མཁའ་རོ་གངས་སྦུག་གི་རི་ཁྲོད་དུ་ཚོགས་འཁོར་གྱི་གྲལ་དུ་གླུར་བླངས་པ།
༈ ན་མོ་གུ་ར་ཝེ། རྗེ་བཀའ་དྲིན་ཅན་གྱི་རིན་པོ་ཆེ། །མཚན་ཐོས་འཁོར་བའི་གནས་ལས་འདྲེན། ཁྱོད་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །ཕ་བླ་མ་མཆོག་ལ་གསོལ་བ་འདེབས། །ཡུལ་ས་མཐོ་རིག་པ་དྭངས་པ་ཞིག །ལྗོངས་གངས་རིའི་ཁྲོད་ཀྱི་ལྟེ་བ་གཅིག །སྔོན་དམ་པ་མང་
པོ་བྱོན་པ་གཅིག །གངས་དགུང་དུ་ནངས་ཀྱི་མཐོ་བ་གཅིག །དེ་ཧ་བོ་གངས་བཟང་མ་ལགས་སམ། །གནས་དེ་ན་རྒྱལ་ཁམས་ཀྱི་རྣལ་འབྱོར་པ། །ཕ་རྩ་བརྒྱུད་ཀྱི་བླ་མས་བྱིན་བརླབས་པ། །ནང་རིག་པ་མེ་ལྟར་འབར་བ་ལ། །ཕྱི་ཆོས་བརྒྱད་ཀྱི་དབུས་ན་ཉལ་བ་ཞིག །དུས་དོ་ནུབ་ཡར་གྱི་ཚེས་བཟང་པོ། །འཁོར་རྣལ་འབྱོར་ཕོ་མོའི་དཀྱིལ་འཁོར་ན། །ཡོངས་མཁའ་འགྲོ་འདུས་པའི་ཚོགས་ཀྱི་དབུས། །ཉམས་དགའ་བའི་རྒྱང་གླུ་ཚིག་གསུམ་ལེན། །དུས་ད་རེས་མི་ལུས་རིན་ཆེན་ཐོབ། །འདི་ཐོབ་པར་དཀའ་བ་ཞིག་ཡིན་པར་གདའ། །འདི་ཐོབ་པས་ཀྱང་ད་རེས་མདོ་དོན་བྱུང༌། །དོན་འདི་ལ་བསམས་ཀྱང་ཉམས་རེ་དགའ། །བུ་ཆུང་གི་དུས་ནས་ཆོས་དང་མཇལ། །ཉིན་མཚན་ཀུན་ཆོས་ལ་སྐྱེལ་བ་འདི་བྱས། །དེ་ཙམ་དུས་ན་མདོ་དོན་ཡང་བྱུང༌། །དོན་འདི་ལ་བསམས་ཀྱང་ཉམས་རེ་དགའ། །ང་ཆུང་ཆུང་མ་ཎི་མི་ཤེས་དུས་ཀྱང༌། །དཀོན་མཆོག་ལ་སྙིང་ནས་དད་པ་དང༌། །ཐར་འདོན་མཚན་ཉིད་དང་ལྡན་པ་ཡོད། །རྒྱུ་དེས་ཀྱང་འཇིག་རྟེན་ལ་བློ་མ་སོང༌། །དོན་འདི་ལ་བསམས་ཀྱང་ཉམས་རེ་དགའ། །བདག་སྤྱང་རིག་འཛོམ་པོ་གཅིག་མ་ལགས་ཏེ། །གསུང་རབ་ལ་གོ་བ་ལྷུག་པར་ཆགས། །བདག་ལས་བླ་བཟང་པོ་གཅིག་མ་ལགས་ཀྱང། །ཆོས་ཕྱོགས་སུ་སྡུག་
ཀྱང་ཐེག་རབ་བྱུང༌། །བདག་རིག་པ་འཆར་པོ་གཅིག་མ་ལགས་ཀྱང༌། །གྲུབ་མཐའ་ལ་ཆེར་གྱི་གཏིང་གཅིག་ལོན། །བདག་བྱ་བྱེད་བརྩོན་པོ་གཅིག་མ་ལགས་ཀྱང༌། །སྒོམ་འཕྲལ་འཕྲལ་རྒྱུན་དུ་ཉམས་སུ་བླངས། །མི་ཆོས་ལ་དགོས་པ་ཀུན་མེད་ལགས་ཀྱང༌། །ལྷ་ཆོས་ལ་དགོས་པ་ཀུན་ཕལ་ཆེར་ཚང༌། །དོན་འདི་ལ་བསམས་ཀྱང་ཉམས་རེ་དགའ། །བདག་ལོངས་སྤྱོད་ལ་སྒྲུབ་འདོད་མེད་ལགས་ཏེ། །སྔོན་ལས་ཀྱིས་ཟང་ཟིང་རྗེས་ལ་བསྙེགས། །མི་གཞན་ལྟས་ཞིང་མ་དག་པར་རྩི། །གནད་འདིས་ཀྱང་རེ་ལྟོས་འཆའ་མཁན་ཉུང༌། །སྟོང་ཟོབ་ཀྱི་དད་ཅན་བསླུ་མ་དགོས། །དོན་འདི་ལ་བསམས་ཀྱང་ཉམས་རེ་དགའ། །ཆོས་སྡེ་སྣོད་མང་དུ་བསླབས་ལགས་ཀྱང༌། །སྐལ་ལྡན་ཚེ་གཅིག་ལ་སངས་རྒྱ་བ། །རྡོ་རྗེའི་ཐེག་པ་ལ་སྙིང་ཕུར་བཏབ། །དོན་འདི་ལ་བསམས་ཀྱང་ཉམས་རེ་དགའ། །ཐ་སྙད་ལ་མི་ཚེ་མ་སྐྱེལ་བར། །གཞོན་ནུ་ནས་སྙིང་པོའི་དོན་ལ་དྲིལ། །བླ་མའི་མན་ངག་ལ་ཆིག་འདྲིལ་དུ་བྱས། །དོན་འདི་ལ་བསམས་ཀྱང་ཉམས་རེ་དགའ། །སྔགས་ཞུས་ཀྱི་བླ་མ་མང་ཡོད་ཀྱང༌། ཁོང་དགོངས་པ་གཏད་པས་དོན་འགྲུབ་ཅིང༌། །ལྷུག་པ་རང་གྲོལ་གྱི་སངས་རྒྱས་ཏེ། །རྗེ་གྲུབ་ཆེན་རྣམ་གཉིས་ལ་གསོལ་བ་བཏབ། །དོན་འདི་ལ་བསམས་ཀྱང་ཉམས་རེ་དགའ། ཉམས་ཀྱི་རྩལ་ནི་ཕྱོགས་མེད་དུ་ཤར། །མྱོང་བ་ཡང་ཡང་
ཐོན་ནས་བྱུང༌། །ད་ནི་རྟོགས་པ་འགྱུར་བ་མེད། །དོན་འདི་ཡང་རྗེ་བཙུན་བླ་མའི་དྲིན། །སྔར་ཡང་བླ་མ་ལ་གསོལ་བ་བཏབ། །ད་དུང་ཡང་ཕ་རྒོད་ཀྱིས་བྱིན་གྱིས་རློབས། །དུས་བཞེ་ནིང་མོས་གུས་ལ་འཕེལ་འགྲིབ་ཤོར། །དེར་ཡང་བླ་མ་ཉག་གཅིག་སྒོམས། །ཡི་མུག་བྱེད་ཀྱིན་ཡང་གསོལ་བ་བཏབ། །ཕུང་ངན་པའི་ལོ་དེ་འདས་ཕྱིན་ཆད། །མོས་གུས་སྒོམ་གྱི་རྩ་བ་ཚུགས། །དོན་འདི་ཡང་བླ་མའི་ཐུགས་རྗེ་ཡིན། །སྔར་ཡང་༴ ད་དུང་ཡང་༴ ཚེ་འདིའི་དཔལ་འབྱོར་ལ་ཡིད་དགའ་དང༌། །འཁོར་བའི་བདེ་སྐྱིད་ལ་ཡིད་སྨོན་དང༌། །སྙན་གྲགས་ཀྱི་ཕྱེ་མཐོར་ལེན་པ་གསུམ། །རྨི་ལམ་གྱི་དུས་ན་ཡང་ཡུལ་ནས་བུད། །དོན་འདི་ཡང་བླ་མའི༴ སྔར་ཡང་༴ ད་དུང་ཡང་༴ ད་འགྲོ་འདུག་སྤྱོད་ལམ་ཐམས་ཅད་དུ། །སྙིང་རྗེ་དང་བྱང་སེམས་མ་ཆད་ཙམ། །དོན་འདི་ཡང་༴ སྔར་ཡང་༴ ད་དུང་ཡང་༴ བྱ་བ་ཅི་བྱེད་ཐམས་ཅད་ཀྱང༌། །མ་བཅོས་ལྷུག་པའི་ངང་ནས་བྱེད། །གཉིས་མེད་ཀྱི་ངང་དུ་རིག་པ་འཕྱོ། །དོན་འདི་ཡང་༴ སྔར་ཡང་༴ ད་དུང་ཡང་༴ ཉོན་མོངས་ཀུན་ངོ་བོ་ཉིད་ཀྱིས་དག །ཉེས་ལྟུང་གི་ཚོགས་རྣམས་རག་སར་གྲོལ། །རྩ་བྲལ་ངང་ནས་ཕྱོགས་མེད་དུ་སྦྱངས། དོན་འདི་ཡང་༴ སྔར་ཡང་༴ ད་དུང་ཡང་༴ དུས་ད་ཙམ་རེ་དོགས་ཞིག་ནས་གདའ། །
