Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞི་ལས་རྣམ་པར་རྒྱལ་བ།
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞི་ལས་རྣམ་པར་རྒྱལ་བ། next

འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞི་ལས་རྣམ་པར་རྒྱལ་བ།


TNT06_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞི་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བཞུགས།


TNT06_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞི་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །དཔའ་བོ་གང་ཞིག་ཉིན་བྱེད་འབུམ་ཕྲག་བརྒྱ་ཡི་གཟི་འོད་འབར་ཞིང་འཁྲུག་ལྡན་པ། །སྲིད་གསུམ་ལས་རྒྱལ་འཆི་བདག་སྡེར་བཅས་ཐལ་བར་བརླག་མཛད་དབྱུག་པ་དང༌། །ཀུན་རྟོག་ཐོད་པ་བདུད་བཞི་སྒྲལ་བའི་ཁྲག་ཅན་ཕྱག་གི་བརྒྱན་དུ་སྟེ། །འཇིགས་མཛད་འཇིགས་པའི་སྐུར་སྟོན་ཁྱོད་ཀྱིས་བདག་ཅག་འཇིགས་པ་མེད་པར་མཛོད། །གྲུབ་པ་ཀུན་གྱི་གཙུག་གི་རྒྱན། །བི་རཱུ་པ་ཞབས་རྗེས་འབྲངས་ཏེ། །གཤིན་རྗེ་གཤེད་དཔལ་སྒྲུབ་པའི་ཐབས། །གཞན་ལ་ཕན་པའི་སེམས་ཀྱིས་བཤད། །བླ་མ་ལྷག་པའི་ལྷར་བཅས་པའང༌། །འདི་ཡི་མཆོག་ཏུ་དགྱེས་གྱུར་ཏེ། །འདོད་པའི་དངོས་གྲུབ་སྩོལ་བ་དང༌། །བགེགས་རྣམས་རབ་ཏུ་ཉམས་པར་མཛོད། །འདིར་སྒྲུབ་པོ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས། ཡིད་དང་རྗེས་སུ་མཐུན་པའི་གནས་སུ་


TNT06_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་ཡན་ལག་རྣམས་ཚོགས་པར་བྱས་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཅི་ནུས་སུ་བསྒོམ་མོ། །དེ་ནས། རང་སྐད་ཅིག་གིས་གཤིན་རྗེ་གཤེད་དམར་པོ་དཔའ་བོ་ཅིག་པར་གྱུར། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་དམར་པོ་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བ། ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལཱ་ཡ། ཡ་མཱནྟ་ཀ་ཏྭེ་ནོ་པ་ཏིཥྛ་ཞེས་སོགས་དང༌། ཡ་མཱནྟ་ཀ་མཱ་མེ་མུཉྩ་ཡ་མཱནྟ་ཀ་བྷ་ཝ་མཧཱ་ས་མཱ་ཡ་སཏྭ་ཨཱཿ ཞེས་འདོན་པ་སྤོས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། མཇུག་ཏུ། བདག་དང་ལྷ་དང་ཉེས་ལྟུང་ཐམས་ཅད་སྟོང་པ་ཉིད་དུ་གྱུར། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་ལ་ཕྱག་འཚལ་འདུད། །གུས་པས་ཁྱོད་ལ་ཕྱག་འཚལ་འདུད། །གཤིན་རྗེ་གཤེད་དམར་བདག་གྲུབ་མཛོད། །བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལ་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་


TNT06_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱ་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རང་སྐད་ཅིག་གིས་གཤིན་རྗེ་གཤེད་དམར་དུ་གསལ་བའི་སྙིང་གར་ཨཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ། དེའི་ནང་དུ་ཉི་མ་ལ་ཧཱུཾ་དམར་པོ། དེ་ལས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་རྩ་བརྒྱུད་ཀྱི་བླ་མ་དང་བཅས་པ་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། གང་གི་དྲིན་གྱི་བདེ་ཆེན་ཉིད། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བླ་མ་ལ་ཕྱག་བྱ། དེ་ནས། ཨོཾ་ན་མོ་རཀྟ་ཡ་མཱ་རི་ས་པ་རི་ཝཱ་ར་མཎྜལ་བྷྱཿ བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཞེས་དཀྱིལ་འཁོར་ལ་ཕྱག་བྱས། ཨོཾ་ཧྲཱིཿཥྚཱིཿཧ། ཞེས་པས་མཆོད་ཡོན། ཨོཾ་ཧཱུཾ་ཧཱུཾ་ཕཊ། ཞེས་པས་ཞབས་བསིལ། ཨོཾ་ཀུ་མ་ར་རུ་པི་ཎེ་ཛཿཛཿ ཞེས་པས་མེ་ཏོག ཨོཾ་ཧྲཱིཿཧ་ཧཻ་ཕཊ། ཞེས་པས་བདུག་སྤོས། ཨོཾ་དཱིཔྟ་ལོ་ཙ་ན་བི་ཀྲི་ཏཱ་ན་ན་མཧཱ་ཨཊྚཊྚ་ཧ་ས་ན་དི་ན་དཱིཔྟ་ཡ་སྭཱཧཱ། ཞེས་པས་མར་མེ། ཨོཾ་བི་ཀྲི་ཏཱ་ན་ན་དུཥྟཾ་སཏྭ་ད་མ་ཀ་གཿགཿགཿ ཞེས་པས་དྲི་མཆོག་དང༌། ཨོཾ་བཛྲ་ནཻ་ཝེ་ཏྱེ་ཨཱཿཧཱུཾ་སྭཱཧཱ། ཞེས་ཞལ་ཟས་ཏེ་ཉེར་སྤྱོད་དང༌། ཨོཾ་རཱུ་པ་བཛྲི་ཎཱི་ཧཱུཾ། གིས་གཟུགས་རྡོ་རྗེ་མ།


