Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་སྐྱོང་མི་དབང་ཆེན་པོའི་བཀས་བསྐུལ་ནས་ཏཱ་ར་ནཱ་ཐས་སྨྲས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousས་སྐྱོང་མི་དབང་ཆེན་པོའི་བཀས་བསྐུལ་ནས་ཏཱ་ར་ནཱ་ཐས་སྨྲས་པ།next

ས་སྐྱོང་མི་དབང་ཆེན་པོའི་བཀས་བསྐུལ་ནས་ཏཱ་ར་ནཱ་ཐས་སྨྲས་པ།


TNT01_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། དྲི་བྲལ་མཁའ་ལ་ཉིན་བྱེད་ཤར་བ་ལྟར། །སྒྲིབ་བྲལ་ཡེ་ཤེས་ཤེས་བྱ་ཀུན་ཁྱབ་དེ། །སྤྲོས་བྲལ་ཐུགས་རྗེའི་རོལ་པར་རྟག་ཤར་བ། །མཚུངས་བྲལ་རྗེ་བཙུན་བླ་མས་བྱིན་གྱིས་རློབས། །ཤེས་བྱའི་མཚན་ཉིད་བསམ་གྱིས་མི་ཁྱབ་ཅིང༌། །ཐ་སྙད་བརྗོད་པ་ཟད་མེད་དཔག་ཏུ་མེད། །ལམ་གྱི་སྟོན་ཚུལ་རྣམ་པ་མང་ན་ཡང༌། །སྙིང་པོ་གནད་ནས་བཟུང་ན་འདི་ལྟར་ལགས། །དད་པ་ཅན་ལ་སྡིག་པའི་གོ་སྐབས་མེད། །ངེས་འབྱུང་ཅན་ལ་ཞེན་ཆགས་ལེ་ལོ་མེད། །མོས་གུས་ཅན་ལ་དཀོན་མཆོག་འདུ་འབྲལ་མེད། །སྙིང་རྗེ་ཅན་ལ་རང་འདོད་ཁོང་སྲན་མེད། །དཀར་ནག་ལས་འབྲས་མི་སླུ་ངེས་ཤེས་བསྐྱེད། །ཚིག་བཤད་མཁས་ཤིང་ཁ་ལྟ་མཐོ་བ་དང༌། །འདུག་ཚུགས་བཟང་ཡང་སྡིག་ལ་མ་འཛེམས་ན། །ངན་སོང་གསུམ་གྱི་གཏིང་རྡོ་ཐང་མ་ཡིན། ཁ་དྲག་དཔུང་འཛོམ་ལོངས་སྤྱོད་ལྡན་པ་ཡང༌། །ལོ་ཟླ་ཞག་འགའ་ཙམ་གྱི་ཕོ་སོ་ཡིན། །ཕ་རོལ་འགྲོ་ཚེ་དབང་མེད་ལས་ཀྱིས་འཁྲིད། །རློམ་སེམས་ཅན་ལ་ཁ་ཉེན་སྐབས་དེར་འབབ། །དགྲ་གཉེན་ནོར་ཁང་གཡོག་


