དོན་དམ་པ་དང་ངོ་བོ་ཉིད་དང་མཚུངས་ལྡན་དང་ཀུན་སློང་གི་དགེ་བ་བཞི་བཤད་པའི་ནང་ཚན་ཀ་ར་ནི་ར་ལས་སྐྱེས་པའི་མེ་ཏོག་ཟེར་བ་ལྟར་བསམ་པའི་དབང་གིས་དགེ་བར་འགྱུར་བ་


TN03_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༨)ཀུན་སློང་གི་དགེ་བ་ཡིན་པས་ཀུན་སློང་བཟང་བ་ཞིག་ཅི་ནས་ཀྱང་གཅེས་སོ། ཁྱད་པར་རྒྱལ་བ་སྲས་བཅས་རྣམས་ཀྱི་སྤྱན་སྔར་བདག་ཉིད་ཞམ་རིང་དུ་གནས་པའི་འདུ་ཤེས་ཡང་དང་ཡང་དུ་བཞག་སྟེ་འབང་རྒྱལ་པོའི་མདུན་སར་བབ་ཅོལ་མི་བྱེད་པ་བཞིན་དུ་མ་གུས་པ་སྐད་ཅིག་ཀྱང་མི་བགྱིད་པར་ཕྱག་དར་སྲི་ཞུའི་དྲན་པ་ཉེ་བར་གནས་ན་མཚན་མོའི་རྨི་ལམ་ལ་ཡང་སངས་རྒྱས་དང་དགེ་འདུན་རྗེས་སུ་དྲན་པ་འབྱུང་བ་ཙམ་གྱི་བག་ཆགས་འཐུག་པོར་འགྲོ་ཞིང་། དེ་ལྟར་སོང་ན་འཆི་ཀ་དང་བར་དོ་ལ་སོགས་པར་དེ་བཞིན་གཤེགས་པའི་སྐུའི་སྣང་བ་ངེས་པར་འབྱུང་ལ། །གཞན་ཡང་སྣམ་སྦྱར་དགེ་སྦྱོང་གི་དྲན་པ་གསོ་བྱེད་དུ་བསྔགས་པ་ལྟར། ཕྱག་དར་གྱི་སྦྱོར་བས་སངས་རྒྱས་རྗེས་སུ་དྲན་པ་ཡང་ཡང་དྲང་ན་དེ་ལ་བརྟེན་ནས་ངོ་ཚ་དང་ཁྲེལ་ཡོད་ཀྱི་བསམ་པས་ཉེས་སྤྱོད་ཆེན་པོའི་སྡིག་ལྟུང་མང་པོ་ཞིག་ཀྱང་འགོག་ནུས་ཏེ། སྤྱོད་འཇུག་ཏུ། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །རྟག་པར་བདག་ནི་གནས་སོ་ཞེས། །དེ་ལྟར་བསམས་ནས་ངོ་ཚ་དང་། །གུས་དང་འཇིགས་ལྡན་དེ་བཞིན་མ་ནོས། །ཞེས་གསུངས་པ་བཞིན་ནོ། །སྦྱོར་བའི་ཆེ་བ། སླ་ལས་དང་ཁྲལ་ཆོས་སུ་མ་སོང་བར་བརྩོན་འགྲུས་ཀྱི་ངོ་བོ་དགེ་བ་ལ་སྤྲོ་བ་ཡིན་པས་སྤྲོ་ཤུགས་དྲག་ཏུ་བསྐྱེད་དེ། ཐོག་མར་རྡུལ་མི་ལྡང་བའི་ཕྱིར་ཆུ་གཙང་གིས་ཆག་ཆག་བཏབ་སྟེ་ས་གཞིའི་


