Nitartha Digital Library
Tibetan
 
previousའཁོར་ལོ་རིན་པོ་ཆེའི་གཏམ།next

འཁོར་ལོ་རིན་པོ་ཆེའི་གཏམ།


TNT01_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རིན་པོ་ཆེའི་གཏམ་བཞུགས། །ཨོཾ་སྭཱ་སྟི། བགྲང་ཡས་ཤེས་བྱའི་དཀྱིལ་འཁོར་ལས། །ཡེ་ཤེས་བདུད་རྩིའི་འོད་སྤྲོ་བ། །བླ་མེད་སྨྲ་བའི་ཟླ་བ་ནི། །བླ་མ་སངས་རྒྱས་སྲས་བཅས་འདུད། །དྲན་པ་ལེགས་པར་མཉམ་བཞག་ན། །དེ་ལ་ཤེས་བཞིན་ལྡན་པའི་ཤེས་རབ་སྐྱེད། །ཏིང་འཛིན་སྒོ་བརྒྱ་ལྡན་པའི་ཁང་བཟང་མཆོག་བགྲོད་དེ། །རྒྱལ་བའི་ཡོན་ཏན་སེང་གེའི་ཁྲི་ལ་མྱུར་དུ་འཁོད་པར་འགྱུར། །དྲན་ཉམས་ཆོས་ཀུན་ཉམས་པས་དེ་ཕྱིར་དྲན་པ་རྟག་ཏུ་བསྲུང༌། །མི་གཙང་ལུས་དང་མཐའ་དག་འཁོར་བ་སྡུག་བསྔལ་ཏེ། །འདུས་བྱས་མི་རྟག་ཆོས་ཀུན་བདག་མེད་ཅེས། །ཤེས་བཞིན་དྲན་པ་ཉེ་བར་བཞག །འདི་ན་ལམ་དང་ཡོན་ཏན་ཀུན་གྱི་གཞི། །ལུས་ངག་ཡིད་ཀྱི་སྤྱོད་པ་དངོས་ཀུན་རང་བཞིན་བཅས། །ཇི་བཞིན་དོན་ལ་ཡེངས་མེད་དྲན་དང་དེའི། །རིགས་དང་མི་རིགས་རྣམ་དཔྱོད་ཤེས་བཞིན་བསྟེན་པའོ། །དྲན་པ་གསེར་བཟང་པོ་ལྟ་བུའི་གཏམ་མོ། །འཇིག་རྟེན་འདི་ན་ཕུན་ཚོགས་གང་ཡིན་པ། དེ་དག་གཞན་ལ་ཕན་འདོད་སེམས་ལས་བྱུང༌། འཐབ་དང་རྩོད་དང་བཅིང་དང་བརྡེག །འགྲོ་ལ་ཕན་སེམས་ལྡན་ལ་མེད། །བྱང་ཆུབ་སེམས་ཀྱི་ས་བོན་ལས། །དགེ་བའི་སྡོང་པོ་རྒྱས་གྱུར་ཏེ། །བྱང་ཆུབ་ཆེན་པོའི་འབྲས་བུར་སྨིན་གྱུར་པ། །དུས་མཐའི་བར་དུ་སེམས་ཅན་ཀུན་གྱི་ཉེར་འཚོ་བྱེད། །ཕ་རོལ་ཕྱིན་པའི་ཡལ་འདབས་རྣམ་རྒྱས་པ། །


