Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
བླ་མ་ཡི་དམ་ཆོས་སྐྱོང་གི་བསྐང་གསོ་བདེ་སྟོང་རོལ་པ།
   
   
   
   
   
   
   
   
   
   
   
   


 
previousབླ་མ་ཡི་དམ་ཆོས་སྐྱོང་གི་བསྐང་གསོ་བདེ་སྟོང་རོལ་པ།next

བླ་མ་ཡི་དམ་ཆོས་སྐྱོང་གི་བསྐང་གསོ་བདེ་སྟོང་རོལ་པ།


TNT02_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཆོས་སྐྱོང་གི་བསྐང་གསོ་བདེ་སྟོང་རོལ་པ་ཞེས་བྱ་བ་བཞུགས།


TNT02_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། བླ་མ་ཡི་དམ་ཆོས་སྐྱོང་གི་བསྐང་གསོ་བདེ་སྟོང་རོལ་པ་ནི། བསལ་གཏན་ནང་མཚམས་བྱེད་པ་དང༌། །རྒྱུད་སྡེ་འཆད་ཉན་དབང་བསྐུར་རིགས། །ཆོས་ལྡན་རྨི་ལམ་འཁྲུགས་པའམ། །རྣལ་འབྱོར་ཉམས་འཆགས་གསོ་བ་དང༌། སེམས་ཅན་ཚོགས་གཉིས་སྤེལ་བའི་ཕྱིར། །རྣལ་འབྱོར་ལྷ་ཡི་ང་རྒྱལ་གྱིས། །དབྱངས་དང་རྔ་བརྡུང་འདི་སྐད་དོ། །ཧཱུཾ། སྤྲོས་བྲལ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །གཟུགས་སྐུ་མཁའ་ཁྱབ་སེམས་ཅན་འདྲེན་པའི་ཕྱིར། །དུས་གསུམ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་


TNT02_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །མདུན་ཕྱོགས་འཇའ་ཚོན་པ་དྲྭ་འཁྱིལ་བའི་དབུས། །སྣ་ཚོགས་པདྨ་འདབ་སྟོང་རྒྱས་པའི་སྟེང༌། །སེངྒེ་བརྒྱད་བཏེགས་རིན་ཆེན་སྣ་ཚོགས་ཁྲི། །ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ། །ཁྱེད་ལ་ཕུན་ཚོགས་མཆོད་པ་འབུལ་བ་ནི། །ལྟ་སྤྱོད་རྣམ་དག་མཆོད་ཡོན་ཀུན་ནས་འཁྱིལ། །ཐོས་བསམ་སྒོམ་གསུམ་དག་པའི་ཞབས་བསིལ་མངར། །སྒོ་གསུམ་དགེ་བཅུའི་མེ་ཏོག་སིལ་མར་བཀྲམ། །སྡོམ་


TNT02_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་པའི་སྤོས་མཆོག་སྤྲིན་དུ་འཁྲིགས། །བསླབ་གསུམ་ཡོན་ཏན་ཉྀ་འོད་མར་མེ་འབར། །ཚོགས་གསུམ་རྒྱ་མཚོ་སྤོས་ཆུའི་དྲི་མཆོག་བལྟམས། །འཁོར་གསུམ་དག་པའི་རོ་བརྒྱ་ཞལ་ཟས་སྦྱོར། །ཐེག་གསུམ་རོལ་མོའི་སིལ་སྙན་སྣ་ཚོགས་དཀྲོལ། །བཀའ་འཁོར་གསུམ་གྱི་རྔ་ཆེན་འཁར་རྔ་བརྡུང༌། །སྡེ་སྣོད་གསུམ་གྱི་དུང་སྒྲ་ཁམས་གསུམ་སྒྲོགས། །རྒྱུད་སྡེ་བཞི་ཡི་བ་དན་མཁའ་ལ་ཕྱར། །རྫོགས་ལྡན་ཆོས་ཀྱི་རྒྱལ་མཚན་གྱེན་དུ་བསྒྲེང༌། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འདིས། །མཐའ་བཞི་ལས་གྲོལ་ངོ་བོ་ཉིད་ཀྱི་སྐུ། །མཁའ་ཁྱབ་དང་པོའི་སངས་རྒྱས་ཐུགས་དམ་བསྐང༌། །འགྱུར་མེད་རང་བཞིན་འོད་གསལ་ཆོས་ཀྱི་སྐུ། །རྒྱལ་བ་རྡོ་རྗེ་འཆང་ཆེན་ཐུགས་དམ་བསྐང༌། །གཞོམ་མེད་སྒྲ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །དཔག་མེད་ཞིང་ནས་མཐའ་ཡས་སྤྲུལ་པའི་སྐུ། །སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་དམ་བསྐང༌། །རྒྱལ་སྲས་ཁྲོ་རྒྱལ་རྣམས་ཀྱི་ངོ་བོ་ཉིད། །ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་ཐུགས་དམ་བསྐང༌། །སྤྱན་རས་གཟིགས་ལ་རྒྱུད་འགྲེལ་གསན་པའི་མཆོག །


