Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རང་བྱུང་མགོན་པོའི་དྲུང་དུ་ཚོགས་ཀྱིས་འཁོར་ལོའི་ཚེ་གླུར་བླངས་པ།
   
   
   
   
   


 
previousརང་བྱུང་མགོན་པོའི་དྲུང་དུ་ཚོགས་ཀྱིས་འཁོར་ལོའི་ཚེ་གླུར་བླངས་པ། next

རང་བྱུང་མགོན་པོའི་དྲུང་དུ་ཚོགས་ཀྱིས་འཁོར་ལོའི་ཚེ་གླུར་བླངས་པ།


TNT01_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། དབྱིངས་སྐྱེ་བ་མེད་པའི་ནམ་མཁའ་ལ། །མདངས་འགག་པ་མེད་པའི་དཀྱིལ་འཁོར་རྒྱས། །ཐུགས་རྗེའི་འོད་བརྒྱ་འགྱེད་པ་ཡི། །ཕ་བླ་མ་རྡོ་རྗེ་འཆང་ལ་འདུད། །རྗེ་དེ་ཉིད་ཀྱི་ཐུགས་རྗེའི་ཆར་སྤྲིན་ལས། །ཆོས་གདམས་ངག་གི་ཆར་རྒྱུན་ཕབ་པ་དེ། །མི་ཁོ་བོའི་སེམས་ཀྱི་ཞིང་སར་བབས། །འབྲས་བུ་ཉམས་རྟོགས་ཀྱི་ལོ་ཏོག་རྒྱས། ཁྱེད་སྐལ་ལྡན་ཡོད་ན་འདི་ལས་ལོང༌། །དཔལ་རྡོ་རྗེ་འཆང་ཆེན་སྐད་པ་དེས། །རྒྱུད་མཐའ་ཡས་གསུངས་པའི་སྙིང་པོ་ལྔ། །ཟབ་དགུ་བསྡུས་པའི་ཉེ་ལམ་ཞིག །མིང་ནེ་གུ་ཆོས་དྲུག་ཞེས་བྱ་བ། །མ་


TNT01_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཀུན་གྱི་གསང་ཚིག་དེ། །ངེས་གསང་བདུད་རྩིའི་སྙིང་པོ་དེ། །ཕ་བླ་མའི་ཞལ་གྱི་བདུད་རྩི་སྟེ། །དུས་དེ་རིང་རྒྱལ་ཁམས་ཀྱི་རྣལ་འབྱོར་པ། །ཕྱོགས་མེད་ཀྱི་ལྡུམ་བུར་སྤྱོད་པ་ཞིག །ངེས་མེད་ཀྱི་ཚུལ་ལ་སྤྱོད་བཞིན་དུ། །གནས་རི་གོང་དཔལ་གྱི་གཞལ་ཡས་འདིར། །དོན་སྙིང་པོ་རྡོ་རྗེའི་གླུ་རུ་ལེན། །གནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལས། །བརྡ་སྐྱེ་མེད་མཚོན་པ་ཨ་ཡི་གདའ། །འཕྲུལ་བདུད་རྩི་འབབ་པ་དམིགས་པའི་གནད། །ཉམས་སྡིག་སྒྲིབ་དག་པའི་ངེས་ཤེས་ཅན། །མིང་ཡང་དག་བྱེད་སྟོད་ར་ཟེར། །འདི་སྔོན་འགྲོ་ལ་གནད་དུ་ཆེ་བ་ཞིག་གདའ། །རྟེན་རྡོ་རྗེའི་ལུས་ལ་རྩ་ཐིག་གི་འགྲོས། །གཞི་གནད་དུ་ཆེ་བ་འཁོར་ལོ་བཞི། །འཕྲལ་འབར་འཛག་རང་ལུས་དགའ་བཞིའི་འགྲོས། །འདི་རྒྱུད་སྡེའི་ངེས་གསང་གནད་དུ་ཆེ། །རྐྱེན་ཐབས་དང་ཤེས་རབ་འཛོམ་པ་ལས། །གཞི་རང་སེམས་གཉུག་མ་ངོ་སྤྲོད་པ། །རྟེན་ཐིག་ལེ་དབབ་ལྡོག་དགའ་བཞིའི་འགྲོས། །དེ་ཡིན་ནི་ལས་ཀྱི་གཏུམ་མོ་ཡིན། །ཟེར་ནི་གཞན་ལུས་ཀྱི་གདམས་པ་ཟེར། །འདོད་ཡོན་ལམ་འཁྱེར་ལ་གནད་དུ་ཆེ། །མི་ཁོ་བོས་བདེ་སྟོང་དབྱེར་མེད་དུ་བསྒོམས། ཁྱེད་འདིར་འདུས་ཀྱང་བདེ་སྟོང་དབྱེར་མེད་བསྒྲུབས། །ཚེ་གཅིག་གི་སངས་རྒྱས་སྒྲུབ་འདོད་ན། །ལམ་གཞན་ལ་མེད་དོ་སྐལ་ལྡན་


