Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
དཔལ་ལྡན་གཤིན་རྗེ་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འོད་འབར།
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་གཤིན་རྗེ་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འོད་འབར། next

དཔལ་ལྡན་གཤིན་རྗེ་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འོད་འབར།


TNT06_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་གཤིན་རྗེ་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འོད་འབར་ཞེས་བྱ་བ་བཞུགས།


TNT06_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། གང་ཞིག་ལྷན་ཅིག་སྐྱེས་དགའ་འཁོར་ལོའི་མགོན། །ཡེ་ཤེས་རང་སྣང་བཅུ་གསུམ་དཀྱིལ་འཁོར་ཚུལ། །དེ་ལ་དངོས་ཀུན་གཉིས་མེད་ཚུལ་བཏུད་ནས། །དབང་བཞིའི་ཆོ་ག་མདོ་ཙམ་གསལ་བར་བྱ། །འདི་ལ་སློབ་དཔོན་གྱི་ལས། སློབ་མ་གཞུག་པ། རྗེས་ཀྱི་བྱ་བ་སྟེ་གསུམ་ལས། དང་པོ་ལ་སའི་ཆོ་ག ལྷག་པར་གནས་པ། དཀྱིལ་འཁོར་དངོས་ཀྱི་བྱ་བ་སྟེ་གསུམ་མོ། །དང་པོ་ལ། བརྟག་དང་བླང་དང་སྦྱང་བ་དང༌། །བྱིན་རླབས་དང་ནི་བཟུང་དང་བསྲུང༌། །དེ་ལ་ལྷ་འགྲོས་བཀའ་བསྒོ་དང༌། །སྟང་སྟབས་ཕུར་བུ་ཡང་དག་བསྲུང༌། །ཞེས་པ་ནི་སྡོམ་མོ། །དང་པོ་བརྟག་པ་ནི་གཞན་དུ་ཤེས་སོ། །གཉིས་པ་བསླང་པ་ནི་མཆོད་གཏོར་བཤམས་ཏེ། སྐྱབས་སེམས་སྔོན་དུ་འགྲོ་བས། རོལ་མོའི་བརྡའ་སྦྱར་ཏེ། རང་སྐད་ཅིག་གིས་གཤིན་རྗེ་གཤེད་དུ་གྱུར། ཧཱུཾ་བཞི་པ་དང་ཧྲཱིཿཥྚཱིཿབརྗོད་པས་བགེགས་རྣམས་བསྐྲད། ཨོཾ་གྷ་གྷ་སོགས་འོག་ནས་འབྱུང་བའི་སྔགས་ཀྱིས་ཕུར་བུ་གཅིག་བཏབ་ལ། གཏོར་མ་དང་པོ་སྒྲུབ་


TNT06_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ལ་གཏོར་མ་ཕུལ། གཉིས་པ་དཔུང་བཟང་ནས་འབྱུང་བའི་ཕྱོགས་སྐྱོང་ལ་གཏོར་མ་ཕུལ། གསུམ་པ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཨ་ཀཱ་རོས་གཞི་བདག་ལ་ཕུལ། ས་ཕྱོགས་འདི་རྣམས་བདག་ལ་ཅི་བདེ་བར་གནང་བར་མཛོད་ཅིག ཅེས་བརྗོད། དཀྱིལ་འཁོར་གྱི་གནས་སུ། མཎྜལ་ཚོམ་བུ་མཆོད་པ་དང་བཅས་པ་བཤམས་ལ། ཧྲཱིཿཥྚཱིཿས་བསངས། ཨ་ཀཱ་རོས་སྦྱངས། པད་ཟླའི་གདན་ལ། རང་གི་སྙིང་ག་ནས་སྤྲོས་པའི་བཾ་ཡིག་དང་བུམ་པ་ལས། སའི་ལྷ་མོ་སྐུ་མདོག་སེར་མོ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་ལྟེ་བའི་ཐད་ཀར་འཛིན་པ། སའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་བ། ཧྲཱིཿཥྚཱིཿའི་མཐར། བྷུ་མི་དེ་བི་ཊཱ་ཀི་ཧཱུཾ་ཛཿ ཞེས་འདོད་རྒྱལ་གྱི་ཕྱག་རྒྱས་ཡེ་ཤེས་ཀྱི་ས་ལྷ་བཀུག་སྟེ་གཉིས་སུ་མེད་པར་ཐིམ་པར་བསམ། ཧྲཱིཿཥྟིཿའི་མཐར། བྷུ་མི་དེ་བི་པྲ་ཝ་ར་སཏྐ་ར་སྭཱཧཱ། དེ་བཞིན་དུ།


