Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
དཔལ་གྲོལ་བའི་ཐིག་ལེའི་ཁྲིད་ཡིག་མི་ཤིགས་པའི་རིན་པོ་ཆེ་སྒྲུབ་པའི་ཐབས།


 
previousདཔལ་གྲོལ་བའི་ཐིག་ལེའི་ཁྲིད་ཡིག་མི་ཤིགས་པའི་རིན་པོ་ཆེ་སྒྲུབ་པའི་ཐབས།no next

དཔལ་གྲོལ་བའི་ཐིག་ལེའི་ཁྲིད་ཡིག་མི་ཤིགས་པའི་རིན་པོ་ཆེ་སྒྲུབ་པའི་ཐབས།


TNT05_Page_1061
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྲོལ་བའི་ཐིག་ལེའི་ཁྲིད་ཡིག་མི་ཤིགས་པའི་རིན་པོ་ཆེ་སྒྲུབ་པའི་ཐབས་ཞེས་བྱ་བ་བཞུགས།[འདི་སྲོག་འཛིན་དྲན་ཏིང་བཞི་ཡིན་པས་རྗེས་སུ་བསྟན་པར་བྱའོ།།]


TNT05_Page_1062
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཨཱ་ཙརྱ་ཨཀྵོ་བྷྱཿ བཛྲ་མཉྫུ་ཤྲི་ཡེ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།། རྟག་བརྟན་བདེ་ཆེན་གཞོན་ནུའི་ཚུལ། །འཇམ་པའི་རྡོ་རྗེ་བླ་མ་དང༌། །དབྱེར་མེད་དེ་ལ་གུས་པས་འདུད། །གང་ཟག་རྣམ་པ་བཞིའི་དོན་དུ། །དགའ་བཞི་ཐིག་ལེ་རྣམ་བཞིའི་ལམ། །སྐུ་བཞི་སྒྲུབ་ཐབས་རྫོགས་རིམ་མཆོག །རྟོན་པ་བཞི་ལྡན་བདག་གིས་བཤད། །འདིར་འཕགས་པ་འཇལ་དཔལ་གྱི་ཞལ་ལུང་བརྙེས་པས་ཡང་དག་པའི་དོན་མངོན་སུམ་དུ་གཟིགས་པ། དཀྱིལ་འཁོར་གྱི་རྡོ་རྗེ་སློབ་དཔོན་མཆོག་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཞེད་པས། སྐལ་དམན་ཚེ་འདིར་བསྐྱེད་རིམ་འབའ་ཞིག་བསྒོམས་ཏེ་རྫོགས་རིམ་སྐྱེ་བ་གཞན་དུ་སྨོན་ལམ་གྱིས་མཚམས་སྦྱོར་བ་དང༌། འབྲིང་པོ་ཚེ་འདིར་རྫོགས་རིམ་གཙོ་བོར་བསྒོམས་པས་བསྐྱེད་རིམ་ཞོར་ལ་འགྲུབ་སྟེ། བར་དོའམ་སྐྱེ་བ་གཞན་ལ་བྱང་ཆུབ་པའི་ལམ་དང༌། སྐལ་ལྡན་བསྐྱེད་རྫོགས་ཟུང་འཇུག་ཏུ་རྒྱས་འདེབས་པའི་ལམ་ཚེ་འདི་ཉིད་ལ་བྱང་ཆུབ་མངོན་དུ་བྱེད་པ་རྫོགས་པ་ཆེན་པོའི་རིམ་པའོ། །


TNT05_Page_1063
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་ནི། སློབ་དཔོན་ཉིད་ཀྱིས་སྒྲུབ་ཐབས་ཀུན་བཟང་སོགས་མཛད་ལ། རྒྱ་བོད་ཀྱི་ཡེ་ཤེས་ཞབས་ལུགས་པ་ཕལ་ཆེར་ཞིག་ལམ་འདི་ཉིད་དང་ཚོགས་བཤད་ཙམ་གྱིས་ཆོག་ཤེས་ཅན་ནོ། །གཉིས་པ་ནི་རྫོགས་རིམ་ཉེ་ཚེ་ཙམ་ཡིན་ལ། གསུམ་པ་ནི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཡིན་ཏེ། ལམ་གྱི་གནད་རྒྱས་པར་ཞལ་ལུང་དང་གྲོལ་ཐིག་ལས་རྟོགས་དགོས་ཤིང༌། མན་ངག་འདི་དང་རྗེས་སུ་འབྲེལ་བའི་རྒྱུད་ཀྱི་བཤད་པ་ནི། སློབ་བཤད་མཆོག་ཏུ་གྱུར་པ་ཡིན་ཏེ། འོན་ཀྱང་རྒྱ་བོད་གཉིས་ཅར་དུ་དཀོན་པར་བྱུང་སྣང་ངོ༌། །དེས་ན་འདིར་ཉམས་ལེན་འཁྲིད་ཚུལ་ནི་རྣམ་པ་གསུམ་སྟེ། ཟབ་གསལ་གཉིས་སུ་མེད་པའི་འཁྲིད། མཆོག་གྱུར་དབང་གི་ཡེ་ཤེས་ཀྱི་འཁྲིད། བླ་མེད་གྲོལ་བའི་ཐིག་ལེ་བསྒོམ་ཚུལ་ལོ། །དང་པོ་གཉིས་ཟུར་དུ་ཤེས་ལ། གསུམ་པ་ལ་སྔར་བསྐྱེད་རིམ་གྱི་རྣལ་འབྱོར་ཡུན་རིང་དུ་གོམས་པ་ཡིན་ན། འཁྲིད་ཀྱི་སྔོན་འགྲོའི་རིམ་པ་རྣམས་མཐའ་གཅིག་ཏུ་དགོས་པ་མ་ཡིན་ལ། དེ་ལྟར་མ་ཡིན་ན་དགོས་པས་བླ་མ་སྔ་མ་རྣམས་ཀྱི་བཞེད་པ་ལྟར་དགོད་པར་བྱའོ། །དེ་ལ་འཁྲིད་ཀྱི་སྔོན་འགྲོ་དང༌། འཁྲིད་དངོས་གཞི་གཉིས་ལས། དང་པོ་ལ་གཉིས་ཏེ། ཐུན་མོང་གི་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས། དང་པོ་ནི། དལ་འབྱོར་འདི་ནི་ཤིན་ཏུ་གཡོ་བ་དང༌། །འཇིག་རྟེན་སྐྱེ་བོ་དམ་པ་འཕྲད་རྙེད་དཀའ། །དེ་བས་ཤེས་རབ་ཐབས་ལ་གཞོལ་བ་ཡིས། །ཡིད་ལ་བྱེད་པའི་མཆོག་འདི་བསྒྲུབ་


TNT05_Page_1064
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཞེས་པས། དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག་པ་བསྒོམ་པའི་རིམ་པ་བསྟན། དེ་བས་ཆུ་འཁོར་དྲག་པོའི་ཁར་ལྷུང་ལྟར། ལུས་དང་ངག་དང་ཡིད་ཀྱིས་བརྩོན་འགྲུས་བསྐྱེད། ཅེས་འཁོར་བའི་སྡུག་བསྔལ་བསམ་པའོ། །དེ་ལ་སྔགས་པ་སྙིང་རྗེའི་སྟོབས་ཀྱིས་ནི། །བྱང་ཆུབ་མཆོག་ཏུ་ཡང་དག་སེམས་བསྐྱེད་ཅིང༌། །གཏོང་བ་ལ་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཟབ་མོའི་ཚུལ་དག་ལ་ནི་ལྷག་པར་མོས། ། ཞེས་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་སྤྱོད་པ་དང་བཅས་པ་དང༌། སྔགས་ཀྱི་ཐེག་པ་ལ་ཐུན་མོང་མ་ཡིན་པའི་དད་པ་བསྐྱེད་པ་རྣམས་བསྟན་ཏེ། དེ་དག་ནི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་ཐུན་མོང་ཡིན་པའི་ཕྱིར་འདིར་མ་བཤད་དོ། །གཉིས་པ་ལ་གཉིས་ལས་དང་པོ་ནི། སྐྱབས་སེམས་སྔོན་དུ་འགྲོ་བ་ཅན་གྱི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། སྒྲུབ་ཐབས་སུ་བཤད་ཟིན་ཏོ། །གཉིས་པ་ལ་མཎྜལ། བླ་མའི་རྣལ་འབྱོར་གཉིས་ལས། དང་པོ་ནི། བླ་མ་མི་བསྐྱོད་རྡོ་རྗེའམ་འཇམ་པའི་རྡོ་རྗེར་གསལ་བཏབ་སྟེ། མཐའ་སྐོར་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་ཁྲོམ་ཚོགས་སུ་བསྒོམས་ལ། དང་པོར་རྩ་བའི་བླ་མ་ལ་མཎྜལ་ལན་བདུན་དང༌། དེ་ནས་བརྒྱུད་པའི་བླ་མ་རྣམས་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་རེ་རེ་བཞིན་དུ་མཎྜལ་ལན་རེ། ཐམས་ཅད་སྤྱི་མཐུན་དུ་མཎྜལ་ལན་བདུན་ཏེ། མཎྜལ་ལན་རེ་རེའི་མཐར་ཡང་གསོལ་བ་དྲག་ཏུ་གདབ་པར་བྱའོ། །འདིའི་ཐོག་མཐའ་གཉིས་སུ་མཎྜལ་ལན་བདུན་འབུལ་བའི་སྐབས་སུ་


