Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
དཔལ་རྡོ་རྗེ་འཇིགས་མཛད་ལྷ་བཅུ་གསུམ་མའི་ཆོ་ག་འདོན་པ་བསྒྱུར་ལུགས་ཡང་དག་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་འཇིགས་མཛད་ལྷ་བཅུ་གསུམ་མའི་ཆོ་ག་འདོན་པ་བསྒྱུར་ལུགས་ཡང་དག་པ། next

དཔལ་རྡོ་རྗེ་འཇིགས་མཛད་ལྷ་བཅུ་གསུམ་མའི་ཆོ་ག་འདོན་པ་བསྒྱུར་ལུགས་ཡང་དག་པ།


TNT06_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་མཛད་ལྷ་བཅུ་གསུམ་མའི་ཆོ་ག་འདོན་པ་བསྒྱུར་ལུགས་ཡང་དག་པའོ། །


TNT06_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ན་མོ་གུ་ར་ཝེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་ལྷ་དགུའི་དཀྱིལ་འཁོར་གྱི་དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་ཆོ་ག་སྔར་བཤད་ཟིན་པ་ལས། ལྷ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ལ་འདོན་པ་སྤོ་བའི་ཚུལ་ནི། ས་ཆོག་གི་སྐབས། སྐྱབས་འགྲོ་ནས་བཟླས་པའི་བར་སྒྲུབ་ཐབས་བཞིན་བསྒོམ་ཞེས་པ་ལ། བཅུ་གསུམ་མ་ཉིད་ཀྱི་སྒྲུབ་ཐབས་ཀྱི་གཞུང་སྲོང་བ་ཡིན། སློབ་མས་གསོལ་བཏབ་ཀྱི་སྐབས། དུར་ཁྲོད་རྒྱན་གྱིས་སོགས་བསྟོད་པའི་རྗེས་ལ། དབང་ཆོག་རྒན་པོ་དྲི་མེད་ཆུ་རྒྱུན་ན། གསང་འདུས་ནས་བཤད་པའི་ཕྱོགས་བཞི་གསོལ་འདེབས་གོ་རིམ་དཀྲུགས་པའི་ཚུལ་གྱིས་ཡོད་ཀྱང༌། ལག་ལེན་དུ་ཤར་ལ་སོགས་པ་ཕྱོགས་བཞི་ནས་རིམ་པས། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཕྱག་འཚལ་བསྟོད། །ཅེས་དང༌། སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །ཐུགས་ཀྱི་རྡོ་རྗེ་རབ་གསལ་བ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཞེས་དང༌། འདོད་ཆགས་རྡོ་རྗེའི་རང་བཞིན་


TNT06_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད། ཁྱབ་བདག་ཆགས་པ་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཞེས་དང༌། ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་མཚུངས་པ། །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཞེས་བརྗོད། ཐམས་ཅད་ཀྱི་ཐུན་མོང་དུ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་འཇིགས། །ཞེས་སོགས་སྦྲེལ་ལོ། །ལུས་ངག་སེམས་ལ་སོགས་ཀྱི་སྐབས། དཀྱུས་བཞིན་སོང་བའི་རྗེས་ལ། ང་ནི་དཔལ་ལྡན་འཁོར་ལོ་འཛིན། །རིན་ཆེན་འཛིན། པདྨ་འཛིན། རལ་གྲི་འཛིན། སོགས་འདོན་པ་སྤོ། ཕུར་གདབ་སྐབས་ནི། དཀྱིལ་ཆོག་རྒན་པོ་ན་རལ་གྲི་གཤིན་རྗེ་གཤེད་བསྐྱེད་ཀྱང༌། དཀྱུས་ཉིད་ལེགས་པས་ཐེ་ཚོམ་མི་བྱའོ། །སྟ་གོན་གྱི་སྐབས་ས་ལྷ་ཡན་ཆད་འདྲ། ལྷ་སྟ་གོན་གྱི་སྐབས། ཐིག་ཆེན་


TNT06_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྐམ་ཐིག་ཏུ་བཏབ་ནའང་རུང༌། གཙོ་བོའི་གནས་སུ་དྲི་བཟང་གི་ཐིག་ལེ་གྲུ་བཞི་ཆེ་བ་ཅིག་བྱ། ལྷ་བཅུ་གཉིས་གཞན་རྣམས་ཀྱི་གནས་སུ་དེ་ལས་ཉིས་འགྱུར་གྱི་ཆུང་བའི་ཟླུམ་པོ་རེ་བྱེད། ལྷ་སྣམ་གྱི་ཕྱག་མཚན་ཉི་ཤུ་རྩ་བཞི་དང༌། རོ་ལངས་བཞི་དང༌། ཐོད་པ་བཞིའི་གནས་སུ་དྲི་བཟང་གི་ཐིག་ལེ་ཆུང་ངུ་རེ་བཀོད་ནས། དེ་རྣམས་ཀྱི་སྟེང་དུ་ཚོམ་བུ་ཡང་ཆེ་ཆུང་དེ་ཀའི་རིམ་པ་བྱ། གཞན་ཤོམས་འདྲ། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ་ཞེས་པ་ནས། སྣ་ཚོགས་པས་གང་བའོ། །དབུས་ཀྱི་རེ་མིག་ཏུ་རླུང་གི་དཀྱིལ་འཁོར་ཞེས་པ་ནས། རྐང་པ་གསུམ་གར་བྱེད་པའོ། །དབུས་ཀྱི་གདན་གྱི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་རྩེ་དགུ་པ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་ཤིང་ཐིམ་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་དུས་མཐའི་སྤྲིན་ཞེས་པ་ནས། རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུཾ་ནག་པོ་འོད་ཟེར་འབར་བའོ། །བཅོམ་ལྡན་འདས་དེའི་སྐུ་ལ་འཁྱུད་པའི་ནས། མཉམ་པར་སྦྱོར་བའོ། །རེ་མིག་བརྒྱད་ལ། ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ནས། བྱང་ཤར་དུ་གཽ་རི་བསྐྱེད་པའི་སྐབས་ཀྱི་པདྨ་འཛིན་པ་ཞེས་པའི་རྗེས་ལ། སྒོ་བཞིར་སྒོ་སྐྱོང་བཞི་རྣམས་འཁོད་པ་ནི། ཤར་ཕྱོགས་སུ་ཡ་ལས་ཐོ་པ་ནས། བཞི་པོ་རྣམས་ཀྱང་འཁོད་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་དཔལ་རྡོ་རྗེ་འཇིགས་བྱེད་ཅེས་སོགས་ནས། བདེ་བའི་ལམ་གྱི་འགོད་པར་ཤོག །ཅེས་པའི་བར་དུ་འདྲ་བ་ལས། ནང་མཆོད་ཀྱི་སྐབས།