TNT06_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤཔྟ་བཛྲི་ཎཱི་ཧཱུཾ། གིས་སྒྲ། ཨོཾ་གནྡྷེ་བཛྲི་ཎཱི་ཧཱུཾ། གིས་དྲི། ཨོཾ་རཱ་ས་བཛྲི་ཎཱི་ཧཱུཾ། གིས་རོ། །ཨོཾ་སྤརྴ་བཛྲི་ཎཱི་ཧཱུཾ། གིས་རེག་བྱ། ཨོཾ་དྷརྨ་དྷཱ་ཏུ་བཛྲི་ཎཱི་ཧཱུཾ། གིས་ཆོས་ཁམས་རྡོ་རྗེ་མ་རྣམས་ཀྱིས་མཆོད། དེ་ནས་རྒྱུན་བཤགས་ནི། ལུས་དང་ངག་དང་ཡིད་ཀྱི་སྡིག །སོགས་སམ། ཡང་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་གུར་ནས་འབྱུང་བ་བཞིན་དང༌། ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་ནི་དབུལ་བར་བགྱི། །དམ་པའི་ཆོས་ནི་ཀུན་སྟོན་པའི། །སྒྲ་དབྱངས་མཛེས་པས་བཞུགས་སུ་གསོལ། །ཞེས་ལན་གསུམ་བྱ། ཨོཾ་བཛྲ་མུཿ ཞེས་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་གི་སེམས་ཙམ་མོ། །སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ཨོཾ་ཡོ་ག་བི་ཤུདྡྷ་སརྦ་དྷཱརྨཿཡོ་ག་བི་ཤུདྡྷོ྅ཧཾ། རང་སེམས་ལྷའི་སྐུ་སྒྱུ་མ་ལྟ་བུའོ། །ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ལྷའི་རྣམ་པ། ཡང་སྙིང་ཁའི་ཉི་མ་དབྱུག་པ་དང་བཅས་པ་ལ་ཐིམ། དེ་ཡང་ཧཱུཾ་ལ་ཐིམ། ཞབས་ཀྱུ་ཁོག་པ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཡང་ནཱ་ད་ལ། ནཱ་ད་ཡང་སྟོང་པ་ཉིད་དུ་ཐིམ། སྟོང་པའི་ངང་ལས་སྨོན་ལམ་གྱི་དབང་གིས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་


TNT06_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལམ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་གྲུ་བཞི་བང་རིམ་བཞི་པ་ལྕོག་བརྒྱད་ཀྱིས་མཛེས་པའོ། །དེའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའོ། །དེ་ལས་འོད་འཕྲོས་སྐད་ཅིག་ཙམ་གྱིས་རྡོ་རྗེའི་ས་གཞི་རྭ་གུར་མེ་དཔུང་འབར་བ་རྣམས་གྲུབ་པར་གྱུར། སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས་གཞལ་ཡས་ཁང་པ་ནི། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་དང་ནི་ཀ་བ་བརྒྱད། །རྩིག་པ་ཕྱི་ནས་རིམ་པ་བཞིན། །དཀར་སེར་དམར་ལྗང་}ོ་བས་མཛེས། །གཞན་ཡང་འདོད་ཡོན་གྱི་སྣམ་བུ། ཕ་གུ། ཤར་བུ། དྲ་ཕྱེད་མདའ་ཡབ་རྣམས་དང་ལྡན་པ། གདུགས་དང་རྒྱལ་མཚན་དང་བ་དན་དང་བུམ་པ་དང་དཔག་བསམ་གྱི་ཤིང་ལ་སོགས་པས་མཛེས་པར་བྱས་པ། ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་སྟེང་དུ། པཾ་ལས་སྣ་ཚོགས་པདྨའོ། །ལྟེ་བ་དང་ཕྱོགས་བཞིར་ཉི་མའི་གདན། མཚམས་རྣམས་སུ་ཟླ་བའི་གདན། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེ་ཞུ་བ་ལས་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པའི་ནང་དུ་ཉི་མ་ལ་གནས་པའི་ཧཱུཾ་དམར་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་གཤིན་རྗེ་མཐར་བྱེད་ཀྱི་གོ་འཕང་ལ་བཀོད། ཧཱུཾ་ལ་ཐིམ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་པ་ཐམས་ཅད་སྐད་ཅིག་གིས་གྲུབ་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་


TNT06_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དམར་པོ་དཔའ་བོ་ཉི་མ་བྱེ་བའི་འོད་དང་མཚུངས་པའི་གཟི་བརྗིད་ཀྱི་ཕུང་པོ་འབར་བ་ལ། ཡུམ་རྡོ་རྗེ་རོ་ལངས་མ་དམར་མོས་འཁྱུད་པ། འདབ་མ་བཞི་ལ་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ལ། ཡུམ་ཙར་ཙི་ཀ་ནག་མོས་འཁྱུད་པ། ལྷོར་སེར་སྣ་གཤིན་རྗེ་གཤེད་སེར་པོ་ལ། ཡུམ་ཕག་མོ་སེར་མོས་འཁྱུད་པ། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་དམར་པོ་ལ། ཡུམ་དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་ལ། ཡུམ་གཽ་རི་ལྗང་མོས་འཁྱུད་པ། དཔའ་བོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་ཅུང་ཟད་གདངས་ཤིང་མཆེ་བ་གཙིགས་པས་རྒྱ་ཆེར་བཞད་པ། སྨ་ར་དང་སྨིན་མ་དང༌། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་པས་འཇིག་རྟེན་གསུམ་འདུལ་བའི་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་པོས་མཚན་པ་འཕྱར་བ། གཡོན་པ་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་མ་ཧེའི་སྟེང་དུ་གཤིན་རྗེ་སྔོན་པོ་དབྱུག་པ་དང་ཞགས་པ་ཐོགས་པ་རྣམ་པར་རྫི་བར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། འཛག་པའི་མགོ་བོ་བརྒྱ་ཕྱེད་ཀྱི་དོ་ཤལ་དང༌། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་རྣམ་པར་བརྒྱན་པ་བདུད་དང་གཤིན་རྗེ་མ་ལུས་པ་སྐྲག་པར་མཛད་ཅིང༌། གར་གྱི་ཉམས་དགུ་དང་ལྡན་པ། ཡུམ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་རྡོ་རྗེ་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། རྒྱན་དང་ཆ་བྱད་ཡབ་