TNT05_Page_1065
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་སྣ་བདུན་རེ་རེས་ཞིང་ཀུན་བཀང་སྟེ་འབུལ་བའི་དམིགས་པ་དགོས་པར་བཞེད་དོ། །གཉིས་པ་བླ་མའི་རྣལ་འབྱོར་ནི། རང་གི་མདུན་དུ། སེང་གེའི་ཁྲིའི་གདན་ལ་བླ་མ་རྗེ་བཙུན་མི་བསྐྱོད་པའམ་འཇམ་པའི་རྡོ་རྗེར་གསལ་བཏབ་ལ། མཆོད་ཡོན་ནས་རོལ་མོའི་བར་དང༌། གཟུགས་སོགས་རྡོ་རྗེ་མ་དྲུག་གི་མཆོད་པ་རྣམས་སྒྲུབ་ཐབས་ནས་འབྱུང་བ་ལྟ་བུར་ཕུལ་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་ཀྱིས་བསྟོད་ཅིང་འཇམ་རྡོར་དུ་བསྒོམས་ན། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །སོགས་ཀྱིས་ལན་མང་དུ་གསོལ་བ་བཏབ། ཤེས་ཤིང་སྤྲོ་ན། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཞེས་སོགས་ཞལ་ལུང་ནས་འབྱུང་བའི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་གསོལ་བ་བཏབ། རྡོ་རྗེ་སློབ་དཔོན་ཆེན་པོ་ལ་བདག་གིས་ལུས་དབུལ་བར་བགྱིའོ་ཞེས་རང་ཉིད་བྲན་དུ་འབུལ། སློབ་དཔོན་གྱི་སྐུ་ལས་སྐུ་གཉིས་པ་ཞིག་ཆད་ནས་རང་ཉིད་ཀྱི་སྤྱི་བོར་ཐིམ་པས་བུམ་དབང་ཐོབ་པར་བསམ། སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱིས་འོད་ཟེར་སྤྲོས་ཏེ་མགྲིན་པར་ཐིམ་པས་གསང་དབང་ཐོབ་པར་བསམ། སླར་ཡང་གསོལ་བ་དྲག་ཏུ་བཏབ་པས་བླ་མ་སྤྱི་བོར་བྱོན། ཡབ་ཡུམ་སྙོམས་པར་ཞུགས་པས་རྗེས་སུ་ཆགས་པའི་བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ། བདག་ཉིད་ལ་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ། དེ་ཉིད་ཀྱི་ངང་དུ་དུས་གསུམ་གྱི་རྣམ་པར་རྟོག་པ་སྤངས་ཏེ་མཉམ་པར་འཇོག་པ་ནི་དབང་བཞི་པའོ། །འཇུག་ཏུ་སླར་ཡང་རྗེས་སུ་འཛིན་པར་སྨོན་ལམ་གདབ། གཉིས་པ་དངོས་གཞི་ལ། བསྐྱེད་རིམ་དང༌།


TNT05_Page_1066
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་གཉིས་ལས། དང་པོ་ལ། གང་ཟག་རབ་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་སྒོམ་པ་དང༌། འབྲིང་གིས་དང་པོ་སྦྱོར་བའམ་བསྙེན་སྒྲུབ་ཡན་ལག་ཆུང་ངུ་སྐོར་བཞི་ཙམ་སྒོམ་པ་སྟེ། དེ་གཉིས་ནི་སྒྲུབ་ཐབས་སུ་ཤེས་པར་བྱའོ། །དབང་པོ་དམན་པས་ཤིན་ཏུ་བསྡུས་པའི་རྣལ་འབྱོར་སྒོམ་ཚུལ་ནི། གཞུང་རྣམས་ལས་གསལ་བར་མ་འབྱུང་ཡང་བླ་མའི་མན་ངག་གོ །དེའི་རིམ་པ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོར་སོགས་སྔོན་དུ་འགྲོ་བས། ཚད་མེད་བཞི་སྤྱི་རིགས་པ་བཏང་ནས། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་སྟོང་པ་ཉིད་བསྒོམ། སྟོང་པའི་ངང་ལས་པདྨ་དང༌། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མཾ་ལས་རལ་གྲི་མཾ་གྱིས་མཚན་པ་ལས། རང་ཉིད་འཇམ་པའི་རྡོ་རྗེ་སེར་སྔོ་དཀར་པའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་སྣང་གི་ཡུམ་འཇམ་པའི་རྡོ་རྗེ་མ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རལ་གྲི་དང་མདའ། གཡོན་གཉིས་ཀྱིས་ཨུཏྤལ་དང་གཞུ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་ཀྱིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཟུར་ཕུད་ལྔ་པ་མཚན་དཔེས་སྤྲས་པའི་སྐུ་ཅན་དུ་གྱུར། ཨོཾ་ངྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མིག་གཉིས་སུ་ཀྵིཾ་དཀར་པོ་ས་སྙིང༌། རྣ་བ་གཉིས་སུ་ཛིཾ་སྔོན་པོ་ཕྱག་རྡོར། སྣར་ཁཾ་སེར་པོ་ནམ་སྙིང༌། ལྕེར་གཾ་དམར་པོ་སྤྱན་རས་གཟིགས། དཔྲལ་བར་ཀཾ་ལྗང་ཁུ་སྒྲིབ་སེལ། ལྟེ་བར་སཾ་སྔོན་པོ་ཀུན་བཟང༌། སྙིང་གར་ཧཱུཾ་ཐུགས་རྡོ་རྗེ། མགྲིན་པར་ཨཱཿགསུང་


TNT05_Page_1067
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། དཔྲལ་བར་ཨོཾ་སྐུ་རྡོ་རྗེ། སངས་རྒྱས་ཐམས་ཅད་ཐུགས་གསུང་སྐུ་རྡོ་རྗེའི་རྣམ་པར་སྤྱན་དྲངས། རང་གི་གནས་གསུམ་དུ་ཐིམ། སྙིང་གར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རལ་གྲིའི་ཡུ་བ་ལ་མཾ། དབང་གི་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛཿ བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་སྒྲོལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲིར་བྷ་ཝ་ཨ་བྷི་ཥི་ཉྩ་ཧཱུཾ་ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ལྷ་སྐུ་གསལ་སྟོང་ལ་ཅུང་ཟད་མཉམ་པར་བཞག་ཅིང༌། ཨོཾ་ཨཱཿམཾ་ཧཱུཾ་ཞེས་ཅི་ནུས་བཟླ། ཡང་ན་ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་སྔོ་དཀར་དམར་བའི་ཞལ། ཕྱག་དྲུག་དང་པོ་སྔར་དང་འདྲ་ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་འཁོར་ལོ་པདྨ། རང་འོད་ཀྱི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རང་འདྲས་འཁྱུད་པ་བསྒོམས། ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་ལྟེ་བར་ཧཱུཾ་ཡིན་གཞན་ཐམས་ཅད་རིགས་འགྲེའོ། །འདི་ནི་རྫོགས་རིམ་གྱི་རྟེན་ཙམ་དུ་གྱུར་པའི་བསྐྱེད་པའི་རིམ་པའོ། །གཉིས་པ་ལ། དགའ་བ་བཞིའི་རིམ་པའམ། ཐིག་ལེ་བཞིའི་རིམ་པའམ་ཐིག་ལེ་དང༌། ཡེ་ཤེས་དང་འཕོ་


TNT05_Page_1068
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རིམ་པ་སྟེ་གསུམ་དུ་བསྡུས་ཀྱང་རུང་མོད་ཀྱི། འདིར་ཚེ་འདི་ལ་འཚང་རྒྱ་བའི་ལམ་དང༌། བར་དོར་འཚང་རྒྱ་བའི་ལམ་གཉིས་ལས། དང་པོ་ལ། སྔོན་འགྲོ་ཐིག་ལེ་གསུམ་གྱི་རྣལ་འབྱོར། དངོས་གཞི་ཡེ་ཤེས་སྒྱུ་མ་ལྟ་བུའི་རྣལ་འབྱོར། རྗེས་ཟབ་གསལ་གཉིས་མེད་ཀྱི་སྤྱོད་པས་བོགས་འབྱིན་པ་སྟེ་གསུམ་ལས། དང་པོ་ལ། སྙིང་གར་མི་ཤིགས་ཐིག་ལེ་དགའ་བའི་རྣལ་འབྱོར། གསང་བར་ནོར་བུའི་ཐིག་ལེ་མཆོག་དགའི་རྣལ་འབྱོར། སྣ་རྩེར་སྤྲུལ་བའི་ཐིག་ལེ་ཁྱད་དགའི་རྣལ་འབྱོར་སྟེ་གསུམ་ལས། དང་པོ་ལ། རྟོག་པ་ཅན་དང༌། རྟོག་མེད་གཉིས་ལས་དང་པོ་ལ་དམིགས་པ་དངོས་དང༌། བོགས་འདོན་གཉིས་ལས། དང་པོ་ནི། རང་ཉིད་བསྲུང་འཁོར་གྱི་ནང་དུ་ཆུད་པའི་དཀྱིལ་འཁོར་གྱི་གཙོ་བོར་བསྒོམས་ཏེ་ལུས་ལ་རྩ་གསུམ་འཁོར་ལོ་བཞི་རྣམས་རྒྱུད་སྡེ་སྤྱི་དང་མཐུན་པར་རགས་པ་ཙམ་ཐོག་མར་གསལ་གདབ། ཡི་གེ་གསལ་འདེབས་མི་དགོས། དེའི་རྒྱུན་ལ་རྩ་འཁོར་གཞན་སྒོམ་མི་ནུས་ན་སྙིང་གའི་འཁོར་ལོ་ཁོ་ན་བསྒོམས་གཞན་རྣམས་མོས་པ་ཙམ་བྱའོ། །དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ། རང་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་ཡུམ་དང་བཅས་པ་གསལ་བཏབ། དེའི་ཐུགས་ཀར་རལ་གྲི་སྔོ་བསངས་ཡུ་བ་སྦུབས་སྟོང་དུ་གནས་པའི་ནང་དུ་མཾ་དམར་སེར། དེ་ལ་སེམས་དྲག་ཏུ་གཏད་པས། མཾ་ཡི་གེ་འོད་དུ་ཞུ་སྟེ། ཐིག་ལེ་དམར་སེར་ཙ་ན་ཀ་སྟེ་སྲན་ཆུང་གི་འབྲུ་ཚད་ཙམ་དུ་གྱུར། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག མི་བསྐྱོད་པ་བསྒོམས་པ་ཡིན་ན་རྡོ་རྗེ་དང་ཧཱུཾ་ཡིག་དང་ཐིག་ལེ་