TNT01_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་སོགས་པ། །རང་དབང་འབྱོར་སྐབས་དག་ལ་སྦྱར་ན་ལེགས། །ངཻས་པར་འབྲལ་ལ་མྱུར་དུ་འོང་ངེས་པས། །དབང་མེད་ཇེ་བྲལ་དེ་ལ་ཕན་ཡོན་ཅི། །ལྷ་མིའི་དཔལ་འབྱོར་ཐོབ་ཀྱང་ཚིམ་པ་མེད། །ཉོན་མོངས་དུག་གསུམ་རྒྱས་པས་ལས་ངན་བསོག །མཐོ་རིས་ཐོབ་དུས་དམྱལ་བའི་བྲེ་ཁ་འགེངས། །བདེ་བ་ཆུང་ངུས་སྡུག་བསྔལ་ཆེན་པོ་བསྒྲུབ། །ཨེ་མ་འཁོར་བའི་རང་བཞིན་དེ་འདྲ་ལ། །ལེགས་པར་བསམས་ན་སུ་ཞིག་ཆགས་པར་འགྱུར། །གྲོགས་དང་ཉེ་དུས་ཕན་པའི་རེ་མེད་ཀྱིས། །སྐྱབས་སུ་བཟང་བ་བླ་མ་དཀོན་མཆོག་ཡིན། །མོས་གུས་ཞན་རྣམས་རང་བློའི་མུན་པས་བསྒྲིབས། །ཡིད་ཆེས་མོས་གུས་སྙེམས་འཁྲིགས་བྲལ་བ་བསྒོམ། །དེ་ལས་ཕུན་ཚོགས་འབྲས་བུ་ཀུན་འབྱུང་སྟེ། །ཆོས་ཀུན་རང་གི་བསམ་པའི་རང་གཟུགས་ཡིན། །ཆོས་ཀྱི་རྩ་བ་བསམ་པའི་འགྲོ་ལྡོག་ལགས། །སྒོ་གསུམ་ཆོས་ལ་འབད་པར་རློམ་ན་ཡང༌། །འཇིག་རྟེན་འཕྲལ་བདེའི་རང་འདོད་མུན་ནག་ན། །ཕྱོགས་ཞེན་ཆོས་ཀྱི་ཆགས་སྡང་འབྱུང་པོ་རོལ། །རང་སེམས་གནས་ལུགས་མ་རྟོགས་ཉོན་མོངས་འཁྲུགས། །ལས་ངན་དབང་གིས་འགྲོ་དྲུག་སྲིད་པར་འཁྱམས། །སྒྱུ་མའི་འཁྲུལ་བས་སེམས་ཅན་འདི་རྣམས་བསླུས། །ང་རྒྱལ་ཁེངས་པ་མི་བྱ་སྙིང་རྗེ་སྒོམས། །


TNT01_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྙིང་པོའི་གནད་ལ་གདམས་པར་བྱ། །རང་སེམས་སྤྲོས་བྲལ་བྱ་བ་ལོགས་ན་མེད། །ཐ་མལ་ཤེས་པ་བཟོ་བཅོས་མེད་པར་སྐྱོངས། །གང་ཤར་རྗེན་པ་དེ་ལ་རང་སོ་ཚུགས། །ཆེད་དུ་བཅོས་པའི་ལྟ་སྒོམ་བཟང་བཟང་པོ། །བློ་ཡིས་བྲིས་པའི་རི་མོ་ཟར་ཟིར་ཡིན། །རང་གི་སྡོད་ལུགས་སྒོམ་དུ་མ་ཤར་ན། །ལོགས་ནས་ཉམས་ལེན་ཚོལ་བ་དབུལ་ཤིང་འཕོངས། །རང་དུས་ཉིད་དུ་རང་གྲོལ་མ་ཤེས་ན། །རྗེས་འདེད་སྐྱེལ་མ་ཙམ་ཏེ་བྱེད་སྐད་ཡིན། །འཆར་སྒོ་སྟོང་པའི་རྩལ་དུ་མ་རིག་ན། །རྒྱས་འདེབས་ཙམ་གྱི་ཐལ་གཡོགས་དེ་ཡིས་ཅི། །མ་རྟོགས་ཁ་ཡན་སྨྱོན་པའི་རྣམ་ཐར་ལ། །མ་བཅོས་སོ་མར་འཁྲུལ་ན་རྩ་བ་འཆུག །ངོས་གཟུང་མེད་པའི་རང་ངོ་མ་མཐོང་ན། །གནས་པ་བཟང་ཡང་གཏི་མུག་མུན་འཐོམས་ཡིན། །བརྗོད་བྲལ་སེམས་ཀྱི་རང་རྩལ་འགག་མེད་དེ། །ཕྱིར་ལྟས་མ་ཤོར་རང་གསལ་ངང་ལ་ཞོག །གང་ཤར་དེ་ཀས་ཆོག་ན་སྒོམ་གྱི་མཆོག །འོན་ཀྱང་དོན་མེད་ལུས་ན་ལུང་མ་བསྟན། །རང་རིག་ནམ་ཡང་འཁྲུལ་ཏུ་མ་འཇུག་ཅིག །འཁྲུལ་ཀྱང་ཆོག་ན་བདེ་བའི་ཡང་རྩེ་ཡིན། །རྟག་ཏུ་བྱ་བྱེད་བདག་པོ་མེད་པར་ཞོག །བྱས་ཀྱང་བྱ་རྒྱུ་ཟད་ན་སྤྲོས་བྲལ་ཡིན། །སྒྲ་ཕྱིར་འབྲངས་པའི་རྟོག་དཔྱོད་