TN03_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

(༡༦༩)ཁམས་ཅུང་ཟད་བརླན་ལ། དལ་ཞིང་འཇམ་པའི་སྤྱོད་ལམ་གྱིས་རྔ་མའི་ཕོན་པོའམ་རྩའི་ཆུན་པོ་བླང་བས་རྡུལ་རྣམས་བགས་ཀྱིས་འཕྱགས་ཟིན་པ་དང་། བའི་ལྕི་བ་འཇམ་པོས་རྐྱང་ནུལ་བྱ་ཞིང་སྤོས་སམ་དྲི་བཟང་པོའི་ཤིང་གི་དུད་པས་བདུགས་ཏེ་རང་གཞན་གྱི་རྒྱུད་ལ་དང་བ་འདྲེན་ངེས་པར་བྱའོ། །དེའང་རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་ཞིག་ཡིན་ན་ནི་ཕལ་པོ་ཆེ་ལས་གསུངས་པ་ལྟར་སྤྱོད་ཡུལ་ཡོངས་སུ་དག་པའི་སྨོན་ལམ་གྱི་རྒྱས་གདབ་པར་བྱ་སྟེ། འདི་ལྟར། དེས་ནི་དམིགས་པ་རྒྱ་ཆུང་ངུ་དང་ལྷག་པའི་བསམ་པའི་ཆོ་ག་ཉི་ཚེ་བ་ཙམ་ཞིག་མི་བྱའི། མཁའ་ལྟར་གོས་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྒོ་ལ་བརྟེན་ཏེ། ཆོས་ཐམས་ཅད་སྒྲ་བརྙན་དང་སྤྲུལ་པའི་རང་བཞིན་དུ་ཚུལ་བཞིན་ཡིད་ལ་བྱེད་དོ། །དེ་ལྟར་ཡིད་ལ་བྱས་ནས་བདག་ཉིད་རྨི་ལམ་གྱི་མི་ལྟ་བུར་མོས་སོ། །ཕུང་པོ་ལྔ་ཆུ་ཤིང་ལྟ་བུར་མོས་སོ། །ཞིང་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟར་མོས་སོ། །ཕྱག་དར་ལ་རྨིག་རྒྱུའི་གར་ལྟ་བུར་མོས་སོ། །སངས་རྒྱས་ཐམས་ཅད་སྒྱུ་མའི་རྣམ་པ་ལྟ་བུར་མོས་སོ། །བསྒུལ་བསྐྱོད་ཐམས་ཅད་ཆུ་ནང་གི་ཟླ་བ་ལྟ་བུར་མོས་སོ། །དེ་དེ་ལྟར་ལྷག་པར་ཡིད་ལ་བྱེད་པས་ཆོས་ཐམས་ཅད་རྟོག་པའི་དབང་གིས་བཏགས་པ་ཙམ་མ་གཏོགས་དོན་རང་ངོས་ནས་བཏགས་དོན་འཚོལ་བས་འཐད་པས་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་ནས་ཕལ་པོ་ཆེའི་བཟོད་པའི་ལེའུ་ནས་བཤད་པ་འདྲ་བ་སྒྲ་


TN03_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༠)བརྙན་ལྟ་བུའི་བཟོད་པ་དང་ཆ་མཐུན་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔ་ན་རང་གི་ལུས་རྒྱ་མཚོ་བྱིན་གྱིས་རླབས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་རི་མོར་བྱ་བའི་སླད་དུ་ལུས་རེ་རེ་ལ་ལག་པ་ཞིང་གི་རྡུལ་སྙེད་དང་། ལག་པ་རེ་རེ་ལ་བ་སྤུ་ཞིང་གི་རྡུལ་སྙེད་དང་། བ་སྤུ་རེ་རེ་ལ་འོད་ཟེར་ཞིང་གི་རྡུལ་སྙེད། འོད་ཟེར་རེ་རེ་ལ་ཡང་ལག་པ་རྣམ་པར་ཕྱེ་བ་ཞིང་གི་རྡུལ་སྙེད་དང་དེ་སྙེད་ཀྱི་ཕྱག་དར་བྱ་བའི་ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པར་དམིགས་པ་ནི། ཕྱག་མཆོད་དཔག་མེད་བཞི་ལྡན་དང་། བསྟོད་དབྱངས་ཡན་ལག་རྒྱ་མཚོ་བཞིན་ནོ། །དེ་ལྟར་ཕྱག་དར་གྱི་ལས་དེ་ལ་ཞུགས་ནས་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྔོ་སྟེ། འདི་ལྟར་བདག་གིས་ཕྱག་དར་གྱི་སྲི་ཞུས་རྒྱལ་བ་སྲས་བཅས་ལ་ཕུ་དུད་བགྱིས་པའི་དགེ་བའི་རྩ་བ་འདིས། བདག་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་ཀུན་ཏུ་བཟང་པོ་ཁྱུ་མཆོག་གི་མཐུ་ཕྱུང་བའི་ལུས་ཀྱིས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་གནས་ཏེ་སངས་རྒྱས་མཆོད་པ་དང་། རིམ་གྲོར་བྱ་བའི་ཚུལ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད་པ་དང་། འཇིག་རྟེན་ཁམས་ཐམས་ཅད་ཀྱི་ངན་སོང་དང་སྡུག་བསྔལ་གྱི་རྡུལ་མ་ལུས་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕྱག་མས་འདེད་ཅིང་རྣམ་པར་སྦྱང་བ་དང་། ཕྱོགས་བཅུའི་ཞིང་ཐམས་ཅད་ན་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གཞལ་མེད་ཁང་ཇི་སྙེད་ཅིག་གནས་སོ་ཅོག་བདག་གི་བྱང་ཆུབ་སེམས་དཔའི་


