Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
འཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་རྣམ་པར་ཐར་བ་རྒྱ་མཚོའི་མེ་ཏོག་གི་སྤྲིན་རབ་ཏུ་འབྱུང་བ།
   


 
previousའཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་རྣམ་པར་ཐར་བ་རྒྱ་མཚོའི་མེ་ཏོག་གི་སྤྲིན་རབ་ཏུ་འབྱུང་བ།next

འཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་རྣམ་པར་ཐར་བ་རྒྱ་མཚོའི་མེ་ཏོག་གི་སྤྲིན་རབ་ཏུ་འབྱུང་བ།


TN03_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༡)འཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་རྣམ་པར་ཐར་པ་རྒྱ་མཚོའི་མེ་ཏོག་གི་སྤྲིན་རབ་ཏུ་འབྱུང་བ་ཞེས་བྱ་བ་བཞུགས་སོ། །


TN03_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༢)བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་འཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་ཏེ་ཉམས་སུ་ལེན་པར་འདོད་པ་དག་གིས། ཐོག་མར་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ་དང་། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་སུ་བྱ་བ་རྣམས་སྔོན་དུ་བཏང་ནས། ཚོགས་ཞིང་མངོན་དུ་བྱ་བ་ནི། མཚན་དཔེའི་སྐུ་མཆོག་ཤིན་ཏུ་ཞི་བ་ནི། །ཉོན་མོངས་རྙོག་པ་ངང་གིས་དྭངས་བྱེད་དེ། །གང་གི་ཡིད་ནི་དམིགས་པ་དེར་འཇུག་པ། །དེ་ཡི་མདུན་ན་རྒྱལ་བརྟག་ཏུ་བཞུགས། །རྒྱན་རབ་བཀོད་པ་འོག་མིན་ཆེན་པོའི་གནས། །རྣམ་པར་སྣང་མཛད་རྒྱལ་བས་ཡོངས་གང་


TN03_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༣)ཞིང་། །གྲགས་ཆེན་རྒྱལ་སྲས་རྒྱ་མཚོའི་འབྱོར་པ་ཅན། །རྣམ་ཀུན་རྒྱུན་གྱིས་རྟག་པའི་འཁོར་ལོ་རོལ། །དེ་དག་འོད་ཟེར་ཀུན་སྣང་གཟི་བརྗིད་སྤྲིན། །བྱང་ཆུབ་པདྨའི་རྒྱལ་པོའི་སྤྲིན་ཚོགས་ཅན། །བདེ་དང་དགེ་བའི་བདུད་རྩི་མཆོག་སྦྱིན་པའི། ངོ་མཚར་སྐུ་ཡི་ཆོ་འཕྲུལ་འཛད་པ་མེད། །གཞན་ཡང་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །སྐུ་དང་ཞིང་གི་རྣམ་རོལ་མཐའ་ཡས་ཏེ། །དེ་ལྟར་ཆོས་དབྱིངས་རྒྱ་མཚོའི་ཞིང་རྣམས་སུ། །སངས་རྒྱས་ཞིང་གི་དཀྱིལ་འཁོར་མུ་མཐའ་མེད། །ཡེ་ཤེས་སྒྱུ་མ་མཁའ་ལྟར་རབ་ཞི་ཡང་། །རྒྱ་ཆེན་སྨོན་ལམ་ཐུགས་རྗེ་དམ་པའི་མཐུ། །རིམ་དང་རིམ་


TN03_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༤)མིན་སྣ་ཚོགས་ཐབས་ཚུལ་གྱིས། །སེམས་ཅན་ཁམས་ལ་ཆུ་ཟླ་བཞིན་དུ་སྣང་། །དེ་འདྲའི་ཡོན་ཏན་མཆོག་ཚོགས་མགོན་པོ་རྣམས། །མཉམ་པའི་ཆོས་ཉིད་གཅིག་ཏུ་དགྱེས་རོལ་བས། །མཁས་པ་གང་གིས་རྣམ་འདྲེན་གཅིག་མཆོད་པ། །དེས་ནི་ཐུབ་ཆེན་ཀུན་ལ་བྱ་བ་བྱས། །དེ་ལྟར་རྒྱལ་བ་དེ་དག་རྗེས་དྲན་ཞིང་། །དེ་སྙེད་ལུས་རྣམས་རྒྱ་མཚོར་བྱིན་བརླབས་ཏེ། །བསྔགས་འོས་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་གྱིས། །བཟང་པོ་སྤྱོད་པའི་རྣམ་ཐར་རྒྱས་པར་བགྱི། །ཞེས་བརྗོད་ཅིང་དོན་ཡིད་ལ་དྲན་པར་བྱའོ། །དེ་ནས་ཡན་ལག་བདུན་པའི་དང་པོ་ཕྱག་འཚལ་བ་ནི། ༈ །རྡུལ་བྲལ་བསོད་ནམས་བརྒྱ་བའི་ཡེ་ཤེས་སྐུ། །ཕྲ་རག་ཕུང་པོའི་བདུད་ལས་རྣམ་གྲོལ་ཞིང་། །ཐུབ་དཀའ་སྲེད་མེད་བུ་ཡི་ཤུགས་འཆང་བ། །རྡོ་རྗེའི་སྐུ་མཆོག་བརྙེས་ལ་ཕྱག་འཚལ་ལོ། །ཡན་ལག་རྒྱ་མཚོ་ཚངས་པ་རྔ་སྒྲའི་དབྱངས། །ཟིལ་གྱིས་མི་ནོན་སྒྲ་ཀུན་རྗེས་འཇུག་ཅིང་། །གསུང་གི་གདངས་རེར་ཆོས་ཕུང་ཀུན་རྫོགས་པའི། །ཡོན་ཏན་དཔག་མེད་དབྱངས་ལ་ཕྱག་འཚལ་ལོ། །ཞི་བའི་ཆོས་ཉིད་རྣམ་ཐར་སྒོ་གསུམ་དབྱིངས། །ཤེས་དང་ཤེས་བྱ་རོ་མཉམ་ཚུལ་གཟིགས་ཀྱང་། །ཇི་སྙེད་ཆོས་ཀུན་མཁྱེན་པའི་སྐབས་མངའ་བ། །སྟོབས་བཅུའི་རྒྱལ་ཐབས་གནོན་ལ་ཕྱག་འཚལ་ལོ། །དག་དང་མ་དག་