TNT06_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་རྗེས་སུ། ཨོཾ་བཛྲ་བཻ་ཏ་ལི་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། ཨོཾ་ཛི་ནི་ཛིཀ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ། དེ་བཞིན་དུ། རཏྣ་དྷྲྀཀ ཨ་རོ་ལིཀ པྲཛྙཱ་དྷྲྀཀ མོ་ཧ་ར་ཏཱི། དྭེ་ཥ་ར་ཏཱི། རཱ་ག་ར་ཏཱི། བཛྲ་ར་ཏཱི། མུད་ག་ར་དྷྲྀཀ དཎྜ་དྷྲྀཀ པདྨ་དྷྲྀཀ ཁདྒ་དྷྲྀཀ ཅེས་པ་རྣམས་ལའང་སྦྱར། རེ་མིག་གི་མཚན་མ་ལྷག་མ་ལ་འབུལ་བ་མན་ཆད་འདྲ། གཏོར་མ་དང་པོ་དཀྱིལ་འཁོར་པ། གཉིས་པ་ཆོས་སྐྱོང་ཡེ་ཤེས་པ་ཇི་ལྟར་འོས་པ། གསུམ་པ་ཕྱོགས་སྐྱོང༌། བཞི་པ་ཕྱོགས་སྐྱོང་ཆོས་ཀྱི་རྒྱལ་པོ་རྣམས་ལ་འབུལ་བ་ཡིན། དེ་དག་ལས་སྨོན་ལམ་གདབ་པའི་བར་སྒྲུབ་ཐབས་སྙིང་པོ་དང༌། དཀྱིལ་ཆོག་ཏུ་བཤད་པ་བཞིན་ནོ། །དེ་ནས་ཧྲིཿཥྚཱིཿལན་གསུམ་གྱིས་སྲུང་བའི་བར། སྙན་གསན་ཕབ་ཅིང༌། དཀྱིལ་འཁོར་ནམ་མཁར་འདེགས་པའི་བར་ཡང་འདྲའོ། །བུམ་པ་སྟ་གོན་གྱི་སྐབས། སྤྱིར་བཅུ་གསུམ་མ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཆོ་གའི་རིམ་པ་རྒྱས་ཤོས་ཡིན་པས། བུམ་པ་ཡང་ཅུང་ཟད་རྒྱས་པ་ཙམ་འགྲུབ་ན་ལེགས་མོད་ཀྱི། ལག་ཏུ་ལོངས་པ་དཀའ་བས། བུམ་པ་གཉིས་ལ་བསྡུ་ན། ལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། ཤར་དུ་ཀྵེཿལས་འཁོར་ལོ་ནས། ཁྲག་གིས་གང་བ་བཞི་པོ་རྣམས་ཀྱང་འཁོད་པར་གྱུར། གྱི་བར་མངལ་དཀྱིལ་གྱི་སྐབས་བཞིན། ལས་བུམ་ལ་བགེགས་མཐར་བྱེད་ཀྱིས་ཀྱང་ལེགས་ལ། ལྷ་དང་གྲངས་མཉམ་གྱི་བུམ་པ་ཡོད་ན། བྱང་སྒོའི་བུམ་པས་ལས་བུམ་གྱི་གོ་ཆོད་པར་འདོད་ཀྱང་ལག་ལེན་དཀྱིལ་ཆོག་བཞིན་བྱེད་པ་ལས། གཙོ་བོ་ཕྱག་གཉིས་པའི་རྣམ་པ་ཅན་བགེགས་མཐར་བྱེད་ཀྱི་ངོ་བོ་ཡིན་པས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ་སྭཱཧཱ། གཙོ་བོར་བཟླ་བཞིན་ཉེ་སྙིང་ཡང་བཟླ་ནི་བཟླའོ། །འཁོར་གྱི་བསྟོད་ཐུང་ལ། ཡན་ལག་བཅུ་གཉིས་རབ་འགགས་ཤིང༌། །ས་ནི་བཅུ་གཉིས་དག་པའི་དངོས། །བདེ་གཤེགས་


