Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
རང་གི་རང་ལ་འཛུར་བརྡར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་གི་རང་ལ་འཛུར་བརྡར།next

རང་གི་རང་ལ་འཛུར་བརྡར།


TNT01_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཚན་ལྡན་གྱི་བླ་མ་སྐུ་དྲིན་ཅན། །ཕ་ལྷ་དབང་གྲགས་པའི་ཞབས་ལ་འདུད། ཁོང་རྟོགས་ལྡན་མ་ཡིན་གྲུབ་ཐོབ་ཡིན། །གྲུབ་ཐོབ་མ་ཟེར་སངས་རྒྱས་གྱིས། །ལས་ངན་མ་དག་པས་མི་ངས་ཀྱང༌། །སྔོན་བླ་མ་སངས་རྒྱས་སེམས་ཅན་དུ་མཐོང༌། །དུས་དེ་ཙམ་ལྟས་ན་ཆོས་སྐུར་གདའ། །སྐུ་གསུམ་རིན་པོ་ཆེ་ལ་གསོལ་བ་འདེབས། ཁྱེད་སྒྲུབ་པ་ལྷུར་ལེན་གྱི་ཚོགས་པ་ལ། །ངེད་གྲོང་ཁྲོད་འགྲིམས་པས་སྨྲ་ཅི་ཡོད། །འོན་ཀྱང་བླ་མ་དེའི་སྐུ་དྲིན་གྱི། །གདེང་གཅིག་ཡོད་པས་འདི་སྐད་ཞུ། །སྣང་བ་ཀུན་ངོ་སྤྲོད་དུ་ཤར་ཙ་ན། །ཡིག་ནག་གི་དགོས་པ་མི་གདའ་འོ། །དམིགས་མེད་ཀྱི་སྙིང་རྗེ་ཤར་ཙ་ན། །ཕྱོགས་རིས་ཀྱི་དགོས་པ་མི་གདའ་འོ། །ཞེན་པ་གཏིང་ནས་ལོག་ཙ་ན། །སྙན་གྲགས་ཀྱི་དགོས་པ་མི་གདའ་འོ། །རི་ཁྲོད་དབེན་པ་བསྟེན་ཙ་ན། །འགྲོགས་བཤེས་ཀྱི་དགོས་པ་མི་གདའོ། །གདམས་ངག་དང་བླ་མ་འཛོམ་དུས་སུ། །བློ་མང་གིས་ཁྱེར་བ་དེ་སྤོང་བ་ཞུ། །དམ་ཚིག་དང་སྡོམ་པ་བསྲུང་དུས་སུ། །དད་ལོག་དང་འཁྲུག་པ་སྤོང་བ་ཞུ། །དམ་ཆོས་ཀྱི་དོགས་པ་གཅོད་དུས་སུ། །ལོང་གཏམ་གྱི་ཆལ་ཆོལ་དེ་སྤོང་བ་ཞུ། །སྒྲུབ་པའི་རང་ཚུགས་འཛིན་དུས་སུ། །ངོ་དགའི་མཐུན་འཇུག་དེ་སྤོང་བ་ཞུ། །འོད་གསལ་གྱི་ཉམས་ལེན་བྲལ་གྱུར་ན། །སྣང་བ་


TNT01_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བར་དོའི་འཁྲུལ་བར་གདའ། །གདམས་པ་ཟབ་མོ་མང་ཡོད་ཀྱང༌། །བརྩོན་འགྲུས་ཀྱི་ལག་དང་བྲལ་གྱུར་ན། །རྒྱ་མཚོའི་གཏིང་གི་ནོར་བུ་འདྲ། །བཟང་ཡང་ཕན་པར་མི་གདའོ། །བློ་དྲང་པོས་ཐམས་ཅད་ཤེས་ན་ཡང༌། །བདེན་བརྫུན་གྱི་ཁ་རྒྱག་བྱས་གྱུར་ན། །སྙིགས་དུས་ཀྱི་སྐྱེ་བོས་སྡིག་པ་གསོག །ངག་སྨྲ་བ་བསྐྱུངས་ལ་རང་སོ་བཟུང༌། །ཟ་རྒྱུ་དང་གོན་རྒྱུ་སྐྱིད་སྡུག་ཀུན། །རེ་ས་བླ་མ་ལས་མེད་པ་ལ། །དབུ་སྐོར་དང་ཁ་གཡོགས་གཏོང་བ་དེ་འཁྲུལ། །གེགས་སེལ་དང་བོགས་འདོན་དངོས་གཞིའི་སྐབས། །གདམས་ངག་གི་རྒྱལ་པོ་མོས་གུས་ཡིན། །ཟབ་དོན་གཞན་དུ་འཚོལ་ན་འཁྲུལ། །ལར་སྙིགས་དུས་ཀྱི་སློབ་མ་བླ་མ་ལ་འཁང༌། །གྲོས་ངན་གྱི་འགོ་དཔོན་ལ་ལྷ་རུ་འཛིན། །འཕྲལ་འཕྲལ་དུ་འདི་ཕྱི་གཉིས་མེད་ཡོང༌། །དེ་ལྷ་དང་ཕུང་འགོང་གཉིས་ནོར་བ་ཡིན། །སེམས་རང་བཞིན་མེད་པའི་གཏད་མེད་ལས། །ཉམས་དང་རྟོགས་པ་ཀུན་འཆར་ལགས་ཀྱང༌། །སྙིགས་དུས་ཀྱི་སྒོམ་ཆེན་ཀུན་ཡིད་མི་ཆེས། །བློ་རྩེ་ཚེ་འདིའི་མདུན་མ་ལ་གཏོད། །སྒོམ་ཆེན་གྲོང་དུ་འཁྱམས་ཀྱིན་གདའ། །དེ་དུག་དང་བདུད་རྩི་ནོར་བ་ཡིན། །ཉེ་བ་ནི་རྡོ་རྗེ་སྤུན་རང་ཉེ། །མི་ཀུན་ནི་སྡིག་པ་དེ་ལ་གསོག །དམྱལ་བའི་ས་བོན་ཁོ་ན་འདེབས། །མཆེད་གྲོགས་ལ་དག་སྣང་སྦྱོང་