TN03_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༥)གདུལ་བྱའི་ཞིང་རྣམས་སུ། །མཚན་དང་སྐུ་ཡི་རྣམ་འགྱུར་ཐ་དད་ཀྱང་། །སེམས་ཅན་གདུལ་བའི་དབང་དུ་ཚུལ་གཅིག་པ། །ཟླ་མེད་གཞན་ཕན་བརྙེས་ལ་ཕྱག་འཚལ་ལོ། །གཞན་ཡང་རྒྱལ་བ་ཀུན་གྱི་སྲས་རྣམས་དང་། །རང་རྒྱལ་སློབ་མ་དུལ་བའི་དགེ་འདུན་ཚོགས། །ཕྱག་འོས་ཡོན་ཏན་དུ་མས་མངོན་འཕགས་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །གཉིས་པ་མཆོད་པ་ནི་སྐབས་འདིར་ས་བཅད་བཅོ་ལྔར་ཕྱེ་སྟེ་རིམ་བཞིན། འཆི་བ་མེད་པའི་ལམ་ནས་ལྡིང་བ་ཡི། །སྣ་ཚོགས་མཛེས་སྤྲིན་པདྨོའི་སྦུབས་འགྱིང་བ། །དག་བྱེད་བུམ་བཟང་འཛིན་པའི་མེ་ན་ཀས། །སངས་རྒྱས་བསོད་ནམས་ཕུང་པོར་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཨོཾ་ཀཱ་ཡ་བི་ཤྭ་དྷ་ན་ཡེ་སྭཱཧཱ། བཛྲ་ཝསྟ་ཧཱུཾ། ལྷ་རྫས་ཡིད་བཞིན་དྲྭ་བའི་པདྨོ་མཆོག །འོད་ཟེར་མེ་ཏོག་སྤྲིན་གྱི་ཆར་འབེབས་པས། །མ་ལུས་ཞིང་རྣམས་རྒྱ་མཚོའི་ཁྱོན་འགེང་བ། །བསོད་ནམས་སྤྲིན་གྱི་རོལ་མོར་ཅིར་ཡང་འཇོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་པུཥྤེ་པུ་ཙ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུཾ། རྒྱ་ཆེ་དཔག་བསམ་སྤོས་ཀྱི་ལྗོན་པ་མཆོག །ཀུན་ནས་དགའ་བ་རྒྱ་མཚོའི་དྲི་བསུང་ཅན། །སྤོས་རྡུལ་


TN03_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༦)ཕྱེ་མ་སྣ་ཚོགས་སྤྲིན་འཕྲོ་བ། །དཔལ་ལྡན་ངོ་མཚར་བཀོད་པའི་མཆོད་སྤྲིན་འཁྲིག །ཨོཾ་སརྦ་སོགས་དྷུ་བྤེ་པུ་ཙ༴ །རིན་ཆེན་ཉི་ཟླ་ནོར་བུའི་སྒྲོན་མ་མཆོག །ཚད་མེད་འོད་ཟེར་རྒྱ་མཚོའི་སྣང་བ་ཆེས། །སངས་རྒྱས་ཞིང་ཀུན་མུན་པའི་གོ་འགོག་པས། །རྒྱལ་དང་དེ་སྲས་དགྱེས་པའི་བསྙེན་བཀུར་སྟོབ། །ཨ་ལོ་ཀེ༴ སྤོས་དང་སྨན་སྦྱར་བདུད་རྩིའི་ཕྱུགས་པ་མཆོག །ཡིད་འཕྲོག་དྲི་རྣམས་རྒྱ་མཚོའི་ཆར་འབེབས་ཤིང་། །ཟག་མེད་བདེ་བའི་ཁྱད་པར་འབུམ་སྦྱིན་པ། །ནམ་མཁའ་མཛོད་ཀྱི་ཕུང་པོར་ཟད་མི་ཤེས། །གྷནྡྷེ༴ །ཕུན་ཚོགས་རོ་བརྒྱ་ལྡན་པའི་ཞལ་ཟས་མཆོག །བཟའ་བཅའ་བཏུང་བའི་ཁྱད་པར་རྣམ་མང་པོ། །བྲི་དང་གང་བ་མེད་པར་འབྱམས་ཀླས་པ། །ཏིང་འཛིན་ཞི་བ་མཆོག་གི་རྣམ་པར་རོལ། །ནེ་ཝི་ཏྱ༴ །བསྟོད་སྤྲིན་ཡན་ལག་རྒྱ་མཚོའི་རོལ་མོ་མཆོག །སིལ་སྙན་རྔ་སྒྲའི་སྤྲིན་གྱི་ཆར་འབེབས་ཤིང་། །ས་དང་ཕ་རོལ་ཕྱིན་པའི་སྒྲ་དབྱངས་བརྒྱས། །རབ་འབྱམས་རྒྱ་མཚོའི་འཇིག་རྟེན་རྒྱས་པར་འགེངས། །ཤཔྟ༴ །ནོར་བུའི་ཆུན་འཕྱངས་རྒྱ་མཚོ་མཛེས་བཀོད་པ། །འོད་ཀྱིས་འཇིག་རྟེན་རྣམ་པར་སྣང་བའི་གདུགས། །རབ་འབྱམས་ནམ་མཁའི་ཁྱོན་ལྟར་རྒྱ་ཆེ་ཞིང་། །རྒྱལ་རྣམས་འཁོར་གྱི་དཀྱིལ་འཁོར་མཛེས