TNT01_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །བདེ་དྲོད་རང་འབར་ཞིག་མཛད་དེ་འཚལ། །ཕྱི་སྣང་བ་སྒྱུ་མའི་ལམ་འཁྱེར་ཏེ། །ལུས་རྒྱས་ཀྱང་སེམས་ཀྱི་རང་སྣང་ཙམ། །རང་སྣང་ལྷ་སྐུ་རང་ཤར་ལ། །སྒྱུ་མ་ལྟར་རང་བཞིན་མེད་པ་ཞིག །སྒྱུ་ལུས་ཀྱི་གདམས་པའི་སྙིང་པོའི་དོན། མི་ངན་ཀྱང་འདི་ལ་ཉམས་ལེན་བྱས། །ཆགས་སྡང་གི་སྣང་བ་རང་སར་དག །ཨ་མཐས་སྦྲུལ་གྱི་མདུད་པ་ཞིག ཁྱེད་འདིར་འདུས་ཀྱང་ཨ་མཐས་བཤིག་པ་ཞིག་འཚལ། །འཕྲལ་འདུན་པ་སྒྱུར་པའི་གནད་ཀ་ལས། །རིག་པའི་རང་རྩལ་ཕྱོགས་མེད་ཀྱི་གདངས། །དངོས་འཛིན་གྱི་འཆིང་བ་འགྲོལ་བ་ལ། །ངེས་མེད་དུ་སྦྱོང་པ་གནད་དུ་ཆེ། །མིང་ཡང་རྨི་ལམ་གྱི་གདམས་ངག་ཟེར། །སྒྱུ་ལུས་པ་རྣམས་ལ་མཁོ་བ་ལགས། །གཞི་གདོད་མའི་རང་ཞལ་ལྟ་བ་དང༌། །རྐྱེན་མོས་གུས་གདུང་བའི་ཤུགས་དྲག་དང༌། །གནད་རླུང་སེམས་འདུས་པའི་རྟེན་འབྲེལ་ལས། །སེམས་རྡོ་རྗེའི་རང་བཞིན་འོད་གསལ་ཆེ། །དུས་ཉིན་པར་རྩོལ་བ་བསྐྱེད་བསྐྱེད་ནས། །མཚན་མོ་རང་ཤར་གྱི་གསལ་སྣང་ཅན། །གསལ་ཙམ་ཉིད་ནས་སྟོང་པར་ཤར། །གསལ་སྟོང་དབྱེར་མེད་ཀྱི་འོད་གསལ་ཟེར། །ཞུ་བདེ་དང་གཉུག་མ་འདྲེས་པ་ལས། །ཉམས་བདེ་ཙམ་ཉིད་ནས་རང་དག་གཅིག །བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ཡིན། །སེམས་རང་བཞིན་གདོད་