TNT06_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བ་ལས། གཅེར་བུ་མི་མགོ་སྐམ་པོའི་དོ་ཤལ་ཅན་དབུ་སྐྲ་གྲོལ་བ། ཞབས་གཡོན་བསྐུམ་གཡས་བརྐྱང་བས་ཡབ་ལ་འཁྱུད་པ། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཤར་ལྷོར་མུ་མེན་གསེར་ཆབ་ཀྱི་བུམ་པ་བཞི་མཉམ་གྱིས་གང་བ། ལྷོ་ནུབ་ཏུ་གསེར་གྱི་བུམ་པ་གླ་རྩིས་གང་བ། ནུབ་བྱང་དུ་བྱི་རུའི་བུམ་པ་སི་ཧླས་གང་བ། བྱང་ཤར་དུ་དངུལ་གྱི་བུམ་པ་ག་བུར་གྱིས་གང་བ། ཐམས་ཅད་ཀྱང་ཐོད་པ་བདུད་རྩིས་གང་བས་ཁ་བརྒྱན་པའོ། །གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན་མི་མགོ་རློན་པ་སེར་བོས་མཚན་པ། དེའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཧཱུཾ་དམར་པོ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་སྙོམས་པ་ཞུགས་པས་བདེ་བས་རྒྱུད་གང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཤེས་རབ་ཀྱི་ལྟེ་བར་པདྨ་དམར་པོ་འདབ་མ་བརྒྱད་པ་རང་ལ་ཁ་ཕྱོགས་པའི་ལྟེ་བར་ཧྲཱིཿདམར་པོ། ལྷ་མོ་དང་བདག་ཉིད་ཀྱི་སྤྱི་བོའི་ཧཾ་ཡིག་ལས་བྱུང་བའི་བདུད་རྩིའི་རེ་ཁ་དཀར་པོ་པདྨའི་སྣལ་མ་ལྟར་ཕྲ་བ་ཧྲཱིཿཡིག་གི་རྩེ་མོར་འབབ་པར་གྱུར། སྙིང་ཁར་ཧཱུཾ་སྔོན་པོ། མགྲིན་པར་ཨཱཿདམར་པོ། སྤྱི་བོར་ཨོཾ་དཀར་པོ། དེ་རྣམས་ཀྱི་འོད་ཟེར་གྱི་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པར་གྱུར། ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་འཛིན་པ་རིགས་ལྔ་ཡུམ་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་ཨ་བྷི་ཥིཉྩ་


TNT06_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རྩ་བའི་བླ་མའི་ངོ་བོ་རྡོ་རྗེ་སེམས་དཔའ་དང་འཁོར་རྣམས་ལ་གཙོ་བོ་ཉིད་ཀྱི་དབུ་བརྒྱན། སླར་ཡང་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་སོགས་ཉེར་སྤྱོད་ལྔས་མཆོད། ཛཿཧཱུཾ་བཾ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་བྱས། སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། གཤིན་རྗེ་མཐར་བྱེད་ཀྱི་གོ་འཕང་ལ་བཀོད། ཧཱུཾ་ལ་ཐིམ། འདིར་འཕྲེང་བ་བྱིན་བརླབ་ནི། འཕྲེང་བ་གཤིན་རྗེ་གཤེད་དུ་བསྐྱེད། གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་སྤྱན་འདྲེན་དབང་བསྐུར་རྣམས་བྱས་ལ། ཧྲིཿཥྚཱིཿ འགའ་ཟུང་བཟླས་དེ་ཞུ་བ་ལས་ཁྲག་འཛག་མགོ་བོའི་འཕྲེང་བར་གྱུར་པར་བསམ། བྱིན་རླབས་ཀྱི་དོན་དུ། ཧྲཱིཿཥྚཱིཿ འཕྲེང་བ་བསྐོར་ཅིག་བཟླའོ། །དེ་ནས་ཐུགས་ཀའི་ཉི་མ་ཧཱུཾ་གི་ཐ་མར་སྔགས་ཀྱི་འཕྲེང་བས་བསྐོར་བར་བསམ་ལ་སྔགས་བཟླ་སྟེ། ཨོཾ་ཧྲཱིཿཥྚཱིཿཝི་ཀྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཅེས་པ་ནི་སྙིང་པོའི་སྔགས་སོ། །ཨོཾ་ཧཽཾ་ཀྵཽཾ་ཀྵ་ཡཾ་ཀ་རཱ་གྲིཧྣ་གྲིཧྣ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའི་སྔགས་སོ། །ཨོཾ་མཧཱ་ཡཀྵ་སེ་ན་ཨ་དྷི་པ་ཏ་ཡེ། མཧཱ་དུ་ར་དནྟ་ད་མ་ཀ་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། བི་དྲ་པ་ཡ་བི་དྲ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། འཕྲེང་བའི་སྔགས་སོ། །ཨོཾ་