TNT05_Page_1069
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་བསྒོམ་པ་ནི་ཁྱད་པར་ཏེ་འདིས་འཆད་པར་འགྱུར་བ་ཐམས་ཅད་ལ་རིགས་འགྲེའོ། །དམིགས་སྐོར་དང་པོའོ། །དེ་ལ་བརྟན་པ་ཐོབ་ན། དེའི་དབུས་སུ་ཡང་འཇམ་པའི་རྡོ་རྗེ་ཞལ་ཕྱག་ཡོངས་སུ་རྫོགས་པ་བསྒོམ་པ་ནི། དམིགས་སྐོར་གཉིས་པའོ། །དེ་ལས་རྟེན་གཞལ་ཡས་ཁང་གི་དབུས་སུ་གཙོ་རྐྱང་བསྒོམ་པ་ནི། དམིགས་སྐོར་གསུམ་པའོ། །འཁོར་གྱི་ལྷ་རྣམས་ཀྱང་བསྒོམས་པ་སྟེ། དམིགས་སྐོར་བཞི་པའོ། །གཙོ་བོ་སེམས་དཔའ་གསུམ་བརྩེགས་སུ་སྔར་བཤད་པ་ལྟར་བསྒོམ་པ་ནི། དམིགས་སྐོར་ལྔ་པའོ། །དེའི་ཏིང་ངེ་འཛིན་སེམས་དཔའ་ཐིག་ལེའི་ནང་དུ་ཡང་གཙོ་བོ་ཙམ་སྒོམ་པ་དང༌། གཞལ་ཡས་ཁང་སྒོམ་པ་དང༌། འཁོར་གྱི་ལྷ་རྣམས་སྒོམ་པ་དང༌། གཙོ་བོ་སེམས་དཔའ་གསུམ་བརྩེགས་སྒོམ་པ་དང༌། ཏིང་ངེ་འཛིན་སེམས་དཔའ་མཾ་ཡིག་ཞུ་ནས་ཐིག་ལེར་བསྒོམ་པ་སྟེ། དེ་ལྔ་རེ་རེ་ལ་དམིགས་སྐོར་རེ་རེ་སྟེ་བཅུའོ།། འདི་དག་ཀྱང་དབང་པོ་རབ་གསལ་སྣང་མཐར་ཕྱིན་པའི་དབང་དུ་བྱས་ཀྱི། ད་ལྟར་བསྒོམས་པ་ལ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་ཐིག་ལེའི་ནང་དུ་འཆར་དཀའ་བས། འཁོར་དང་གཞལ་ཡས་ཁང་གི་དམིགས་སྐོར་བཞི་པོ་དོར་ཏེ། སྙིང་གའི་ཐིག་ལེའི་རྩ་བ་ལ་དམིགས་སྐོར་དྲུག་བྱའོ། །གཉིས་པ་ལ། གཞན་དོན་བསྒྲུབ་པའི་ཕྱིར་སྦྱང་བ། བདེ་བ་བསྐྱེད་པའི་ཕྱིར་བསྡུ་བ། བྱིན་རླབས་འཇུག་པའི་ཕྱིར་བསྐུལ་བ་སྟེ་གསུམ་ལས་དང་པོ་ནི། སྔར་བཞིན་སྙིང་གར་སེམས་དཔའ་གསུམ་བརྩེག་གི་ཐིག་ལེ་བསྒོམས་ཏེ། དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པའི་རྩེ་མོ་ལ་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲུལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་སྟེ། སེམས་


TNT05_Page_1070
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་བཀོད། དེ་རྣམས་བདུད་རྩིར་ཞུ། སྤྲུལ་པའི་དཀྱིལ་འཁོར་རྣམས་ཀྱང་བདུད་རྩི་ལ་ཐིམ། ཚུར་འདུས་ཏེ་སྣ་བུག་གཡོན་ནས་ཞུགས། སྙིང་གའི་ཐིག་ལེ་ལ་ཐིམ་པས། ཡོན་ཏན་བསྐྱེད་པའི་ནུས་པ་དང་ལྡན་ཞིང༌། འོད་ཟེར་འབར་བར་བསམ་མོ། །གཉིས་པ་ནི་ཐིག་ལེའི་འོད་ཀྱིས་ཡེ་ཤེས་སེམས་དཔའི་སྐུ་གང༌། དེ་ལས་འོད་འཕྲོས་གཞི་ལུས་ཀྱི་ནང་གསལ་ཞིང་གང་བར་བྱས། མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་དཀར་ཆ་ཐིག་ལེ་བཅུ་དྲུག་པོ་རྣམས་གསལ་བར་མཐོང་བ་ནི། རྐང་པའི་མཐེ་བོང་གཉིས་སུ་ཨ་ཐུང་རེ། བྱིན་པ་གཉིས་སུ་ཨཱ་རིང་པོ་རེ། བརླ་གཉིས་སུ་ཨི་ཐུང་རེ། གསང་བའི་གཡས་གཡོན་དུ་ཨཱི་རིང་པོ་རེ། གསུས་པའི་འོག་གི་གཡས་གཡོན་དུ་ཨུ་ཐུང་རེ། གསུས་པའི་སྟེང་གི་གཡས་གཡོན་དུ་ཨཱུ་རིང་བོ་རེ། ནུ་མ་གཡས་གཡོན་གཉིས་ལ་རྀ་ཐུང་རེ། ལག་པ་གཡས་གཡོན་གཉིས་ཀྱི་རྩ་བར་རཱྀ་རིང་པོ་རེ། མགྲིན་པའི་གཡས་གཡོན་དུ་ལྀ་ཐུང་རེ། མཆུའི་ཐད་ཀྱི་འགྲམ་པ་གཡས་གཡོན་དུ་ལཱྀ་རིང་པོ་རེ། འགྲམ་པའི་དབུས་ཀྱི་གཡས་གཡོན་དུ་ཨེ་འགྲེང་བུ་རྐྱང་པ་རེ། མིག་གཉིས་སུ་ཨཻ་འགྲེང་བུ་ཉིས་བརྩེག་རེ། རྣ་བ་གཉིས་སུ་ཨོ་ན་རོ་རྐྱང་པ་རེ། སྤྱི་གཙུག་གི་གཡས་གཡོན་གཉིས་སུ་ཨཽ་ན་རོ་ཉིས་བརྩེག་རེ། ཚིགས་ཐམས་ཅད་ལ་ཨཾ་ཨཿརེ། ཐམས་ཅད་ཀྱང་ཁ་དོག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་བ། བདེ་བའི་རང་བཞིན་ཅན་དུ་བསམ། སྙིང་གའི་འོད་ཀྱིས་ཡི་གེ་དེ་རྣམས་རིམ་པས་སམ་ཅིག་ཅར་གང་མོས་ཀྱིས་སྙིང་གའི་མི་


TNT05_Page_1071
[མ་དཔེ་གཟིགས་ན་འདིར་གནོན།]

ཤིགས་པའི་ཐིག་ལེར་བསྟིམས་པས། འོད་ཟེར་འབར་ཞིང༌། བདེ་བའི་ངོ་བོ་ལྷག་པར་རྒྱས་པར་བསམ་མོ། །གསུམ་པ་ནི། སྙིང་གའི་ཐིག་ལེའི་འོད་ཀྱིས་གཞི་ལུས་གསལ་བའི་བར་གོང་བཞིན་ལས། འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་སྤྲོས་ཏེ། རྩེ་མོ་ལ་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲུལ། ཕྱོགས་བཅུའི་ཞིང་ཐམས་ཅད་ཁྱབ། སངས་རྒྱས་རྣམས་ཀྱི་སྐུའི་དྲུང་དུ་སླེབ་པ་ན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་ཞུ། རྒྱལ་བ་ཡབ་ཡུམ་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བླངས། ཡབ་ཀྱི་རྡོ་རྗེ་དང༌། ཡུམ་གྱི་པདྨར་བྱུང༌། གསང་བའི་ལམ་ནས་ཕྱིར་བྱོན་པ་ན་ཚུར་འདུས། ཡབ་ཀྱི་བདུད་རྩི་རྣམས་རང་གི་སྣ་བུག་གཡས་དང༌། ཡུམ་གྱི་བདུད་རྩི་རྣམས་སྣ་བུག་གཡོན་ནས་ཞུགས། རྩ་བའི་ཐིག་ལེ་ལ་ཐིམ་པ་དང༌། ཐིག་ལེ་དེ་ཉིད་དཀར་ལ་དམར་བའི་མདངས་ཆགས་པ། འོད་ཟེར་ཆེར་འབར་བར་བསམ། དེ་རྣམས་བསྒོམས་པ་ལས། མ་དག་པའི་སྣང་བ་འགོག་ཅིང༌། དཔེའི་འོད་གསལ་གྱི་རྟགས་འདར་བ་དང་སྨྱོ་བ་སོགས་འབྱུང་ཞིང༌། ཕུང་ཁམས་ཀྱི་དྲི་མ་རགས་པ་ཅི་རིགས་པ་དག་ཅིང༌། དགའ་བའི་ཡེ་ཤེས་ཐོབ་པར་འགྱུར་རོ། །གཉིས་པ་རྟོག་མེད་ནི་རྩ་བའི་དམིགས་པ་དེ་འཇུར་བ་ཡུན་ཐུང་ཙམ་རེ་སྔོན་འགྲོར་བཏང༌། སེམས་ཀྱི་གཏད་སོ་སྙིང་གར་བྱས་ལ་མི་རྟོག་པར་བཞག་པས། ཐིག་ལེ་ལ་གཞི་བྱས་པའི་རྟོགས་སྣང༌། མཐའ་ཡས་པ་འཆར་པ་ལ་མཉམ་པར་འཇོག་སྟེ་དམིགས་པ་


TNT05_Page_1072
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཡིན་ལ། དེ་ལས་སྟོང་པའི་ཡེ་ཤེས་གཙོ་བོར་འཆར་བ་དང༌། ལྟེ་བར་བསྒོམས་པས་སྒྱུ་མ་ལྟ་བུ་དང༌། སྤྱི་བོར་བདེ་བ་དང༌། མགྲིན་པ་གསལ་བའི་ཡེ་ཤེས་སྐྱེ་བ་ཡིན་ནོ། །དེས་རྩ་ཕྲན་རྣམས་ཀྱི་རླུང་ཐིམ་པ་དང༌། དེས་དྲངས་ནས་ཐིག་ལེ་འདུ་བ་དང༌། རྩ་བའི་རླུང་ཆེན་པོ་རྣམས་ཀྱང་དབུ་མར་སྡུད་པ་འབྱུང་སྟེ་སྦྱངས་བསྡུས་བསྐུལ་གསུམ་གྱི་བརྡས་མཚོན་པའི་དོན་ནོ།། དེ་ལྟར་ན། སྙིང་གའི་ཐིག་ལེ་དམིགས་ཆེན་དངོས་གཅིག་ཡིན་པ་ལ། ནང་ཚན་དམིགས་སྐོར་དྲུག་གམ་བཅུ། བོགས་འདོན་གྱི་དམིགས་ཆེན་གསུམ་སྟེ་ཀུན་དྲིལ་བས་དམིགས་ཆེན་བཞི་ལ་དམིགས་སྐོར་དགུ་འམ་བཅུ་བཞིའོ། །གཉིས་པ་ལ། དམིགས་པ་དངོས་དང༌། མཐར་འབྱིན་བྱེད་གཉིས་ལས། དང་པོ་ལ་ཡང་རྟོག་པ་ཅན་དང༌། རྟོག་མེད་གཉིས་ཀྱི་དང་པོ་ནི། སྙིང་གའི་ཐིག་ལེ་སྔར་བཞིན་བསྒོམས་གོང་གི་སྦྱངས་བསྡུས་བསྐུལ་གསུམ་པོ་ཡུད་ཙམ་དྲན་པར་བྱས་ལ། དངོས་ཀྱི་རིག་མའམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་མཉམ་པར་སྦྱར་བའི་རྐྱེན་གྱིས་རྗེས་སུ་ཆགས་པའི་མེས་སྙིང་གའི་ཐིག་ལེ་དེ་ཉིད་འབར་ཞིང་ཞུ་སྟེ་ཆ་གསུམ་དུ་སོང༌། རོ་རྐྱང་དབུ་མ་གསུམ་གྱི་ལམ་ལ་བརྒྱུད་ནས་མས་སྣར་བབས། གསང་བའི་འཁོར་ལོ་ལས་བརྒྱུད་དེ་རྡོ་རྗེ་ནོར་བུའི་རྩེ་མོའི་ནང་དུ་བབས་པ། རང་ལྷའི་ཕྱག་མཚན་སྟེ། རྡོ་རྗེའམ་རལ་གྲི་སྔོ་སངས་ནས་འབྲུ་ཙམ་དུ་གྱུར་པའི་ཡུ་བར་ཧཱུཾ་ངམ་མཾ་ལས་བྱུང་བའི་ཐིག་ལེ་སྔོན་པོའམ་དམར་སེར་ཡུངས་འབྲུ་ཙམ་ལ་སེམས་དྲག་ཏུ་གཟུང་སྟེ་དམིགས་སྐོར་