TNT06_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཅེས་སྤོས་པ་ཙམ་ཡིན། གཞན་ཁྱད་པར་མེད་དོ། །ཐིག་ཚོད་བྱིན་རླབས་ཀྱི་སྐབས་སུ། ཡ་ལས་ཞེ་སྡང་གཤིན་རྗེ་གཤེད་ནག་པོ། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས། རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། དཀར་པོའི་གནས་སུ། ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད། དཀར་པོ་དཀར་ནག་དམར་བ་སོགས། མ་ལས་སེར་སྣ་གཤིན་རྗེ་གཤེད། སེར་པོ་སེར་ནག་དཀར་བའི་ཞལ་སོགས། མེ་ལས་འདོད་ཆགས་གཤིན་རྗེ་གཤེད་དམར་པོ། དམར་ནག་དཀར་བའི་སོགས། ད་ལས་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། ལྗང་ནག་དཀར་བའི་སོགས། ཐམས་ཅད་ཀྱང་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། སྤྱན་གསུམ་མཆེ་གཙིགས། དབུ་སྐྲ་གྱེན་དུ་བརྗེས་པ། སྟག་སྤགས་དང༌། མགོ་ཕྲེང་དང༌། རུས་པ་དང༌། སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་སྤེལ། མི་འདྲ་བའི་ཁྱད་པར་དེ་ཙམ་ཡིན། དཀྱིལ་འཁོར་འབྲི་བའི་སྐབས། གཙོ་བོའི་གནས་སུ། མི་རོའི་སྟེང་དུ་པད་ཉི་ལ་རལ་གྲི་འབྲི། འདི་ངེས་ཅན་ཡིན། ཅལ་ཅོལ་གྱི་ཁ་ལ་མ་རྒྱུག་ཅིག རེ་མིག་བརྒྱད་ལ་མི་མགོ་སོགས་ཀྱི་སྟེང་དུ། ཤར་དུ་ཟླ་བ་ལ་འཁོར་ལོ། ལྷོར་ཉི་མ་ལ་ནོར་བུ། ནུབ་ཏུ་ཉི་མ་འོད་བྲལ་ཏེ་དམར་པོ་ལ་པད་དམར། བྱང་དུ་རླུང་དཀྱིལ་ཏེ་ནག་པོ་ཟླ་གམ་ལ་རྒྱ་གྲམ་འབྲི། མཚམས་བཞིར་ཟླ་གདན་རིམ་པས་འཁོར་ལོ། རྡོ་རྗེ་པདྨ་ཨུཏྤལ་བྲིས་ཀྱང་ལེགས། ཡང་གྲི་གུག་ཁོ་ན་བྲིས་ཀྱང་


TNT06_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ངོ༌། །སྒོ་བཞིར་ཉི་གདན་ལ་ཐོ་བ་དང༌། བེ་ཅོན་དང༌། པད་དམར་དང༌། རལ་གྲིའོ། །ཕྱིའི་གྲྭ་བཞིར་རོ་ལངས་ཀྱི་གཟུགས་བཞིའམ། ཚོན་སྤུངས་ནག་པོ་རེ་བྱས་ཀྱང་རུང་ཙམ་ཡིན། དེ་རྣམས་ཀྱི་མདུན་ནམ་རིམ་པ་གཉིས་པའི་གྲྭ་བཞིར་ཟླ་གདན་ལ་ཐོད་པ་འབྲི། གཞན་ལྷ་སྣམ་གྱི་ཕྱག་མཚན་སོགས་ལ་ཁྱད་པར་མེད་དོ། །དབུས་ཀྱི་གཞི་གྲུ་ཆོད་ཁྲག་མཚོ་འདི་ལ་ཟླུམ་སྐོར་རིམ་པ་གཉིས་ཡོད་པས། ཟླུམ་སྐོར་ཕྱི་མ་ལ་ཐོད་སྐམ་གྱི་འཕྲེང་བ། ནང་མ་ལ་གདུང་ཟླུམ་བྱ། རེ་མིག་གི་ནང་ལ་ཁྲག་མཚོའི་རི་མོ་བྱེད་མཁན་ཡོད་ཀྱང་མི་ལེགས། དེས་ན་གཞི་ནག་པོར་བྱེད་ན་གདུང་སྔོན་པོ་དང༌། གཞི་སྔོན་པོར་བྱེད་ན་གདུང་ནག་པོར་བྱའོ། །དཀྱིལ་ཆོག་རྒན་པོ་ནས་དངོས་གཞིའི་ཐོག་མར་སླར་ཡང་བུམ་པ་སྒྲུབ་པར་འདོད། དཀྱིལ་འཁོར་སྒྲུབ་ཚུལ་ལ་བདག་མདུན་ཐ་དད་དང༌། མདུན་བསྐྱེད་སྒྲུབ་ཚུལ་དཀྱུས་མ་ཞིག་བྱེད་པར་འདུག ཕྱིས་འགའ་ཞིག་དགྲ་ནག་གི་དཀྱིལ་མཆོག་དཔལ་འཛིན་གྱིས་མཛད་པའི་དགོངས་པར་བྱས་ཏེ། བདག་མདུན་ཐ་མི་དད་ཁོ་ནར་མཛད་དོ། །འོན་ཀྱང་འདི་ལྟར་བྱ་སྟེ། སྔོོན་འགྲོ་གཏོར་མ་ནས་བརྩམས། འཁོར་བཅུ་གཉིས་པོ་དང་ཡུམ་ཡང་རང་ཉིད་ལ་ཐིམ། ཞེས་པའི་བར་དུ་བཅུ་གསུམ་མའི་སྒྲུབ་ཐབས་ཀྱི་གཞུང་བསྲངས་ཏེ་བསྒོམ། སྐབས་འདིར་བདག་བསྐྱེད་ཁོ་ན་ཡིན། དེ་ནས་སྤྲོ་ན་བགེགས་སྦྱང་བ་དང༌། སྡིག་པ་སྦྱོང་བ་དང༌། ཁྲུས་གསོལ་རྣམས་བྱ། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ། ཞེས་པ་ནས། རྐང་པ་གསུམ་གར་བྱེད་པའོ། །དབུས་ཀྱི་གདན་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ལས་བྱུང་བའི་རལ་གྲི་ཧཱུཾ་གིས་མཚན་པ་འོད་ཟེར་མཐའ་ཡས་པ་འབར་བའོ། །ཉེ་སྙིང་དང༌། སྙིང་པོ་དང༌། རྩ་སྔགས་ལན་བདུན་བདུན་བརྗོད། ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ། ཨོཾ་ཛི་ན་