TNT06_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྒྷཾ། པཱདྱཾ། པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིག་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲིར་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། དཀྱིལ་འཁོར་གྱི་གཙོ་བོས་དབུ་བརྒྱན། མཆོད་ཡོན་གཉིས་དང་འབྲེལ་བའི་ཉེར་སྤྱོད་ལྔ་རོལ་མོ་རྣམས་སྔར་གྱི་རིགས་བསྒྲེས་ཏེ་དབུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་དང༌། ས་ནི་འགྲོ་བ་ཀུན་གྱི་རྟེན་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །དེ་བས་བདག་ལ་བརྫུན་ནི་ཡོང་མིན་པས། །བརྟན་མ་འདིར་ནི་བདག་གིས་དཔང་མཛོད་ཅིག །ཨོཾ་ཨེ་ཝཾ་བྷུ་མི་དེ་བི་ཨི་དམ་ཨ་མྲྀ་ཏ་མཧཱ་སྭཱ་དཱ་ཧཱུཾ། ཞེས་ནང་མཆོད་ཕུལ། རིག་པ་འཛིན་པ་ཅི་བདེ་བར་སྤྱོད་ཅིག་ཅེས་གསུང་བར་བསམ། པྲ་ཏིཾ་བྷྱ་ཞེས་མཆོག་སྦྱིན་གཡས་པ་ས་ལ་རེག་པས། ཡེ་ཤེས་པ་གཤེགས། སྙིང་གར་རེག་སྟེ། དམ་ཚིག་པ་རང་ལ་ཐིམ། གཉིས་པ་སྦྱང་བ་ནི། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨརྠ་ས་དྷ་ནེ་སྭཱཧཱ། ཞེས་བརྗོད་ཅིང༌། དྲི་བཟང་གི་ཆུས་བྱུགས། སྦྱང་བའི་བྱུགས་པ་གཞན་དང་གཞན་དག་ནི་འདིར་ཉེ་བར་མི་མཁོ་བས་མ་སྤྲོས་སོ། །བཞི་པ་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་དྲིལ་བུ་སྙིང་གར་འཁྱུད་རྒྱས་བཟུང་ལ། བདག་ཉིད་འོག་མིན་དུ་གནས་པར་གྱུར། ཨ་ཀ་རོས་སྣོད་བཅུད་སྟོང་པར་སྦྱངས། ཡཾ་རཾ་བཾ་