TNT05_Page_1073
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག ཐིག་ལེའི་དབུས་སུ་གཙོ་བོ་སྒོམ་པ་དང༌། གཞལ་ཡས་ཁང་ཡང་སྒོམ་པ་དང༌། འཁོར་གྱི་ལྷ་རྣམས་ཀྱང་སྒོམ་པ་དང༌། དེའི་གཙོ་བོའི་ཐུགས་ཀར་སེམས་དཔའ་གསུམ་བརྩེག་སྒོམ་པའི་ཏིང་ངེ་འཛིན་སེམས་དཔའ་ཐིག་ལེར་ཞུ་བ་སྒོམ་པ་དང༌། ཐིག་ལེ་དེའི་དབུས་སུ་ཡང་གཙོ་བོ་སྒོམ་པ་དང། གཞལ་ཡས་ཁང་སྒོམ་པ་དང། འཁོར་གྱི་ལྷ་རྣམས་སྒོམ་པ་དང༌། ཡང་དེའི་གཙོ་བོའི་ཐུགས་ཀར་སེམས་དཔའ་གསུམ་བརྩེག་གི་ཏིང་ངེ་འཛིན་སེམས་དཔའ་ཐིག་ལེར་ཞུ་བ་སྒོམ་པ་སྟེ། དམིགས་སྐོར་དགུའམ། འདིར་ཡང་འཁོར་དང༌། གཞལ་ཡས་ཁང་གི་དམིགས་པ་གཉིས་གཉིས་དོར་བས། ལྔར་བྱས་ཀྱང་རུང་ངོ༌། །ལས་དང་པོ་པས་འཁོར་དང་གཞལ་ཡས་ཁང་གི་དམིགས་པ་འདོར་ཚུལ་འོག་མ་རྣམས་ལའང་འདྲའོ། །གཉིས་པ་རྟོག་མེད་ཀྱི་རྣལ་འབྱོར་ཡང་སྔ་མས་རིགས་འགྲེ་སྟེ། རྟོག་བཅས་དེ་སྔོན་འགྲོར་ཚར་གཅིག་བཏང་ནས། ནོར་བུར་རྟོག་མེད་ལ་རིང་དུ་མཉམ་པར་འཇོག་པ་ཡིན་ནོ། །གཉིས་པ་ལ། གེགས་སེལ་དགའ་བྲལ་སྒོམ་པ་དང༌། བོགས་འདོན་ཡན་ལག་གསུམ་སྒོམ་པའོ། །དང་པོ་ནི། སྔར་ནོར་བུར་ཐིག་ལེ་སྒོམ་པ་དེ་གནས་དམའ་བས་སེམས་བྱིང་པ་ཡང་སྲིད། ཐིག་ལེ་ཕྲ་བ་དང་འོད་འཚེར་བ་སོགས་ཀྱིས་རྒོད་པ་ཡང་སྲིད་པས། བྱིང་རྒོད་ཀྱི་སྐྱོན་གང་བྱུང་ཡང༌། ཡིད་ཀྱི་དམིགས་པས་ཐིག་ལེ་དེ་ཉིད་ཕྱིར་སྤྲོས་ཏེ། ཤེས་རབ་མའི་པདྨའི་སྣ་རྩེར་གནས་པ་ལ་སེམས་དྲག་ཏུ་གཟུང་བས། མཆོག་དགའ་ལས་ལངས་ཏེ་དགའ་བྲལ་གྱི་ཡེ་ཤེས་འཆར་བས་དེ་ལ་དམིགས་པའི་བདེ་སྟོང་བསྒོམ་


TNT05_Page_1074
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །བྱིང་རྒོད་སེལ་བ་ན། སླར་ཡང་ཐིག་ལེ་དེ་ཉིད་རང་གི་མས་སྣར་དྲངས། གོང་བཞིན་སྦྱངས་བསྡུས་བསྐུལ་གསུམ་བྱས་པས་ཡེ་ཤེས་མཆོག་སྐྱེ་བར་འགྱུར་རོ། །རྟོག་མེད་ཀྱི་ཕྱོགས་ལ་རྟགས་སྣང་ནོར་བུ་ནས་ཕྱི་རོལ་ཏུ་འཕྲོ་སྟེ་ཡང་དེ་ཉིད་རླུང་དྲག་ཏུ་འདྲེན་པས་ལུས་ཀྱི་ནང་དུ་རྟགས་སྣང་འཆར་བར་བྱའོ། །གཉིས་པ་ལ། དབུགས་དགག་སྟོང་པའི་ཡན་ལག རྟགས་སྣང་གཟུང་བའི་ཡན་ལག ལྷ་སྣང་རྗེས་དྲན་གྱི་ཡན་ལག་སྟེ་གསུམ་ལས། དང་པོ་ནི། སྔ་མ་བཞིན་དུ་ནོར་བུར་ཐིག་ལེ་བསྒོམས། ཐིག་ལེའི་འོད་ཀྱིས་རལ་གྲིའི་ཡུ་བ་ནས་བརྩམས་ཏེ། ནོར་བུའི་ཐིག་ལེའི་ཕྱི་ནང་གི་དཀྱིལ་འཁོར་རིམ་པ་གཉིས་དང༌། གཞི་ལུས་ཕྱིའི་དཀྱིལ་འཁོར་དང་བཅས་པ་གསལ་བར་བྱས། འོད་ཟེར་ཚུར་བསྡུ་བ་དང་ལྷན་ཅིག་ཕྱི་ནང་གི་དཀྱིལ་འཁོར་རྣམས་རིམ་གྱིས་མཐའ་ནས་ཡལ་ཏེ། མཐར་ཐིག་ལེ་གཅིག་པུ་ལ་སེམས་གཟུང༌། རླུང་བུམ་པ་ཅན་དྲག་ཏུ་དགག་པར་བྱ་སྟེ། འདི་མ་དག་པའི་སྣང་བ་འགག་ཅིང་ཐ་མལ་གྱི་རླུང་སེམས་རྣམས་དབུ་མར་སྡུད་པའི་ཐབས་དམ་པའོ། །རྟོག་མེད་ཀྱི་ཕྱོགས་ལ་ནི་ལས་རྒྱ་དང་མཉམ་པར་སྦྱོར་བས་ནོར་བུར་ཐིག་ལེ་གཡོ་མེད་དུ་བཅིངས་པས་ས་རླུང་སོགས་ཆེས་འགགས་པའོ། །དེ་ཡན་ཆད་སྲོག་རྩོལ་གྱི་ཡན་ལག་གོ། །།གཉིས་པ་ནི། དེ་ལྟར་དབུགས་བཀག་སྟོང་པའི་ཡན་ལག་བསྒོམས་པ་ལ་བརྟེན་ནས། ལོག་པའི་ས་ཆུ་མེ་རླུང་ནམ་མཁའ་རྣམས་འགགས་ཏེ། མ་ལོག་པའི་ཡེ་ཤེས་ཀྱི་སྣང་བ་ལས་བྱུང་བའི་ཁམས་ལྔའི་སྣང་བ་འཆར་བ་ནི། སྨིག་སྒྱུ་ལྟ་བུ་དང༌།


TNT05_Page_1075
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བ་དང༌། སྲིན་བུ་མེ་ཁྱེར་དང༌། མར་མེ་གཡོ་བ་མེད་པ་དང། ནམ་མཁའ་སྤྲིན་མེད་ལྟ་བུ་སྟེ། རྟགས་ལྔ་འབྱུང་ངོ༌། །རྟགས་སྣང་དེ་དག་བརྟན་པ་ཐོབ་ཐོབ་ཀྱི་བར་དུ་ཡན་ལག་སྔ་མ་བསྒོམ་ཞིང༌། བརྟན་པ་ཐོབ་ནས་དེ་ལྟ་བུའི་རྟགས་སྣང་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གཟུང་བའོ། །འདི་ལ་ནི་རྟོག་བཅས་དང་རྟོག་མེད་ཀྱི་དབྱེ་བ་མེད་དེ་འཛིན་པའི་ཡན་ལག་གོ། །།གསུམ་པ་ལ་རྟོག་པ་ཅན་གྱི་དབང་དུ་བྱས་ཏེ། རྗེས་སུ་དྲན་པ་བཅུ་དྲུག་ཡོད་ཀྱང༌། རིགས་མཐུན་བསྡུ་ན། སྐད་ཅིག་གིས་བསྐྱེད་པའི་རྗེས་དྲན་དང༌། བསྐྱེད་ཆོག་དང་བཅས་པའི་རྗེས་དྲན་དང༌། སྟོང་ཉིད་བསྒོམ་པའི་རྗེས་དྲན་དང༌། བདེ་ཆེན་རྗེས་སུ་དྲན་པ་སྟེ་བཞི་ལས། དང་པོ་ལ། སངས་རྒྱས་རྗེས་དྲན་རྣམ་སྣང༌། ཆོས་རྗེས་དྲན་འོད་དཔག་མེད། རྡོ་རྗེ་རྗེས་དྲན་མི་བསྐྱོད་པ། རིགས་རྗེས་དྲན་རིན་འབྱུང་དོན་འགྲུབ་ཡུམ་བཞི་སེམས་དཔའ་ཡབ་ཡུམ་དང་བཅས་པ་དང༌། ཁྲོ་བོ་རྗེས་དྲན་གཤིན་རྗེ་གཤེད་ལ་སོགས་པ་སྟེ། དེ་དག་ཀྱང་སྔར་གྱི་ནོར་བུའི་ཐིག་ལེ་དང་ཕྱོགས་མཐུན་པ་ལས། བྱང་ཆུབ་ཀྱི་སེམས་ཞུ་བ་རྡོ་རྗེ་ནོར་བུ་ནས་ཕྱིར་སྤྲོས་ཏེ། སྐད་ཅིག་གིས་རྣམ་སྣང་དཔག་ཏུ་མེད་པར་གྱུར། ཡུམ་གྱི་མཁའ་ནང་ནས་ཕྱིར་བྱུང་ནམ་མཁའ་ཐམས་ཅད་ཁྱབ། ཐ་མལ་གྱི་སྣོད་བཅུད་ཐམས་ཅད་སྦྱངས་ཏེ། རྣམ་སྣང་འབའ་ཞིག་ཏུ་གྱུར་བར་བསམ་པ་སོགས་ལྷག་མ་རྣམས་ལ་ཡང་སྦྱར་ཏེ། དེ་ལྟར་ན་སྐད་ཅིག་གིས་བསྐྱེད་པའི་རྗེས་དྲན་ལྔའོ། །གཉིས་པ་ལ། དམ་ཚིག་རྗེས་དྲན་ནི། ཡབ་ཡུམ་སྙོམས་པར་ཞུགས་པ་