TNT01_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དག་པ་ལ། །སྒྲིབ་གཉིས་བརྫུན་གྱི་སྟོང་ཟོབ་ཡལ། །དག་པ་གཉིས་ལྡན་གྱི་འོད་གསལ་ཡིན། །འོད་གསལ་ལམ་གྱི་འབྲས་བུ་སྟཻ། །རྗེ་རྡོ་རྗེ་འཆང་ཆེན་གྱི་སྤྱན་སྔ་རུ། །གདམས་ངག་རྣམས་ཕུ་ཐག་ཆོད་པར་ཞུས། །ཞུས་པ་ཙམ་ལ་ཡང་མ་བཞག་པར། །རང་སེམས་དང་འདྲེས་པའི་ཉམས་ལེན་བྱས། །བན་བུན་ཉམས་ཀྱི་འཆར་སྒོ་དག །འགྱུར་མེད་རྟོགས་པའི་གཏན་ཡུལ་ཟིན། ཁྱེད་འདིར་འདུས་ཀྱང་འོད་གསལ་རྩེ་གཅིག་ཏུ་བསྒོམས། །ངོ་མཚར་རླུང་སེམས་འཕྲུལ་གྱི་གནད། །སེམས་རྩེ་གཅིག་གྱེན་དུ་འཕང་བ་དང༌། །ཅིར་སྣང་ལ་བར་དོའི་འདུན་པ་སྦྱོངས། །གང་ཤར་ལ་དག་སྣང་ལམ་འཁྱེར་བྱ། །འཕོ་བ་དང་བར་དོའི་གདམས་ངག་ཟེར། །ལས་དང་པོ་པ་ལ་གནད་དུ་ཆེ། །སེམས་མ་བཅོས་གཉུག་མའི་རང་ངོ་ལ། །གང་ཤར་རྗེན་ཆེར་གྱི་ངང་ལ་ཞོག །སྒོ་གསུམ་མ་བཅོས་སོ་མའི་ངང༌། །རང་བབས་ལྷུག་པའི་གདམས་པ་ཟེར། །སལ་ལེ་དང་སིང་ངེའི་ངང་དུ་སྒོམས། །ལྷོད་དེ་དང་ཤིགས་སེའི་རྒྱ་ཡན་གྱི་ངང༌། །སེམས་གང་ཤར་ངོ་ཤེས་ཀྱི་རྣལ་འབྱོར་བ། །ཤར་ཙམ་ཉིད་ནས་རང་སར་གྲོལ། །མིང་ཡང་རང་གྲོལ་གྱི་གདམས་ངག་ཟེར། །གསལ་བ་དང་སྟོང་པ་ཟུང་འཇུག་གསུམ། །སེམས་གནས་སམ་འགྱུའམ་ཇི་ལྟར་རུང༌། །གདོད་ནས་རང་གནས་ཀྱི་ངོ་ཤེས་ལ། །སྐུ་


TNT01_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རང་ཤར་གྱི་གདམས་ངག་ཟེར། །འགྱུ་བ་འགྱུ་སྟོང་གི་ངང་དུ་ཐིམ། །མཉམ་རྗེས་ཀྱི་ས་མཚམས་ཞིག་ནས་ཐལ། །མདོ་རྒྱུད་ཀྱི་མཁྱེན་རྒྱ་ཅན་མང་ལགས་ཤིང༌། །གདམས་ངག་གི་བདག་པོ་མང་མོད་ཀྱང༌། །དོན་འདི་ལས་མེད་ཅེས་བྱ་བ་ཉུང༌། །རང་གྲོལ་ཕྱག་ཆེན་གྱི་རྣལ་འབྱོར་འདི། །མདོ་རྒྱུད་ཀྱི་སྙིང་པོར་ལགས་པར་འཁུམས། །མི་ཁོ་བོས་དེ་ལྟར་ཉམས་སུ་བླངས། ཁྱེད་འདིར་འདུས་ཀྱང་དེ་ལྟར་ཉམས་ལེན་མཛོད། །རང་ཤར་ཕྱོགས་མེད་ཀྱི་དག་སྣང་གཅིག །གང་སྣང་མོས་གུས་ཀྱི་ལམ་འཁྱེར་ལ། །མོས་གུས་ཀྱི་རྩ་བ་བླ་མར་ཤར། །ཟླ་མ་ཡི་དམ་དབྱེར་མེད་ཀྱི་ངང༌། །ཡི་དམ་དེ་སྒྱུ་མར་རང་ཤར་ཞིག །རང་ཤར་མ་བཅོས་ལྷུག་པའི་གདངས། །ཡིན་ནི་དག་སྣང་ཕྱོགས་མེད་འཁྲིད། །ཟེར་ནི་ལམ་འཁྱེར་རྣམ་གསུམ་ཟེར། །མི་ཁོ་བོས་ཀྱང་དག་སྣང་ཕྱོགས་མེད་དུ་སྦྱངས། ཁྱེད་འདིར་འདུས་ཀྱང་དག་སྣང་ཕྱོགས་མེད་དུ་སྦྱོངས། །ཐབས་འགག་མེད་ཀྱི་གནད་དེ་དག་སྣང་ལ་གདའ། །སེམས་གསལ་སྟོང་ལྷ་སྐུའི་སྣང་ཆ་དང༌། །རང་རིག་པ་འགྱུར་མེད་བདེ་བའི་ངང༌། །དེ་དང་པོ་ཉིད་ནས་སྐྱེ་བ་མེད། །གང་ལ་མ་སྐྱེས་པ་ལ་འགག་པ་མེད། །སེམས་སྐྱེ་འཆི་མེད་པའི་རང་བཞིན་ཏེ། །འཕྲལ་དྲིན་ཅན་གྱི་བླ་མས་ངོ་སྤྲོད་པ། །མིང་ཡང་རང་སེམས་འཆི་མེད་ཟེར། །