TNT06_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ་ལས་འབྱུང་བ་བཞིའི་དཀྱིལ་འཁོར་སྟེང་ནས་སྟེང་དུ་བརྩེགས་པ། ཨོཾ་སུ་ཁཾ། རི་རབ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། དེའི་སྟེང་གི་ནམ་མཁའ་ལ་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཨོཾ་བཛྲ་དྷཱ་ཏུ། དེའི་ཕྱག་ཞབས་རྣམས་དང༌། བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་བབས། དེས་རི་རབ་ཀྱི་ཕྱེད་ནུབ་པར་གྱུར་ཅིང༌། རྣམ་སྣང་ཡང་རི་རབ་ལ་ཐིམ། རི་རབ་ཀྱི་སྟེང་དུ། ཧཱུཾ་ལཾ་ཧཱུཾ་ལས་འོད་འཕྲོས། ས་ཕྱོགས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་མེ་དི་ནི་བཛྲིར་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཞེས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པ་ས་ལ་རེག་པར་བྱའོ། །སྔར་དཀྱིལ་འཁོར་རྒྱས་པར་བསྒོམས་ན་རང་གི་སྙིང་གར་བསྡུ། སྤྱོད་ལམ་ཅུང་ཟད་བྱ་ཞིང་ངལ་བསོའོ་ཞེས་གསུང་ངོ༌། །ལྔ་པ་བཟུང་བ་ནི། རང་གི་སྙིང་གའི་ཡ་ཡིག་ལས་ལྷ་མོ་བཞི་སྤྲོས་ཞེས་པ་ནས། བཟླས་པའི་བར་མངོན་རྟོགས་ཡོངས་རྫོགས་སྒྲུབ་ཐབས་བཞིན་སྒོམ་མོ། །དྲུག་པ་བསྲུང་བ་ལ་སྔོན་འགྲོ་ནི། རྡོ་རྗེ་སློབ་དཔོན་གྱི་ཕྱོགས་བཞིར་གནས་པའི་གཏི་མུག་རྡོ་རྗེ་ལ་སོགས་པའི་ང་རྒྱལ་འཛིན་པ་བཞིས། རང་རང་དང་སློབ་དཔོན་གྱི་བར་དུ་མཆོད་པ་དང་ནང་མཆོད་བཤམས། ཕྱོགས་བཞིའི་སློབ་དཔོན་རྣམས་ཀྱིས་ལྷན་ཅིག་ཏུ་མཆོད་བསྟོད་བདུད་རྩི་མྱང་བ་རྣམས་བྱ་སྟེ། དེ་ཡང༌། སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས། ཞེས་པ་ནས། ཤཔྟ་ཨཱཿཧཱུཾ་གི་བར་ཚོགས་ཞིང་གི་སྐབས་བཞིན་མཆོད། ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་པོ་ནས། གར་མཛད་འགྲོ་བ་ཡོངས་ལ་གཟིགས། །ཞེས་པའི་བར་གྱིས་བསྟོད། མངོན་རྟོགས་ལྟར་ནང་མཆོད་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ། དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོ་དང༌། ཞེ་སྡང་རྡོ་རྗེ་དབྱེར་མ་མཆིས་པའི་


TNT06_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་ཨི་དཾ་ཨ་མྲྀ་ཏ་མཧཱ་སྭ་དཱ་ཧཱུཾ། ཞེས་ནང་མཆོད་ཕུལ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། ཤར་མས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་མས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་མས། ཞི་བའི་ཆོས་ནི་ཀུན་དང་ལྡན། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་མས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་ལན་གསུམ་གསུམ་གྱིས་གསོལ་བ་བཏབ། དངོས་གཞི་ལ་དྲུག་གི་དང་པོ་རྡོ་རྗེའི་ལྟ་བས་བསྲུང་བ་ནི། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང་བཅས་ཏེ། ཧྲཱིཿཥྟཱིའི་མཐར། ཨུ་ཏིཥྛ་མཧཱ་མཎྜལ་ཨུ་པ་ཏ་ཡཾ། ཞེས་པ་ལན་གསུམ་མོ། །ས་བཟུང་གི་དཀྱིལ་འཁོར་ནམ་མཁར་བཞུགས། རང་ཉིད་གཤིན་རྗེ་གཤེད་ཀྱི་སྐུར་གསལ་བའི་མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་དབུས་སུ་ཧཱུཾ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ། ཨོཾ་བཛྲ་དྲི་ཌི་མ་ཊ། རྡོ་རྗེའི་ལྟ་བས་གཡོན་སྐོར་དུ་བལྟས་ནས་ཧཱུཾ་ཞེས་བརྗོད་པས། བགེགས་རྣམས་བཅོམ་པར་བསམ། གཡས་སུ་སྐོར་བས་མིག་གི་འོད་ཟེར་རྣམས་རྡོ་རྗེའི་རྭ་བར་གྱུར། གཉིས་པ་འགྲོས་ཀྱི་བསྲུང་བ་ནི། རང་ཉིད་རྒྱུ་རྡོ་རྗེ་འཆང་དུ་གྱུར། ཨོཾ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་


