Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བློ་ལྡན་ཀརྨ་ཆོས་བཟང་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབློ་ལྡན་ཀརྨ་ཆོས་བཟང་ལ་གདམས་པ། next

བློ་ལྡན་ཀརྨ་ཆོས་བཟང་ལ་གདམས་པ།


TNT01_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་ཞིག་སྲིད་ཞིའི་ཕུན་ཚོགས་བདུད་རྩིའི་འབྲས། །དལ་འབྱོར་དཔག་བསམ་ལྗོན་པའི་རྩེར་ཆགས་པ། །འདི་ལས་འདོད་དགུ་ཅི་ཡང་བླང་བར་རིགས། །གཞན་དུ་འདི་འདྲ་རྙེད་པ་བརྒྱ་ལ་ཞིག །ཧ་རི་ཙནྡན་དྲིས་རྒྱས་སུམ་རྩེན་ནགས། །ཅི་འདོད་དགའ་བས་རོལ་པའི་རྩེ་ས་ཡང༌། །དབང་མེད་བོར་ཏེ་ལོ་མ་རལ་གྲིའི་ཚལ། །བསྐལ་པར་བསྟེན་པ་འདི་ནི་ལས་ཀྱི་མཐུ། །རབ་འབར་གསེར་གྱི་སྤོ་ལ་གནས་བཅས་པའི། །རྣམ་ཐོས་བུ་དང་དབང་པོའི་འབྱོར་པ་ཡང༌། །དུས་ཀྱི་དབང་གིས་སྟོན་ཀའི་ཆུ་འཛིན་བཞིན། །དེངས་པར་འགྱུར་བ་འདི་ལ་སུ་ཡིས་བཟློག །རིག་འཛིན་དགའ་མའི་ལག་པད་ཀྱིས་བཏུད་པའི། །འཆི་མེད་སྦྲང་རྩིའི་


TNT01_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

དོག་པས་མི་སྤོགས་པ། །བསམ་བཏན་བདུད་རྩིའི་དགའ་སྟོན་ལོངས་སྤྱོད་ཅན། །དེ་དག་གཡུང་དྲུང་དཔལ་ལ་བདེ་བར་རོལ། །འཇིག་རྟེན་ཆོས་བརྒྱད་སྒྱུ་མའི་སྐྱེད་ཚལ་ན། །ངུར་སྨྲིག་སྤུ་སྡུག་རྒྱས་པའི་ཀོ་ཀི་ལ། །དམ་ཆོས་སྙན་སྒྲོགས་སྲིད་པའི་སྙེ་མ་ལ། །ཅི་དགར་ཆགས་མོད་དུས་གཞན་བསམ་པར་རིགས། །ཚིག་འཕྲེང་འདབ་ཤོག་རྒྱས་པའི་རྐང་དྲུག་པ། །རང་བཟོ་དཔལ་འབྲས་སྨིན་པའི་ཚོགས་ལ་འཁྲུལ། །འདབ་བརྒྱའི་ཚལ་ཞེས་རིངས་པར་རྒྱུག་བྱེད་ཀྱི། །ཟབ་དོན་རོ་མཆོག་ནམ་ཡང་ཐོབ་པ་མེད། །རྒྱུ་འབྲས་རྟེན་འབྲེལ་རི་མོ་བཀྲ་བ་འདི། །རང་བཞིན་གདོད་ནས་རྣམ་པར་དག་པའི་རྩལ། །ས་གཞི་རི་བཅས་ནགས་ཚལ་ཇི་སྙེད་གཟུགས། །ཅི་ཡང་འཆར་མོད་རབ་དྭངས་མཚོ་ཡི་ངང༌། །མཚན་ལྡན་བླ་མར་མོས་གུས་ཡིད་བཞིན་གྱི། །ནོར་བུ་འདི་ལས་ལེགས་བྱས་ཅི་ཡང་འབྱུང༌། །ཤིན་ཏུ་སྟོབས་ལྡན་བྱ་བའི་མཐུ་ལས་ནི། །མཐའ་དག་ཕྲ་མོ་འགྲུབ་པ་དངོས་པོའི་གཤིས། །རང་བཞིན་གདོད་མའི་སེམས་འདི་སངས་རྒྱས་ཏེ། །དབུལ་པོའི་ཁྱིམ་འོག་རིན་ཆེན་འབྱུང་ཁུངས་ལྟར། །ཐབས་གཞན་ཅིས་ཀྱང་མཚོན་པར་མི་ནུས་པ། །མཚོན་འདི་བྱིན་རླབས་སྟོབས་ཀྱི་མཐུ་དཔལ་ཡིན། །དེ་སྐད་སྨྲ་པ་ཏཱ་ར་ནཱ་ཐ་ཡིས། །བློ་ལྡན་


TNT01_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་ཆོས་བཟང་ཞེས་བྱ་བ། །དེ་ལ་དམ་པའི་ཆོས་ལས་བརྩམས་པ་ཡི། །བཀའ་མཆིད་ཉུང་ངུ་ཙམ་ཞིག་སྨྲས་པ་ལགས།། །། མངྒལཾ་བིསྟཱ་ར་ཀུ་རུ། དགེའོ། །


previousབློ་ལྡན་ཀརྨ་ཆོས་བཟང་ལ་གདམས་པ། next