TNT02_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་དུས་ཞབས་ཆེན་པོའི་ཐུགས་དམ་བསྐང༌། །དངོས་གྲུབ་རྣམ་གཉིས་མངོན་དུ་གྱུར་པ་ཡི། །གྲུབ་ཆེན་དུས་ཞབས་ཆུང་བའི་ཐུགས་དམ་བསྐང༌། །རྣམ་སྣང་གངས་ཆེན་མཚོ་ལ་ཆོས་གསན་པའི། །མཁས་མཆོག་ནཱ་ལེནྡྲ་པའི་ཐུགས་དམ་བསྐང༌། །སྒྲོལ་མས་ལུང་བསྟན་བོད་ཁམས་མུན་སེལ་བ། །པཎ་ཆེན་ཟླ་བ་མགོན་པོའི་ཐུགས་དམ་བསྐང༌། །གསང་འདུས་ཞལ་གཟིགས་མངོན་ཤེས་རྫུ་འཕྲུལ་ཅན། །བློ་ལྡན་འབྲོ་སྟོན་ལོཙྪའི་ཐུགས་དམ་བསྐང༌། །ཉིན་ཞག་བཅོ་ལྔར་འོད་གསལ་ངང་ལ་བཞུགས། །མཉམ་མེད་ལྷ་རྗེ་སྒོམ་པའི་ཐུགས་དམ་བསྐང༌། །ཟླ་གཅིག་ཏིང་འཛིན་སྒོམ་པའི་གཙུག་ཏོར་འཕགས། །སྒྲོ་སྟོན་གནམ་ལ་བརྩེགས་ཀྱི་ཐུགས་དམ་བསྐང༌། །ཤཱཀ་ཐུབ་ལ་སོགས་སངས་རྒྱས་དཔག་མེད་གཟིགས། །ཡུ་མོ་ཆོས་ཀྱི་ར་ཆེན་ཐུགས་དམ་བསྐང༌། །བྱིན་རླབས་མཛད་ཙམ་སྐལ་ལྡན་སྨིན་གྲོལ་མཛད། །སྲས་མཆོག་དྷརྨཱ་ཤྭ་རའི་ཐུགས་དམ་བསྐང། །དགྱེས་པ་རྡོ་རྗེའི་ཞལ་གཟིགས་ལུང་བསྟན་ཐོབ། །མཁས་པ་ནམ་མཁའ་འོད་ཟེར་ཐུགས་དམ་བསྐང༌། །རྫུ་འཕྲུལ་སྟོབས་ལྡན་མཁའ་སྤྱོད་གནས་


TNT02_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཤེགས། །མ་ཅིག་སྤྲུལ་སྐུ་ཇོ་འབུམ་ཐུགས་དམ་བསྐང༌། །དུས་གསུམ་མཁྱེན་པའི་མངོན་ཤེས་ཐོགས་མེད་ལྡན། །གྲུབ་ཐོབ་སེ་མོ་ཆེ་བའི་ཐུགས་དམ་བསྐང༌། །འཇམ་པའི་དབྱངས་ཀྱིས་དངོས་སུ་ལུང་བསྟན་ཐོབ། །ཆོས་རྗེ་འཇམ་དབྱངས་གསར་མའི་ཐུགས་དམ་བསྐང༌། །ལྷ་སའི་ཇོ་བོས་བྱང་ཆུབ་ལུང་བསྟན་པ། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཐུགས་དམ་བསྐང༌། །དུས་འཁོར་ཡེ་ཤེས་དཀྱིལ་འཁོར་མངོན་སུམ་གཟིགས། །ཀུན་སྤང་ཐུགས་རྗེ་བརྩོན་འགྲུས་ཐུགས་དམ་བསྐང༌། །ཆོས་ཉིད་བདེ་གཤེགས་སྙིང་པོ་དངོས་སུ་བརྙེས། །བྱང་སེམས་རྒྱལ་བ་ཡེ་ཤེས་ཐུགས་དམ་བསྐང༌། །རླུང་སེམས་དབང་འདུས་ཡི་དམ་དཔག་མེད་གཟིགས། །མཁས་བཙུན་ཡོན་ཏན་རྒྱ་མཚོའི་ཐུགས་དམ་བསྐང༌། །དུས་གསུམ་རྫོགས་པའི་སངས་རྒྱས་ཀུན་འདུས་དངོས། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ཐུགས་དམ་བསྐང༌། །འཆད་རྩོད་རྩོམ་པའི་རྒྱལ་བསྟན་འཛིན་སྐྱོང་སྤེལ། །ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ཐུགས་དམ་བསྐང༌། །མང་ཐོས་རིག་པས་ཕས་རྒོལ་ཚར་གཅོད་མཛད། །མཁས་མཆོག་ཉ་དབོན་ཀུན་དགའི་ཐུགས་དམ་བསྐང༌། །བཤད་