TNT06_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དྭེ་ཥ་ར་ཏཱཾ་ནུ་ད་ནུ་ད་ཏྲུ་ཊ་ཏྲུ་ཊ་ཧཱུཾ་ཛ་སྭཱཧཱ། ཡུམ་གྱི་སྔགས་སོ། །ཨོཾ་མོ་ཧཱནྟ་ཀྲིཏ་ཧཱུཾ་ཕཊ། ཨོཾ་པི་ཤུ་ནཱནྟ་ཀྲིཏ་ཧཱུཾ་ཕཊ། ཨོཾ་ར་གཱ་ན་ཏ་ཀྲི་ཏ་ཧཱུཾ་ཕཊ། ཨོཾ་ཨིར་ཥྱ་ནྟ་ཀྲི་ཏ་ཧཱུཾ་ཕཊ། དཔའ་བོ་བཞིའི་སྔགས་སོ། །ཨོཾ་མོ་ཧཱ་ར་ཏཱི་ཧཱུཾ་ཛཿ ཨོཾ་པི་ཤུ་ན་རཱི་ཏཱི་ཧཱུཾ་ཛཿ ཨོཾ་རཱ་ག་རི་ཏཱ་ཧཱུཾ་ཛཿ ཨོཾ་ཨིར་ཥྱ་ར་ཏཱི་ཧཱུཾ་ཛཿ དཔའ་མོ་བཞིའི་སྔགས་སོ། །དེ་ནས་སྤྲོ་ན་སྐབས་འདིར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པ་དང༌། ནང་མཆོད་དང༌། ཨ་ཡེ། ཞེས་སོགས་ཀྱི་བསྟོད་པ་རྣམས། འོག་མཎྜལ་མཆོད་པའི་སྐབས་ལྟར་བྱའོ། །སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་བཅུད་ཐམས་ཅད་ལྷ་ཚོགས་སུ་གྱུར། དེ་རྣམས་འོད་དུ་ཞུ་དཀྱིལ་འཁོར་ལ་ཐིམ། རྟེན་གྱི་དཀྱིལ་འཁོར་ཡང་ལྷ་རྣམས་ལ་ཐིམ། འཁོར་རྣམས་གཙོ་བོ་ལ་ཐིམ། དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་དང༌། དེ་ཏིང་ངེ་འཛིན་སེམས་དཔའ་དང༌། དེ་ཡང་ནཱ་དའི་བར་དུ་ཐིམ། སྤྲོས་པ་དང་བྲལ་བའི་དབྱིངས་ལ་མཉམ་པར་གཞག སླར་ཡང་སྟོང་པའི་ངང་ལས་སྐད་ཅིག་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསམ་ལ། དག་པ་འདི་རྣམས་ཡིད་ཀྱི་དྲན་པར་བྱའོ། །དེ་ཡང་དམར་བ་ཉིད་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བརླག་པའི་དོན་ནོ། །སྤྱན་གསུམ་ནི་འདས་པ་དང་མ་འོངས་པ་དང༌། ད་ལྟ་བྱུང་བའི་དུས་གསུམ་གྱི་ཕྱིར་རོ། །ཕྱག་གཉིས་ནི་དངོས་པོ་དང་དངོས་པོ་མེད་པའི་རྟོག་པ་འཇོམས་པའོ། །ཤེས་རབ་ལ་འཁྱུད་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་སྦྱོར་བས་སོ། །ཀླུ་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་མཚོན་པའོ། །མགོ་བོ་བརྒྱ་ཕྱེད་ཀྱི་འཕྲེང་བ་ནི། ཡེ་གེ་ལྔ་བཅུའི་སྦྱོར་བས་སོ། །གཡོན་ན་ཐོད་པ་ནི་


TNT06_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔའི་བདུད་རྩིའི་རོས་ཡོངས་སུ་གང་བའི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཡས་ན་དབྱུག་པ་ནི། ཕུང་པོ་དང༌། ཉོན་མོངས་པ་དང༌། ལྷའི་བུ་དང༌། འཆི་བདག་གི་བདུད་བཞི་རྣམ་པར་འཇོམས་པའི་རང་བཞིན་ཅན་ནོ། །གཡོན་བརྐྱང་གི་གོམ་སྟབས་ནི་ཁམས་གསུམ་རྣམ་པར་གནོན་པའོ། །ལྷ་མོའི་ཕྱག་གཡོན་པའི་ཐོད་པར་བདུད་བཞིའི་ཁྲག་ནི་རོ་དང་བཅུད་ལེན་དུ་མ་ཀུན་ནས་མྱང་བའི་ཕྱིར་རོ། །གཡས་པ་རྡོ་རྗེའི་གྲི་གུག་ནི་དངོས་པོ་དང་དངོས་མེད་ཀྱི་རྣམ་རྟོག་གཅོད་པའི་ཕྱིར་རོ། །གདུག་པ་འདུལ་ཕྱིར་ཁྲོ་བོའི་གཟུགས་ཉིད་དོ། །གསུས་པ་ཆེ་བ་ནི་མྱ་ངན་ལས་མི་འདའ་བའི་ཕྱིར་རོ། །དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་གོང་ནས་གོང་དུ་རྒྱས་པའི་ཕྱིར་རོ། །ངོས་བཞི་ནི། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་གྱི་བདེན་པ་བཞི་རབ་ཏུ་སྟོན་པའི་ཕྱིར་རོ། །སྒོ་བཞི་ནི། བདུད་བཞི་ཀུན་ནས་སྐྲག་པའི་ཕྱིར་རོ། །ཟུར་བཞི་ནི། ཚངས་པའི་གནས་བཞི་རབ་ཏུ་རྫོགས་པའི་ཕྱིར་རོ། །ཀ་བ་བརྒྱད་ནི། རྨི་ལམ་ལྟ་བུ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། སྤྲུལ་པ་ལྟ་བུ་དང༌། བྲག་ཆ་ལྟ་བུ་དང༌། སྒྱུ་མ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དང༌། ཆུའི་ཟླ་བ་ལྟ་བུ་སྟེ། བརྒྱད་ཀྱི་རང་བཞིན་ལས། ནམ་མཁའ་ལྟར་དངོས་པོ་དང་དངོས་པོ་མེད་པའི་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། །ནང་གི་རྟོག་པ་རབ་ཏུ་འཇོམས་པས་དྲ་བ་ཕྱེད་པའོ། །རྟ་བབས་བཞི་ནི། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་ཉིད་དང༌། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་དོན་ནོ། །ཞེས་སོ། །འདི་རྣམས་ཚིག་ཏུ་བརྗོད་དགོས་པའི་ངེས་པ་མི་སྣང་ངོ༌། །དེ་ནས་སྣང་བ་ཐམས་ཅད་ལྷ་སྐུར་བལྟས་ལ་དགེ་བའི་རྩ་བ་བྱང་ཆུབ་ཏུ་