TNT01_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མེད་བྱང་ཆུབ་སེམས་ཀྱི་དཔག་བསམ་ཤིང་ཆེན་ཏེ། །གང་བློ་ནགས་ཀྱི་བདག་པོ་སྐྲུན་འདི་རྨད། །སྲིད་ཞིའི་ཡ་མཚན་དཔག་མེད་རྣམ་པར་འཕེལ་བར་འགྱུར། །གཞན་ཕན་གྱི་བློ་ལྟེ་བ་ལྟར་བརྟན་པའི་གཏམ་མོ། །གང་ཞིག་དཀོན་མཆོག་གསུམ་པོ་ལ། །གུས་པའི་སེམས་ཀྱིས་མཆོད་བྱ་སྟེ། །དེ་ལས་འབྲས་བུ་བདེ་བ་ནི། །བསམ་ཡས་འདི་དང་ཕྱི་མར་འབྱུང༌། །མངོན་དུ་གྱུར་དང་མ་གྱུར་དེ་བཞིན་གཉིས་ཀ་དང༌། །མཆོད་དང་མཆོད་པར་འཇུག་དང་རང་གཞན་གཉིས་ཀས་མཆོད། །རྙེད་བཀུར་དེ་བཞིན་སྒྲུབ་པའི་མཆོད་དང་རྒྱ་ཆེ་དང༌། །ཉོན་མོངས་ཅན་མིན་ཞེས་ཏེ་མཆོད་པ་རྣམ་པ་བཅུ། །ཡོན་ཏན་བླ་མེད་དེ་བཞིན་ཕན་ཐོགས་བླ་ན་མེད་དང་འགྲོ་བའི་མཆོག་གྱུར་དང༌། །ཤིན་ཏུ་དཀོན་དང་འབའ་ཞིག་མཆོག་དང་ཕུན་ཚོགས་ཀུན་གྱི་གཞིར་གྱུར་ཡིན་ནོ་ཞེས། །གུས་པའི་བསམ་པ་དྲུག་དང་སངས་རྒྱས་ཆོས་དང་དགེ་འདུན་ཕྱག་འོས་ཞེས་བྱ་བ། །མཆོད་པའི་ཡུལ་བཞིས་རབ་ཏུ་ཕྱེ་བས་མཆོད་པ་དེ་ཡང་རྣམ་པ་བརྒྱར་འགྱུར་རོ། །རིན་ཆེན་ལྕགས་ཟངས་བ་གླང་རྟ། །གླང་པོ་བུ་མོ་ཡུལ་འཁོར་དང༌། །འདོད་པའི་ཆུང་མ་རང་གི་ཤ། སྦྱིན་པ་རྣམ་པ་བཅུ་རུ་འདོད། །ཆུང་དང་འབྲིང་དང་ཆེན་པོ་ཚད་མེད་དང༌། །ཡུལ་གྱི་ཁྱད་པར་མཆོག་དམན་བར་པ་གསུམ། །སེམས་ཅན་བྱང་ཆུབ་གསུམ་ལ་འགོད་འདོད་


TNT01_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བསམ་པའི་ཁྱད་པར་གསུམ་སྟེ་སྦྱིན་པ་བརྒྱ། །མི་དགེའི་ལས་ལམ་བཅུ་པོ་ཕྱོགས་གཅིག་སྤོང་དང་གསལ་བར་གཞན་ཡང་འགོག་པ་དེ་བཞིན་ཐམས་ཅད་སྤོང༌། །དུས་ཀྱང་ཐུང་དང་རིང་བ་གཞན་ཡང་ཇི་སྲིད་འཚོ་བའི་བར་དང་བདག་ཉིད་སྤོང་དང་སྤོང་འཇུག་དང༌། །ཡི་རང་བསྔགས་པ་བརྗོད་པས་རྣམ་པར་ཕྱེ་ན་ཉེས་སྤྱོད་སྡོམ་པའི་རང་བཞིན་ཕྱོགས་ཀྱིས་བསྒྱུར་བས་བཅུ། །དེ་བཞིན་ལེགས་བྱས་རྣམ་བཅུ་མངོན་པར་བསྒྲུབ་ལ་ལེགས་པར་ཕྱེ་བས་དགེ་བ་ཡང་ནི་བཅུ་ཕྲག་བཅུ། །ཕ་རོལ་ཕྱིན་པ་རྣམ་བཅུ་པོ། །རེ་རེའང་ཕྱིན་དྲུག་བདག་ཉིད་ཅན། །རང་གི་མི་མཐུན་ཕྱོགས་ཉམས་ཤིང༌། །འཁོར་གསུམ་མི་དམིགས་ཡེ་ཤེས་ལྡན། །ཕར་ཕྱིན་དེ་དག་གིས་ཀྱང་སེམས་ཅན་ཀུན། །སྨིན་དང་བསམ་པ་རྫོགས་པ་བྱེད་པས་ན། །བྱང་ཆུབ་སེམས་དཔས་རྣམ་པར་སྤྱད་བྱ་བ། །སྟོང་པ་ནམ་མཁའ་ཟླ་བའི་གྲངས་སུ་འགྱུར། །དམྱལ་གནས་འབྱུང་པོ་བྱོལ་སོང་མི་དང་སྦྱིན་སྐྱེས་ཡིད་བཟང་དེ་བཞིན་གཟུགས་ཀྱི་ཁམས་ཏེ་འདི་རྣམས་ལ། །ནོར་ལྷ་ཡོན་ཏན་མིག་དང་རིག་བྱེད་རྒྱ་མཚོ་འགྲོ་བ་རི་ཟླ་ཞེས་བྱ་རིམ་བཞིན་གྲགས་སུ་བརྗོད། །དེ་དག་གནས་དང་འགྲོ་བས་རྣམ་ཕྱེ་གཞན་ནི་གཟུགས་མེད་འགྲོ་བ་རྣམ་བཞི་དེ་ལྟར་སྲིད་པ་གསུམ། །བརྒྱ་ཕྲག་འཇིག་རྟེན་དེ་དག་སེམས་ཀྱི་སྣང་བ་ཙམ་ཏེ་མེ་ལོང་དྭངས་པའི་གཟུགས་


