Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁན་ཆེན་ཤཱཀྱ་རི་དབང་གི་ཐུགས་དམ་གསལ་འདེབས་སུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁན་ཆེན་ཤཱཀྱ་རི་དབང་གི་ཐུགས་དམ་གསལ་འདེབས་སུ། next

མཁན་ཆེན་ཤཱཀྱ་རི་དབང་གི་ཐུགས་དམ་གསལ་འདེབས་སུ།


TNT01_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ལག་ལེན་གནད་ལ་འབྱོར་པ་ཡི། །ཞལ་གདམས་གནད་ཀྱི་ཚིག་གསུམ་ལ། །དགོས་དུས་ཕན་པར་ངེས་པ་ཡི། །ཆོས་ཀྱི་གནད་ཀུན་འདུས་སམ་སྙམ། །འཕྲལ་གང་ཤར་སྒྱུ་མ་ལྟ་བུ་ལ། །གདངས་སྣང་ཆ་མོས་གུས་སུ་ཤར་བ་དང་གཅིག །མ་འགྲོ་དྲུག་ལ་སྙིང་རྗེའི་གདུང་ཤུགས་ཏེ། །དོན་ཞེན་ཆགས་ཕྱོགས་འཛིན་སྤངས་པ་དང་གཉིས། །སེམས་རིག་པའི་རྒྱལ་པོ་མཐའ་བྲལ་འདི། །ལར་བཟོ་མེད་ཡེངས་མེད་དུ་སྐྱོང་བ་དང་གསུམ། །གནད་གསུམ་པོ་གཅིག་ཏུ་བསྡུས་པ་འདི། །དུས་ནམ་དགོས་སུ་ཕན་པའི་ཆོས་ཞིག་ལགས། །དེ་ཡང་བདེ་བ་དང་སྡུག་བསྔལ། དགའ་བ་དང་མི་དགའ་བ། ཆགས་པ་དང་སྡང་བའི་རྣམ་པ་སོགས། མཐོ་དམན་རེ་དོགས་གང་བྱུང་ཡང༌། མེད་བཞིན་སྣང་བ་སྒྱུ་མ་ལྟ་བུར་ཨ་འཐས་བཤིག་པའི། དགག་སྒྲུབ་བླང་དོར་བྲལ་བའི་ངང་དེ་ལས།


TNT01_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་གསལ་སྟོང་འཛིན་མེད་ཀྱི་གདངས། བླ་མ་ལ་མོས་གུས་དུང་རེ་བ་ཤར་བ་འདི་ཁོ་ནས་ཀྱང༌། བར་དོ་ལ་སོགས་པའི་འཁྲུལ་པ་ཆིག་ཆོད་དུ་འགྲོ་བ་ལགས། ཡང་གནས་ལུགས་ནམ་མཁའ་ལྟ་བུ་དང༌། སྣང་ཆ་སྒྱུ་མ་ལྟ་བུར་མ་རྟོགས་པའི་སེམས་ཅན་རྣམས་སྙིང་རེ་རྗེ། ཞེས་ཉེ་རིང་ཕྱོགས་ཆ་དང་བྲལ་བའི་སྙིང་རྗེ་ལྷང་ངེ་བ་ཏེ། ཁོ་རང་གི་རང་ཞལ་ལ་བལྟས་པས། འཛིན་མེད་ཞེན་མེད་ཀྱི་ངང་དེར་ཆམ་མེར་འདུག་པ། འདི་ཁོ་ན་སྒོམས་པས་ཀྱང༌། སྡུག་བསྔལ་ཡུལ་འབུད་པ་ཞིག་ལགས། སེམས་གནས་སམ་འགྱུ་ཡང༌། ཁོ་རང་གི་རང་དུས་དེ་ན་གང་ཤར་དེ་ལ་བཟོ་བཅོས་མེད་པར་ཤིག་གེ དེ་ཁའི་ངང་ངམ་རང་ཤར་དེ་ལ་ཡེངས་མེད་དུ་བཞག་པས། གང་ཤར་ཐམས་ཅད་དབྱིངས་དེ་ཁར་འདུག་པ་འདི་སྒོམས་ན་ཉོན་མོངས་ཐམས་ཅད་ཀྱི་རང་མཚང་རྡིབ་པ་ལགས། གནད་གསུམ་པོ་དེ་རེ་རེས་ཀྱང་ཆོག་ན། གསུམ་ཀ་གཅིག་ཏུ་དྲིལ་བས་ལྟ་མོས་ཀྱང་ཅི་དགོས། བཟོ་མེད་ཀྱི་ཤེས་པ་བསྐྱངས་པས། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ལྷང་ངེ། སྙིང་རྗེ་དེ་སྒྱུ་མ་ལྟ་བུར་ཤར་པས། དེ་ལྟར་སྟོན་པའི་བླ་མ་ལ་མོས་གུས་དུང་ངཻ་བ་དེའོ། །གནད་གསུམ་བྱས་ཀྱང་གནད་གཅིག་ཡིན། །འཆི་བར་སྣང་བ་འཁྲུལ་སྣང་ཡིན། །ཚེ་འདིའི་སྣང་བ་རྨི་ལམ་ཡིན། །བར་དོ་བྱས་


TNT01_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྣམ་རྟོག་ཡིན། སྐྱེ་བ་བླངས་ཀྱང་སྒྱུ་མ་ཡིན། རེ་དོགས་བྱུང་ན་ཕཊ་ཀྱི་ཐོབ། །ལེགས་ལེགས་མཛེས་ཁྲིགས་ཤིག་ལས་ཐོང༌། །རང་ཤར་དེ་ལ་ཆམ་གྱིས་སྐྱུར། །མ་བཅོས་ངང་ལ་འཇོག་དགོས་ཏེ། །ཇི་ལྟར་བྱས་ཀྱང་བཅོས་མར་སོང༌། །མ་བཅོས་པ་གཅིག་ངས་མ་རྙེད། །བཅོས་མ་ཁོ་རའི་རང་བཞིན་ནི། །མ་བཅོས་པ་དེར་མི་འདུག་གམ། །ཤེས་ན་དེ་ཁས་ཆོག་པ་ལ། །ཐག་ཆོད་ཡོད་དུས་མི་འདུག་གོ །དེ་བས་བྱར་མེད་ངང་ལ་ཞོག །སེམས་ལ་འཕྲོད་ན་གདམས་ངག་ཡིན། ཁ་ཆོལ་ཙམ་ལ་ཅི་བྱ་ཡོད། །གང་ཤར་དེ་ཁས་གོ་ཆོད་ན། །མན་ངག་གི་རྒྱལ་པོ་དེ་ན་འདུག །། །།ཅེས་པ་ཚོགས་པའི་མཁན་ཆེན་ཤཱཀྱ་རི་དབང་གི་ཐུགས་དམ་གསལ་འདེབས་སུ། ཏཱ་ར་ནཱ་ཐས་སྨྲས་པའོ། །བཀྲ་ཤིས།


previousམཁན་ཆེན་ཤཱཀྱ་རི་དབང་གི་ཐུགས་དམ་གསལ་འདེབས་སུ། next