TNT06_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཛིཀ་ཧཱུཾ་ཕཊ། ལྷོར་མ་ལས་རིན་པོ་ཆེ་མས་མཚན་པ། ཨོཾ་རཏྣ་དྷྲྀཀ་ཧཱུཾ་ཕཊ། ནུབ་ཏུ་མེ་ལས་པདྨ་མེས་མཚན་པ། ཨོཾ་ཨ་རོ་ལིཀ་ཧཱུཾ་ཕཊ། བྱང་དུུ་ད་ལས་རྒྱ་གྲམ་ད་ཡིག་གིས་མཚན་པ། ཨོཾ་པྲཛྙཱ་དྷྲྀཀ་ཧཱུཾ་ཕཊ། ཤར་ལྷོར་ཛ་ལས་འཁོར་ལོ་ཛས་མཚན་པ། ཨོཾ་མོ་ཧ་ར་ཏི་ཧཱུཾ། ལྷོ་ནུབ་ཏུ་ས་ལས་རྡོ་རྗེ་ས་ཡིས་མཚན་པ། དྭེ་ཥ་ར་ཏི། ནུབ་བྱང་དུ་དོ་ལས་པདྨ་དོས་མཚན་པ། རཱ་ག་ར་ཏི། བྱང་ཤར་དུ་རུ་ལས་ཨུཏྤལ་རུས་མཚན་པ། བཛྲ་ར་ཏི། ཡང་ན་བྱང་དུ་རལ་གྲི། མཚམས་བཞིར་གྲི་གུག་གོ །ཤར་སྒོར་ཡ་ལས་ཐོ་བ་ཡས་མཚན་པ། མུདྒ་ར་དྷྀཀ ལྷོ་སྒོར་ཙ་ལས་དབྱུག་པ་ཙས་མཚན་པ། དཎྜ་དྷྲྀཀ ནུབ་སྒོར་མེ་ལས་པདྨ་མེས་མཚན་པ། པདྨ་དྷྲྀཀ བྱང་སྒོར་ར་ལས་རལ་གྲི་རས་མཚན་པ། ཨོཾ་ཁདྷ་དྷྲྀཀ་ཧཱུཾ་ཕཊ། ལན་གསུམ། གྲྭ་བཞིར་ཎ་ཡོ་ནི་ར་ལས་བྱུང་བའི་ཐོད་ཁྲག་བཞི། ཎ་ཡོ་ནི་རས་མཚན་པ། ཨོཾ་ཨཱཿཧཱུཾ། ལན་བཅུ་གཉིས། དེ་ནས་ཉེ་སྙིང་ལན་གསུམ་དང༌། ཧྲཱིཿཥྚཱིཿལན་གསུམ་དང༌། རྩ་སྔགས་ལན་གསུམ་གྱིས་མཚན་མ་གཞན་རྣམས་བྱིན་གྱིས་བརླབས། དེ་ཉིད་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སོགས་ཀྱིས་བསྟོད་དོ། །མཚན་མ་སྤྱི་ལ་དམིགས་ནས། སྙིང་པོ་དང༌། རྡོར་སེམས་ཀྱི་ཡིག་བརྒྱ་ཡང་ཅི་རིགས་པར་བཟླའོ། །དེ་དག་ནི་དཀྱིལ་འཁོར་མདུན་བསྐྱེད་འབའ་ཞིག་གི་ཚུལ་དུ་སྒྲུབ་པའོ། །དེ་ནས་སྔགས་གསུམ་ཚར་གཅིག་བརྗོད། བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞལ་དགུ། ཕྱག་སུམ་ཅུ་རྩ་བཞི། ཞབས་བཅུ་དྲུག རྒྱན་དང་མཚོན་ཆ་ཐམས་ཅད་ཡོངས་སུ་རྫོགས་པ། ཁམས་གསུམ་


TNT06_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་པར་རྒྱལ་བའི་གཟི་འོད་འབར་བ་ཅན། སྐུ་དང་གསུང་དང་ཐུགས་དང༌། ཡོན་ཏན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ཉིད་མདུན་གྱི་དཀྱིལ་འཁོར་ཆེན་པོའི་དབུས་ཀྱི་གདན་ལ་བཞུགས། དབུས་ཀྱི་ལྷའི་མཚན་མ་དང་གཉིས་སུ་མེད་པར་འདྲེས། ཨོཾ་ཨ་ས་མེ། ཏྲི་ས་མེ། མཧཱ་ས་མ་ཡེ་སྭཱཧཱ། ལན་གསུམ། རང་གི་པང་དུ་རང་རིགས་ཀྱི་ཕྱག་རྒྱ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གནས་པ་ལས། དེ་ཉིད་མི་དམིགས་ཏེ་སྟོང་པར་སྦྱངས། ཨོཾ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་བཾ་ལས་གྲི་གུག་བཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། ཁྲོ་མོའི་དབང་ཕྱུག་རྡོ་རྗེ་རོ་ལངས་མའི་སྐུར་གྱུར། ཡབ་ཀྱི་གསང་གནས་མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ནས། སྲོག་དག་པའི་ལམ་ནས་ཡུམ་གྱི་མཁར་བབས་པ། གཞལ་མེད་ཁང་བསྲུང་བའི་འཁོར་ལོ་དུར་ཁྲོད་དང་བཅས་པའི་ནང་དུ། ལྷ་སོ་སོའི་གདན་གྱི་གནས་ལ་ཐིག་ལེ་བཅུ་བདུན་དུ་གྱུར། དེ་རྣམས་ལྷ་སོ་སོའི་ས་བོན་དུ་གྱུར། ཅེས་པ་ནས། བཞི་པོ་རྣམས་ཀྱང་འཁོད་པར་གྱུར། གྱི་བར་སྒྲུབ་ཐབས་བཞིན། ཨོཾ་ཧྲཱིཿཥྚཱིཿནས། དཀྱིལ་འཁོར་གྱི་གཙོ་བོ་རང་ཉིད་ཀྱི་སྐུའི་ཆ་ཐམས་ཅད་ནས་ཞུགས་ཏེ་གཉིས་སུ་མེད་པར་ཐིམ། བདེ་སྟོང་གཉིས་སུ་མེད་པ་སྐུ་གསུམ་ནས། ཤར་གྱི་རེ་མིག་ཏུ་པད་ཟླའི་གདན་ལ་མཚན་མའི་ཕྱག་རྒྱ་དང་གཉིས་སུ་མེད་པར་འདྲེས་སྟེ་འཁོད་པར་གྱུར། དེ་བཞིན་དུ་ཐམས་ཅད་ལ་སྦྱར་ཏེ། ལྷོའི་རེ་མིག་ཏུ་པད་ཉིའི་གདན་ལ། མཚན་མའི་ཕྱག་རྒྱ་དང་གཉིས་སུ་མེད་པར་འདྲེས་ཏེ་འཁོད་པར་