TNT06_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོའོ། །གལ་ཏེ་མཎྜལ་གྱི་མཆོད་པ་བྱ་བར་འདོད་ན། མཎྜལ་ལེགས་པར་འདུས་བྱས་ལ། ཨོཾ་བཛྲ་སཏྭ་སརྦ་བིགྣཱན་ཨུཏ་ས་ད་ཡ་ཧཱུཾ་ཕཊ། ཅེས་ནང་མཆོད་དྲི་བཟང་གིས་གྲུ་བཞིར་བྱུགས། ཨོཾ་ཨཱཿབཛྲ་རེ་ཁཱེ་ཧཱུཾ། ཞེས་ཟླུམ་པོར་བསྐོར། ཨོཾ་སུ་རེ་ཁཱེ་སརྦ་ཏ་ཐཱ་ག་ཏ་ཨ་ཏིཥྛནྟུ་སྭཱཧཱ། དབུས་སུ་མེ་ཏོག་བཞག ཨོཾ་ཧྲཱིཿསྭཱཧཱ། ཞེས་ཁྲུས་བྱ། ཨོཾརཀྟ་ཡ་མཱ་རི་བཛྲ་བཻ་ཏ་ལཱི་ཨ་ལིང་གི་ཏ། ཀནྡྷ་ར་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པས་དབུས་དང༌། ཨོཾ་མོ་ཧཱ་ཡ་མཱ་རི་ཡེ་བཛྲ་ཙར་ཙི་ཀཱ་ཨ་ལིང་ག་ཏ་ཀནྡྷ་རཱ་ཡ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཤར་དུ་དང༌། ཨོཾ་པི་ཤུ་ན་ཡ་མཱ་རི་ཡེ་བཛྲ་ཝ་ར་ཧྲཱི་ཨ་ལིཾ་གི་ཏ་ཀནྡྷ་རཱ་ཡ་ཨཱཿཧུཾ་ཕཊ་སྭཱཧཱ། ལྷོ་ཕྱོགས་སུ་དང༌། ཨོཾ་རཱ་ག་ཡ་མཱ་རཱི་ཡེ་བཛྲ་སྭ་ར་སྭ་སྟི་ཨ་ལིཾ་གི་ཏ་ཀནྡྷ་ར་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། ནུབ་ཏུ་དང༌། ཨོཾ་ཨརྵེ་ཡ་མཱ་རཱི་ཡེ་བཛྲ་གཽ་རཱི་ཨ་ལིཾ་གི་ཏ་ཀནྡྷ་རཱ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། བྱང་དུ་དང༌། ཨོཾ་རཱ་ཛ་པ་ཊ་གྷ་ཊ་ཡ་ཙ་ཏུསྶ་མ་པུརྞ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། མེ་མཚམས་སུ། ཨོཾ་སཱུ་བརྞ་གྷ་ཊ་ཡ་ཀ་རཱི་ཀ་པུརྞ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། བདེན་བྲལ་དུ་དང༌། ཨོཾ་པྲ་བཱ་ལེ་གྷ་ཊ་ཡ་སི་ཧླ་ག་པུརྞ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། རླུང་དུ་དང༌། ཨོཾ་རཱ་ཛ་ཏ་གྷ་ཊཱ་ཡ་ཀརྤཱུ་ར་པཱུརྞྞ་ཡ་ཨཱཿཧཱུཾ་ཕཊ་སྭཱཧཱ། དབང་ལྡན་དུ་སྟེ། མེ་ཏོག་གི་ཚོམ་བུ་རྣམས་བཀོད། རང་གི་སྙིང་ཀ་ནས་ལྷ་ལྔའི་དཀྱིལ་འཁོར་རྣམས་ཕྱུང་སྟེ། མཎྜལ་གྱི་སྟེང་དུ་འཁོད་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ཞེས་པ་ནས། ཁ་བརྒྱན་པའོ། །ཡི་བར་གོང་བཞིན་བསྐྱེད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མཱ་རི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་པཱདྱཾ་དང༌། ཡང་ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནེ་བེ་ཏྱེ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་


TNT06_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། སོ་སོའི་སྔགས་ཀྱི་མཐར་སྦྱར་བའོ། །གོང་ཚོགས་ཞིང་གི་སྐབས་ལྟར་ཕུལ་ཀྱང་རུང་བས་གང་འདོད་པ་བླང་ངོ༌། །སྤྲོ་ན་འཛམ་བུའི་གླིང་དང་གླིང་གཞན་དག །འཁོར་ལོ་རིན་ཆེན་གྱིས་བཀང་སྟེ། །བླ་མ་གཤིན་རྗེ་གཤེད་པོ་ལ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་སོགས་འདོན་པ་སྤོས་ཏེ། རྒྱལ་སྲིད་སྣ་བདུན་ལ་སོགས་པས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། སོ་སོའི་སྔགས་ལ་འབྲུ་གསུམ་བཏགས་པས་ཕུལ། ཨ་ཡེ་ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །བླ་མ་སྲིན་པོའི་གཟུགས་རང་བཞིན། ཁྱོད་མཐོང་ཁོ་བོ་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། ཁྱོད་ཀྱིས་གར་གྱིས་ས་སྟེང་དང༌། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་པ་ཁྲོ་བའི་ཡིད། །གར་མཛད་ཁྱོད་ནི་རོ་ལངས་ལགས། །སྐུ་ལུས་སྦོམ་ཐུང་དམར་པོ་སྟེ། །རྣམ་པ་སྣ་ཚོགས་སྐུ་སྤྲུལ་པ། །རྡོ་རྗེ་དབྱངས་ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚཱིཿའི་གསང་སྔགས་དག་གིས་ཁྱོད། །ས་གསུམ་པོ་ཡི་འཁྲུལ་བ་སེལ། །ཐུགས་རྗེས་ཁྲོས་པའི་རྗེ་བཙུན་ཁྱོད། །གར་མཛད་འགྲོ་བ་ཡོངས་ལ་གཟིགས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། ཁྱབ་བདག་


