Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་མདོ་རྒྱུད་ཀྱི་གནད་དོན་མ་ལུས་པའི་དོན་སྙིང་པོར་དྲིལ་བ།
   
   
   
   
   
   
   
   
   
   
   
   
   


 
previousབཀའ་མདོ་རྒྱུད་ཀྱི་གནད་དོན་མ་ལུས་པའི་དོན་སྙིང་པོར་དྲིལ་བ། next

བཀའ་མདོ་རྒྱུད་ཀྱི་གནད་དོན་མ་ལུས་པའི་དོན་སྙིང་པོར་དྲིལ་བ།


TNT01_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རང་བཞིན་གདོད་ནས་འགྱུར་མེད་ལ། །མཁྱེན་རྟོགས་ཀྱི་ཡོན་ཏན་ཕྱོགས་བཅུར་རྒྱས། །དུས་གསུམ་སངས་རྒྱས་ཀྱི་ངོ་བོ་ཉིད། །ཕ་རྩ་བའི་བླ་མའི་ཞབས་ལ་འདུད། །ཕྱོས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན། །དབྱིངས་ཡེ་ཤེས་ཆེན་པོར་གཅིག་བསྡུས་པ། །དཔལ་དྲུག་པ་རྡོ་རྗེ་འཆང་ཆེན་གྱིས། །ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང༌། །བཀའ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི། །དོན་ངེས་གསང་སྙིང་པོར་དྲིལ་བ་ནི། །སྔགས་རྒྱུ་སྡེ་བཞི་པོ་གསུངས་སོ་སྐད། །མཐར་ཐུག་གི་འབྲས་བུ་མངོན་བྱེད་པ། །བླ་མེད་ཀྱི་ཐཻག་པ་ཁོ་ན་ལགས། །སྤྱིར་རྣལ་འབྱོར་ཆེན་པོ་རྒྱ་ཆེ་ཞིང༌། །དགོས་རྣལ་འབྱོར་མ་རྒྱུད་ཟབ་པའི་ཕུལ། །ཡོངས་རྒྱལ་བས་གསུངས་པའི་རྒྱུད་ཀུན་གྱི། །ཟབ་དོན་གྱི་ངེས་གསང་མཐར་ཐུག་ཀུན། །གང་སྦས་གསང་མེད་པར་གསལ་བར་བསྟན། །དོན་ཁྱད་པར་བཞི་པའི་ཡེ་ཤེས་དེ། །དུས་གསུམ་སངས་རྒྱས་ཀྱི་བགྲོད་གཅིག་ལམ། །དེ་ཇི་བཞིན་མ་འདྲེས་གསལ་བར་གསུངས། །མཚན་རྣལ་འབྱོར་མའི་རྒྱུད་རྒྱལ་པོ། །


TNT01_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་དོན་དམ་ཞེས་ཡོངས་སུ་གྲགས། །སྔོན་བསྐལ་པ་དཔག་མེད་སྔོན་རོལ་དུ། །དབུགས་དབྱུང་རྣམ་གཉིས་ཀྱི་དཀྱིལ་འཁོར་བསྟན། །སྒྲོལ་མའི་རྒྱུད་རྒྱལ་གསུངས་ཞེས་བཤད། ཁྱད་པར་མི་མཇེད་ཀྱི་འདྲེན་པ་མཆོག །མཚན་ཤཱཀྱ་སེང་གེས་ཟབ་པའི་དོན། །ཆོས་རྡོ་རྗེ་ཐེག་པ་འདི་གསུངས་ནས། །སླར་ལྷ་ཀླུ་རིག་འཛིན་ཀུན་ལ་གཏད། །དུས་ཕྱི་མར་སྔགས་ཀྱི་གདུལ་བྱ་རྣམས། །ལྷོ་འཛམ་བུ་གླིང་དུ་དར་བའི་ཚེ། །རྒྱུ་ཀུན་གྱི་རྒྱལ་པོ་འདི་ཡང་ཕེབས། ཁྱད་པར་འདི་ཉིད་ཀྱི་དབང་དུ་ན། །སྔོན་གྲུབ་ཐོབ་ཏི་ལི་ཆེན་པོ་ནས། །མི་ཁོའི་བླ་མ་ཡན་ཆད་དུ། །གྲུབ་ཐོབ་འབའ་ཞིག་མ་གཏོགས་པ། །སོ་སོ་སྐྱེ་བོས་བར་མ་ཆོད། ཁྱད་པར་རྩོད་ལྡན་ཕྱི་མའི་དུས། །མཐའ་དག་འགྲོ་བའི་འདྲེན་པ་ནི། །མཚན་བརྗོད་པར་དཀའ་བ་ཞི་བའི་ཞབས། ཁོང་ཧེ་རུ་ཀ་དཔལ་དངོས་སུ་བཞུགས། །རྗེ་དེ་ཉིད་ཀྱི་ཐུགས་ཀྱི་གསང་མཛོད་ཅན། །སངས་རྒྱས་ཀུན་འདུས་ཀྱི་རྡོ་རྗེ་འཆང༌། །མཚན་སྙན་པོ་སངས་རྒྱས་སྦས་པ་སྟེ། །མི་ཁོ་བོའི་བསོད་ནམས་དཔལ་དུ་བྱོན། །རྒྱུད་ཀུན་གྱི་ཉམས་ལེན་མདོར་བསྡུ་ན། །སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ། །སེམས་རང་བཞིན་གདོད་མའི་སྐུ་བཞི་པོ། །ཐབས་ཆོ་གའི་འཕྲུལ་གྱིས་སྒྲིབ་སྦྱངས་ཏེ། །མཐར་སྐུ་