TNT06_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། བྱང་སྒོར་པད་ཉི་ལ། མཚན་མའི་ཕྱག་རྒྱ་དང་གཉིས་སུ་མེད་པར་འདྲེས་ཏེ་འཁོད་པར་གྱུར་གྱིས་བར་བརྗོད། ཨོཾ་ཨཱཿཧཱུཾ། ལན་བཞི་ནས། གདན་རེ་རེ་ལ་ཐོད་པ་བཞིའི་ཕྱག་རྒྱ་དང་དབྱེར་མེད་དུ་འདྲེས་ཏེ་འཁོད་པར་གྱུར། མཁའ་ནང་གི་གཞལ་མེད་ཁང་དུར་ཁྲོད་སྲུང་བའི་འཁོར་ལོ་དང་བཅས་པ་དཔག་ཏུ་མེད་པ་སྤྲོས། བཅོམ་ལྡན་འདས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད། སྣོད་ཀྱི་འཇིག་རྟེན་གྱི་དྲི་མ་མ་ལུས་པ་སྦྱངས། རྣམ་ཤེས་ཚོགས་བརྒྱད་དང༌། བདུད་བཞི་དབྱིངས་སུ་དག་པར་བྱས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡེ་ཤེས་ཀྱི་རང་སྣང་ལ་བཀོད། ཚུར་འདུས་གཅིག་ཏུ་འདྲེས། གཞལ་ཡས་ཁང་གདན་དང་བཅས་པ་དང༌། དུར་ཁྲོད་སྲུང་བའི་འཁོར་ལོ་དང་བཅས་པ་ལ་གཉིས་སུ་མེད་པར་ཐིམ་པའི་ཚུལ་གྱིས་བཞུགས་པར་གྱུར། འདིར་གཞལ་ཡས་ཁང་དང༌། དུར་ཁྲོད་དང༌། སྲུང་འཁོར་ལ་དག་སྦྱོར་གྱི་སྤྲས་སྤྲོས་མང་པོ་མི་དགོས་སོ། །ལྷ་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ་ལས་ནས། དོན་ཡོད་གྲུབ་པས་དབུ་བརྒྱན་གྱི་བར་ཡང་སྒྲུབ་ཐབས་བཞིན་ནོ། །ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་སོགས། སྟ་གོན་གྱི་ལྷ་སྤྱན་འདྲེན་པ་མན་ཆད། མཆོད་བསྟོད་གཏོར་འབུལ་ཕྱི་རོལ་གཏོར་མ་རྣམས་ལའང་མི་འདྲ་བ་མེད་མོད། སྒྲུབ་ཐབས་ཡིད་བཞིན་གཏེར་མཛོད་ན། བདག་བསྐྱེད་ཀྱི་ཡེ་ཤེས་སྤྱན་འདྲེན་སྐབས། ཚིགས་བཅད་ལ། དྲག་པོའི་ལས་ལ་སྤྱན་འདྲེན་ན། །དགྲ་བགེགས་རྣམས་ནི་བསྒྲལ་བའི་ཕྱིར། །ཞེས་འདོན་ཏེ། ཤིན་ཏུ་སྐབས་སུ་མ་བབ་བོ། ཞི་བ་ཡེ་ཤེས་ཀྱི་སྒྲུབ་ཐབས་ན། ཡེ་ཤེས་པ་ལ་སྤྱན་འདྲེན་ཚིགས་བཅད་དང༌། མཆོད་འཕྲེང་སོགས་ཡོད་ཀྱང༌། དེ་ནི་རང་དང་མདུན་ཏེ་སྐུའི་རྣམ་པ་གཉིས་བསྒོམས་པས། མི་ལེགས་པ་མིན་ལ། རྒྱུན་གྱི་ཉམས་ལེན་དང་མཆོག་སྒྲུབ་སོགས་གང་བྱུང་