TNT06_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཞེས་བསྟོད། སྐབས་འདིར་ཡན་ལག་བདུན་པ་རྒྱས་པ་སོགས་ཀྱང་སྤྲོ་ན་བྱའོ། །གཏོར་མ་འབུལ་བར་སྤྲོ་ན། འོག་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་སྤྱན་འདྲེན་པ་ནས། འདོད་དོན་གསོལ་བཏབ་ཀྱི་བར་སྐབས་འདིར་བྱ། བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་དངོས་གྲུབ་བླངས། དེ་ནས་ཡི་གེ་བརྒྱ་པ་མང་དུ་བརྗོད། ཨོཾ་མུ་སྭཱཧཱ། དཀྱིལ་འཁོར་པ་རྣམས་རང་གི་སྙིང་ཁར་ཐིམ། ཞེས་སྨོན་ལམ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའང་བརྗོད་པར་བྱའོ། །འདིའི་མཎྜལ་ཆོ་ག་རང་ལུགས་ནི་འདི་ཡིན་ལ། དམ་ཡེ་རྒྱས་གདབ་སོགས་བསྐྱེད་ཆོག་སྤྲོས་པ་བྱེད་པའང་ཡོད་དོ། །གཏོར་མ་འབུལ་བར་འདོད་ན། ཟས་བཟང་དགུ་ཤ་ཆང་ཉ་ཤ་སོགས་ཀྱིས་སྦགས་པ་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་ལས་རླུང༌། རཾ་ལས་མེ། རུ་རུ་རུ་ལས་མི་མགོའི་སྒྱེད་པུ་གསུམ་ལ་གནས་པའི་ཧཱུཾ་ལས་ཐོད་པ་དུམ་བུ་གསུམ་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་བཞིར། ན་གོ་ཀུ་ད་ཧ་ལས།


TNT06_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་བ་གླང་ཁྱི་དང་རྟ་མཆོག་གླང་པོ་ཆེ་རྣམས་ཀྱི་ཤ དབུས་དང་མཚམས་བཞིར། མུ་བི་ར་ཤུ་མ་རྣམས་ལས། དྲི་ཆུ་དྲི་ཆེན་རཀྟ་བྱང་སེམས་རྐང་མར་རྣམས་སུ་གྱུར། དེའི་སྟེང་དུ་ཨོཾ་ལས་ཟླ་བ། དེ་ལ་གནས་པའི་ཧཱུཾ་ལས་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ། རླུང་གཡོས་མེ་སྦར། རྫས་རྣམས་ཞུ་ཞིང་དབྱུག་པས་ལན་གསུམ་དུ་དཀྲུགས་པས། ཟླ་བ་རྡོ་རྗེ་དབྱུག་པ་དང་བཅས་པ་ཡང་འོད་དུ་ཞུ་ནས་དངུལ་ཆུའི་རྣམ་པར་ལྟ་བུར་གྱུར། ཨོཾ་ཞེས་ལག་པ་གཡོན་པ་བསྟན། ཨཱཿཞེས་གཡས་པ་བསྟན། ཧོཿཞེས་བྱ་ཁྱུང་གི་ཕྱག་རྒྱ་བསྟན། ཧཱུཾ་ཞེས་འཆི་མེད་རྣམ་རྒྱལ་གྱི་ཕྱག་རྒྱ་སྟེ་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་བསྟན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་འདྲེས། ཛཿཧཱུཾ་བཾ་ཧོཿ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་བྱིན་གྱིས་བརླབས། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ གོང་ལྟར་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད། མདུན་གྱི་ནམ་མཁར་བཞུགས་པར་གྱུར། རང་གི་སྙིང་ཁ་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྤྲོས་སྙིང་པོའི་མཐར། ཧཱུཾ་སརྦ་དུཥྟཾ་ཨིནྟ་ཨ་དཱི་ན་ས་པ་རི་བཱ་ར་ཨཱ་ཀརྵ་ཡ་ཛཿ ཕྱོགས་སྐྱོང་རྣམས་བཀུག་སྟེ་ཕྱོགས་བཅུར་འཁོད་པ་ནི། ཤར་དུ་དབང་པོ་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ཉེ་དབང་ནག་པོ་མཁའ་ལྡིང་ལ་ཞོན་པ་འཁོར་ལོ། དུང་དབྱུག་པ། པདྨ་རྣམས་འཛིན་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ་དབྱུག་ཐོ་དང་ཞགས་པ་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་སྦྲུལ་ལ་ཞོན་པ་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་གཏེར་ལ་གནས་པ་པཱི་ཛ་པཱུ་ར་དང་ནེའི་ལེ་འཛིན་པ། ཚོགས་