TN03_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༧)པའི་རྒྱན། །ཙྪ་ཏྲཾ་ཀ༴ །ཡིད་བཞིན་ནམ་མཁའི་རྒྱན་གྱུར་བླ་བྲེ་ཆེ། །དྲིལ་གཡེར་དྲྭ་བ་བརྒྱ་སྟོང་བྲིས་པའི་གཟུགས། །ཀུན་བཟང་རྣམ་མཐར་རྒྱ་མཚོའི་ཚུལ་སྒྲོག་པ། །སངས་རྒྱས་གཙུག་ཏོར་མཛེས་པའི་ངོ་མཚར་རྫོགས། །བི་ཏཱ་ནཾ༴ །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །རྣམ་མང་ལྷ་རྫས་དར་གྱི་ལྔ་ལྡི་ཅན། །ཕྱོགས་བཅུ་ཞིང་ཀུན་བསྒྲེང་བའི་རྒྱལ་མཚན་སྤྲིན། །ཆོས་དབྱིངས་མུ་མཐའ་མེད་པར་འབྱམས་སུ་ཀླས། །བྷྭ་ཛ༴ །ལྷ་རྫས་རེག་ན་བདེ་བའི་གོས་མཆོག་སྤྲིན། །གཟི་ལྡན་སྒྲོན་མེའི་ཚོགས་ལྟར་རབ་འབར་བ། །འདྲེས་དང་མ་འདྲེས་རྒྱ་མཚོའི་ཁ་དོག་ཅན། །མཚན་དཔེ་སྒྱུ་མ་མཆོག་གི་འཁོར་ལོས་སིམ། །ཝ་སྟྲ༴ །གདུ་བུ་ཅོད་པན་རྣ་ཀོར་ཕྲེང་བ་སོགས། །སྣ་ཚོགས་ནོར་བུ་བཀོད་པའི་རྒྱན་མང་པོ། །རིན་ཆེན་མེ་ཏོག་རྒྱ་མཚོའི་ཆར་འབེབས་ཤིང་། །ཀུན་བཟང་མཆོད་པའི་དཀྱིལ་འཁོར་རབ་སྣང་བྱེད། །ཨ་ལཾ་ཀཱ་ར༴ །རྣམ་མང་དཔག་བསམ་ལྗོན་པའི་དགའ་ཚལ་དང་། །ཡིད་འོང་ཟླ་བ་ནོར་བུའི་བྲག་སྐྱིབ་ཅན། །དཀའ་ཐུབ་གནས་རྣམས་རྒྱ་མཚོ་རྣམ་ཕྱེ་བ། །བསམ་གཏན་བདེ་བའི་དགའ་སྟོན་སྤྱིན་པའི་དཔྱིད། །བ་ན་ཥ་ནཱཾ༴ །བཞལ་མེད་ཁང་བརྩེགས་རིན་ཆེན་དྲྭ་བ་ཅན། །གླུ་