TNT06_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་དྲག་པོའི་ལས་ཞེས་པ་ཁོ་ན་འདོན་པ་ཡང་འབྲེལ་མེད་དོ། །དེས་ན་འདི་པའི་ལུགས་ཀྱི་བདག་བསྐྱེད་ལ། ཚིགས་བཅད་དེ་འདྲ་ཡེ་མི་དགོས། མདུན་བསྐྱེད་ཀྱི་སྐབས་དང༌། ཁྱད་པར་སྟ་གོན་སྤྱན་འདྲེན་ལ། དེ་ལྟར་བྱེད་ནའང་མི་འགལ་ལོ། །འདི་ལྟར་འདོན་པར་བྱ་སྟེ། ཧཱུཾ། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་ནས། །སྲིན་པོའི་གཟུགས་སུ་སྐུ་སྤྲུལ་པ། །གདུག་པ་ཅན་རྣམས་འདུལ་བའི་ཕྱིར། །འཇིགས་པའི་ཁྲོ་རྒྱལ་གཤེགས་སུ་གསོལ། །ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས། ཁྲོ་བོ་གཤིན་རྗེ་གཤེད་པོའི་ཚོགས། །འཇམ་དཔལ་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་གཤེགས་སུ་གསོལ། །རྣམ་པ་ཀུན་ལྡན་ཁྲོ་བོའི་སྐུ། །བསྐལ་པ་སྲེག་པའི་འཁོར་ལོ་ཆེ། །བདུད་སྡེའི་དཀྱིལ་འཁོར་ཀུན་འཇོམས་པ། །འགྲོ་བ་སྐྱོབ་མཛད་གཤེགས་སུ་གསོལ། །རི་བོ་རལ་ཞིང་ཆུ་གཏེར་འཁྲུག །རྡོ་རྗེ་མཚོན་ཆའི་བུ་ཡུག་འཁྲུག །ཕོ་ཉ་དྲག་གཏུམ་གློག་ལྟར་འཁྱུག །དྲག་ཤུལ་མི་བཟད་གཤེགས་སུ་གསོལ། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང༌། །མཁའ་དབྱིངས་གང་བའི་ལྷ་མོས་མཆོད། །རྒྱལ་སྲས་ཀུན་གྱི་ཞབས་འབྲིང་བཅས། །དཀྱིལ་འཁོར་དབང་ཕྱུག་འདིར་གཤེགས་གསོལ། །ཅེས་རོལ་མོའི་སྒྲ་དང་བཅས་ཏེ་གྱེར་ན་རུང༌། བཞུགས་གསོལ་གྱི་སྐབས་ཀྱང༌། ཤོ་ལོ་ཀ་དང་པོ་གཉིས་དང་ཐ་མ་ལ་བཞུགས་སུ་གསོལ། །ཞེས་འདོན་པ་བསྒྱུར་ན་ལེགས་པར་འོང༌། དཀྱིལ་ཆོག་རྙིང་པ་འགའ་རེ་ན་འདི་འདྲའི་རིགས་བྲིས་ཤིང༌། ལ་ལར་ད་ལྟ་ལག་ལེན་ཡང་བྱེད་ཀྱིན་འདུག་པས། སྐབས་རེ་བྱས་ཀྱང་མི་འགལ་བར་སེམས། ངེས་པ་དགོས་པ་ནི་མ་ཡིན་ནོ། །བསྟོད་པའི་སྐབས།


TNT06_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་བསྟོད་པ་བསྡུ་ན་སྒྲུབ་ཐབས་བཞིན་བྱས་ཀྱང་ཆོག་ལ། ཅུང་ཟད་རྒྱས་པར་ན། འཁོར་ལོའི་དབང་ཕྱུག་རྣལ་འབྱོར་མ། །རྒྱལ་བ་ཐམས་ཅད་སྐྱེད་མཛད་ཡུམ། །གདུལ་དཀའ་མ་ལུས་འདུལ་མཛད་མ། །རྡོ་རྗེ་རོ་ལངས་ཕྱག་འཚལ་བསྟོད། །ཟླ་བ་ཉ་འདྲའི་གཟི་བརྗིད་ཅན། །སྟོང་པའི་ཆོས་ལས་འཁྲུངས་པའི་སྐུ། །གཏི་མུག་རྒྱ་མཚོ་{ེམས་མཛད་པ། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །འབར་བ་གསེར་གྱི་ལྷུན་པོ་འདྲ། །ཡིད་བཞིན་ནོར་བུ་སྦྱིན་པའི་དངོས། །རྡོ་རྗེ་དབང་བསྐུར་འཕོངས་པ་སེལ། །ཕྲ་མ་རྡོ་རྗེ་ལ་ཕྱག་འཚལ། །གཙོ་བོ་རྡོ་རྗེ་ཆོས་ཀྱི་སྐུ། །ཉི་མ་སྟོང་དང་མཉམ་པའི་འོད། །སེམས་ཅན་འདོད་ཆགས་གནས་ལ་འཇོག །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །བརྩོན་འགྲུས་ཆེན་པོ་ཕ་རོལ་གནོན། །ལྗང་སྔོན་འོད་ཟེར་བྱེ་བ་འགྱེད། །སྣ་ཚོགས་ལས་ཀྱི་རྣམ་པར་འཕྲུལ། །ཕྲག་དོག་རྡོ་རྗེ་ཕྱག་འཚལ་བསྟོད། །མཁའ་ལྟར་ཁྱབ་པའི་བྱམས་པ་ཡང༌། །གདུག་པ་འདུལ་ཕྱིར་ཙ་མུཎྜི། ཁྲག་ཆེན་བཏུང་བས་ཀུན་ཏུ་དགྱེས། །གཏི་མུག་དགའ་མ་ལ་ཕྱག་འཚལ། །འཁོར་ལོའི་དབང་ཕྱུག་དགྱེས་བྱེད་ཡུམ། །གཤིན་རྗེ་འཇོམས་མ་དྲག་མོའི་སྐུ། །སྙིང་རྗེའི་རང་བཞིན་རྡོ་རྗེའི་རིགས། །ཞེ་སྡང་དགའ་མ་ལ་ཕྱག་འཚལ། །སྲིད་གསུམ་གནས་ཀྱི་ངག་ཚིག་རྣམས། །ལྷ་མོ་ཁྱོད་ཀྱི་མཐུ་ལས་བྱུང༌། །དགའ་ཞིང་རྗེས་སུ་ཡི་རང་ཚུལ། །འདོད་ཆགས་དགའ་མ་ལ་ཕྱག་འཚལ། །བཏང་སྙོམས་ཉོན་མོངས་མེད་རང་བཞིན། །ཞུ་བ་དགུག་པ་ཡེ་ཤེས་ཆེ། །གཽ་རཱི་བསམ་མི་ཁྱབ་པའི་མཐུ། །རྡོ་རྗེ་དགའ་མ་ལ་ཕྱག་འཚལ། །གཤེད་བྱེད་བྱད་མ་ཀུན་འཇོམས་