TNT02_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཉི་ཟླའི་ངོ་མཚར་སྣང་བའི་གཉེན། །འཇམ་མགོན་ཀུན་དགའ་བློ་གྲོས་ཐུགས་དམ་བསྐང༌། །རྒྱ་ཆེན་ཤེས་བྱའི་གཏེར་གྱུར་འཇིག་རྟེན་མིག །འཇམ་དབྱངས་དཀོན་མཆོག་བཟང་པོའི་ཐུགས་དམ་བསྐང༌། །རྒྱལ་བའི་དགོངས་སྤྱོད་ཟབ་མོའི་ངེས་གསང་རྟོགས། །མཁས་པ་ནམ་མཁའ་ཆོས་སྐྱོང་ཐུགས་དམ་བསྐང༌། །རྣམ་མང་གཞུང་ལུགས་མཁྱེན་པའི་གངས་རི་སྐྱོངས། །པཎ་ཆེན་ནམ་མཁའ་དཔལ་བཟང་ཐུགས་དམ་བསྐང༌། །མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་འཁོར་ལོས་བསྒྱུར། །ལཱོ་ཆེན་རཏྣ་བྷ་དྲའི་ཐུགས་དམ་བསྐང༌། །གདམས་པའི་ཆུ་ཀླུང་མ་ལུས་སྡུད་པོ་མཆོག །དཔལ་ལྡན་ཀུན་དགའ་གྲོལ་མཆོག་ཐུགས་དམ་བསྐང༌། །བསྙེན་སྒྲུབ་རྣམ་བཞིའི་ཉམས་རྟོགས་མཐར་སོན་པའི། །མཁན་ཆེན་ལུང་རིགས་རྒྱ་མཚོའི་ཐུགས་དམ་བསྐང༌། །༈ ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་མཆོག །གསང་བདག་སྒྲོལ་བའི་མགོན་པོའི་ཐུགས་དམ་བསྐང༌། །མདོ་རྒྱུད་མན་ངག་མཆོག་ལ་མངའ་དབང་བསྒྱུར། །མཚུངས་མེད་རིན་ཆེན་རྒྱ་མཚོའི་ཐུགས་དམ་བསྐང༌། །མཁྱེན་སྟོབས་དཔུང་གིས་རྒྱལ་


TNT02_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་གདུགས་དཀར་འདེགས། །མཁས་གྲུབ་བློ་གྲོས་རྣམ་རྒྱལ་ཐུགས་དམ་བསྐང༌། །རྫོགས་ལྡན་གྲུབ་པའི་བརྟུལ་ཞུགས་ཉམས་བཞེས་པའི། །གྲུབ་ཆེན་ངག་དབང་འཕྲིན་ལས་ཐུགས་དམ་བསྐང༌། །བརྒྱུད་གསུམ་བྱིན་རླབས་ཆུ་བོ་འདུས་པའི་གཏེར། །ངག་དབང་བསྟན་འཛིན་རྣམ་རྒྱལ་ཐུགས་དམ་བསྐང༌། །ཟབ་ལམ་བསྟན་པའི་གསང་མཛོད་འདོད་འཇོའི་མཁན། །རྣལ་འབྱོར་མཁས་བཙུན་དར་རྒྱས་ཐུགས་དམ་བསྐང༌། །ཟབ་ལམ་གདམས་པའི་འཁོར་ལོ་ཕྱོགས་བཅུར་བསྐོར། །ཀུན་བཟང་འཕྲིན་ལས་རྣམ་རྒྱལ་ཐུགས་དམ་བསྐང༌། །གང་ལ་གང་འདུལ་ཐབས་མཁས་རོལ་རྩེད་འཆང༌། །ནུས་ལྡན་ལྷུན་གྲུབ་རྒྱ་མཚོའི་ཐུགས་དམ་བསྐང༌། །སྨིན་གྲོལ་བདུད་རྩིའི་འགྲོ་ཕན་བླ་མེད་སྤྱོད། །དཀོན་མཆོག་འཇིག་མེད་རྣམ་རྒྱལ་ཐུགས་དམ་བསྐང༌། །རྩ་བརྒྱུད་བླ་མའི་ཐུགས་རྗེས་རང་གཟུགས་གར། །ངག་དབང་ཆོས་འཕེལ་རྒྱ་མཚོའི་ཐུགས་དམ་བསྐང༌། །ཡན་ལག་དྲུག་གི་རྣལ་འབྱོར་མཐར་སོན་པ། །ངག་དབང་ཆོས་ཀྱི་འཕགས་པའི་ཐུགས་དམ་བསྐང༌། །རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས་སུ་རོལ། །