TNT05_Page_1076
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཐབས་ཀྱི་བྱང་ཆུབ་ཀྱི་སེམས་ཕྱག་མཚན་དང་ས་བོན་དཔག་ཏུ་མེད་པར་གྱུར་ཏེ། སྦྱོར་མཚམས་ནས་ཕྱིར་སྤྲོས། ནམ་མཁའ་ཁྱབ་པ་སོགས་སྔར་བཞིན་བསྒོམ་དཀྱིལ་འཁོར་རྗེས་དྲན་ནི། སྙིང་གའི་ཐིག་ལེ་སྔར་བཞིན་བསྒོམས་པའི་རྗེས་སུ། སྒྲུབ་ཐབས་ནས་བཤད་པ་བཞིན་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་སྤྲོས། ནམ་མཁའ་གང་བར་བཞུགས་པ་རྣམས་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པའོ། །སྐུ་རྗེས་སུ་དྲན་པ་དང༌། གསུང་རྗེས་སུ་དྲན་པ་དང༌། ཐུགས་རྗེས་སུ་དྲན་པ་གསུམ་ནི། དཀྱིལ་འཁོར་རྗེས་དྲན་གྱི་རིམ་པས། སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམས་ནས། དེ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་བྱིན་གྱིས་བརླབས་པ་སྒྲུབ་པའི་ཡན་ལག་ནི་སྒྲུབ་ཐབས་ནས་འབྱུང་བ་བཞིན་སྒོམ་པའོ། །སེམས་ཅན་རྗེས་སུ་དྲན་པ་ནི། སེམས་ཅན་ཐམས་ཅད་ལྷག་པའི་ལྷར་གསལ་བཏབ་ནས་དེ་རྣམས་ཀྱིས་རྡོ་རྗེ་གསུམ་བྱིན་གྱིས་བརླབ་པ་སྔར་བཞིན་བསྒོམ་པའོ། །སྔགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སྤྱིའི་རྗེས་དྲན་ནི། བྱང་ཆུབ་སེམས་ཕྱི་རོལ་ཏུ་སྤྲོས་པ་རྣམས་ཡོངས་སུ་གྱུར་པ་ལས་ནམ་མཁའ་ནས་བར་དོའི་རྣམ་ཤེས་ཡི་གེ་ལྔ་འབེབས་པ་ནས་བརྩམས་ཏེ། ཐམས་ཅད་ལ་རྒྱུ་འབྲས་རྡོ་རྗེ་འཛིན་པའི་བསྐྱེད་ཆོག་གི་དམིགས་པ་རྒྱས་པར་བསྒོམ་པའོ། །མཆོད་པའི་དམ་ཚིག་རྗེས་དྲན་ནི། དཀྱིལ་འཁོར་རྗེས་དྲན་སྔ་མ་བཞིན་དུ་བསྒོམས་ཏེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་སྤྲོས་པ་ལས་བྱུང་བའི་མཆོད་བསྟོད་བདུད་རྩི་མྱང་བ་རྣམས་བསྐྱེད་ཆོག་སྒྲུབ་ཐབས་


TNT05_Page_1077
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྱུང་བ་བཞིན་བྱ་བ་ཡིན་ནོ། །དེ་ལྟར་ན་བསྐྱེད་ཆོག་དང་འབྲེལ་བའི་རྗེས་དྲན་བརྒྱད་དོ། །གསུམ་པ་ལ་གཉིས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་དྲན་ནི། ཐོག་མར་དཀྱིལ་འཁོར་རྗེས་དྲན་ལྟར་སྣང་བ་ཐམས་ཅད་ལྷར་གསལ་བཏབ་སྟེ། དེ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ། མཐར་དཀྱིལ་འཁོར་གྱི་སྣང་བ་ཡང་བསྡུས་ཏེ། དབྱིངས་རིག་དབྱེར་མེད་ཀྱི་སྟོང་ཉིད་ཟབ་པའི་ལྟ་བ་གཙོ་བོར་སྒོམ་པའོ། །གཉིས་པ་མ་སྐྱེས་པའི་རྗེས་སུ་དྲན་པ་ནི། དེ་ལྟ་བུའི་ཟབ་པ་དེ་ཉིད་ཀྱང་གསལ་བར་བྱས་ཏེ་སྟོང་ཉིད་སྒོམ་པ་དཀྱིལ་འཁོར་གྱི་སྣང་བ་ཡང་མ་འགགས་ལ། དེ་ལ་ཡང་རང་བཞིན་མེད་པའི་སྟོང་ཉིད་སྒོམ་པའོ། །བཞི་པ་ནི། ཞེ་སྡང་གི་རིགས་ལ་སོགས་པའི་མཆོད་པ་རྗེས་སུ་དྲན་པ་གཅིག་པུ་ཡིན་ཏེ། དངོས་སམ་ཡེ་ཤེས་རྀག་མ་བསྙེན་སྒྲུབ་ཡན་ལག་བཞི་བར་པ་སྐོར་བཞིའི་བསྐྱེད་ཆོག་གིས་བསྐྱེད་དེ། མཁའ་གསང་བྱིན་གྱིས་བརླབས་ནས། རྗེས་ཆགས་ཀྱི་བདེ་བ་བསྒོམས་ཏེ་བདེ་བ་དེས་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པའོ། །དེ་ལྟར་ན་རྗེས་སུ་དྲན་པ་བཅུ་དྲུག་པོ་འདི་དག་རྒྱས་པར་འདི་ཉིད་སྟོན་པའི་རྒྱུད་ཀྱི་ཚིག་རྣམས་ལས་ཤེས་དགོས་ཤིང༌། འདི་དག་ནི་རྫོགས་རིམ་ལ་བསྐྱེད་རིམ་གྱིས་རྒྱས་བཏབ་པ་ཡིན་ནོ་གསུངས། འོན་ཀྱང་རྗེས་དྲན་འདི་དག་གསལ་སྣང་དངོས་སུ་སྐྱེས་པའི་དབང་དུ་བྱས་ན། རྫོགས་རིམ་གྱི་ལྷ་སྣང་འབའ་ཞིག་ཡིན་ལ། དང་པོའི་ལས་ཅན་གྱིས་སྒོམ་པའི་དབང་དུ་བྱས་ནའང༌། རྗེས་དྲན་དང་པོ་


TNT05_Page_1078
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པ་རྣམས་རྫོགས་རིམ་པའི་ལྷ་སྐུ་སྒོམ་པར་འགྱུར་ཞིང༌། ལྷག་མ་རྣམས་ནི། བསྐྱེད་རིམ་གྱིས་རྫོགས་རིམ་ལ་རྒྱས་བཏབ་པར་ཡང་འགྱུར་བར་སྣང་ངོ༌། །རྟོག་བྲལ་གྱི་ཕྱོགས་ལ་རྩ་བའི་རླུང་ལྔ་འགགས་པའི་གསལ་སྣང་གི་དཀྱིལ་འཁོར་ནི་རྗེས་དྲན་དང་པོ་ལྔ་དང༌། དམ་ཚིག་གཉིས་དང་དཀྱིལ་འཁོར་རྗེས་དྲན་ནི་ལས་རྒྱ་ཁོ་ན་ལ་བརྟེན་པ་སྟེ་རྩ་ཕྲན་གྱི་ཐིག་ཕྲན་དང་འཁོར་ལོ་རྣམས་ཀྱི་ཐིག་ལེ་དང་ཕུང་ཁམས་ཀྱི་རླུང་རྣམས་ཐིམ་པའི་ལྷར་སྣང་ངོ༌། །ཐིག་ལེ་དྭངས་པས་སྐུའི་སྣང་བ་དང༌། ཁྲག་ཐིམ་པས་སྒྲའི་སྣང་བ་དང༌། རླུང་ཐིམ་པས་མངོན་ཤེས་སོགས་གསལ་སྣང་དང༌། ཕྱི་རོལ་གྱི་སྣང་བའི་དོད་དུ་གསལ་སྣང་གི་དཀྱིལ་འཁོར་དང༌། རང་གཞན་མཉམ་ཉིད་ཀྱི་གསལ་སྣང་རྣམས་སྐུ་སོགས་ལྔ་དང༌། བདེ་སྟོང་ཆེས་བརྟན་པ་དང༌། བདེ་བ་དེ་ལྷར་ཤར་བ་དང༌། ཉམས་སམ་འོད་ཀྱི་རིག་མས་བདེ་བ་འདྲེན་པ་སྟེ་འདི་གསུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་དྲན་སོགས་སོ། །དེ་ལྟར་ན་རྗེས་དྲན་གྱི་ཡན་ལག་གོ། །།གསུམ་པ་དགའ་བྲལ་སྤྲུལ་པའི་ཐིག་ལེ་སྒོམ་པ་ལ་རྗེས་མཐུན་པ་བསྐྱེད་རིམ་ལ་བརྟེན་པ་དང༌། དངོས་འབྲས་བུའི་ཚུལ་དུ་ཤར་བ་གཉིས་ལས་དང་པོ་ལ། རྟེན་ཕྱག་རྒྱ་བཞིན་དགོད་པ་དང་བརྟེན་པ་རྡོ་རྗེའི་བཟླས་པ་བྱ་བའོ། །དང་པོ་ནི་གཞི་ལུས་སྐད་ཅིག་གིས་འཇམ་པའི་རྡོ་རྗེར་གསལ་བའི་དཔྲལ་བའི་འཁོར་ལོའི་དབུས་ཀྱི་ཐད་དུ། སྐུ་རྡོ་རྗེའི་ཐུགས་ཀར་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་ལ་ཨོཾ་དཀར་པོ་ལས་ཀྱི་ཕྱག་རྒྱའི་ངོ་བོ། མགྲིན་པར་གསུང་རྡོ་རྗེའི་ཐུགས་ཀར་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ལ་ཨཱཿདམར་པོ་ཆོས་