TNT01_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ས་བོན་འདེབས་པ་ལ། །མཚན་སྨིན་བྱེད་དབང་བསྐུར་ཞེས་པ་ཡིན། །བརྡའ་རྡུལ་ཚོན་ལ་སོགས་དཀྱིལ་འཁོར་དང༌། །དོན་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །གང་ཤར་རྒྱལ་བ་རིགས་ལྔ་ངོ་སྤྲོད་པ། །འདི་བུམ་དབང་གི་གནད་དུ་ཁོ་བོས་འཁུམས། །ངག་ཚིག་གི་བརྗོད་པ་སྣ་ཚོགས་འདི། །དོན་བརྗོད་བྲལ་དབྱིངས་སུ་ངོ་སྤྲད་ནས། །གསུང་རྡོ་རྗེའི་ས་བོན་འདེབས་པ་ལ། །མིང་གསང་བའི་དབང་དུ་བཏགས་པ་ལགས། །སེམས་རང་བཞིན་བརྗོད་བྲལ་མི་འགྱུར་པ། །གཞི་གདོད་མའི་བདེ་ཆེན་ལྷན་ཅིག་སྐྱེས། །དེ་ཇི་བཞིན་གསལ་བར་ངོ་སྤྲོད་པ། །དབང་གསུམ་པ་ཤེས་རབ་ཡེ་ཤེས་ལགས། །སེམས་བརྗོད་བྲལ་སྤྲོས་པ་ཀུན་སྤངས་པ། །ཡོད་མེད་དང་བླང་དོར་ཀུན་ལས་གྲོལ། །གསལ་སྟོང་དང་བདེ་བས་མ་བཅིངས་པ། །རང་གྲོལ་འདི་བཞི་པའི་ཡེ་ཤེས་ལགས། །གྲོལ་བྱེད་ཀྱི་ཉམས་ལེན་རིམ་པ་གཉིས། །མིང་གཞན་དུ་རྣལ་འབྱོར་བཞི་ཞེས་གྲགས། །དེ་སྔགས་ཀྱི་སྤྱོད་པས་མཚམས་སྦྱར་ནས། །མཐར་སྐུ་གསུམ་ཡེ་ཤེས་ལྔ་ལ་སྦྱོར། །འཁྲུལ་སྣང་ཕུང་ཁམས་སྐྱེ་མཆེད་འདི། །སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ། །དག་སྣང་གི་འཁོར་ལོ་བསྒྱུར་པ་ལ། །རྣལ་འབྱོར་དང་པོ་ཞེས་སུ་བཏགས་པ་ཡིན། །རང་བཞིན་བརྗོད་བྲལ་ལྷུན་གྲུབ་ལ། །རྐྱེན་


TNT01_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་མན་ངག་ཐབས་མཆོག་གིས། །དོན་རྩ་བྲལ་ཉིད་དུ་སྟོན་པ་ལ། །ལམ་རྗེས་སུ་རྣལ་འབྱོར་ཞེས་སུ་བཏགས། །རྩ་གཡས་གཡོན་རོ་རྐྱང་གི་རྒྱུ་བ་ཀུན། །ནང་ཨ་བ་དྷཱུ་ཏཱིར་ལེགས་བཅིངས་ནས། །རྐྱེན་ལས་ཀྱི་ཕྱག་རྒྱས་བདེ་སྒྲུབ་པ། །མིང་ཤིན་ཏུ་རྣལ་འབྱོར་བྱའོ་སྐད། །དབྱིངས་མཁའ་ལ་འཇའ་ཚོན་ཤར་བ་ལྟར། །འཕྲལ་སྣང་བ་མ་འགགས་ཡེ་ཤེས་སྐུ། །དོན་ཐམས་ཅད་སྟོང་པ་འོད་གསལ་དང༌། །མཐར་ཟུང་འཇུག་གི་རྣལ་འབྱོར་ལ་སྦྱར་བ་ནི། །ཡོངས་མཐར་ཐུག་རྣལ་འབྱོར་ཆེན་པོ་སྟེ། །རྐྱེན་རྩ་རླུང་ཐིག་ལེའི་རྟེན་འབྲེལ་ལས། །གཞི་ལུས་ངག་ཡིད་གསུམ་དག་བྱེད་པ། །འདི་གནས་སྐབས་རྣལ་འབྱོར་ཆེན་པོ་ཡིན། །སྤྱིར་གསང་སྔགས་འདོད་ཡོན་ལམ་བྱེད་དང༌། །དགོས་འཕྲལ་སྤྱོད་ཆོས་བརྒྱད་རོ་སྙོམས་པ། །རྐྱེན་སྤྱོད་པ་གསུམ་གྱི་རྟེན་འབྲེལ་ལས། །མཐར་དངོས་གྲུབ་མཆོག་ལ་བར་མེད་སྦྱར། །ལུས་གནས་གྱུར་གྱི་སྤྲུལ་སྐུ་དང༌། །ངག་གནས་གྱུར་གྱི་ལོངས་སྐུ་དང༌། །རང་སེམས་གནས་གྱུར་ཆོས་ཀྱི་སྐུ། །དབྱེར་མེད་བདེ་བ་ཆེན་པོའོ། །བཀའ་མདོ་རྒྱུད་ཀྱི་གནད་དོན་མ་ལུས་པ། །དོན་སྙིང་པོར་དྲིལ་བ་རྒྱུད་འདི་ཡིན། །རྒྱུད་ཀུན་གྱི་དོན་ཡང་དེ་ཙམ་སྟེ། །དེ་ལྟར་ཐུགས་ལ་གཞོག་པར་ཞུ།། །།བཀྲ་ཤིས།། །།དགེའོ།། །།


previousབཀའ་མདོ་རྒྱུད་ཀྱི་གནད་དོན་མ་ལུས་པའི་དོན་སྙིང་པོར་དྲིལ་བ། next