TNT06_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མཾ། ཞེས་ལན་བཞི་བརྗོད་ཅིང༌། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་བཞིར་རེག་གོ །རྐང་མཐིལ་དུ་ཨ་ལས་སྣ་ཚོགས་རྡོ་རྗེ། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་པ་གླུར་བླངས་ཤིང༌། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་འགྱིང་བ་དང་བཅས་པས། རྡོ་རྗེ་རྩེ་ལྔ་པའི་རྐང་སྟབས་ཞིག་བྱའོ། །རྡོ་རྗེའི་རྭ་བ་དང་ས་གཞིར་གྱུར། བདག་ཉིད་ཞེ་སྡང་གཤིན་རྗེ་གཤེད་དུ་གྱུར། ཧྲཱིཿཥྚཱིཿའི་མཐར། བཛྲ་ཨ་དྷི་ཏིཥྛ་སྭ་མཾ། གནས་བཞི་བྱིན་གྱིས་བརླབས། རྐང་མཐིལ་དུ་ཨ་ལས་སྣ་ཚོགས་རྡོ་རྗེ། ཧཱུཾ་གླུར་བླངས་ཤིང༌། ཕྱོགས་བཞིར་ཧཱུཾ་བཞིས་གཞི་བཅའི་རྐང་སྟབས་འཆའ་ཞིང༌། དྲག་པོའི་འགྲོས་གྱིས་བསྐོར་བས། རྡོ་རྗེ་རྭ་བ་མེ་དཔུང་དྲག་ཏུ་འབར་བ་དང་བཅས་པར་གྱུར། གསུམ་པ་བཀའ་བསྒོ་བས་བསྲུང་བ་ནི། རལ་གྲི་བསངས་སྦྱངས། མུཾ་ལས་བྱུང་བའི་འཇམ་དཔལ་གྱི་ངོ་བོ་རལ་གྲིར་གྱུར། དེ་ཉིད་འདེབས་ཚུལ་དུ་བྱ་ཞིང༌། ཧཱུཾ། ལུས་དང་ངག་སེམས་ལ་གནས་པའི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །བདག་ནི་དཔལ་ལྡན་རལ་གྲི་འཛིན། །བསྲུང་བའི་འཁོར་ལོ་རབ་སྦྱོར་བ། །རལ་གྲི་འབར་བའི་གཟུགས་འདི་ཡིས། །ལུས་གསུམ་ལས་བྱུང་བཅད་པར་བྱ། །ཅི་སྟེ་བདག་ཚིག་ལས་འདས་གང༌། །འཇིག་པར་འགྱུར་བ་གདོན་མི་ཟ། །ཞེས་ལན་གསུམ་དྲག་རོལ་དང་བཅས་པའི་བརྗོད་དོ། །བཞི་པ་སྟང་སྟབས་ཀྱིས་བསྲུང་བ་ནི། གཡོན་བརྐྱང་བ་དང་མཐུན་པའི་སྟབས། །ས་གའི་འདུག་སྟངས་གཡས་བརྐྱང་དང༌། །ཟླུམ་པོར་གནས་དང་རྐང་གཅིག་དང༌། །རུས་སྦལ་སྟང་སྟབས་བདུན་པར་བཤད། །ཅེས་པ་ལྟར་འགྲུབ་ན་བྱའོ། །ལྔ་པ་ཕུར་བཏབ་ཀྱིས་བསྲུང་བ་ནི།