TN03_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༨)གར་སིལ་སྙན་བསྟོད་དབྱངས་ཆར་འབེབས་ཤིང་། །མཆོད་པའི་ལྷ་མོ་སྣ་ཚོགས་སྤྲིན་འཕྲོ་བ། །ཀུན་བཟང་སྨོན་ལམ་རྒྱ་མཚོའི་རོལ་མོར་འབར། །པྲ་སཱ་ད༴ །རླབས་ཆེན་བསོད་ནམས་སྤྲིན་གྱི་འཇུག་པ་ཅན། །སྲིད་ཞིའི་དགེ་མཚན་འཁྱིལ་བའི་བུམ་པ་བཟང་། །བསམ་ཡས་འདོད་དགུའི་གྲུ་ཆར་རྣམ་འབེབས་པ། །འོག་མིན་སྤྲུལ་པའི་ཞིང་ཀུན་བཀྲག་པའི་རྒྱན། །ནི་དྷི་ཀཱ་ལ་ཤ༴ །དེ་ནས་མཆོད་པའི་མཇུག་བསྡུ་བ་ནི། མདོར་ན་བསྐལ་མང་རྒྱ་མཚོའི་འཁོར་ལོ་ཅན། །དུས་གསུམ་རྒྱ་མཚོ་བློ་ཡིས་མི་ཐུག་པར། །བྱུང་དང་འབྱུང་འགྱུར་མཆོད་སྤྲིན་རྒྱ་མཚོ་ཀུན། །མ་ལུས་ཡོངས་རྫོགས་རྣམ་མཐར་རྒྱ་མཚོའི་རྒྱན། །ཞིང་རྣམས་ཐམས་ཅད་འགྲོ་འོང་མེད་པའི་དབྱིངས། །རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་ཚུལ་འཇུག་པས། །བདེ་གཤེགས་མཆོད་པའི་འདུན་ཁང་རེ་རེར་ཡང་། །ཞིང་རྣམས་རྒྱ་མཚོ་མིག་འཕྲུལ་བཞིན་དུ་སྣང་། །ལུས་རྣམས་ཐམས་ཅད་སྒྱུ་མ་སྤྲུལ་པའི་རྒྱན། །བྲི་དང་གང་བ་མེད་པའི་ཚུལ་འཇུག་པས། །གཙུག་གི་བླ་མ་རིམ་གྲོའི་གངས་ཆེན་མཚོ། །ཡེ་ཤེས་མེ་ཏོག་རྒྱལ་ལ་ལྷག་པར་མོས། །རྡུལ་རྣམས་ཐམས་ཅད་རྡོ་རྗེ་ནམ་མཁའི་དབྱིངས། །སྣང་དང་སྟོང་པ་མཉམ་པའི་ཚུལ་འཇུག་པས། །སྒྱུ་མའི་རྡུལ་རེར་ནམ་མཁའ་རྒྱས་འགེངས་


TN03_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

(༢༤༩)པའི། །མཆོད་སྤྲིན་བཀོད་པའི་རྒྱ་མཚོ་བསམ་མི་ཁྱབ། །སྒྲིབ་བྲལ་མཁྱེན་པ་གཉིས་ལྡན་ཡེ་ཤེས་ཆེ། །དམིགས་མེད་བྱམས་པའི་སྟོབས་མཆོག་མཐའ་ཡས་པས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ལ། །ཕུན་ཚོགས་རིག་དང་བརྩེ་བའི་དགའ་སྟོན་སྩོལ། །བི་ཤྭ༴ །ད་ནི་ཡན་ལག་ལྷག་མ་ལྔའི་ནང་ཚན་ཕུང་པོ་གསུམ་གྱི་ཚིགས་སུ་བཅད་པ་བཅོ་ལྔར་ཕྱེ་བ་ལས་དང་པོ་བཤགས་པ་ནི། ཐལ་མོ་སྦྱར་ཏེ། གང་སྔོན་ཚེ་ཡི་རྒྱུད་རྣམས་རྒྱ་མཚོ་རུ། །ཀུན་རྨོངས་ཉེས་པའི་འཆིང་བ་བརྟན་གྱུར་པས། །སྡིག་ཏོའི་ནོངས་པ་མི་བཟད་གང་བགྱིས་པ། །དེ་ཀུན་སྙིང་ནས་འགྱོད་པས་མཐོལ་ཞིང་འཆགས། །གང་ཞིག་སྤངས་ན་འདྲེན་པ་ཀུན་སྤོང་ཞིང་། །བསྟེན་ན་བྱང་ཆེན་ལག་རྩེར་སྦྱིན་པ་ཡི། །མཁས་པའི་བཤེས་གཉེན་ཡོན་ཏན་མིག་གཅིག་པུ། །ཚུལ་བཞིན་མཉེས་པར་མ་བགྱིས་མཐོལ་ཞིང་འཆགས། །བསྟན་པ་ཀུན་གྱི་ནང་ནས་སྙིང་པོ་མཆོག །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་ལམ་སྣང་བ། །དོན་ཟབ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཆོས། །སྤངས་པའི་ཉེས་སྤྱོད་ཆེ་རྣམས་མཐོལ་ཞིང་འཆགས། །ཐུབ་རྣམས་བདག་གཞན་མཉམ་པ་ཉིད་གསུངས་ཏེ། །སེམས་ཅན་ཞིང་རྣམས་རྒྱལ་བ་ལྟར་བསྔགས་ན། །བདག་གིས་དེ་དག་ཡོངས་འཛིན་མ་བགྱིས་