TNT02_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་ཆོས་འཛིན་རྒྱ་མཚོའི་ཐུགས་དམ་བསྐང༌། ༈ གཟུང་འཛིན་འཁྲུལ་ཟད་རྒྱུད་སྡེ་རབ་འབྱམས་བདག །ཀུན་དགའ་བསོད་ནམས་དཔལ་ལྡན་ཐུགས་དམ་བསྐང༌། །དབང་ལུང་གདམས་ངག་རྒྱ་མཚོའི་མཛོད་འཛིན་པ། །ངག་དབང་ཆོས་ཀྱི་རྣལ་འབྱོར་ཐུགས་དམ་བསྐང༌། །གནས་ལུགས་བདེ་གཤེགས་སྙིང་པོ་མངོན་གསལ་བ། །ངག་དབང་མཁས་གྲུབ་དབང་ཕྱུག་ཐུགས་དམ་བསྐང༌། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ཞལ་གཟིགས་པ། །ངག་དབང་བསྟན་པ་གསལ་བྱེད་ཐུགས་དམ་བསྐང༌། །ཡི་དམ་རྒྱུད་སྡེ་རབ་འབྱམས་སྤྲོ་བསྡུ་མཛད། །ངག་དབང་རྡོ་རྗེ་བཟང་པོའི་ཐུགས་དམ་བསྐང༌། །དོན་དམ་གནས་ལུགས་བླ་མའི་ཞལ་མཇལ་བ། །ངག་དབང་དཀོན་མཆོག་དར་རྒྱས་ཐུགས་དམ་བསྐང༌། །གཞན་སྟོང་དབུ་མས་འཛམ་གླིང་ཁྱབ་མཛད་པ། །ངག་དབང་བློ་གྲོས་གྲགས་པའི་ཐུགས་དམ་བསྐང༌། །དུས་འཁོར་བསྐང་བའི་ཁ་སྐོང་འཛམ་ཐང་གཙང་བའི་གདན་རབས་རིམ་བྱོན་ལྟར་བློ་བཟང་ཆོས་འཕེལ་བས་བྲིས་པའོ། །༈ དེ་དག་ནི་དབང་བརྒྱུད་དེད་པ་ཡིན་ཏེ། མན་ངག་ཉམས་ཁྲིད་སོགས་ཀྱི་བརྒྱུད་པ་ལ་མོས་ན། མཁས་བཙུན་དར་རྒྱས་ཀྱི་མལ་དུ། ཐབས་ལམ་གཏུམ་མོའི་འབར་སྣང་ལ་སྤྱོད་པའི། །ཡོངས་འཛིན་ཀུན་དགའ་ཆོས་འཕེལ་


