Nitartha Digital Library
Tibetan
 
previousཚིགས་བཅད་བཅུ་གཉིས།next

ཚིགས་བཅད་བཅུ་གཉིས།


TNT01_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཨོཾ་སྭཱ་སྟི། ཤིན་ཏུ་རྙེད་པར་དཀའ་བ་ནི། །མི་ལུས་ཤིང་རྟ་ལ་ཞོན་ནས། །ཐར་པའི་གྲོང་ཁྱེར་འཇུག་འདོད་པས། །ཤིན་ཏུ་འབད་པས་བརྩོན་པར་རིགས། །བརྩོན་འགྲུས་དཔུང་དང་བྲལ་བ་རྣམས། །


TNT01_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཆོམ་པོས་བཅོམ་ཞིང་བརླག །འཁོར་བའི་ཟམ་སྟེགས་དལ་འབྱོར་འདི། །འཆི་བདག་ཆུ་བོས་མ་ཁྱེར་བ། །དེ་སྲིད་འབད་པ་ཅིས་མི་རྩོམ། །འབུམ་ཕྲག་དཔུང་གི་རྡུལ་ཚུབ་ཅན། །བང་མཛོད་སྟོང་ཕྲག་མང་འབྱོར་ཞིང༌། །ནད་མེད་དྲེགས་ལྡན་རྒྱལ་པོ་ཡང༌། །མི་བཟད་གཤིན་རྗེའི་ཁར་ཆུད་ན། །དཔའ་བོའི་དམག་གིས་མི་ཕན་ཞིང༌། །གཡོག་དང་ནོར་གྱིས་མི་བཟློག་ལ། །གཟུགས་དང་ལང་ཚོས་བསླུ་བར་འགྱུར། །ཤིན་ཏུ་གཅེས་ཤིང་ཕངས་པ་དག །ཅིས་ཀྱང་མ་ཕན་འདས་གྱུར་ན། །སེམས་ནི་ཟུག་རྔུས་འཇོམས་འགྱུར་གྱི། །བདག་ལ་ཕན་པ་གང་ཡང་མེད། །འགྲོ་བ་དྲུག་པོ་འདི་དག་ཏུ། །བྱིས་པ་སོ་སོའི་སྐྱེ་བོ་འཁུམས། །བུམ་པར་སྦྲང་བུ་འཁོར་བ་དང༌། །མཚུངས་ཞེས་ཉི་མའི་གཉེན་གྱི་གསུངས། །ནམ་ཡང་འཁོར་བ་བདེ་མེད་པས། །དེ་ལས་ངེས་པར་ཐར་འདོད་ན། །དངོས་པོར་འཛིན་པ་བཟློག་པའི་ཕྱིར། །ཡང་དག་དོན་ལ་གནས་པར་འཚལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འཁོར་བ་ཐོག་མ་མེད་པ་ནས། །ད་ལྟའི་བར་གྱི་མི་དགེ་བ། །སྟོབས་བཞིའི་སྒོ་ནས་བཤགས་སྡམས་འཚལ། །གཞན་གྱི་ཆོས་ལྡན་བྱ་བ་གང༌། །མཐོང་ཐོས་ཀུན་ལ་ཡི་རང་ན། །དེ་ལས་རང་ལ་དགེ་བ་ནི། །ཤིན་ཏུ་རྒྱ་ཆེན་ཐོབ་པར་འགྱུར། །བདག་ཉིད་ང་


TNT01_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མི་འཚལ་ཞིང༌། །གཞན་གྱི་ཕུན་ཚོགས་ལ་མི་སྡང༌། །ངན་པ་རྣམས་ལ་བརྙས་མི་བགྱིད། །མཆོད་དང་སྦྱིན་པ་རྒྱ་ཆེར་བཏང༌། །སློབ་དཔོན་གང་ལ་མཉེས་འགྱུར་བ། །དེ་ཡིས་བཀུར་བསྟི་མཆོད་པ་བྱ། །དགེ་བ་གང་བྱས་སེམས་ཅན་དང༌། །ལྷན་ཅིག་སངས་རྒྱས་རྒྱུ་རུ་བསྔོ། །ཆོས་ཚུལ་མུ་མཐའ་མ་མཆིས་པས། །མཐའ་དག་སུ་ཞིག་བརྗོད་པར་བྱེད། །གང་ལས་ཐབས་མཁས་ཐོབ་འགྱུར་བ། །དེ་འདྲ་བདག་གིས་བརྗོད་པ་ལགས། །ཞེས་པ་ཚིག་བཅད་བཅུ་གཉིས་པ་སྟེ། །ཏཱ་ར་ནཱ་ཐས་གཏམ་དུ་བརྗོད་པའོ། །མངྒ་ལཾ། །


previousཚིགས་བཅད་བཅུ་གཉིས།next