TNT01_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞུ། །དབང་ཆོས་ཞུ་བ་སྐད་བྱེད་ན་ཡང༌། །བླ་མ་ལ་ཕྱི་མི་འཚོལ་བ་དང༌། །མི་གཞན་ལ་ནང་མི་བྱེད་པ་འདི། །དམ་ཁ་ལ་མ་ཉམས་དོན་ལ་ཉམས། །དམྱལ་བའི་གཏིང་རྡོ་ཞིག་ལགས་པས་སྤོང་བར་ཞུ། །ཇ་ཆང་དང་མར་སྐྲོག་གི་ལག་འཁྱོངས་ཀྱིས། །ཉེ་གནས་ཀྱི་ངོས་འཛིན་བྱེད་བྱེད་ནས། །སྒྲུབ་པ་པའི་རང་ཚུགས་བསྐྱལ་ཉེན་གདོག །རྒྱུ་སོང་ལ་ཕན་ཡོན་ཆུང་བ་ཞིག་གདའ། ཁ་བླ་མའི་ཞབས་ཏོག་སྒྲུབ་སྐད་པ། །ཕུགས་ཟ་རྒྱུས་མི་ཆོག་འཁྱེར་རྒྱུ་དགོས། །ལར་བྱས་པ་ལ་དྲིན་གཟོ་ཅུང་ཟད་མེད། །མོས་གུས་སྟོར་བ་དང་ཨ་ཅང་ཆེ། །ངན་སྨྲས་ཀྱི་བརྗོད་པ་ཆར་ལྟར་འབབ། །ཚིག་བརྗོད་པ་མཁས་ལ་རྟོག་དང་ཆེ། །དེ་འདྲ་ཡི་བླ་མའི་ཉེ་གནས་དེ། །དམྱལ་བ་རིན་གྱིས་ཉོ་བ་ཡིན། །དྲུང་ན་གནས་པ་རྣམས་གཟབ་པར་ཞུ། །ཚེ་མི་རྟག་མྱུར་དུ་འཇིག་པས་ན། །ཞག་གསུམ་ཙམ་ཁ་ནི་གསོ་བ་ལ། །གཏན་གྱི་མདུན་མ་མ་རླག་ཅིག །བློས་བྱས་ཀྱི་སྟོང་པ་དང་དམིགས་བཅས་ཀྱི་ལམ། །རང་གིས་རང་ཉིད་འཆིང་བ་ཡིན། །བྱར་མེད་ངང་དུ་ཞོག་དང་སྒོམ་ཆེན་ཀུན། །བྱར་མེད་ཀྱི་བསྒོམ་འདི་མ་བྱུང་ན། །དགེ་སྦྱོར་གྱིས་རྐྱེན་ཐུབ་མི་ཡོང་མཆིས། །འདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ། །ལམ་དུ་ཁྱེར་ལུགས་ཤིག་མ་ཤེས་ན། །དཔའ་བོ་ལག་ཆ་མེད་པ་དང་འདྲ། །བློ་བདེ་བའི་


TNT01_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཅིག་མེད་མེད་འདྲ། །རླུང་སེམས་ཚགས་སུ་མ་ཚུད་ན། །བློ་ཆོས་སུ་སོང་བ་སྐད་བྱས་ན་ཡང༌། །ངེས་འབྱུང་ནི་ན་བུན་བཞིན་དུ་ཡལ། །ཉམས་ཀྲ་ཀྲི་ཅུང་ཟད་ཤར་བ་ཡང༌། །སོས་ཀའི་ལྡེང་ཀ་བཞིན་དུ་བསྐམས། །མཐར་ཐ་མལ་དུ་འགྲོ་བའི་དུས་ཤིག་འདུག །རླུང་སེམས་ལ་འཇུར་བརྡར་མཛད་པ་ཞུ། །གཞན་ཡང་གྲྭ་རིགས་ཀུན་གྱིས་དགོངས་འཚལ་བ་ལ། །རང་གི་ཆོས་ཉམས་སུ་མི་ལེན་པར་གཞན་ཉམས་ལེན་བྱེད་པ་ལ་སྐུར་བ་མ་འདེབས། །ཆོས་ཀྱི་བར་ཆད་མ་བྱེད། ཁེ་འདོད་ནོར་གསོག་མ་བྱེད། །སྡེབས་དང་དཀྲུག་ལ་མ་དགའ། །རང་གིས་རང་མཚང་མ་སྟོན། །གྲོགས་ཀྱི་སྐྱོན་འཚང་མ་འདྲུ། །ཁ་མང་དགྲ་ཡངས་མ་འགྱེད། །ཀླད་མེད་ངོ་འཛིན་མ་བྱེད། །དཀོན་མཆོག་གི་རྫས་ལ་མ་རྔམ། །བླ་མའི་ནོར་ལ་མ་ཟ། །གཞན་ནོར་ལ་ལྟོག་པ་མ་བྱེད། །ཅི་བྱེད་ཆོས་དང་མཐུན་པར་གྱིས། །རང་གི་རང་ལ་འཛུར་བརྡར་འཚལ། །


previousརང་གི་རང་ལ་འཛུར་བརྡར།next