TNT01_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་གསལ་བར་མཚུངས། །འདི་ན་སེམས་ཀྱི་གསལ་བ་ཙམ། །སངས་རྒྱས་རྣམས་ཀྱི་སྙིང་པོ་ཉིད། །བག་ཆགས་ཀྱིས་ནི་རྣམ་བརྟགས་པས། །གནས་དོན་ལུས་སུ་སྣང་བ་བྱུང༌། །སེམས་ཉིད་གཅིག་པུ་འཁོར་བ་དག་དང་ལམ། །བདེ་གཤེགས་ཡོན་ཏན་རྣམས་ཀྱི་ས་བོན་ཏེ། །རང་བཞིན་འགྱུར་བ་མེད་ལས་ཐམས་ཅད་སྐྱེས། །གནས་སྐབས་རྣམ་གསུམ་མངོན་པར་གསལ་བར་སྣང༌། །སེམས་ཀྱི་རང་བཞིན་སྟོང་ཉིད་དེ་ཡང་ཕྱི་ནང་སྟོང་སོགས་ཉི་ཤུས་རབ་ཕྱེ་བ། །རེ་རེའང་གང་ཟག་མེད་དང་རང་བཞིན་མེད་ཅིང་ཕྱོགས་རེའི་སྤྲོས་པས་མ་སྤྲོས་དང༌། །སྤྲོས་ཀུན་བྲལ་དང་རང་བཞིན་མི་འགྱུར་རྣམ་ལྔས་ཕྱེ་བས་དོན་དམ་མིང་ནི་བརྒྱ་ཕྲག་གཅིག །བརྗོད་དང་རྟོགས་པའི་ཚུལ་གྱིས་རྣམ་པར་དབྱེ་མོད་དོན་དམ་དབྱིངས་ལ་དབྱེ་བ་མེད། །སེམས་ཀྱི་རང་བཞིན་དུག་གསུམ་དང༌། །ཀུན་ལྡང་བག་ཆགས་མཐོང་སྤངས་དང༌། །སྒོམ་སྤངས་མ་དག་དག་པ་ཡི། །དྲི་མ་རྣམ་པ་དགུ་ལས་གྲོལ། །རིགས་དང་དེ་བཞིན་ཉིད་དང་འབྲས་དབྱེ་བས། །སྙིང་པོ་རྣམ་གསུམ་གློ་བུར་དྲི་མ་དགུས། །ནམ་ཡང་མ་གོས་འདི་ཉིད་སེམས་ཅན་དང༌། །བྱང་སེམས་རྒྱལ་བའི་གནས་སྐབས་གསུམ་དབྱེ་བས། །རྣམ་པར་ཕྱེ་དང་བསམ་མི་ཁྱབ་གནས་བཞི་ཡང་གནས་སྐབས་གསུམ་གྱིས་ཕྱེ། །རང་བཞིན་དང་ནི་