TN03_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༡)སྙིང་སྟོབས་ཀྱིས་ག་དར་བྱེད་ཅིང་། བདུད་དང་མུ་སྟེགས་ལྟ་བ་ངན་པའི་རྡུལ་ཐམས་ཅད་ཐབས་སྟོབས་སྨོན་ལམ་གྱིས་ཕྱག་མས་འདེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱུ་མཆོག་ར་ཆད་པ་ལྟ་བུའི་སེམས་ཁེངས་དྲེགས་དང་ང་རྒྱལ་མེད་པས་གནས་ཏེ་ཕྱག་དར་ལྟར་དམན་པའི་ལས་རྣམས་ཀྱང་རང་ཉམས་སུ་བསྟར་བ་དང་། ནམ་ཞིག་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སངས་རྒྱས་ཀྱི་ཞིང་རྡུལ་དང་ཐ་བ་ལས་འདས་པ། ལག་མཐིལ་ལྟར་བདེ་ཞིང་འཇམ་ལ་མཉེན་པ་མགོན་པོ་དོན་ཐམས་ཅད་གྲུབ་པའི་ཞིང་བཀོད་མདོ་སྡེ་དཀོན་མཆོག་འབྱུང་གནས་སུ་བཤད་པ་ལྟ་བུའི་ཡོན་ཏན་ཡོངས་སུ་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་དམིགས་པ་ཚད་མེད་པའི་རྗེས་སུ་སོང་བའི་སྨོན་ལམ་འདེབས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕུ་དུད་ཀྱི་སྒོ་འཕར་ཆེས་ཆེ་བ་ཞིག་ཡིན་པའི་ཕྱིར། འཕགས་པ་རྟག་ཏུ་དུས་ཀྱང་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་བླ་མར་བྱ་བའི་ཕྱིར་འཁོར་གྱི་ཁྱམས་སུ་ཙནྡན་གྱི་ཆུས་ཆག་ཆག་གདབ་པར་བརྩམ་པ་ལས་བདུད་ཀྱི་རྫུ་འཕྲུལ་གྱིས་ཆབ་ཐམས་ཅད་མི་སྣང་བར་བྱས་པས་རང་གི་རྩེའུ་ཆུང་གཏར་བའི་ཁྲག་གིས་ཆག་ཆག་བཏབ་སྟེ་དོ་གལ་ཆེ་ཆེ་མཛད་པའང་དོན་གྱི་དབང་དེ་ལྟར་གཟིགས་ནས་ཡིན་པས་གནད་ཤིན་ཏུ་ཆེའོ། །དེ་ལྟ་བས་ན་བསོད་ནམས་གསོག་པར་འདོད་པས་ཐབས་འདི་ལ་ནན་ཏན་དུ་བྱ་


TN03_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

(༡༧༢)བའི་རིགས་སོ། །དབེན་པའི་བྱ་སྐྱིབ་བྲག་རིའི་བ་གམ་ཅན། །ཤིང་ལོའི་གྲིབ་བསིལ་མི་མཐུན་མེད་པ་ན། །མུ་ཏོའི་ཀུན་སྤྱོད་འཛིན་པའི་གཞོན་ནུ་ཞིག །བསོད་ནམས་གཏམ་གྱི་རོལ་མོ་ཅི་ཡང་འཁྲོལ། །དེ་དགེ་དྲི་མེད་པདྨོ་མདངས་འདྲ་བས། །སྐྱེ་ཞིང་སྐྱེ་བར་བཤེས་གཉེན་མཐོང་བ་དང་། །ཞི་བའི་ནགས་རིར་ཡོན་ཏན་མཆོག་ཚོགས་ཅན། །བཟང་པོ་སྤྱོད་པའི་རྣམ་ཐར་འཛིན་གྱུར་ཅིག །གཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ་འདིའང་རྡོ་རོང་གི་སྤྲང་པོ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་རང་ལོ་ཉེར་གཅིག་པ་ཤིང་བྱ་ཆོ་འཕྲུལ་གྱི་ཟླ་བའི་རྒྱལ་བ་དྲུག་པའི་ཉིན་ལྷུན་གྲུབ་རང་བྱུང་གི་བྲག་སྐྱིབ་ལ་བརྟེན་པའི་ཤིང་ས་ལའི་ལྕུགས་ཕྲན་གྱི་ལྡིང་ཁང་དབེན་ཞིང་ཉམས་དགའ་བར་སྦྱར་བ་དགེ་ཞིང་བཀྲ་ཤིས། །སརྦ་མངྒ་ལཾ།། ༈ །།འཕྲུལ་ཆེན་སྤར་གྱི་ལྗོན་ཤིང་རྒྱས་པའི་རྩེར། །ལེགས་བཤད་མེ་ཏོག་འབྲས་མང་ཆགས་པ་འདི། །ཀུན་མཁྱེན་བསྟན་པའི་སྐྱེད་ཚལ་རྒྱན་གྱུར་ཏེ། །སྐལ་བཟང་སྐྱེ་བོའི་བྱ་ཚོགས་དགའ་བྱེད་ཤོག །ཤུ་བྷཾ་མསྟུ་སརྦ་ཛག་ཏཾ།། །།


previousགཙུག་ལག་ཁང་ཕྱག་དར་གྱི་གཏམ་བསོད་ནམས་སྤྲིན་གྱི་རྔ་སྒྲ།next