TNT05_Page_1079
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱག་རྒྱའི་ངོ་བོ། སྙིང་གར་ཐུགས་རྡོ་རྗེའི་ཐུགས་ཀར་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ལ་ཧཱུཾ་སྔོན་པོ་ཕྱག་རྒྱ་ཆེན་པོའི་ངོ་བོ། དེ་གཉིས་ཀྱང་ལོངས་སྤྱོད་འཁོར་ལོ་དང་ཆོས་འཁོར་གྱི་ཐད་ཀར་སྒོམ་མོ་ཐུགས་རྡོ་རྗེའི་གོང་ཙམ་དུ་རང་འདྲའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་ལ་ཧཱུཾ་སྔོན་པོའམ་མཾ་དམར་སེར་དམ་ཚིག་ཕྱག་རྒྱའི་ངོ་བོ་སྟེ། དེ་རྣམས་ལ་རེ་རེ་བཞིན་དུ་སེམས་དྲག་ཏུ་གཟུང་ཞིང༌། མཐར་བཞི་ཅར་ལ་མཉམ་པར་བཞག གཉིས་པ་ལ། རྡོར་བཟླས་གྱི་གཞི་ངེས་པར་བྱ་བ་དང༌། རྡོར་བཟླས་དངོས་སོ། །དང་པོ་ནི། དཔྲལ་བའི་ཨོཾ་རླུང་ནང་དུ་འོང་བའི་ངོ་བོ། མགྲིན་པའི་ཨཱཿརླུང་གནས་པའི་ངོ་བོ། སྙིང་གའི་ཧཱུཾ་རླུང་ཕྱིར་འགྲོ་བའི་ངོ་བོ། སྙིང་གའི་སྟོད་ཀྱི་མཾ་ཡིག་འགྲོ་འོང་གནས་གསུམ་དང་བྲལ་བའི་ངོ་བོར་ཡང་ཡང་མོས་པ་བྱ་བ་ནི་དམིགས་སྐོར་གཅིག ཡང་རླུང་ཕྱིར་དབྱུང་བའི་ཚེ་ཧཱུཾ་ཡིག་དྲན་ཞིང་སྣོད་ཀྱི་འཇིག་རྟེན་དག་པར་བྱས་པར་བསམ། རླུང་ནང་དུ་འོང་བའི་ཚེ་ཨོཾ་ཡིག་དྲན་ཞིང༌། ནང་བཅུད་ཀྱི་སེམས་ཅན་དག་པར་བྱས་པར་བསམ། གནས་པའི་ཚེ་ཨཱཿཡིག་དྲན་ཞིང༌། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སྐྱེས་པར་བསམ་སྟེ་དམིགས་སྐོར་གཉིས་སོ། །གཉིས་པ་ལ། གཡས་ནས་རྒྱུ་བ་རླུང་གི་དཀྱིལ་འཁོར་མཉམ་གནས་ཀྱི་རྡོར་བཟླས། གཡོན་ནས་རྒྱུ་བ་ཆུའི་དཀྱིལ་འཁོར་སྲོག་འཛིན་གྱི་རྡོར་བཟླས། གཉིས་ཀ་ནས་དྲག་ཏུ་རྒྱུ་བ་མེའི་དཀྱིལ་འཁོར་གྱེན་རྒྱུའི་རྡོར་བཟླས། གཉིས་ཀ་ནས་དལ་བར་རྒྱུ་བ་སའི་དཀྱིལ་འཁོར་ཐུར་སེལ་གྱི་རྡོར་བཟླས་ཏེ་བཞི་ལས། དང་པོ་ནི། སྣ་བུག་གཡས་ནས་རླུང་རྒྱུ་བའི་ཚེ། རླུང་གི་


TNT05_Page_1080
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་དུད་ཁ་དཔྲལ་བའི་རླུང་དང་ངོ་བོ་གཅིག་པར་མོས་ཏེ། དཔྲལ་བ་ནས་བརྩམས། སྣ་སྒོ་རྒྱུད་འགྲོ་འོང་བྱེད་པར་མོས་ལ། རླུང་ཕྱིར་འགྲོ་བའི་ཚེ། དཔྲལ་བའི་རླུང་ལས་ཧཱུཾ་གི་གདངས་ཅན་རླུང་གི་རླུང་ཁ་དོག་ནག་པོ་གཡས་ཀྱི་སྣ་བུག་ནས་ཕྱིར་སོང༌། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་དྲི་མ་སྦྱངས་ཤིང་གསལ་བར་བྱས། ནང་དུ་འོང་བའི་ཚེ་ཨོཾ་གྱི་གདངས་དང་བཅས་སྔར་གྱི་ལམ་ནས་འོངས་པ་ན། སྣོད་བཅུད་ཐམས་ཅད་ཀྱི་དངས་མ་རྣམས་བདུད་རྩིའི་རྣམ་པར་ཚུར་བསྡུས་ཏེ། རང་རྒྱུད་ཀྱི་དྲི་མ་ཐམས་ཅད་བཀྲུས་པར་བསམ། གནས་པའི་ཚེ་བདུད་རྩི་དེ་ཡང་རྟེན་གཞི་རླུང་གི་དཀྱིལ་འཁོར་ལ་བསྟིམ་ཞིང། ཨཱཿཡིག་གི་གདངས་ལ་སེམས་བཞག་གོ །གཉིས་པ་ནི། དེ་ཉིད་དང་འདྲ་བ་ལས་སྙིང་གའི་ཆུའི་དཀྱིལ་འཁོར་ནས་ཁ་དོག་དཀར་པོའི་རྣམ་པས་འགྲོ་འོང་བྱེད་པར་བསམས་ཏེ་བཟླས་སོ། །གསུམ་པ་ནི། རྟེན་གཞི་མགྲིན་པའི་མེ་ནས་ཁ་དོག་དམར་པོའི་ཚུལ་གྱིས་བཟླས་སོ། །བཞི་པ་ནི། སྙིང་གའི་སྟོད་ཀྱི་སའི་དཀྱིལ་འཁོར་ནས་འོད་ཟེར་སེར་པོའི་རྣམ་པས་བཟླས་སོ། །འདི་དག་ལ་འཇུག་གནས་ལྡང་གསུམ་ཆ་མཉམ་དུ་བྱས་པས་རིམ་གྱི་གནས་པ་ཇེ་རིང་དུ་འགྲོ་བས། ཆེད་དུ་དགག་མི་དགོས་ཞེས་བླ་མ་མང་པོ་དག་གསུང་ལ། གཞུང་གི་བསྟན་བྱའི་གཙོ་བོ་ནི་ལམ་སྔ་མ་རྣམས་ཀྱི་རྟོགས་པ་སྔོན་སོང་གི་དབང་དུ་བྱས་པས་ཕྱོགས་གཅིག་ནས་དེ་བཞིན་དུ་ཡང་སྣང་མོད། དོན་ཇི་ལྟ་བ་ནི་མ་གོ་བར་སྣང་ངོ༌། །འོན་ཀྱང་ད་ལྟར་ལས་དང་པོ་ལས་འདི་དག་སྒོམ་པ་ན། གནས་པའི་ཚེ་བུམ་ཅན་བརྟན་པར་འཛིན་པ་དང༌། ཕྱིར་དབྱུང་བའི་ཚེ་


TNT05_Page_1081
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་སེལ་ཅུང་ཟད་སྟེང་དུ་འདྲེན་པ་ནི་མན་ངག་ལས་འབྱུང་བ་སྟེ་ཤིན་ཏུ་ལེགས་པའང་ཡིན། དེ་དག་ལ་ལེགས་པར་བསླབས་པ་ལས། མན་ངག་གི་བཟླས་པ་ཞེས་བྱ་བ་འགྲུབ་པའང་ཡིན་ནོ། །སྣང་བ་ཐམས་ཅད་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དང༌། ངག་ཐམས་ཅད་གྲགས་སྟོང་དུ་ཤེས་པའི་སྒོ་ནས། སྙིང་གའི་མི་ཤིགས་པའི་ཨ་སྣང་སྟོང་ལ་རིང་དུ་འཇོག་པ་ནི། དོན་དམ་པའི་རྡོར་བཟླས་སོ། །དེ་ལྟར་ན་རྡོ་རྗེའི་བཟླས་པ་འདི་ཉིད་ལ་གནས་བཞིན་པས་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་སྒོམ་པ་ན། ཆགས་པ་དང༌། ཆགས་བྲལ་དང༌། ཆགས་པ་བར་མའི་རྟོག་པ་རྣམས་རིམ་གྱི་སྐྱེ་ཞིང༌། རླུང་འབྱུང་འཇུག་གནས་པ་ཐམས་ཅད་དང་བྲལ་བས་སྒྲ་ཐམས་ཅད་ནམ་མཁའ་ལ་དེངས་པར་འགྲོ་བ་ཡིན་ནོ། །གཉིས་པ་དངོས་འབྲས་བུའི་ཚུལ་དུ་འཆར་བ་ནི། རླུང་དང་ཐིག་ལེ་ནང་དུ་འོང་བ་ཡས་བབས་ཀྱི་དགའ་བ་གསུམ། གནས་པ་ན་ལྷན་སྐྱེས། ཕྱིར་འགྲོ་བ་མས་བརྟན་དགའ་བ་གསུམ། ཕྱི་རོལ་ཏུ་གནས་པ་མས་བརྟན་ལྷན་སྐྱེས་རྣམས་རླུང་དང་ཐིག་ལེ་དང༌། རྟགས་སྣང་གཅིག་ཏུ་བསྲེས་ཏེ་སྒོམ་པ་ཡིན། དེ་ཡང་གཙོ་བོར་ལས་རྒྱ་ལ་བརྟེན་ནས་སྒྲུབ་པའོ། །འདི་ལས་རྒོད་པ་གླལ་བ་དང་བརྒྱལ་བ་ལ་སོགས་པའི་རྟགས་འབྱུང་སྟེ་དུས་འཁོར་བའི་རྗེས་དྲན་དང་དོད་མཚུངས་སོ། །གཉིས་པ་ལ་ཡང་བརྡས་མཚོན་པ་དང༌། དོན་མངོན་གྱུར་གཉིས་ཀྱི་དང་པོ་ལ། རྟེན་བསྐྱེད་པའི་རིམ་པ་དང༌། བརྟེན་པ་རྫོགས་པའི་རིམ་པ་གཉིས་ལས། དང་པོ་ནི། སྐད་ཅིག་ཙམ་གྱིས་བསྙེན་སྒྲུབ་ཡན་ལག་