TNT06_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་ལྔ་ལ། ཧྲཱིཿཥྚཱིཿའི་མཐར་ཀཱི་ལ་ཡ་ཧཱུཾ་ཕཊ། ལན་གསུམ་གསུམ་བཟླས་ལ། བྱང་དང་བྱང་ཤར་གྱི་བགེགས་ཐམས་ཅད་བཀུག་སྟེ་བརྩེགས་པས་གནས་པར་གྱུར། ཧྲཱིཿཥྚཱིཿའི་མཐར། བགེགས་ཐམས་ཅད་ཨཾ་གུ་ཤ་ཛཿ ཨ་ཀརྵ་ཡ་ཧྲཱི། བགེགས་ཀྱི་སྙིང་གར་བཏབ་པར་བསམ་ལ། ཧྲཱིཿཥྚཱིཿའི་མཐར། ཨོཾ་གྷ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྟཱ་ཎ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ། བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི་སརྦ་བིགྷ་ནན། ཀཱ་ཡ་ཝཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བྱང་ཤར་དུ་ཕུར་བུས་བཏབ། དེ་བཞིན། ཤར་དང་ཤར་ལྷོའི་ཞེས་སོགས་ཀྱི་ཤར་ལྷོར་ཕུར་བུས་བཏབ། ལྷོ་དང་ལྷོ་ནུབ་ཀྱི་ཞེས་སོགས་ལྷོ་ནུབ་ཏུ་ཕུར་བུས་བཏབ། ནུབ་དང་ནུབ་བྱང་གི་ཞེས་སོགས་བརྗོད། ནུབ་བྱང་དུ་ཕུར་བུས་བཏབ། སྟེང་འོག་གི་བགེགས་སོགས་ཀྱི་མཐར་དབུས་སུ་ཕུར་བུ་བཏབ། ཧཱུཾ་ཞེས་གཡོན་དུ་བསྐོར་བས། བགེགས་ཕྲན་རམ་མདའི་ཚུལ་དུ་འོངས་པ་རྣམས། ཕུར་བུའི་སྟོད་སྨད་ནས་སྤྲོས་པའི་ཁྲོ་བོའི་ཚོགས་དང་མཚོན་ཆའི་ཚོགས་ཀྱིས་བཅོམ་པར་གྱུར། ཡང་ཧཱུཾ་ཞེས་གཡས་སུ་བསྐོར་བས། རྡོ་རྗེའི་ས་གཞི་དང་རྭ་གུར་དུ་གྱུར། དྲུག་པ་ཡང་དག་པར་བསྲུང་བ་ནི། རང་གི་སྙིང་ག་ནས་ཨ་ཆད་པ་ལས་ཉི་མའི་དཀྱིལ་འཁོར། ཧཱུཾ་ཆད་པ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས། སླར་ཡང་རྡོ་རྗེའི་རྭ་གུར་གྱི་ཕྱི་ནས་བསྐོར་བས་བགེགས་ཐམས་ཅད་ཀྱི་མི་ཚུགས་པར་གྱུར། དེ་དག་ནི་སའི་ཆོ་ག་ཡན་ལག་དང་བཅས་པའོ། །གཉིས་པ་སྟ་གོན་ནམ་ལྷག་པར་གནས་པ་ནི། བདག་བསྐྱེད་སྔོན་དུ་འགྲོ་བ་ཅན་ཏེ། དེ་ཡང་བཟླས་པ་ཡན་