TNT06_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མཐའ་དག་འགུགས་པའི་ལས་ལ་བརྩོན། །ཡོན་ཏན་རྣམ་པར་རྒྱས་པ་ཡི། །རྡོ་རྗེ་ཐོ་བ་ཕྱག་འཚལ་བསྟོད། །གཞན་གྱིས་མི་ཐུབ་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་སྐྲག་པར་མཛད། །ལྟ་བ་ངན་པའི་མུ་སྟེགས་འཇོམས། །རྡོ་རྗེ་དབྱུག་པ་ཕྱག་འཚལ་བསྟོད། །ཇི་སྲིད་འཁོར་བར་རྟག་གནས་ཀྱང༌། །ཉོན་མོངས་དྲི་མས་མ་གོས་པར། །ཐབས་ཀྱིས་འགྲོ་ཀུན་འདུལ་པ་པོ། །རྡོ་རྗེ་ཆུ་སྐྱེས་ཕྱག་འཚལ་བསྟོད། །བྱེ་བ་སྟོང་གི་བགེགས་རྣམས་ཀྱང༌། །གང་གི་མཚན་ཙམ་ཐོས་པས་བྱེར། །བདེ་ཆེན་བདུད་རྩི་སྩོལ་བ་པོ། །རྡོ་རྗེ་རལ་གྲི་ཁྱོད་ཕྱག་འཚལ། །སྣ་ཚོགས་མཆོད་པའི་ཁྱད་པར་ལས། །རྒྱལ་བ་ཐམས་ཅད་རབ་མཉེས་བྱེད། །བདུད་ཀྱི་དཀྱིལ་འཁོར་མ་ལུས་འཇོམས། །ཐོད་པ་བཞི་ལ་ཕྱག་འཚལ་བསྟོད། །མཚན་མ་རྣམ་པ་སྣ་ཚོགས་ནི། །གང་ལ་གང་འདུལ་ཐབས་ཀྱི་གཙོ། །སྣ་ཚོགས་འཕྲིན་ལས་སྒྲུབ་མཛད་པ། །ཕྱག་རྒྱའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་གཞལ་མེད་ཁང་པ་ནི། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཤིན་ཏུ་རྣམ་དག་དབང་བསྒྱུར་བའི། །དེ་ཉིད་རང་བཞིན་ཕྱག་འཚལ་བསྟོད། །མི་ཤེས་མུན་འཇོམས་ཉི་མའི་གདན། །ཉེས་པས་མ་གོས་པདྨ་རྒྱས། །བདུད་བཞི་འཇོམས་བྱེད་སྲུང་བ་ཡི། །འཁོར་ལོར་བཅས་ལ་ཕྱག་འཚལ་བསྟོད། །སྲིད་པ་ཇི་སྲིད་གནས་ཀྱི་བར། །འཁོར་བར་འགྲོ་བའི་དོན་མཛད་པ། །དུར་ཁྲོད་གནས་པ་ཐམས་ཅད་ལའང༌། །གུས་པའི་ཡིད་ཀྱི་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་པའི་དགེ་བ་ཡིས། །མཁའ་དང་མཉམ་པའི་འགྲོ་བ་རྣམས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ད་ལྟ་ཉིད་


TNT06_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐོབ་པར་ཤོག །ཅེས་པས་བསྟོད་པར་བྱའོ། །བདག་འཇུག་གི་ཐོག་མའི་གསོལ་འདེབས་ལ། ཨེ་མ་ཧོ་སངས་རྒྱས་སློབ་དཔོན་ཆེ། །ཨེ་མ་ཧོ་ཆོས་དང་ཚོགས་ཀྱི་མཆོག །ཨེ་མ་ཧོ་ཁྲོ་བོ་འཇིགས་མཛད་པ། །རོ་ལངས་མ་ཡིས་མགྲིན་འཁྱུད་པའི། །ཞེས་ལྷག་པོར་སྣོན། དཀྱིལ་ཆོག་རྒན་པོ་ན། ཕྱི་འཇུག་གི་སྐབས་འདིར་གོ་རིམ་མི་གཅིག་པ་འགའ་རེ་ཡོད་ནའང༌། ལེགས་པ་ཁོ་ནར་ཡང་མི་སྣང་བས། ལྷ་དགུའི་དཀྱིལ་མཆོག་སྐར་སྦྱར་བ་བཞིན་དུ་བྱའོ། །མི་ལེགས་པ་ཇི་ལྟ་བུ་སྙམ་ན། དྲི་བ་དྲི་ལན་གྱིས་སྣོད་བརྟགས་ནས་སེམས་བསྐྱེད་དེ། དེའི་རྗེས་སུ་དེ་ཉིད་གསང་བ་གདམས་དགོས་པ་ལས། གསང་གདམས་སེམས་བསྐྱེད་དྲི་ལན་ཞེས་རིམ་པ་གོ་ཟློག་པ་ནི། ཤིན་ཏུ་མི་ལེགས་པའི་ཕྱིར་རོ། །ཡེ་ཤེས་དབབ་པའི་སྐབས། རང་སྐད་ཅིག་གིས་འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག་པར་གསལ་བའི་རྐང་འོག་ཏུ་ཞེས་འདོན་པ་སྤོ། རིག་པའི་དབང་ལྔ་ལས་ཆུ་དབང་གི་ནང་དབང་སྐབས། ཡ་ལས་རྡོ་རྗེ་ཡས་མཚན་པ་ལས། ཞེ་སྡང་གཤིན་རྗེ་གཤེད། སྐུ་མདོག་མཐིང་ནག ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པ། སྤྱན་གསུམ་མཆེ་གཙིགས་སྐྲ་སེར་གྱེན་དུ་བརྗེས་པ། སྟག་ལྤགས་དང༌། རུས་པ་དང༌། མགོ་འཕྲེང་དང༌། སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ཨོཾ་སོགས་དང་སྦྲེལ། དེ་