TNT06_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དཀར་པོ་བྱི་བ་ལ་ཞོན་པ་གླང་པོའི་གདོང་ཅན་འཕྲེང་བ་དགྲ་སྟ་ལ་དུ་ལ་ཕུག་རྣམས་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ་བགྲང་འཕྲེང་དང་སྤྱི་བླུགས་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་སྔོན་པོ་རོ་ལངས་ལ་ཞོན་པ་གྲི་གུག་དང་ཐོད་པ་འཛིན་པ། ནུབ་བྱང་དུ་རླུང་ལྷ་ལྗང་ཁུ་རི་དྭགས་ལ་ཞོན་པ་རླུང་རས་འཛིན་པ། དབང་ལྡན་དུ་འབྱུང་པོ་དཀར་པོ་གླང་ལ་ཞོན་པ་རྩེ་གསུམ་དང་ཐོད་པ་འཛིན་པ་གཽ་རི་ལ་འཁྱུད་པ། སྟེང་དུ་ཟླ་བ་དཀར་པོ་རྟ་ལ་གནས་པ་ཀུ་མུ་ད་འཛིན་པ། ཉི་མ་དམར་པོ་རྟ་བདུན་གྱི་དྲངས་པའི་ཤིང་རྟ་ལ་གནས་པ་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པ། ཚངས་པ་སེར་པོ་ངང་པ་ལ་གནས་པ་ཞལ་བཞི་སྤྱི་བླུགས་མཆོག་སྦྱིན་དབྱུག་པ་བགྲང་འཕྲེང་འཛིན་པ། འོག་ཏུ་སའི་ལྷ་མོ་སེར་མོ་པདྨ་ལ་གནས་ཤིང་བུམ་པ་འཛིན་པ་དང༌། ཐག་བཟང་རིས་སྔོོན་པོ་ཤིང་རྟ་ལ་གནས་པ་རལ་གྲི་དང་སྡིགས་འཛུབ་མཛད་པའོ། །འདིར་བཱི་རཱུ་པའི་གཞུང་ཁོ་ན་ལྟར་ན་ཉེ་དབང་དང་ཚོགས་བདག་མ་བསྐྱེད་ཀྱང་རུང་བར་མངོན་ནོ། །དེ་དག་གི་འཁོར་དུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་བསྐོར་བར་གྱུར། སླར་ཡང་རང་གི་ཐུགས་ཀ་ནས་ཕུར་བུ་ཐོགས་པའི་ཁྲོ་བོ་རྣམས་སྤྲོས་ཏེ་ཕྱོགས་སྐྱོང་རྣམས་ཕུར་བུས་བཏབ། སྙིང་པོའི་མཐར། ཧཱུཾ་སརྦ་དུཥྟཾ་ཨིནྟ་ཨཱ་དཱི་ན་ས་པ་རི་ཝཱ་ར་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། ཕུར་བུས་བཏབ་པའི་རྐྱེན་གྱིས་ཐམས་ཅད་འོད་གསལ་དུ་བཅུག་ནས། སྟོང་པའི་ངང་ལས་སྐད་ཅིག་གིས་གཤིན་རྗེ་གཤེད་ཀྱི་སྐུར་གྱུར། བསྡུས་པར་ན་ཕུར་བཏབ་མེད་ཀྱང་རུང་ངོ༌། །ཕྱོགས་སྐྱོང་ཁོ་ན་ལ་གཏོར་མ་འབུལ་ན། དབུས་སུ་ཚངས་པ། དེའི་མདུན་དུ་ཟླ་བ། རྒྱབ་


TNT06_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཉི་མ། གཡས་སུ་ནོར་འཛིན་མ། གཡོན་དུ་ཐག་བཟང་རིས་རྣམས་བསྐྱེད་པ་ཁྱད་པར་རོ། །ཞལ་ཕྱག་རྫོགས་པར་བསྐྱེད་པ་མི་ལྕོགས་ན་མིང་ཙམ་བརྗོད་དོ། །གང་ལྟར་ཡང༌། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུཾ། ཐམས་ཅད་ཀྱང་བསྒྲུབ་པ་པོའི་བསམ་པ་རྫོགས་པར་མཛད་པར་བསམ། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་རཀྟ་མུ་ཀུ་ཊཱ་ཡ། རཀྟ་ཛ་ཊ་ཡ། རཀྟ་མུ་ཁཱ་ཡ། རཀྟ་ཤ་རཱི་རཱ་ཡ། རཀྟ་བྷཱུ་ཛཱ་ཡ། རཀྟ་མུཎྜ་མཱ་ལ་ཨ་བྷ་ར་ནཱ་ཡ། རཀྟ་ར་ཐ་ས་མ་རཱུ་དྷཱ་ཡ། རཀྟ་པདྨ་ཨཱ་ས་ནཱ་ཡ། རཀྟ་ཨ་བྷ་ར་ཎ་བྷཱུ་ཥ་ཎཱ་ཡ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ། མ་མ་བིགྷྣཱཾ་ཧ་ར་ཧ་ར་ཙི་ཏུརྨ་རཱ་ན། ནི་བ་ར་ཡ། ནི་བ་ར་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་ཡ་བྷྲ་མ་ཡ། ཚིནྡ་ཚིནྡ། བྷིནྡྷ་བྷིནྡྷ། ནཱ་ཤ་ཡ་ནཱ་ཤ་ཡ། ཤོ་ཥཱ་ཡ་ཤོ་ཥཱ་ཡ། ཚེ་ད་ཚེ་ད། བྷེ་ད་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པས་གཙོ་བོ་ཡབ་ཡུམ་དང༌། ཨོཾ་མོ་ཧ་ཡ་མཱ་རི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཞེས་སོགས། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་དཔའ་བོ་བཞི་ལ་རང་སྐགས་དང༌། ཨོཾ་མརྨྨེ་མརྨྨ་བིགྷ་ཏེ་ཧཱུཾ། བཛྲ་ཙརྩི་ཀ ཧ་ར་ཧ་ར་བྷུ་ཀྐཾ་མཱ་རཱ་ཡ་མཱ་རཱ་ཡ་བིགྷ་ནཱཾ་ཛཿ ཨོཾ་གྷོ་ནེ་སུ་གྷོ་ཎེ་བཛྲ་མཱ་མ་ཀཱི་བྷ་ར་བྷ་ར། སམྦྷ་ར་སམྦྷར། ཧ་ར་ཧ་ར་བིགྷ་ནཱཾ་ཛཿ ཨོཾ་མརྨྨེ་མརྨྨ། ཨ་ཀྵོ་བྷྱ་ཎེ་བཛྲ་ས་ར་སྭ་སྟི། ད་ར་ད་ར། ཐ་ར་ཐ་ར། པ་ར་པ་ར། ཀམྤ་ཀམྤ། དྷུ་ན་དྷུ་ན། ཧཱུཾ་བིགྷ་ནཱཾ་ཛཿ ཨོཾ་གམྦྷཱི་ར་བཛྲ་ཀརྟི་ཀ་གྷ་གྷ་ཧཱུཾ། རཀྟ་ཤོ་ཎི་ཏ་པྲི་ཡེ་གཽ་རཱི་ཡ་བིགྷ་ནཱཾ་ཛཿ ཞེས་པས་ལྷ་མོ་བཞི་ལ་འབུལ། ཨོཾ་ཨིནྟྲཱ་ཡ་ན་མཿཧྲཱིཿ ཡ་མ་ཡ་ན་མཿཥྚཱིཿ པཱ་རུ་ནཱ་ཡ་ན་མཿཝི། ཀུ་བེ་རཱ་ཡ་ན་མཿཀྲྀ། ཨི་ཤཱ་ནཱ་ཡ་ན་མཿ