TN03_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༠)ཤིང་། །འཁྲུགས་དང་གདུང་བ་བསྐྱེད་རྣམས་མཐོལ་ཞིང་འཆགས། །བརྟན་པ་རྣམས་ཀྱི་ཕ་རོལ་ཕྱིན་དྲུག་དང་། །བྱང་ཆུབ་སེམས་དཔའི་རྒྱན་སྣང་རྣམ་བཞི་སོགས། །རྒྱལ་བའི་སྤས་ཀྱི་སྤྱོད་པ་རྒྱ་མཚོ་ལ། །སྒྲིབ་པར་གྱུར་པའི་ལས་ཀུན་སྙིང་ནས་འཆགས། །གཉིས་པ་ཡི་རང་ནི། ངན་འགྲོ་ལོག་པར་ངེས་པའི་ཕུང་པོ་རྣམས། །སྤངས་པའི་མཐོ་རིས་ངལ་འཚོ་ལ་སྦྱོར་བ། །ཆོས་དཀར་དགེ་བའི་བརྟུལ་ཞུགས་མངོན་སྤྱོད་པའི། །ལེགས་སྨོན་ཚུལ་ཁྲིམས་རྒྱ་མཚོར་རྗེས་ཡི་རང་། །འཕགས་པའི་བདེན་པ་བཞི་ཡི་འཇུག་ལྡོག་ལ། །ཚུལ་གནས་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས། །སྲིད་ལས་རྣམ་གྲོལ་ཞི་བ་མཆོག་སྒྲུབ་པའི། །ངེས་འབྱིན་ཐར་ལམ་རྒྱ་མཚོར་རྗེས་ཡི་རང་། །བླ་ན་མེད་པའི་སངས་རྒྱས་ཆོས་རྟོགས་ནས། །སེམས་ཅན་རྒྱ་མཚོ་རྣམ་པར་དགྲོལ་སླད་དུ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་གསོག་པའི། །ཐེག་མཆོག་བརྟུལ་ཞུགས་རྒྱ་མཚོར་རྗེས་ཡི་རང་། །གྲངས་མེད་རྒྱལ་ལ་བལྟ་དང་ཆོས་ཉན་སོགས། །འཕགས་པའི་ལམ་གྱི་ཁྱད་པར་དུ་མ་ཡིས། །སྒྲིབ་པ་མེད་པའི་གནས་རབ་སྣང་བྱེད་པ། །ས་བཅུའི་ཡོངས་སྦྱོང་རྒྱ་མཚོར་རྗེས་ཡི་རང་། །བདག་དོན་དག་པ་གཉིས་ལྡན་ས་བརྙེས་ནས། །འབད་རྩོལ་སྤྲོས་པའི་འཇུག་


TN03_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༡)ལྡང་ཉེར་ཞི་བའི། །གཞན་ཕན་སྲིད་པ་ཇི་སྲིད་མི་འགོང་བ། །སངས་རྒྱས་སྤྱོད་པའི་རྒྱ་མཚོར་རྗེས་ཡི་རང་། །གསུམ་པ་བསྐུལ་ཞིང་གསོལ་བ་གདབ་པ་ནི། གང་ཡང་ཕྱོགས་བཅུའི་ཞིང་མང་རྒྱ་མཚོ་རུ། །འཇིག་རྟེན་སྒྲོན་མ་བསྐུལ་བའི་སར་གཞེས་པ། །དེ་དག་རྣམས་ལ་བདུད་རྩིའི་སྒོ་དབྱེ་ཞིང་། །ཆོས་རྔའི་སྒྲ་ཆེན་འབྱིན་པའི་བསྐུལ་མ་འདེབས། །ཤིང་རྒྱལ་དྲུང་ན་རིག་གསུམ་མངོན་མཛད་དེ། །མི་སྨྲའི་བརྟུལ་ཞུགས་ལ་དགྱེས་མགོན་པོ་རྣམས། །ལྷར་བཅས་འཇིག་རྟེན་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་བསྐུལ། །བདག་རྟོག་མཚན་མའི་སྤྲོས་པ་རབ་གཅོད་ཅིང་། །ཡང་དག་བདེན་དོན་རྟོགས་པའི་སྣང་བ་ཅན། །རྨད་བྱུང་འཕགས་ལམ་རྒྱ་མཚོའི་ཆོས་འཁོར་ཆེ། །རིགས་གསུམ་མོས་པའི་ནམ་མཁར་རབ་སྣང་མཛོད། །གང་གིས་འཇིག་རྟེན་མྱ་ངན་ཁང་བུ་རུ། །མཆི་མའི་རྒྱུན་མང་རབ་ཏུ་བླག་བྱེད་པའི། །མྱ་ངན་འདའ་བ་སྟོན་མཛད་མགོན་པོ་རྣམས། །འགྲོ་སྒྲོལ་འཁོར་བ་ཇི་སྲིད་བཞུགས་གསོལ་འདེབས། །ཡིད་ཅན་རྒྱ་མཚོའི་བསོད་ནམས་ཞིང་སླད་དུ། །འདྲེན་པ་མཆོག་རྣམས་སྐུ་ཚེ་དཔག་མེད་ཅིང་། །མཚན་དཔེའི་མཆོད་སྡོང་མིག་གི་བདུད་རྩི་རུ། །སྤྱོད་པའི་དགེ་མཚན་ཉམས་པ་མེད་