TNT02_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང༌། །ཞེས་པ་དང༌། ལྷུན་གྲུབ་རྒྱ་མཚོ་དང༌། འཇིགས་མེད་རྣམ་རྒྱལ་ཟུང་གི་ཚབ་ཏུ། མངོན་ཤེས་སྤྱན་གྱིས་དུས་གསུམ་སྒྲིབ་མེད་གཟིགས། །རྟོགས་ལྡན་ཀུན་དགའ་ཆོས་འབྱོར་ཐུགས་དམ་བསྐང༌། །གནས་ལུགས་གཉུག་མ་དོན་གྱི་རང་བཞིན་མཇལ། །གུ་རུ་ངག་དབང་རྒྱལ་མཚན་ཐུགས་དམ་བསྐང༌། །དེ་སོགས་དབང་བརྒྱུད་མན་ངག་གཞུང་འགྲེལ་གྱི། །བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་བྱིན་རླབས་རྣམ་དག་གིས། །བདག་ཅག་དཔོན་སློབ་སྐྱེ་བ་ཀུན་ཏུ་ཡང༌། །རིགས་ལྡན་བླ་མ་ཆོས་རྗེ་ཡབ་སྲས་ཀྱི། །རྟག་པར་ཞལ་མཐོང་ལུང་རིགས་དབང་འབྱོར་ནས། །འཆད་རྩོད་རྩོམ་པའི་དཔལ་ལ་སྤྱོད་པར་ཤོག །ཧཱུཾ། ཆོས་དབྱིངས་འབྱུང་ལྔ་འོད་འཕྲེང་བསྐོར་བའི་དབུས། །གྲུ་བཞི་ཉི་མའི་སྒོ་ཁང་རྟ་བབས་ལྡན། །མཆོག་གསུམ་ཁང་བརྩེགས་རྒྱ་ཕུབ་འདེགས་པའི་དབུས། །སྣ་ཚོགས་པདྨ་ཟླ་ཉི་སྒྲ་གཅན་སྟེང༌། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ནམ་མཁའི་མདོག །སྐུ་བཞིའི་ཞལ་ལྡན་ཉི་མའི་སྤྱན་ཆེན་བགྲད། །རལ་བའི་ཅོད་པན་སྣ་ཚོགས་རྡོ་རྗེ་དང༌། །ཟླ་ཕྱེད་མི་བསྐྱོད་པ་ཡི་དབུ་རྒྱན་ཅན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །རྡུལ་མུན་སྙིང་སྟོབས་རྣམ་དག་མགྲིན་པ་གསུམ། །


TNT02_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་དུས་དྲུག་དག་པའི་ཕྲག་པ་ལ། །དུས་སྦྱོར་བཅུ་གཉིས་རྣམ་དག་དཔུང་པ་སྤྲས། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །ཟླ་ཕྱེད་ཉེར་བཞི་དག་པའི་ཕྱག་ངར་ལྡན། །ཕྱག་སོར་ལྔ་ལྔ་ཟླ་བའི་ཡོན་ཏན་འགགས། །སོར་ཚིག་གསུམ་གསུམ་ཉི་མའི་ཡོན་ཏན་སྤངས། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །སྒྲ་གཅན་རྣམ་དག་ཆོས་སྐུ་ཉག་གཅིག་འབར། །རོ་རྐྱང་དག་པའི་ཞབས་གཉིས་བརྐྱང་བསྐུམ་གྱིས། །བདུད་དང་ཉོན་མོངས་བསྒྱེལ་བའི་སྙིང་གར་མནན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །ཐབས་ཤེས་གཡས་གཡོན་ཕྱག་གི་དང་པོ་གཉིས། །བདེ་སྟོང་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །རྣམ་ཤེས་མ་རིག་གཅོད་པའི་རལ་གྲི་གཡས། །ཡེ་ཤེས་རྡོ་རྗེའི་གོ་ཆ་ཕུབ་དཀར་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །ཟག་བཅས་བདེ་བ་གཅོད་པའི་གྲི་གུག་གཡས། །ཟག་མེད་བདེ་ཆེན་སྐྱོང་མཛད་ཐོད་ཁྲག་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །སྒོ་གསུམ་མི་དགེ་འབུགས་པའི་རྩེ་གསུམ་གཡས། །སྐུ་གསུམ་ཡོན་ཏན་


TNT02_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་ཁ་ཊྭཱཾ་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །ཉོན་མོངས་དུག་ལྔ་འཇོམས་པའི་མེ་མདའ་གཡས། །ཡེ་ཤེས་ལྔ་ལྡན་འབར་བའི་གཞུ་བརྡུང་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །རླུང་སེམས་དབུ་མར་འགུགས་པའི་ལྕགས་ཀྱུ་གཡས། །ཐིག་ལེ་རྩ་རླུང་འཆིང་བའི་ཞགས་པ་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །བདེ་སྟོང་ཟབ་མོའི་སྒྲ་སྒྲོགས་ཌཱ་རུ་གཡས། །ཐེག་གསུམ་དམ་ཆོས་འབྱུང་གནས་རིན་ཆེན་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །གློ་བུར་བུམ་པ་བརྡུང་བའི་ཐོ་བ་གཡས། །ཉོན་མོངས་སྐྱོན་གྱིས་མ་གོས་པད་དཀར་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་འཁོར་ལོ་གཡས། །ཁམས་གསུམ་ཆོས་སྒྲ་སྒྲོགས་པའི་དུང་དཀར་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །གཟུང་འཛིན་ལོག་འདྲེས་འབུགས་པའི་མདུང་ཐུང་གཡས། །ཆོས་ཉིད་སྟོང་གཟུགས་འཆར་བའི་མེ་ལོང་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །བདུད་བཞི་དཔུང་བཅས་སྒྲོལ་བྱེད་དབྱུག་པ་གཡས། །