TNT01_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་སྙིང་པོར་དྲིལ་བ་གཅིག་ན་གདའ། །རླུང་དང་རྣམ་རྟོག་སེམས་གསུམ་པོ། །དབྱིངས་སུ་བསྡོམས་པ་ཉམས་ལེན་གྱི་གནད། །འཁྲུལ་འཁོར་གྱི་ཁ་བསྒྱུར་ཉམས་ལེན་གྱི་རྩལ། །གཞན་ལུས་ལ་ཐོགས་པ་མེད་པ་ཡི། །ཐིག་ལེ་འཛག་མེད་ཀྱི་རང་གྲོལ་ལས། །དགའ་བཞི་དབྱིངས་སུ་ངོ་སྤྲོད་པ། །མིང་ནི་རང་ལུས་འཆི་མེད་ཟེར། །རླུང་སེམས་རང་དབང་དུ་ཆུག་གཅིག་རྣལ་འབྱོར་པ། །འཕྲལ་འཕྲྀན་ལས་རྣམ་བཞིའི་བསྒྲུབ་པའི་གནད། །ཕ་དྲིན་ཅན་རྩ་བའི་བླ་མ་དང༌། །མྱུར་མཛད་ཡེ་ཤེས་མགོན་པོ་གཉིས། །མཚན་ཐ་དད་དོན་ལ་ཁྱད་པར་མེད། །མོས་གུས་ཉག་གཅིག་གི་རྣལ་འབྱོར་ལས། །དངོས་གྲུབ་རྣམ་གཉིས་ཀྱི་ཀློང་བརྡོལ་ནས། །འགྲོ་དོན་ལྷུན་གྲུབ་ཏུ་འཆར་བ་ལགས། །དབྱངས་མཆོད་པར་འབུལ་ལོ་མཚན་ལྡན་རྗེ། །དཔལ་རྡོ་རྗེ་འཆང་ཆེན་ནས་བརྩམས་ཏེ། །ཕ་རྩ་བའི་བླ་མ་ཐམས་ཅད་ལ། །ཉམས་དབྱངས་ཀྱི་གླུ་འདི་མཆོད་པར་འབུལ། ཁྱེད་འདིར་འདུས་ཀྱི་སྐལ་ལྡན་ཕོ་མོ་ལ། །ངེས་གསང་གི་བདུད་རྩི་རོ་མཆོག་འདི། །དགའ་དོན་གྱི་ཚུལ་དུ་བྱིན་པ་ལགས། །བདག་ཕྱོགས་རིས་མེད་པའི་རྒྱལ་ཁམས་པ། །རོ་སྙོམས་ཀྱི་རྣལ་འབྱོར་གུ་ཡངས་པོ། །ཆོས་བརྒྱད་ཀྱི་དགྲ་མཁར་ཞིག་པ་ཞིག །གཉུག་མའི་གཏན་ས་ཟིན་པ་ཞིག །དངོས་


TNT01_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རང་ཞལ་ལྟ་བ་པོ། །ཆོས་ཐ་སྙད་ཚིག་ལ་མ་རྨོངས་ཀྱང༌། །མཁས་འདོད་ཀྱི་བཟང་འཛིན་དབྱིངས་སུ་གྲོལ། །འཕྲལ་ལུས་སེམས་ཐ་མལ་དུ་སྣང་བ་ཙམ། །དྲིན་ཅན་གྱི་མཁན་པོས་གནང་པའི་མིང༌། །ཀུན་དགའ་སྙིང་པོ་ཞེས་བྱ་བ་ཡིན། །རང་སེམས་ཀྱི་རང་བཞིན་ངོ་སྤྲོད་པ། །མི་སངས་རྒྱས་སུ་གཏོང་བའི་བཀའ་དྲིན་ཅན། །ཕ་བླ་མས་བཀའ་དྲིན་རྩལ་བ་ནི། །མིང་ཏཱ་ར་ནཱ་ཐ་ཞེས་བྱ་བ་ཡིན། །དེང་སྙིང་གཏམ་གྱི་ཚུལ་དུ་སྨྲས་པ་ཡིན།། །།ཞེས་པའང་རང་ལོ་ཉེར་ལྔ་པ་ལ་རི་གོང་དཔལ་གྱི་མགོན་པོའི་གནས། རང་བྱུང་མགོན་པོའི་དྲུང་དུ་ཚོགས་ཀྱིས་འཁོར་ལོའི་ཚེ་གླུར་བླངས་པ་ཨྠིྀ། །དགེའོ། །


previousརང་བྱུང་མགོན་པོའི་དྲུང་དུ་ཚོགས་ཀྱིས་འཁོར་ལོའི་ཚེ་གླུར་བླངས་པ། next