TN03_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༢)གྱུར་ཅིག །རྗེས་སུ་བསྔོ་སྨོན་གྱི་རིམ་པ་ནི། དགེ་བའི་རྩ་བ་བློ་ཡུལ་དུ་བཞག་སྟེ། བདག་ནི་སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཀུན། །རྨད་བྱུང་འཁོར་ལོ་བཞི་ཡི་ཁྱད་ནོར་ཅན། །དལ་འབྱོར་ཡོན་ཏན་རྫོགས་པའི་རྟེན་རྙེད་ནས། །སྔོན་གནས་ཚེ་རབས་རྗེས་སུ་དྲན་གྱུར་ཅིག །འཇིགས་རུང་འཁོར་བ་མེ་ཡི་འོབས་བཞིན་དུ། །མཐོང་ནས་ཐར་པ་འདོད་པས་ཡིད་དྲངས་ཏེ། །སྟོན་པ་ཟླ་མེད་རྗེས་སུ་རབ་འབྱུང་ཞིང་། །བསླབ་པ་རྒྱ་མཚོའི་འདུན་ཁང་མཛེས་གྱུར་ཅིག ཁྱད་པར་གསུང་རབ་ལྟ་བའི་མིག་སྦྱིན་པ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་འཛིན་ཞིང་། །གདམ་ངག་གསུང་གི་བདུད་རྩི་བཏུང་བ་ལས། །མི་ཟད་སྤོབས་པའི་གཏེར་ཆེན་རྙེད་པར་ཤོག །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ཏེ། །ཐུན་མིན་སྐྱེས་བུ་ཆེན་པོའི་ཉམས་ལེན་གནད། །བཅོས་མ་མིན་པའི་བྱང་ཆུབ་སེམས་འབྱོང་ཞིང་། །རྒྱལ་སྲས་སྤྱོད་པའི་རྒྱ་མཚོར་འཇུག་པར་ཤོག །ཤིན་ཏུ་ཞི་བ་དབེན་པའི་ནགས་ཁྲོད་དུ། །རྩེ་གཅིག་རྣམ་གཡེང་མེད་པའི་ཏིང་འཛིན་གྱིས། །ལུས་སེམས་ལས་སུ་རུང་བའི་མཆོག་གྲུབ་སྟེ། །འདོད་ཉོན་འཆིང་བ་ངང་གིས་ཞི་བར་ཤོག །ཉེས་ཀུན་རྩ་བ་འགོག་པའི་ཐབས་ཀྱི་མཆོག །སྟོང་དང་རྟེན་འབྱུང་


TN03_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༣)ཟབ་མོའི་སྒོར་ཞུགས་ནས། །སྒྲིབ་པ་ལྔ་ལས་འདས་པའི་ལྷག་མཐོང་གི །རྟོགས་པའི་ཉི་མ་ནང་ནས་འཆར་གྱུར་ཅིག །ཆོས་ལ་ཆོས་མིག་རྡུལ་བྲལ་རབ་སྐྱེས་ནས། །བྱང་ཆུབ་དོན་དམ་ཟབ་མོའི་སེམས་ལྡན་ཞིང་། །གྲངས་མེད་འབུམ་ཕྲག་བཅུ་ཡི་སྨོན་ལམ་གྱིས། །འཕགས་པའི་ས་ནས་ས་མཐོ་གནོན་གྱུར་ཅིག །དེ་མཐུས་རྒྱལ་བའི་སྲས་ཀྱི་ཏིང་འཛིན་མཛོད། །གཟུངས་སྟོབས་མངོན་པར་ཤེས་དང་ཡང་དག་རིག །བསམ་ཡས་བརྗོད་དུ་མེད་པའི་རྣམ་པར་ཐར། །གྲུབ་ནས་ལམ་གྱི་བགྲོད་པ་རྫོགས་གྱུར་ཅིག །མཐར་ཐུག་བླ་ན་མེད་པའི་ཡེ་ཤེས་སྐུ། །སྟོབས་དང་མི་འཇིགས་རྒྱ་མཚོའི་མཛོད་བརྙེས་ཏེ། །རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་བདེན་པ་ཡིས། །དོན་གཉིས་འདོད་དགུ་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་འདུན་པ་རྩེ་གཅིག་ཏུ་བྱའོ། །འདི་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་པོ་ཆེའི་སྙིང་པོ་བསྡུས་པ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་བསམ་ན་རྒྱལ་བའི་སྲས་ཀྱི་ལམ་མཐའ་དག་ལ་ཉམས་ལེན་བྱས་པར་འགྲོ་ཞིང་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་ཚད་མེད་པའི་གངས་ཆེན་མཚོར་འགྱུར་པའི་ཚུལ་ལ་བསམས་ཏེ་སྐལ་བཟང་རྣམས་ཀྱིས་ཡི་དམ་དུ་བྱ་བར་རིགས་སོ། །ཞེས་པའང་གཞོན་ནུ་འཇིགས་མེད་བསྟན་རྒྱམ་དུ་འབོད་པའི་བན་དེ་སྙོམས་ལས་པས་རང་ལོ་ཉེར་གཅིག་པས་སྐྱོང་གི་ལོ་ཁྲུམ་སྟོད་ཟླ་བའི་