TNT02_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་ཉོན་མོངས་འཆིང་བའི་ལྕགས་སྒྲོག་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །མ་རིག་སྡོང་པོ་གཅོད་པའི་དགྲ་སྟྭ་གཡས། །རིག་བྱེད་རྣམ་བཞི་བཅོམ་པའི་ཚངས་མགོ་གཡོན། །བཅོམ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་དམ་བསྐང༌། །སྟག་ལྤགས་རྡོ་རྗེའི་རྒྱན་དྲུག་སྐུ་ལ་སྤྲས། །སྟོང་ཆེན་སྣ་ཚོགས་ཡུམ་ལ་རྣམ་པར་རོལ། །བདེ་སྟོང་གཉིས་སུ་མེད་པའི་ཐུགས་དམ་བསྐང༌། ཡུམ་ཆེན་ལྷ་མོ་གསེར་མདོག་ཞལ་བཞི་མ། །པྲ་ཕབ་བརྒྱད་ཀྱི་ཕྱག་རྣམས་མཚོན་ཆ་འཛིན། །ཕྱག་རྒྱ་ལྔ་ཡི་རབ་བརྒྱན་ཡབ་ལ་འཁྱུད། །སྟོང་ཆེན་སྣ་ཚོགས་ཡུམ་གྱི་ཐུགས་དམ་བསྐང༌། །ཕ་རོལ་ཕྱིན་བཅུ་རྣམ་དག་ནུས་མ་བཅུ། །བུམ་པ་བཅུ་དང་བཅས་པའི་ཐུགས་དམ་བསྐང༌། །གནས་སྐབས་རིགས་བཞིའི་སྒྲིབ་པ་མཐར་མཛད་པ། །རྡོ་རྗེ་མཚན་མ་རྣམ་བཞིའི་ཐུགས་དམ་བསྐང༌། །ཕུང་པོ་རྣམ་དག་དེ་བཞིན་གཤེགས་པའི་ཚོགས། །ཁམས་དྲུག་དག་པའི་ཡུམ་དང་མཉམ་པར་སྦྱོར། །སངས་རྒྱས་ཡབ་ཡུམ་ཚོགས་ཀྱི་ཐུགས་དམ་བསྐང༌། །དབང་པོ་རྣམ་དག་བྱང་ཆུབ་སེམས་དཔའ་དྲུག །ཡུལ་དྲུག་དག་པའི་ལྷ་མོས་རབ་ཏུ་འཁྱུད། །སེམས་དཔའ་ཡབ་ཡུམ་ཚོགས་ཀྱི་ཐུགས་དམ་བསྐང༌། །ལས་དབང་རྣམ་དག་ཁྲོ་ཆེན་