TNT06_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཅོད་པན་ལ། མ་ལས་རིན་པོ་ཆེ་མས་མཚན་པ་ཡོངས་སུ་གྱུར་པ་ལས། སེར་སྣ་གཤིན་རྗེ་གཤེད་སེར་པོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་གྲི་གུག་དང་ཐོད་པ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། ཁྲོ་བོའི་ནས། བཞུགས་པའོའི་བར་སྔ་མ་བཞིན། རྡོ་རྗེའི་དབང་གི་སྐབས། མེ་ལས་པདྨ་མེས་མཚན་པ་ཡོངས་སུ་གྱུར་པ་ལས། འདོད་ཆགས་གཤིན་རྗེ་གཤེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་འདྲ། གཡས་གཉིས་ཀྱིས་པདྨ་དང་རལ་གྲི། གཡོན་གཉིས་ཀྱིས་འཁོར་ལོ་དང་ནོར་བུ་འཛིན་པ། ཁྲོ་བོའི་ནས། བཞུགས་པའོ། །དྲིལ་བུའི་དབང་གི་སྐབས། ད་ལས་རལ་གྲི་དས་མཚན་པ་ཡོངས་སུ་གྱུར་པ་ལས། ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ། ལྗང་ནག་དཀར་བའི༴ ལྷག་མ་གཡས་གཉིས་ཀྱི་རལ་གྲི་དང་འཁོར་ལོ། གཡོན་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། གཞན་འདྲ། མིང་དབང་གི་སྐབས་སུ། ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ཡོངས་སུ་གྱུར་པ་ལས། གཏི་མུག་གཤིན་རྗེ་གཤེད་དཀར་པོ། དཀར་ནག་དམར་བའི༴ གཡས་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ཀྱིས་ནོར་བུ་དང་པད་མ་འཛིན་པ། ཁྲོ་བོའི་ནས། བཞུགས་པའོ། །ལྷའི་དེ་ཉིད་བརྗོད་པའི་སྐབས། ལྷ་རྣམས་ནི། ཕུང་པོ་ལྔ་དང༌། འབྱུང་བ་བཞི་དང༌། ཉོན་མོངས་པ་བཞི་རྣམ་པར་དག་པ་ཡེ་ཤེས་ལྔ་དང༌། ཚད་མེད་པ་


TNT06_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང༌། དབང་པོ་ལྔ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རང་བཞིན་ནོ། །བསྲུང་བའི་དམ་ཚིག་དང་སོགས་སྦྲེལ། དེ་ཙམ་མ་གཏོགས་ཆོ་ག་ལྷག་མ་རྣམས་ལ་ཁྱད་པར་མེད་དོ། །དེ་བཞིན་དུ་སློབ་མ་ལ་དབང་བསྐུར་བ་ལ་ཡང་ཁྱད་པར་མེད་དེ། དཀྱིལ་ཆོག་རྒན་པོ་ནས་བཤད་པའི་སྤྲོས་པ་ཟར་ཟུར་མང་པོ་དེ་རྣམས་ངེས་པར་དགོས་པ་མ་ཡིན་ལ། ཅི་སྟེ་སྤྲོས་པ་ལ་དགའ་བས་བྱེད་ན། སོ་སོའི་ཐད་དུ་ཇི་ལྟར་འོས་པ་སྦྱར་བས་འགྲུབ་མོད་ཀྱི། སྤྲོས་པ་ལ་ལས་ནི། ཆུ་གཙང་ལ་རྙོག་མ་བླང་བའི་དཔེ་དང་མཚུངས་པའང་འབྱུང་ཉེན་ཡོད་དོ། །དེ་བས་ན་དབང་ཆོག་རྒན་པོ་དྲི་མེད་སྣང་བར་གྲགས་པ་དང༌། སྒྲུབ་ཐབས་ཡིད་བཞིན་གཏེར་མཛོད་འདི་དག་རྩ་བ་རྭ་དཀོན་མཆོག་སེང་གེས་མཛད་རིགས་སུ་གདའ་ནའང༌། དེ་ལའང་ཕྱིས་སྤྲོས་པའི་ལྷད་མང་པོ་དང་བཅོས་བྱེད་མཁན་བྱུང་བར་མངོན་ཏེ། དཔེ་དུ་མ་བསགས་ན་ཚིག་སྣ་རིང་ཐུང་ཡང་སྣ་ཚོགས་སྣང་ངོ༌། །སྒྲུབ་དཀྱིལ་དེ་གཉིས་རྗེ་བཙུན་རྡོ་རྗེ་གྲགས་པའི་གསུང་མ་ཡིན་པ་ལ་ཡིན་པར་འཁྲུལ་བས། ཡི་གེ་དེ་གཉིས་རང་ཆེས་ཉོག་པའི་སྟེང་དུ།


TNT06_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཐབས་འཛག་འཛོག་དུ་མ་བསྣན་པའི་རང་བཟོ་ལ་གཞན་ལ་མེད་པའི་ཁྱད་བཅོས་དང༌། ཟབ་ཁྱད་ཡིན་ནོ་སྙམ་མ་གོ་བོ་སྦོས་པ་ཡང་བག་རེ་སྣང་བ་སྙིང་རེ་རྗེ། འདིར་ནི་རྭ་འབུམ་སེང་གིས་མཛད་པའི་དཀྱིལ་ཆོག་གི་རྗེས་སུ་འབྲངས་པའོ། །རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་རྭ་ལུགས་ལ་མངོན་པར་དགའ་བ་རྣམས་ཀྱིས་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་དང་དབང་བསྐུར་ཆོ་ག་རྣམས་ལ་ཡང་མཁས་པར་བྱ་དགོས་སོ། །ཞེས་པ་དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་ཆོ་གའི་ཁྱད་པར་ཕྱེ་བ་འདི་ཡང༌། དོན་གཉེར་འགའ་ཞིག་གིས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།བཀྲ་ཤིས། ཞུས་དག །


TNT06_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྡོ་རྗེ་འཇིགས་མཛད་ལྷ་བཅུ་གསུམ་མའི་ཆོ་ག་འདོན་པ་བསྒྱུར་ལུགས་ཡང་དག་པ། next