TNT05_Page_1082
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གསུམ་ཚང་བར་བསྒོམས་སྐད་པ་ལ། འདི་ནི་རྣལ་འབྱོར་རབ་ཀྱི་དབང་དུ་བྱས་པ་ཡིན་པས། དེ་ཙམ་ན་ཡུད་ཀྱི་གསལ་ཐེབས་པ་ཡིན་མོད་ཀྱི། ལས་དང་པོ་པས། དམིགས་འཁྲིད་འདི་སྒོམ་པའི་ཚེ་ནི། བསྐྱེད་རིམ་རྒྱས་པ་མ་ཚང་བ་མེད་པ་སྒོམ་པ་ཀ་ཡིན་ནོ། །གཉིས་པ་ལ། སྔོན་འགྲོ་བོགས་འདོན་གྱི་ཆོས་གསུམ་དང༌། དངོས་གཞི་སྤྲོ་བསྡུ་བྱ་བའོ། །དང་པོ་ནི་རྟེན་བསྐྱེད་རིམ་ལ་བརྟེན་དེ། སྙིང་གའི་མི་ཤིགས་པའི་ཐིག་ལེའི་དཀྱིལ་འཁོར་གསུམ་སྦྲག་བོགས་འདོན་སྦྱངས་བསྡུས་བསྐུར་གསུམ་དང་བཅས་པ་གོང་བཞིན་སྒོམ་པ་ལས། བོགས་འདོན་གསུམ་པའི་སྐབས་ཀྱི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་སོ་སོའི་ཐུགས་ཀར་ཡི་གེ་ཀྵྲུཾ་གྱི་རྣམ་པར་གྱུར་ནས་བསྡུ་བ་ནི་ཁྱད་པར་རོ། །དེ་ལ་ཀྵྲུཾ་ཞེས་པའི་ཀ་ཥ་ར་ཨུ་མ་སྟེ། ཡི་གེ་ལྔ་ནི་ཡེ་ཤེས་ལྔའི་ངོ་བོར་མོས་པ་བྱའོ། །གཉིས་པ་ལ་བསྡུ་སྤྲོ་བསྡུ་གསུམ་ལས། དང་པོ་ནི་ཕྱི་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་དཀྱིལ་འཁོར་ཕྱི་མའི་བསྲུང་འཁོར་ལ་ཐིམ། དེ་གཞལ་ཡས་ཁང་ལ། དེ་ལྷ་བཅོ་བརྒྱད་ལ། དེ་དམ་ཚིག་སེམས་པ་ལ། དེ་ཡེ་ཤེས་སེམས་པ་ལ། དེ་རལ་གྲི་ལ། དེ་མཾ་ཡིག་ཞུ་བའི་ཐིག་ལེ་ལ་ཐིམ། དཀྱིལ་འཁོར་གསུམ་སྦྲག་ཏུ་བསྒོམས་ཡོད་ན་ཐིག་ལེ་དེའི་ནང་གི་དཀྱིལ་འཁོར་དང༌། དེ་ཡང་ནང་གི་དཀྱིལ་འཁོར་རྣམས་སྔ་མའི་རིམ་པས་བསྡུ། མཐར་སྟོང་པའི་དབུས་སུ་ཐིག་ལེ་ཉག་ཅིག་ལ་སེམས་འཇོག་པའོ། །གཉིས་པ་ནི། ཐིག་ལེ་དེ་ལས་འོད་བྱུང་རལ་གྲི་ནས་བརྩམས་ཏེ་སྔར་ཐིམ་རིམ་རྣམས་ལུགས་བཟློག་གི་རིམ་པས་དཀྱིལ་འཁོར་རྫོགས་པར་བསྐྱེད་ལ།


TNT05_Page_1083
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་འཁོར་ལོར་བལྟའོ། །དེ་ཐམས་ཅད་ཀྱང་འོད་ཟེར་གྱིས་ཁྱབ་ཅིང་འཇའ་ཚོན་ལྟ་བུ་ཡལ་ཡལ་བ་ལ་སེམས་གཏད་ཅིང་མཐར་ཟབ་གསལ་གཉིས་སུ་མེད་པ་བསྒོམ། གསུམ་པ་ནི། སྔར་བཞིན་བསྡུས་ལ་ཐིག་ལེ་ཡང་ཇེ་ཕྲ་ཇེ་ཕྲ་ལ་སེམས་གཏད། འདི་ཉིད་ཡང་དང་ཡང་དུ་སྒོམ་པར་བྱས་པས་འོད་གསལ་སྒྲུབ་པར་བྱེད་ལ། དམིགས་པ་དེ་ཉིད་ཀྱིས་སྤྲོ་བསྡུ་སྤྲོ་གསུམ་བྱས་ན་ལྷ་སྐུ་དམ་པ་མངོན་དུ་འགྱུར་ཏེ་ལས་དང་པོ་དང་ཐུན་མོང་ཡིན་ནོ། །གཉིས་པ་དོན་མངོན་གྱུར་ནི། གསལ་སྣང་དཀྱིལ་འཁོར་ལ་མཉམ་པར་བཞག་པས་བདེ་བ་སྐྱེ་ཞིང༌། དེས་མ་དག་པའི་སྣང་བ་འགགས་ནས་བདེ་ཆེན་གཅིག་པུར་འགྱུར་ལ། དེ་སྐབས་བདེ་བ་ལ་མཉམ་པར་བཞག་པས་ཡང་གསལ་སྣང་མཆེད་འགྲོ་བ་ན་གསལ་སྣང་དེ་ལ་བསྒོམས། ཡང་བདེ་ཆེན་སྐྱེས་པ་ན་གཉིས་སྣང་འགགས་པ་སྟེ་དེ་ལྟར་སྒོམ་མོ། །དེ་ནས་སྤྱོད་པ་སྤྱད་པས་ཆགས་ཆེན་གྱི་ས་བཅུ་གཉིས་མངོན་དུ་བྱས་ནས་དོན་དམ་པའི་ཡེ་ཤེས་ཐོབ་སྟེ། བཅུ་གསུམ་པ་ཟུང་འཇུག་གི་སྐུ་འགྲུབ་པ་ཡིན་ནོ། །འདིར་ཡང་བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་བཏབ་པ་ཡིན། དེ་དག་ནི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། དགའ་བྲལ་སྐོར་རྣམས་ཏིང་ངེ་འཛིན་གྱི་དངོས་གྱི་སྦྱོར་བ་དང་ལྷན་སྐྱེས་སྐོར་རྣམས་ཏིང་ངེ་འཛིན་དངོས་ཡིན་ནོ། །གསུམ་པ་ཟབ་གསལ་གཉིས་མེད་ཀྱི་སྤྱོད་པས་བོགས་འབྱིན་པ་ནི། འདི་ལ་གསང་སྟེ་སྤྱོད་པ་དང༌། འཇིག་རྟེན་པའི་མངོན་དུ་སྤྱོད་པ་གཉིས་ཡོད་པ་ལས། དེ་དག་གི་རྣམ་གཞག་གཞན་དུ་བལྟ་བར་བྱའོ། །གཉིས་པ་བར་དོ་ལ་སོགས་པར་འཚང་རྒྱ་བའི་


TNT05_Page_1084
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གསུམ་སྟེ། འཕོ་བ་དང༌། གཉིད་ཀྱི་འོད་གསལ་དང༌། རྨི་ལམ་ལྷ་སྐུའོ། །དང་པོ་ལ་རྒྱུའི་ཆོས་གསུམ་བསྟེན་པ་དང༌། འབྲས་བུའི་ཆོས་གསུམ་འགྲུབ་པའོ། །དང་པོ་ལ་སྒོ་དགག་པ། གནས་བཙལ་བ། དབྱིངས་སུ་འཕོ་བའོ། །དང་པོ་ནི། བདག་ཉིད་འཇམ་པའི་རྡོ་རྗེར་གསལ་བའི་ལྟེ་བ། སྨིན་མཚམས། སྤྱི་བོ། མིག རྣ་བ། སྣ་བུག ཁ་སྒོ་རྣམས་སུ་ཧཱུཾ་ཡིག་སྔོན་པོ་རེ་རེ། ཆུ་ལམ་དུ་སུཾ་ཡིག་དཀར་པོ། བཤང་ལམ་དུ་ཀྵུཾ་ཡིག་དམར་པོ། དེ་དག་གི་འོད་ཟེར་འཐུག་པོས་སྒོ་རྣམས་བཀག་པར་བསམས་ལ་རླུང་བུམ་པ་ཅན་དྲག་ཏུ་བཟུང་ཞིང་བསྒོམས། སྒོ་རྣམས་ཁེགས་པའི་རྟགས་བྱུང་ངམ་མ་བྱུང་རུང་ཟླ་དྲུག་བསྒོམས་ན་སྒོ་རྣམས་ཁེགས་པ་ཡིན་ནོ། །གཉིས་པ་ནི་སྔར་བཞིན་གསལ་བཏབ་ནས། རང་གི་ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། འབྱུང་བ་བཞི་ཡུམ་བཞི། མིག་སོགས་སེམས་དཔའ་དྲུགགཟུགས་སོགས་ལྷ་མོ་དྲུག་ཏུ་མོས་པར་བྱ། གང་དུ་འཕོ་བའི་གནས་རང་གི་སྤྱི་བོར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྡོ་རྗེ་རྩེ་མོ་དགུ་པ། འོད་ཟེར་སྣ་ལྔ་འཕྲོ་བ། དེའི་ལྟེ་བར་ཡང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། སྔ་མའི་བཅུ་ཆ་ཙམ་ཞིག་གསལ་བཏབ། རྩེ་དགུ་པོ་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་མོས་རྡོ་རྗེ་གཉིས་ཀའང་གྱེན་དུ་ལངས་པའི་རྣམ་པ་ཅན། རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཟླ་བའི་སྟེང་དུ་ཐིག་ལེ་སྔོན་པོའམ་དམར་སེར། རྣམ་པ་བྱང་ཆུབ་ཀྱི་སེམས་ཙ་ན་ཀ་ལྔ་སྡོམས་པའི་ཚད་ཙམ། དབྱིབས་ཟླུམ་པོ། ངོ་བོ་ཟབ་གསལ་དབྱེར་མེད་འོད་ཟེར་སྣ་ལྔ་འབར་བ་ཅིག་བསྒོམ། གསུམ་པ་ནི། བདག་ཉིད་དཀྱིལ་འཁོར་གྱི་