TNT02_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཚོགས། །བྱ་བ་རྣམ་དག་ཁྲོ་མོར་མཉམ་པར་སྦྱོར། །ཁྲོ་རྒྱལ་ཡབ་ཡུམ་ཚོགས་ཀྱི་ཐུགས་དམ་བསྐང༌། །སྐྱེ་མཆེད་བཅུ་གཉིས་རྣམ་དག་མཆོད་སྤྲིན་ཐོགས། །གཟུངས་མ་ལྷ་མོ་བཅུ་གཉིས་ཐུགས་དམ་བསྐང༌། །ལྟེ་བའི་རྩ་འཁོར་དབྱུག་གུ་རྣམ་དག་པ། །ཙརྩི་ཀཱ་སོགས་གཞན་མཆོག་གཙོ་མོ་བརྒྱད། །ཟུང་འཇུག་རོལ་པའི་ལྷ་མོ་འཁོར་དང་བཅས། །གསུང་གི་ལྷ་ཚཽགས་རྣམས་ཀྱི་ཐུགས་དམ་བསྐང༌། །ཀུན་རྫོབ་ཟླ་བ་བཅུ་གཉིས་ཚིགས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་བཞོན་པར་བཅས། །ཚེས་ཞག་སུམ་བརྒྱ་དྲུག་ཅུ་རྣམ་དག་པ། །ཆོས་ཉིད་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང༌། །མཐིལ་བཞི་གསང་གཙུག་རྣམ་དག་ཤིང་རྟའི་སྟེང༌། །ཁྲོ་རྒྱལ་དབྱུག་སྔོན་ལ་སོགས་ཁྲོ་བོ་དྲུག །འོད་ཟེར་ཅན་སོགས་ཁྲོ་མོར་མཉམ་པར་སྦྱོར། །སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་ཐུགས་དམ་བསྐང༌། །སོར་མོ་རྣམ་དག་ཀླུ་དང་གཏུམ་མོའི་ཚོགས། །འདོད་ཡོན་དགའ་བདེའི་རང་བཞིན་གཟུངས་ཀྱི་ལྷ། །སྐྲ་དང་བ་སྤུ་རྣམ་དག་གྲུབ་པའི་ཚོགས། །དོན་དམ་འབྱུང་པོའི་ཚོགས་ཀྱི་ཐུགས་དམ་བསྐང༌། །གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང


TNT02_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷནྚ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀཾ་གི་ཎི་སོགས་འཁོར་གྱི་ཐུགས་དམ་བསྐང༌། །དོན་དམ་སྐྱབས་གསུམ་ཐུགས་གསུང་སྐུའི་ལྷ། །ལྷུན་གྲུབ་ཡེ་ཤེས་འོད་གསལ་འདུས་མ་བྱས། །དྲུག་བརྒྱ་སོ་བཞི་ཡབ་ཡུམ་འཁོར་དང་བཅས། །ཆོས་ཉིད་ཡོངས་རྫོགས་ལྷ་ཚོགས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་བྱིན་རླབས་རྣམ་དག་གིས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆགས་མ་ལུས་བསྐང་བ་དང༌། །ཕྱི་ནང་ཉོན་མོངས་གློ་བུར་ལས་གྲོལ་ནས། །སྟོབས་སོགས་ཡོན་ཏན་གདོད་ནས་ཀུན་ལྡན་པའི། །རྒྱལ་བའི་སྙིང་པོ་མྱུར་དུ་ཐོབ་པར་ཤོག །ཧཱུཾ། རྡོ་རྗེ་ཁང་བརྩེགས་འབར་བའི་དཀྱིལ་འཁོར་དུ། །ཁྲོ་རྒྱལ་རྡོ་རྗེ་ཤུགས་ཀྱི་ཐུགས་དམ་བསྐང༌། །ཕ་རོལ་ཕྱིན་བཅུ་རྣམ་དག་ཁྲོ་རྒྱལ་བཅུ། །དོན་དམ་ཟད་པར་བཅུ་ཡི་ཐུགས་དམ་བསྐང༌། །སྟོབས་བཅུ་བཞོན་པ་ལྡན་པའི་ཕྱོགས་སྐྱོང་བཅུ། །ཆོས་ཉིད་གཟའ་ཆེན་བཅུ་ཡི་ཐུགས་དམ་བསྐང༌། །ཡེ་ཤེས་དབང་བཅུའི་བདག་ཉིད་ཀླུ་རྒྱལ་བཅུ། །གཞན་མཆོག་འབྱུང་པོ་བཅུ་ཡི་ཐུགས་དམ་བསྐང༌། །སྡེ་དྲུག་སྲུང་