TN03_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༤)ཡར་ཚེས་ཟླ་བ་གྲོ་བཞིན་གྱི་དགའ་མ་དང་རྩེ་ཞིང་དྲང་སྲོང་རི་ཥི་འཆར་བའི་ཚེ་བྲིས་ཤིང་སྤེལ་བ་མངྒ་ལཾ། གང་ཟག་གཟུ་བོར་གནས་ཤིང་མདོ་སྡེ་མཐོང་བའི་རྣམ་དཔྱོད་ཅན་གྱིས་དཔྱད་ན་ཚིགས་སུ་བཅད་པརེ་རེ་ལའང་མཁས་པ་དགའ་བ་བསྐྱེད་པའི་ཚུལ་མང་པོ་ཞིག་ཡོད་པར་ཤེས་པར་གྱིས་ཤིག །སརྦ་དཱ་ཀཱ་ལ་ཾ་བྷ་བ་ཏུ།། ༈ །།འཇམ་པའི་རྡོ་རྗེ་ལ་ན་མོ། །མཆོད་སྤྲིན་མེ་ཏོག་རབ་འབྱུང་གི་འཕྱོང་ཟུར་དུ་བཀོལ་བ་ནི། དང་པོ་གནས་ཁང་བྱི་དོར་གྱི་ཚེ། སེམས་ཀྱི་རྙོགས་པ་བགྲུངས་ཤིང་ལྷ་རྣམས་དགའ། །མཛེས་པའི་ལང་ཚོ་རབ་འཐོབ་མཐོ་རིས་སྐྱེ། །རྡུལ་བྲལ་ཞི་བའི་མཆོག་ཀྱང་འདིས་སྦྱིན་ཏེ། །ལས་འདིར་ངལ་བ་བརྟེན་རྣམས་དོན་ཡོད་ཡིན། །ཞེས་བརྗོད་དེ་དཀོན་མཆོག་བླ་མར་བྱ་བའི་འདུ་ཤེས་བསྐྱེད་ནས་བསང་ཤིང་གི་དུད་པས་རྡུལ་མནན་ཏེ་ཕྱག་དར་དངོས་ལ་འཇུག །དེའི་འོག་ཏུ་སྤོས་ཆབ་དྲི་ཞིམ་པོས་བརླན་ལ་མེ་ཏོག་སིལ་མ་བཀྲམ་སྟེ་གུང་དུ་མཆོད་པའི་སྟེགས་བང་རིམ་ཅན་བླ་བྲེ་དང་འཕན་གདུགས་སོགས་ཀྱིས་མཛེས་པར་དཀོན་མཆོག་གི་རྟེན་བཞུགས་སུ་གསོལ་ཞིང་མཐའ་བསྐོར་དུ་སྤོས་དང་མར་མེ་སོགས་མཆོད་པའི་ཡོ་བྱད་རྒྱ་ཆེར་བསྟར། རང་ཉིད་སྟན་བདེ་བ་ལ་སྤྱོད་ལམ་ཞི་བས་འཁོད་དེ། །སངས་རྒྱས་ཆོས་ཚོགས་ལྟ་བུས་སྐྱབས་སེམས་བྱ། །ཚོགས་ཞིང་གསལ་གདབ། ཕྱག་འཚལ་གྱི་ཚིག་ཤྭ་ལོ་ཀ་ལྔ་པོ་གང་ནུས་བསྐྱར་ཞིང་ཕྱག་བྱ། མཆོད་པའི་སྤྲིན་གཟུངས་དང་རྟེན་འབྲེལ་སྙིང་པོས་གནས་ཡོ་བྱིན་གྱིས་བརླབས་ཏེ་རོལ་མོ་འཁྲོལ། ཁྲུས་གསོལ་ཀྱི་ཚེ་བཟེད་ཞལ་དུ་ཞབས་བསིལ་སྦྲེང་ཞིང་ཤབྟའི་སྐབས་ལ་སོགས་བར་རོལ་མོ་སྤེལ་བས་ཀྱང་མཆོད། མཆོད་པ་གྲངས་གསོག་ལྟ་བུར་མཎྜལ་ཁོ་ནས་དོན་འགྲུབ་པས་དོན་


TN03_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༥)བསྡུས་རྗེས་སུ་ཚོམ་བུ་སོ་བདུན་མ་འདི་ཉིད་འབུལ་བར་བྱ་སྟེ། ཐོག་མར་མཎྜལ་གྱི་བྱི་དོར་ལེགས་པར་བྱ་ཞིང་བ་བྱུང་གི་དྲི་ལྔས་བྱུགས་བཞིན་དུ། ཨོཾ་བཛྲ་བྷུ་མི་ཨཱ་ཧཱུཾ། ཞེས་བརྗོད། །དེ་ནས་མེ་ཏོག་གི་ཚོམ་བུ་ཞིག་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། ཨོཾ་བཛྲ་རེ་ཁཱེ་་ཨཱ་ཧཱུྃ། ཞེས་བྱིན་གྱིས་བརླབས་ལ། དབྱིག་མཆོག་བརྒྱ་ལས་ལེགས་བྲིས་ས་ཡི་གཞིར། །རི་རབ་རིན་ཆེན་ལྷུན་པོ་ལུས་འཕགས་གླིང་། །ཛམ་བུ་ན་དཱའི་གླིང་དང་བ་ལང་སྤྱོད། །སྒྲ་མི་སྙན་གླིང་བཞི་ཡིས་རབ་བརྒྱན་པ། །ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞན། །གཡོ་ལྡན་ལམ་མཆོག་འགྲོ་དང་སྒྲ་མི་སྙན། །སྒྲ་མི་སྙན་ཟླ་ཞེས་བྱའི་ཉེ་གླིང་བཅས། །རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཕྲེང་། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཚལ། །གསེར་སྦྱངས་འཁོར་ལོ་དྲི་མེད་ནོར་བུའི་མཆོག །བདེ་སྦྱིན་བུད་མེད་ཁྱིམ་བདག་ལྷ་མིག་གྲུབ། །ཅང་ཤེས་གླང་པོ་ཤུགས་འཆང་དུལ་བའི་རྟ། །དམག་མི་རིན་ཆེན་འདོད་འབྱུང་གཏེར་གྱི་བུམ། །ཕས་རྒོལ་ཟིལ་གནོན་རལ་གྲི་པགས་པ་འཇམ། །རབ་དགའི་ནགས་ཚལ་ཡིད་རྗེས་འགྲོ་བའི་གོས། །མཐུ་ལྡན་མཆིལ་ལྷམ་གཞལ་མེད་ཁང་བ་བཟང་། །བདེ་བའི་མལ་སྟན་མཚན་མ་བཟང་པོའི་དུང་། །ཉི་མ་ཟླ་བ་ནོར་བུའི་གདུགས་མཆོག་དང་། །