TNT06_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཏ། ཨགྣ་ཡེ་ན་མཿཨཿ ནི་རྀ་ཏེ་ན་མཿན། བཱ་ཡ་བེ་ན་མཿན། ཙནྟྲ་ཡ་ན་མཿཧཱུཾ། ཨརྐཱ་ཡ་ན་མཿཧཱུཾ། པྲ་ཧྨ་ནེ་ན་མཿཕཊ། བ་སུ་དྷ་རཱི་ནི་ཡཻ་ན་མཿཕཊ། བཻ་མ་ཙི་ཏྲི་ན་མཿསྭཱ། སརྦ་བྷུ་ཏེ་བྷྱོཿན་མཿཧཱ། ཧ་ཧ་ཧ། ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕེཾ་ཕེཾ་ཕེཾ་སྭཱཧཱ། ཞེས་པས་ཕྱོགས་སྐྱོང་བཅུ་ལ་འབུལ། དེ་ནས་ཚོགས་ཞིང་སྐབས་ལྟར། ཆུ་གཉིས་སྔོན་དུ་འགྲོ་བས་ཉེར་སྤྱོད་ཀྱིས་མཆོད། ཧྲཱིཿཥྚཱིཿའི་མཐར། ཨོཾ་ཨཱཿཧཱུཾ། བཏགས་ལ་ནང་མཆོད་འབུལ། གཏི་མུག་རྡོ་རྗེ་སོགས་ཀྱིས་བསྟོད་པས་བསྟོད། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །ཕྱོགས་སྐྱོང་བཅོ་ལྔའི་ཚོགས་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་འདོད་དོན་གསོལ་བ་བཏབ། དེ་ནས་ཡིག་བརྒྱ་བཟླས་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིད་པ་དང་ནི་བགྱིད་སྩལ་པ། །དེ་ཡང་མགོན་པོས་བཟོད་པར་མཛོད། །ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཱུཾ་ཧཱུཾ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དབྱུག་གུ་དྲུག་ཅུ་རྩ་བཞི་འབུལ་བར་འདོད་ན། འཐེབ་ཀྱུ་དྲུག་ཅུ་རྩ་བཞི་བྱ། སྔགས་སྦྲེལ་བ་ཁ་དྲུག་བཅུ་ཚན་བཞིས་འབུལ། བཅུ་དྲུག་ཚན་རེ་རེའི་མཐར་མཆོད་བསྟོད་འདོད་དོན་གསོལ་བཏབ་རྣམས་བྱའོ། །གཞན་ཡང་ཉལ་བ་དང༌། ལྡང་བ་དང༌། ཁྲུས་ཀྱི་རྣལ་འབྱོར་དང༌། ཇི་ལྟར་ལོངས་སྤྱོད་པ་ཐམས་ཅད་ཐོག་མར་བླ་མ་གཤིན་རྗེ་གཤེད་ལ་འབུལ་བ་ལ་སོགས་པས། ཉིན་མཚན་


TNT06_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཁོར་ཡུག་ཏུ་རྣལ་འབྱོར་ལ་མི་གཡེལ་བར་བརྩོན་པས་གནས་ན་མྱུར་དུ་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པ་དང༌། ལོ་བཅུ་གཉིས་ཙམ་གྱིས་ནི་འབྱུང་པོ་ཐམས་ཅད་ཀྱིས་མངག་གཞུག་བྱེད་ཅིང༌། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་འགྲུབ་པར་ཐེ་ཚོམ་མེད་དོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །འདིར་སྨྲས་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཀྱིས། །མི་བསྲུན་བདུད་བཞིའི་དཔུང་རྣམས་འཐག་བྱེད་ཅིང༌། །མ་རིག་འཆི་བདག་དྲུང་ནས་འབྱིན་འདོད་པས། །སྲིད་གསུམ་རྒྱལ་ཐབས་འདི་ལ་ནན་ཏན་བྱོས། །འཇམ་དཔལ་ཁྲོས་པའི་སྒྲུབ་ཐབས་རྨད་བྱུང་འདི། །སྡོམ་བརྩོན་བཤེས་གཉེན་མང་པོས་བསྐུར་བའི་ངོར། །འཁྲུལ་མེད་ལུང་རིགས་མན་ངག་ཇི་བཞིན་དུ། །རྣལ་འབྱོར་སྤྱོད་པས་རྒྱལ་པོའི་ཁབ་དུ་བྲིས། །བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། བདུད་བཞི་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་འདི་ནི། སྟན་ཅིག་པའི་བརྟུལ་ཞུགས་འཛིན་པ་དགེ་བའི་བཤེས་གཉེན་དུ་མས་མགྲིན་གཅིག་ཏུ་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་དྲུག་པ་ལ་སྨྲས་པའོ། །སླར་རང་ལོ་སོ་གཅིག་པའི་མཐར་ཤིན་ཏུ་དག་པར་བྱས་སོ། །གཤིན་རྗེ་གཤེད་ཀྱི་རྒྱུད་གཞུང་དང༌། །མན་ངག་མ་ནོར་སྨྲ་བ་ཡི། །ཕྱི་རབས་མཁས་པ་ཆེས་ཉུང་ཞིང༌། །དེང་སང་ཡོད་ན་སྣང་བར་གྱིས། །འགའ་ཞིག་རྙིང་མ་མགོན་པོ་སོགས། །གཞན་དང་འདྲེས་ཏེ་རང་ལུགས་དཀོན། ཁ་ཅིག་རྒྱ་གཞུང་ལྟ་བས་ངལ། །ཐམས་ཅད་ཤེས་པ་འགའ་ཙམ་སྲིད། །ཅེས་པའང་སྨྲས་པ་ཡིན་ནོ།། །།དགེ་ལེགས་འཕེལ། བཀྲ་ཤིས།


TNT06_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞི་ལས་རྣམ་པར་རྒྱལ་བ། next