TNT02_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མ་དྲུག་ཅུ་འཁོར་བཅས་དང༌། །དུར་ཁྲོད་འབྱུང་པོ་བྱེ་བ་ཕྲག་ཕྱེད་ལ། །གླིང་བཞི་ལྷུན་པོ་ཉི་ཟླ་དཔག་བསམ་ཤིང༌། །ལྷ་མིའི་ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང༌། །བདག་ཅག་རྣལ་འབྱོར་བསྲུང་སྐྱོབས་ཞི་རྒྱས་སོགས། །རྡོ་རྗེ་འཛིན་པའི་བཀའ་བཞིན་སྒྲུབ་པར་མཛོད། །ཧཱུཾ། རབ་འཇིགས་དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ། །བཅོམ་ལྡན་དཔལ་ཆེན་རྡོ་རྗེ་ནག་པོ་ཆེ། །སྲིན་པོའི་གཟུགས་ཅན་སྦོམ་ཐུང་མཆེ་བ་གཙིགས། །ཟླུམ་པོའི་སྟབས་ཅན་རུས་རྒྱན་དར་གྱིས་བརྒྱན། །གྲི་ཐོད་རྣམ་འཕྲུལ་གནྚེ་ཐུགས་ཀར་འཛིན། །སྐྲ་སེར་སྦྲུལ་རྒྱན་ཚངས་རྐུད་ཐོད་རློན་སྤྲས། །དཔལ་ལྡན་མཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ཨེ་ཀ་ཙ་ཊྀ་འདོད་ཁམས་དབང་ཕྱུག་མ། །གནོད་སྦྱིན་ཡབ་ཡུམ་པུ་ཊ་མིང་སྲིང་དང༌། །རུ་འདྲེན་སྡེ་བཞི་མི་ནག་བྱ་ཁྱི་སོགས། །འཁོར་དང་བཅས་པའི་ཐུགས་དམ་སྐོངས་གྱུར་ཅིག །སེང་གེ་གླང་ཆེན་སྟག་གཟིག་དོམ་དྲེད་སོགས། །ཁྲབ་རྨོག་དར་སྣ་རིན་ཆེན་སྣ་ཚོགས་འདིས། །མཧཱ་ཀཱ་ལ་འཁོར་བཅས་ཐུགས་དམ་བསྐང༌། །བཞེས་ནས་ཐུབ་དབང་བསྟན་པ་རྒྱས་པ་དང༌། །རྡོ་རྗེ་ཐེག་པ་མཆོག་ཏུ་དར་བར་མཛོད། །དེ་ལྟར་ཐུགས་དམ་


TNT02_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་བྱང་ཆུབ་སྙིང་པོ་བསྒྲུབ་པ་ལ། །འདུ་བ་རྣམ་བཞིའི་ནད་རིགས་ཐམས་ཅད་དང༌། །ཉོན་མོངས་རྣམ་རྟོག་དགྲ་བགེགས་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང༌། །ས་ལམ་ཡོན་ཏན་མ་ལུས་རྒྱས་པར་མཛོད། །མི་ཆེན་རྒྱལ་པོ་ལྷ་ཀླུ་མ་ལུས་དང༌། །ལས་རླུང་ཐམས་ཅད་དབང་དུ་བསྡུ་བར་མཛོད། །ལྷ་མིའི་ལོངས་སྤྱོད་འདོད་རྫས་ཐམས་ཅད་དང༌། །རླུང་སེམས་མ་ལུས་དབུ་མར་འགུག་པར་མཛོད། །བསྟན་པའི་དགྲ་བོ་བདུད་རིགས་ཐམས་ཅད་དང༌། །ཉོན་མོངས་རགས་པའི་སེམས་རྣམས་རྨོངས་པར་མཛོད། །ཐར་པའི་ཆོམ་རྐུན་འདུ་འཛི་ལ་སོགས་པའི། །མི་བཟད་གློ་བུར་དགྲ་རྣམས་རེངས་པར་མཛོད། །བསྒྲལ་བའི་ཞིང་གྱུར་དགྲ་བགེགས་ཐམས་ཅད་དང༌། །ལས་རླུང་ཉི་ཁྲི་ཆིག་སྟོང་བསད་པར་མཛོད། །གཟུང་


TNT02_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མ་རིག་ལས་ཀྱི་དགྲ་བགེགས་དང༌། །འཛག་བདེ་འཕོ་བའི་བག་ཆགས་བསྐྲད་པར་མཛོད། །ཚེ་འདིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག །ཐོབ་ནས་བསྟན་དང་འགྲོ་ལ་ཕན་བྱེད་ཤོག །ཡི་དམ་ཆོས་སྐྱོང་གི་བསྐང་བསྡུས་འདིའང༌། ཀུན་མཁྱེན་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་གྱིས་གསུངས། རྒྱུད་སྡེ་བཞིའི་བསྐང་བ་བདེ་སྟོང་རོལ་པ་ནས་ཁོལ་བྱུང་དུ་འབྲི་བ་པོ་ནི། དགེ་སློང་ངག་དབང་ཆོས་འཕེལ་ཏེ་དགེ་བར་གྱུར་ཅིག བཀྲ་ཤིས།


previousབླ་མ་ཡི་དམ་ཆོས་སྐྱོང་གི་བསྐང་གསོ་བདེ་སྟོང་རོལ་པ།next