གཉེན་པོ་ཡང་རང་སར་ཞིག་ནས་གདའ། །དོན་འདི་ཡང་༴ སྔར་ཡང་༴ ད་དུང་ཡང་༴ རང་ལྟོགས་སམ་འཁྱགས་ཀྱི་དོགས་པའམ། །མིས་ཁ་ངན་འཆའ་སྨོད་བྱུང་དོགས་སམ། །དོན་མ་འགྲུབ་གནོད་པ་བྱུང་དོགས་སོགས། །རང་སྡུག་རང་གིས་འཆོས་པ་དེ་ཞིག་ནས་གདའ། །དོན་འདི་ཡང་༴ སྔར་ཡང་༴ ད་དུང་ཡང་༴ གཏམ་སྙན་ལ་རེ་དང་སྐྱིད་ལ་རེ། །མི་གཞན་ལས་ལྷག་པ་གཅིག་ཡོད་ལ་རེ། །རང་བཟང་འདོད་བཟང་འཛིན་གྱིས་ཁོག་ཕུག་པའི། །ཆོས་དང་འཇིག་རྟེན་གྱི་ལེགས་སྒྲིགས་སོགས། །རེ་བ་ཕུང་གི་དཀྱིལ་འཁོར་དེ་ཞིག་ནས་ཐལ། །དོན་འདི་ཡང་༴ སྔར་ཡང་༴ ད་དུང་ཡང་༴ ནང་རྩ་ཡི་མདུད་པ་ལྷོད་དེ་ཤིག །རྟེན་ཐིག་ལེ་བདེ་བ་རང་གཅིག་འབར། །ལས་རླུང་གི་འགྲོ་འོང་དབང་དུ་འདུས། །འཕྲལ་བོགས་འདོན་ཕྱོགས་མེད་ལྷུག་པར་བསྐྱངས། དོན་འདི་ཡང་༴ སྔར་ཡང་༴ ད་དུང་ཡང་༴ འབྲོག་བས་མཐའ་གངས་ཀྱི་མགུལ་པ་འདི། །གནས་སྨན་ལྗོངས་ཉམས་དགའ་འགོལ་བ་ལ། །འཕྲལ་འདུ་འཛི་ལང་ལོང་ཉུང་བ་གཅིག །བདག་རྒྱལ་ཁམས་ཀྱི་རྣལ་འབྱོར་ལྡོམ་བུ་པའང༌། །ནང་རང་རིག་བདེ་སྟོང་འགྱུར་མེད་ལ། །འཕྲལ་མཚམས་ཚིག་མི་ཤེས་གཡས་མེད་གཅིག །མི་བདག་དང་དབེན་པའི་གངས་ཁྲོད་འདི། །
ཆོས་དེ་གཉིས་དཔེ་དོན་འཛོམ་པ་གཅིག་གདའ། །སྤྲང་ཁོ་བོ་ལ་བྱིན་རླབས་མེད་ལགས་ཀྱང༌། །རྗེ་བླ་མ་ཐུགས་རྗེ་དང་བྱིན་རླབས་སུ་ཆེ། །ཚིག་འདི་ལ་ལེགས་ཆ་མེད་འདུག་ཀྱང༌། །དོན་འདི་ལ་ངེས་པའི་གཏད་སོ་ཡོད། །དབྱངས་འདི་ལ་གླུ་རྟ་མ་མཆིས་ཀྱང༌། །ངག་འདི་ལ་ཤུགས་འབྱུང་གི་ཞང་གཅིག་གདའ། །གླུ་འདི་ལ་གོ་རིམ་མ་མཆིས་ཀྱང༌། །སྒྲ་འདི་ལ་བྱིན་བརླབས་བརྗིད་གཅིག་ཆགས། །ཞེས་པའང་ཧ་བོ་གངས་བཟང་གི་མགུལ། གུ་རུ་པདྨས་བྱིན་གྱིས་བརླབས་པའི་གནས། མཁའ་རོ་གངས་སྦུག་གི་རི་ཁྲོད་དུ་ཚོགས་འཁོར་གྱི་གྲལ་དུ་གླུར་བླངས་པའོ།། །།དགེའོ། །