TNT01_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཚལ་ཏེ། །བྱེད་བློ་རང་སར་གྲོལ་ན་མཚན་མེད་ཡིན། །གཞག་ཐབས་རྒྱལ་པོ་ལྷུག་པ་རང་དགའ་ལགས། །དབྱིངས་ཉིད་རྩོལ་པར་རག་ན་བཟོ་མེད་མཆོག །གནས་སམ་འགྱུ་ཡང་ཡེངས་མེད་ཐབས་ཀྱི་མཆོག །ཡེངས་པའི་རང་མཚང་རིག་ན་གནས་པའི་མཆོག །དབྱིངས་ལས་རང་ཤར་ཙམ་གྱི་རྣམ་རྟོག་དང༌། །བྱ་བྱེད་རྩོལ་པར་ཤར་ནས་རང་སར་ཐིམ། །དེ་ལྟར་རྟོགས་ན་མ་བཅོས་སོ་མ་ཡང༌། །རང་སར་སངས་ཏེ་བཅོས་དང་མ་བཅོས་མེད། །བསྒོམ་བྱ་སྒོམ་བྱེད་རང་སར་སྟོང་པ་ན། །སྣང་བ་ཐམས་ཅད་སྒོམ་དུ་ཤར་ཞེས་གྲགས། །ད་ནི་དེ་དག་གནང་དུ་འགྲོ་བ་ལའང༌། །ཉམས་ལེན་ཆོས་ཀྱི་བཟོ་ཐབས་ལེགས་པར་འཚལ། །ཨུ་ཚུགས་འཚོང་བའི་ཐག་ཆོད་ཡུས་ཡུས་པོ། །མདོ་མེད་པོ་གཅིག་གོལ་སའི་གཡང་ལ་ལྷུང༌། །ཐ་མལ་ལུས་ལ་གཅེས་འཛིན་སྤོང་བ་དང༌། །སྣང་བ་ཀུན་ལ་བདེན་འཛིན་བཤིག་པ་གཅེས། །བདེན་ཞེན་ཨ་མཐས་ཇེ་དམ་གོང་འཕེལ་ཞིག །གནས་ལུགས་རྟོགས་པར་འདོད་པ་ཤིན་ཏུ་འཁྲུལ། །ཕྱོགས་ཆ་ཟད་པའི་བྱམས་དང་སྙིང་རྗེ་ཡིས། །ཅི་བྱེད་གཞན་གྱི་དོན་དུ་སྦྱར་བར་བྱ། །འགལ་ཕྱོགས་དགྲ་ལ་ཉེས་འདོད་ངན་སེམས་ཅན། །ཞེ་སྡང་ལམ་འཁྱེར་ཟེར་ཡང་འུད་གོག་ཡིན། །


TNT01_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཞེན་ཉེ་བའི་སྲེད་པས་མི་འཆིང་བར། །ཡིད་འོང་སེམས་ཀྱང་རྨི་ལམ་ལྟ་བུར་ལྟོས། །འདི་ནི་ལྷ་སྟེ་བདག་ལ་ཕན་འདོགས་པས། ཁྱེད་ཀྱིས་སྐྱོབས་ཞེས་རེ་བ་དུང་དུང་དང༌། །འདྲེ་འདིས་བདག་ལ་ངེས་པར་གནོད་དོ་སྙམ། །གནོད་སེམས་འཇིགས་སྐྲག་དོགས་པའི་འདམ་དུ་བྱིང༌། །དེ་དག་སེམས་ཀྱི་སྣང་ཆ་མཉམ་པོ་ལ། །བླང་དོར་དགའ་སྡུག་རང་གིས་རང་ཉིད་བསླུས། །ནད་དང་ཉམས་ང་ཆགས་ཆེ་བྱུང་གིན་དོགས། །མི་འདོད་སྡུག་བསྔལ་སངས་ཏེ་འགྲོ་ལ་རེ། །ཆོས་ཀྱི་འབྲས་བུ་ཚེ་འདིའི་བདེ་སྐྱིད་འདོད། །འདོད་པ་མ་གྲུབ་དཀོན་མཆོག་གསུམ་ལ་འཁང༌། །ཚེ་འདིའི་སྐྱིད་སྡུག་སྔོན་གྱི་ལས་ལས་བྱུང༌། །གང་བྱུང་ཆོག་ཤེས་བྱས་ན་ཞེ་བློ་བདེ། །ཕྱྀན་ཆད་ཆོས་ཀྱི་ཕན་ཡོན་བསླུ་བ་མེད། །བློ་སྣ་གཅིག་ཏུ་དྲིལ་ལ་ཡིད་ཆེས་སྐྱེད། །རང་ལ་ཉམས་མྱོང་ཡོན་ཏན་ཅུང་ཟད་ཙམ། །སྐྱེས་ན་ང་རྒྱལ་འགོང་པོ་རྗེས་སུ་འབྲང༌། །དེ་ལ་རང་ངོ་ཤེས་པའི་ཐོག་རྫིས་དང༌། །ང་རྒྱལ་ཡོད་དོན་མེད་པའི་རྒྱུ་མཚན་བསམ། །སྔོན་གྱི་སྡིག་ལས་ཟད་པར་འགྱུར་བའི་ཕྱིར། །སྡུག་བསྔལ་བྱུང་ན་འདོད་ཐོག་གོ་བཅད་སྙམ། །བློས་འདིས་བཅོས་པ་མ་གཏོགས་སྡུག་བསྔལ་ནི། །དངོས་པོར་