TNT01_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་རིགས་དབྱེ་སྙིང་པོ་བསྟན་པའི་དགོས་པ་ལྔ། །དེ་ལྟ་ན་ནི་སྙིང་པོའི་མདོ་ཡང་དོན་གྱི་རབ་དབྱེ་བརྒྱ་ཕྲག་གཅིག །རང་བཞིན་མྱ་ངན་འདས་ཕྱིར་ནན་ཏན་སྒྲུབས་པས་འབྲས་བུ་སྨིན་འགྱུར་ཉིད། །རང་དོན་དོན་དམ་ཆོས་ཀྱི་སྐུ། །གཟུགས་སྐུ་གཞན་དོན་བརྡའ་ཞེས་བྱ། །བྲལ་དང་རྣམ་པར་སྨིན་པ་ཡིན། །ཡོན་ཏན་མི་ཟད་རྒྱ་མཚོ་བཞིན། །རྒྱུ་སྐར་བདག་པོ་འོད་ཀྱི་དྲ་བ་ཅན། །སྔོ་སངས་འདོད་མའི་དཔལ་ལ་མངོན་རོལ་བ། །རབ་དྭངས་པདྨའི་མཚོ་ལ་གཟུགས་བརྙན་གྱི། །རྣམ་བཀྲ་བརྒྱ་ཕྲག་རི་མོ་འགོད་པར་བརྩོན། །ཡེ་ཤེས་ཟླ་བརྙན་འགྲོ་སེམས་གཙང་མའི་མེ་ལོང་དག་པའི་གཞི་ལ་རང་ཤར་གཟུགས་ཀྱི་ཟློས་གར་མཁན། །རྩོལ་བའི་བྱེད་པོ་དྲུངས་ནས་ཕྱུང་ཡང་སྒྱུ་མ་ལྟ་བུའི་སྒྱུ་མའི་སྐྱེས་བུ་འདྲེན་པ་འདི་ཀོ་མཚར། །མཚན་དང་དཔེ་བྱད་རྣམས་ཀྱི་མཛེས་པར་སྤྲས་ཤིང་བྱང་ཆུབ་ཕྱོགས་ཆོས་དེ་བཞིན་མ་འདྲེས་ཆོས། །ཆོ་འཕྲུལ་གསུམ་ལྡན་དབང་དང་སྟོབས་དང་ཤེས་པ་རྣམ་བཅུ་ཞེས་པ་རྒྱལ་བའི་ཡོན་ཏན་བརྒྱ་ཕྲག་གཉིས། །ལམ་དང་འབྲས་བུ་རྩིབས་སྟོང་གིས་ཉེ་བར་མཚན་པ་ལྟ་བུའི་གཏམ་མོ། །གང་ཞིག་ཉིན་རེར་རྒྱལ་བ་རྣམས་ལ་རྡུལ་སྙེད་ཀྱི། །ཞིང་རྣམས་རིན་ཆེན་བདུན་གྱི་བཀང་ནས་ཕུལ་བ་དང༌། །འབུམ་ཕྲག་བསྐལ་པར་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་གནས་དང༌། །


TNT01_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནི་ཏིང་འཛིན་སྟོབས་ཀྱིས་བདེ་བ་མངོན་སྒྲུབ་པ། །དེ་ཡང་མོས་པའི་དགེ་བས་ཟིལ་གྱིས་གནོན་ཞེས་གསུངས། །གང་ཕྱིར་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་མངོན་མཐོ་དང༌། །ཏིང་འཛིན་ཉོན་མོངས་ཞི་བར་བྱེད་པ་ཙམ་ཡིན་གྱི། །ཤེས་རབ་ཀྱིས་ནི་ཉོན་མོངས་ཤེས་བྱའི་སྒྲིབ་ཀུན་སྤོང༌། །ཀུན་མཁྱེན་འགྲོ་བ་འདྲེན་པར་བྱེད་པའང་ཤེས་རབ་འབྲས། །ཤེས་རབ་ཐོས་བསམ་སྒོམ་པ་ལས་བྱུང་དེ་རྣམས་ཀྱང༌། །མོས་ལས་བྱུང་ཕྱིར་དེ་ཕྱིར་མོས་པ་མཆོག་ཡིན་པས། །ཟབ་མོ་མོས་པའི་དགེ་བ་ཅན་གྱི་སྤྱོད་ཡུལ་ལོ། །ཕན་ཡོན་མུ་ཁྱུད་བཟང་པོ་ལྟ་བུའི་གཏམ་མོ། །དྲན་པ་རིན་ཆེན་གསེར་ལས་གྲུབ། །ལྷག་བསམ་ཕུན་ཚོགས་ལྟེ་བ་བརྟན། །ལམ་དང་འབྲས་བུ་རྩིབས་སྟོང་ཅན། །ཕན་ཡོན་མུ་ཁྱུད་རབ་མཉམ་པ། །སྔོན་མེད་འཁོར་ལོ་རིན་ཆེན་འདི། །ས་སྐྱོང་མཆོག་ལ་སྐྱེས་སུ་འབུལ། །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ནས། །ཕྱོགས་ཀུན་དགེ་ལེགས་སྤེལ་བར་ཤོག །དེ་སྐད་ཏཱ་ར་ནཱ་ཐར་མངོན་བརྗོད་པ། །རིག་དང་གྲོལ་བར་སྨྲ་ལ་མཐུ་ཐོབ་པས། །ཉེ་བར་སྦྱར་བ་འདིས་ཀྱང་དམ་པའི་ཆོས། །ཡུན་རིང་གནས་ཤིང་ཕྱོགས་བཅུར་དར་བར་ཤོག། །།ལོ་གསར་དུ་ཚེས་པ་ལ། མངྒལཾ། །


previousའཁོར་ལོ་རིན་པོ་ཆེའི་གཏམ།next