TNT05_Page_1085
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དང༌། སྣང་བ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་འཁོར་ལོར་སྐད་ཅིག་ཙམ་ཞིག་བསྒོམས། དེ་ཐམས་ཅད་རང་གི་སེམས་སྣང་ཡིན་སྙམ་དུ་འདུན་པ་དྲག་ཏུ་སྦྱངས། ཐམས་ཅད་རིམ་གྱིས་སམ་གཅིག་ཅར་སྙིང་གའི་ཐིག་ལེ་ལ་ཐིམ། ཐིག་ལེ་དེ་ཉིད་དབུ་མའི་ལམ་ནས་བརྒྱུད་དེ་སྤྱི་བོ་ཚངས་བུག་ནས་ཐོན། རྡོ་རྗེ་རིམ་པ་གཉིས་ཀྱི་འོག་གི་རྭ་དབུས་མའི་སྦུབས་ནས་ཞུགས་ཏེ། རྭ་ལྔ་པའི་ལྟེ་བའི་ཐིག་ལེ་ལ་ཐིམ། རང་ལུས་དཀྱིལ་འཁོར་གཙོ་བོར་གསལ་བ་ཡང་རྡོ་རྗེ་རྩེ་དགུ་པ་ལ་ཐིམ། དེ་ཡང་རྩེ་ལྔ་པ་ལ་ཐིམ། དེ་ཡང་ཐིག་ལེ་ལ་ཐིམ། དེ་ཡང་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་འཕགས་ཏེ། དེ་ཉིད་ཇེ་ཕྲར་ཇེ་ཕྲར་སོང་བའི་ངང་ནས། འོད་གསལ་སྟོང་ཉིད་ཀྱི་ངང་དུ་ཐིམ། དེར་འཛིན་མེད་ལ་རིང་དུ་མཉམ་པར་བཞག ཆོས་སྐུ་ཐོབ་པར་མོས་པ་ཅུང་ཟད་བྱ། དེའི་ངང་ནས་ལྷ་སྐུ་ཟབ་གསལ་གཉིས་མེད་དུ་བསྐྱེད། ལོངས་སྤྱོད་རྫོགས་སྐུར་ང་རྒྱལ་ཅུང་ཟད་བྱ། སྤྲོ་ན་དཀྱིལ་འཁོར་རྒྱལ་མཆོག་གི་རིམ་པ་དང་འབྲེལ་བར་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ། དེ་ཙམ་མི་ལྕོགས་ན་རང་ཉིད་ལས་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་སྤྲུལ་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པར་བསམས་ལ། སྤྲུལ་པའི་སྐུའི་ང་རྒྱལ་བྱའོ། །གཉིས་པ་འབྲས་བུའི་ཆོས་གསུམ་ནི། དབང་པོ་རབ་ཀྱིས་འཕོ་བའི་རྣལ་འབྱོར་འདི་འབའ་ཞིག་གིས་སྐུ་གསུང་ཐུགས་མངོན་དུ་བྱེད་པ་དང༌། འབྲིང་བར་དོ། །ཐ་མའང་རིག་པ་འཛིན་པ་གྲུབ་པའམ་སྐྱེ་བ་བདུན་ནས་འགྲུབ་པའོ། །གཉིས་པ་གཉིད་


TNT05_Page_1086
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འོད་གསལ་ནི། སྙིང་གའི་སེམས་པ་གསུམ་བརྩེག་གི་ཐིག་ལེ་དང༌། ནོར་བུའི་ཐིག་ལེ་དང༌། རྡོར་བཟླས་རྣམས་གང་རུང་ཞིག་བསྒོམས་ནས་ཉིན་མོ་འདུན་པ་རྒྱུན་ཆགས་དང༌། མཚན་མོ་དམིགས་པ་དྲག་ཏུ་གཏད་པས་གཉིད་ཀྱི་འོད་གསལ་འཆར་རོ། །གསུམ་པ་རྨི་ལམ་ལྷ་སྐུ་ནི། ཉིན་པར་གྱི་སྐབས་སུ་དོ་ནུབ་རྨི་ལམ་གྱི་དུས་སུ་འདི་དྲན་པར་བྱའོ་ཞེས་འདུན་པ་དང་བཅས་པས་འོད་གསལ་གྱི་དམིགས་པ་གསུམ་གང་རིགས་སྔོན་དུ་བཏང་ནས་མི་དམིགས་པའི་ངང་ལས་ལྷ་སྐུར་ལྡང་བའོ། །འདིས་དང་པོ་དམིགས་པ་དྲན་པ་ཙམ་དང༌། བར་དུ་ལྷར་འགྱུར་བ་དང༌། མཐར་ལྷ་སྐུ་རང་ཤར་འབྱུང་ངོ༌། །དེ་ནས་འཁོར་ལོ་སོ་སོའི་སེམས་པ་གསུམ་བརྩེག་གི་འོད་ཟེར་སྤྲོ་བསྡུས་བོགས་འདོན་ཏེ། རྨི་ལམ་ཉིད་ཀྱི་རྩལ་འདོན་ན་མགྲིན་པ་དང༌། སྒྱུ་མར་སྦྱོང་ན་སྤྱི་བོ་དང༌། འོད་གསལ་འདོད་ན་སྙིང་ག་དང༌། བདེ་བ་འདོད་ན་ལྟེ་བར་བསྒོམ་མོ། །དེ་ལྟར་ལམ་སྒོམ་ཚུལ་བསྟན་ཟིན་ནོ། །འབྲས་བུ་སྐུ་གསུམ་ནི། ཆོས་སྐུ་ལ་རབ་དགའ་མཁའ་མཉམ། ལོངས་སྐུ་ལ་དཔེ་མེད་བདེ་རྫོགས། སྤྲུལ་སྐུ་ལ་སྣ་ཚོགས་གཟུགས་བརྙན་ཞེས་གསུང་ངོ༌། དེ་ལྟར་ན། ཐིག་ལེ་དང་པོའི་རྣལ་འབྱོར་ལ་དམིགས་ཆེན་བཞི། གཉིས་པ་ལ་བཅུ་དགུ། གསུམ་པ་ལ་དྲུག བཞི་པ་ལ་གཉིས། འཕོ་བ་སྟེ་དམིགས་ཆེན་སུམ་ཅུ་སོ་གཉིས་སོ། །དེ་ལྟར་དམིགས་འཁྲིད་སྐྱོང་བའི་སྐབས་དཀྱིལ་འཁོར་གསུམ་སྦྲག་སོགས་སྒོམ་དཀའ་བས་དེའི་སྐབས་སུ་སེམས་པ་གསུམ་བརྩེག་ཚར་རེ་རེས་ཆོག་གོ །འདི་དག་གི་གོ་དོན་ལམ་རིམ་རྒྱས་པ་ནི། ཞལ་ལུང་དང༌། གྲོལ་ཐིག་རྩ་


TNT05_Page_1087
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ། སྒྲུབ་ཐབས་ཀུན་བཟང་དང་དཀྱིལ་འཁོར་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་འགྲེལ་པར་བཅས་པ་ལས་ཤེས་པར་བྱ་ཞིང༌། མདོ་ཙམ་ཁོ་བོས་ཀྱང་འབྲི་བར་འགྱུར་བ་སྲིད་དོ། །རྒྱུད་ཀུན་རྒྱལ་པོ་གསང་འདུས་རབ་དགའི་རྩེར། །མན་ངག་སྙིང་པོའི་རིན་ཆེན་ལེགས་བཀོད་པ། །བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དུས། །སངས་རྒྱས་ཡེ་ཤེས་མཆོག་གིས་ལན་བརྒྱར་བསྒྲེངས། །དེ་ལྟ་མོད་ཀྱི་ལམ་འདི་ལ། །མཆོག་ཏུ་གུས་པས་ཉིད་དྲངས་ནས། །ཐོས་བསམ་སྒོམ་པས་འདྲིས་བྱ་སྟེ། །མདོ་ཙམ་ཡི་གེའི་ལམ་དུ་བཀོད། །འདི་ལས་དགེ་བ་གང་ཐོབ་དེས། ནམ་མཁའི་མཐས་གཏུགས་སེམས་ཅན་རྣམས། །འཇམ་པའི་རྡོ་རྗེ་ཡེ་ཤེས་སྐུ། །བླ་མེད་ཐོབ་པའི་རྒྱུར་གྱུར་ཅིག །གལ་ཏེ་མི་བསྐྱོད་རྡོ་རྗེ་ལ་སོགས་པ་ལ་མོས་ན་དེ་དང་དེའི་དཀྱིལ་འཁོར་ལ་བརྟེན་ཏེ་ཕྱག་མཚན་དང༌། ས་བོན་དང༌། ཐིག་ལེའི་ཁ་དོག་སོགས་བསྒྱུར་ན། འཁྲིད་ཚུལ་འདི་ཁོ་ནས་འགྲུབ་པའི་ཕྱིར། ཞབས་ལུགས་ཀྱི་མི་བསྐྱོད་པ་སོགས་རིགས་ལྔ་སོ་སོའི་དཀྱིལ་འཁོར་དང༌། གསང་འདུས་སྤྱན་རས་གཟིགས་སོགས་ལའང་འཁྲིད་ཚུལ་གཞན་དུ་བསམ་མི་དགོས་སོ། །དེ་ལྟར་ན་གྲོལ་བའི་ཐིག་ལེའི་ཁྲིད་ཡིག་མི་ཤིགས་པ་རིན་པོ་ཆེ་སྒྲུབ་པའི་ཐབས་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་དགུ་པ་ལ་དཔལ་ཇོ་མོ་ནང་དུ་སྦྱར་བའོ།། །།ཞུས་དག མངྒ་ལཾ། བྷ་ཝནྡུ།སྭསྟི། བླ་ན་མེད་པའི་དབང་གི་ཆོ་ག་འདི། །རྒྱལ་བའི་རིགས་འཁྲུངས་མི་བདག་ཆེན་པོ་ཡིས། །དད་དང་ལྷག་བསམ་དཀར་བས་བཀའ་སྩལ་ཏེ། །བརྐོས་ཀྱི་རིག་བྱེད་མཁས་པའི་ཚོགས་རྣམས་ཀྱིས། །པར་དུ་བཞེངས་ནས་ཆོས་གཏེར་རྒྱ་ཆེར་སྤེལ། དགེ་ཚོགས་འདི་ལ་མངོན་དུ་ཕྱོགས་པ་རྣམས། །བསོད་ནམས་ཡེ་ཤེས་རྒྱ་མཚོ་ལས་འཁྲུངས་པའི། །དམ་པ་གཉིས་པོ་མངོན་དུ་འགྱུར་བར་ཤོག །མངྒ་ལཾ།


TNT05_Page_1088
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་གྲོལ་བའི་ཐིག་ལེའི་ཁྲིད་ཡིག་མི་ཤིགས་པའི་རིན་པོ་ཆེ་སྒྲུབ་པའི་ཐབས།no next