TN03_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༦)ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སོགས། །ལྷ་མིའི་འབྱོར་ཚོགས་ཡིད་བཞིན་སྤྲིན་ཕུང་ཅན། །འཛད་པའི་ཕ་མཐའ་ཡོང་ཡེ་མི་དམིགས་པ། །ལྷག་པར་མོས་སོ་ཏིང་འཛིན་ཡིད་ཀྱི་འཕྲུལ། །ཐུགས་རྗེས་བཞེས་ཤིག་མགོན་པོ་སྲས་དང་བཅས། །བཞེས་ནས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཨི་དཾ་གུ་རུ་རཏྣ་མཎྜ་ལ་ཀཾ་ནིརྻ་ཏ་ཡ་མི། ཞེས་ཚོམ་བུ་རྣམས་གསལ་ཞིང་མཛེས་པར་བཀོད་ལ་ཕུལ། སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་ཕན་ཡོན་གྱི་ཚིགས་སུ་བཅད་པ་ནི་ཟ་མ་ཏོག་ལྟ་བུའི་གཏམ་དང་སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་ཕྲིན་ཡིག་སོགས་ནས་འབྱུང་བ་རྣམས་དོན་ལ་ཁྱད་མི་སྣང་ཞིང་། དེ་ཉིད་མཐོང་བའི་ལམ་ལས་ལྷག་པོ་གཅིག་ཀྱང་གསུངས་པས་འདིར་དེ་རྣམས་བསྡོམ་ན། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་ཡང་དག་བྱི་དོར་ཚུལ་ཁྲིམས་དང་། །སྲོག་ཆགས་ཕྲ་མོའང་བསལ་བ་བཟོད་པ་བྱ་བ་ཉེར་གནས་བརྩོན་འགྲུས་ཏེ། །སྐད་ཅིག་དེའི་སེམས་རྩེ་གཅིག་བསམ་གཏན་རི་མོ་མཛེས་འབར་ཤེས་རབ་ཉིད། །ཐུབ་པའི་མཎྜལ་བགྱིས་པས་ཕ་རོལ་ཕྱིན་དྲུག་འདི་དག་ཐོབ་འགྱུར་ལ། ཁ་དོག་གསེར་དུ་འགྱུར་ཞིང་ནད་ཀུན་ལས་ནི་རྣམ་པར་གྲོལ་བར་འགྱུར། །ལྷ་དང་མི་ལས་ཆེས་ལྷག་འགྱུར་དང་ཟླ་བ་ལྟ་བུར་མཛེས་པ་འབར། །འབྱོར་ལྡན་རྒྱལ་རིགས་གསེར་གྱི་ཚོགས་མང་བདེ་གཤེགས་མཆོད་པའི་ཁྱིམ་དུ་སྐྱེ། །རྡུལ་དང་ཐ་བ་ཤིན་ཏུ་རྣམ་སྤངས་སངས་རྒྱས་ཞིང་མང་འཛིན་པར་འགྱུར། །ཞེས་པའི་རྐང་པ་ཕྱི་མ་གཉིས་ལ་འཕྲི་བསྣོན་ཅུང་ཟད་བགྱིས་པ་ཙམ་མ་གཏོགས་གཞན་རྣམས་སློབ་དཔོན་མི་


TN03_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

(༢༥༧)ཕམ་བཤེས་གཉེན་གྱི་འཇམ་དཔལ་མཆོད་ཆོག་ནས་བྱུང་བའི་ཚིག་ཡིན་ལ། འདི་དག་མཎྜལ་ཕུལ་བའི་རྗེས་སུ་ཀློག་པར་ཛེ་ཏ་རིས་བཤད་ཅིང་། འཇུག་པ་བདེ་བའི་ཕྱིར་སྔོན་དུ་བཏང་ཡང་མི་འགལ་ལོ། །གཞན་ཡང་རྒྱས་པར་སྐྱེད་ན་ཡན་ལག་བདུན་པོ་རེ་རེ་ནས་གཞུང་ཚིག་དང་བཟང་པོ་སྤྱོད་པའི་ཚིགས་བཅད་སྤེལ་མར་བྱ་བས་མཚོན་ཏེ་ཤེས་ནུས་སོ། །ཞེས་སྔ་སོར་རང་ལོ་ཉེར་གཅིག་པར་མཆོད་གཞུང་དཀྱུས་མ་ཙམ་བྲིས་པ་ལས་སླར་ཡང་ཁ་སྐོང་མཎྜལ་གྱི་འཕྱོང་འདི་མེ་ཕག་ཟླ་གསུམ་པའི་ཉེར་གསུམ་ལ་སྤེལ་བའོ།། །།


previousའཕགས་ཚོགས་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་རྣམ་པར་ཐར་བ་རྒྱ་མཚོའི་མེ་ཏོག་གི་སྤྲིན་རབ་ཏུ་འབྱུང་བ།next