TNT01_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་རང་ལ་ཆེར་ཏེ་ལྟོས། །དོན་ལ་སྡུག་བསྔལ་གཞི་མེད་རྩ་བྲལ་ཡིན། །ཀུན་རྫོབ་ཏུ་ནི་ལས་སྣང་གང་ཤར་འདི། །བཅས་བཅོས་མི་བྱ་རེ་དོགས་མེད་ན་བདེ། །འོན་ཀྱང་དྲིན་ཅན་བླ་མར་གསོལ་བ་ཐོབ། །མདོར་ན་ལས་འབྲས་ཆོས་ལ་ཡིད་ཆེས་ཤིང༌། །དཀོན་མཆོག་གསུམ་ལ་དད་པ་རྒྱུན་མི་འཆད། །གང་ལའང་མ་ཆགས་རང་ངོ་རང་ཤེས་རྩལ། །སྒོ་གསུམ་ལོངས་སྤྱོད་དགེ་བ་བསོག་རྩི་ཞིང༌། །རྟག་ཏུ་གཞན་ཕན་བསམ་པ་བཟང་པོ་འཆང། །ལྔ་པོ་དེ་ལ་ཆོས་ཀྱི་མདོ་ཀུན་འདུས། །སྨོན་ལམ་དག་པས་རྟག་ཏུ་མཚམས་སྦྱོར་ཞིང༌། །རེ་དོགས་སྤོང་དང་སྐྱབས་གནས་དམ་པ་མཆོད། །ཆོས་འདི་གསུམ་ཡང་གནད་ཀྱི་དོན་ཆེན་ཡིན། །དེ་ལྟར་ཆ་ཙམ་གདམས་པ་འདི་དག་ཀྱང༌། །ཐུགས་སུ་བྱོན་ན་གཏན་གྱི་འདུན་གྲོས་ཡིན། །བས་ན་བླུན་པོའི་རང་མཚང་ལགས་པར་དགོངས། །འདི་ལས་ཅི་སྟེ་དགེ་བར་གྱུར་སྲིད་ན། །སྐྱེ་བོ་ཀུན་ལ་ཐར་པའི་རྒྱུ་རུ་བསྔོ། །བློ་ལྡན་དམ་པ་ཁྱེད་ཀྱི་ཐུགས་མཚོ་ཡང༌། །དམ་ཆོས་བདུད་རྩིའི་ཆུ་བརྒྱས་གང་བར་ཤཽག། །།ཅེས་པའང་རིག་སྔགས་ཀྱི་འཁོར་ལོས་བསྒྱུར་བ། ས་སྐྱོང་མི་དབང་ཆེན་པོའི་བཀས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ། །དགེ་ལེགས་འཕེལ།། །།


previousས་སྐྱོང་མི་དབང་ཆེན་པོའི་བཀས་བསྐུལ་ནས་ཏཱ་ར་ནཱ་ཐས་སྨྲས་པ།next