TNT06_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱི་མངོན་རྟོགས་སྒྲུབ་ཐབས་ལྟར་རྒྱས་པར་བསྒོམས་པའམ། མདོར་བསྡུ་ན། གཞལ་ཡས་ཁང་མི་སྒོམ་པར། རྒྱུ་འབྲས་རྡོ་རྗེ་འཛིན་པའི་བསྐྱེད་ཆོག་རྫོགས་པར་བྱས་ལ། སྐྱེད་མཆེད་བྱིན་གྱིས་བརླབས་པ་ནས། བཟླས་པའི་བར་དུ་བྱའོ། །རང་གི་སྙིང་ག་ནས། ཞེས་པ་ནས། སྐད་ཅིག་གིས་བར་གྱི་ཞེས་པས་དཀྱིལ་འཁོར་རྒྱས་པ་སྒོམ་ན་བསྡུ་ལ། བསྡུས་པའི་ཚེ་ན། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་ཞེས་སོགས་བརྗོད་མི་དགོས་སོ། །ལྷག་གནས་དངོས་ལ། སའི་ལྷ་མོ་ལྷག་གནས། དཀྱིལ་འཁོར་གྱི་ལྷ་ལྷག་གནས། དབང་གི་བུམ་པ་ལྷག་གནས། གུས་ལྡན་གྱི་སློབ་མ་ལྷག་གནས་སོ། །དང་པོ་ནི། ས་བསླང་བའི་སྐབས་དང་ཆོ་ག་འདྲའོ། །འོན་ཀྱང་གཉིས་ཀར་བྱ་དགོས་ཏེ། སྔ་མ་ནི་ས་བསླང་བའི་དོན་ཡིན་ལ། འདིར་ནི་དཀྱིལ་འཁོར་བྲིས་ཏེ་བདུད་གཞོམ་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ལྷ་རྣམས་དང་ཐོད་པའི་གནས་སུ་དྲི་བཟང་གི་ཐིག་ལེ་བྱ་སྟེ། རང་རང་གི་སྔགས་བཟློས་བཞིན་པས་རིགས་ལྔའི་གནས་སུ་གྲུ་བཞི་པ་དང༌། གཞན་རྣམས་སུ་ཟླུམ་པོར་བྱའོ། །དེ་རྣམས་ཀྱི་སྟེང་དུ་རང་རང་གི་སྔགས་ཀྱིས་མེ་ཏོག་གི་ཚོམ་བུ་བཀོད། ད་ལྟའི་ལག་ལེན་ལྟར་ན། ལས་ཐིག་གི་བྱ་བ་རྫོགས་པར་བྱས་ལ་ཚོམ་བུ་དགོད་དོ། །དེར་མཆོད་པ་བཤམས་ལ། གུ་གུལ་གྱི་དུད་པས་བདུག་ཅིང༌། བསངས་སྦྱངས། པཾ་ལས་པདྨ་དང་རཾ་ལས་ཉི་ཟླའི་སྟེང་དུ། སྐད་ཅིག་གིས་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ཅེས་པ་ནས། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཡབ་ཀྱི་གསང་བ་ཞེས་པ་ནས། བདུད་རྩི་མྱང་བ་རྫོགས་ཀྱི་བར་མངོན་རྟོགས་བཞིན་བྱའོ། །ཡེ་ཤེས་པ་དགུག་གཞུག་སོང་བའི་སྐབས་སུ། སྙིང་གའི་ཧཱུཾ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས།


TNT06_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆོག་གི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ མཆོད་ཡོན་དང་ཉེར་སྤྱོད་ལྔའི་སྔགས་མཆོད་ཙམ་འབུལ། ཨོཾ་བཛྲ་མུདྒ་ར་ཛཿ ཞེས་དགུག་གཞུག་སོགས་བྱ། དེ་ནས་མཆོད་བསྟོད་བྱ་བ་ནི་ཁྱད་པར་རོ། །བསྟོད་པའི་མཐར་ལྷ་སོ་སོ་ལ་དམིགས་ཏེ་བཟླས་པ་ཡང་ཅུང་ཟད་བྱས་ལ། སང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཞུགས་ཤིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཡང་ཡང་བཏབ། གསུམ་པ་ནི། རྣམ་རྒྱལ་བུམ་པ་ལ་རིགས་ལྔའི་ཕྱག་མཚན་བཀོད། ལས་བུམ་ལ་སྣ་ཚོགས་རྡོ་རྗེ་བཀོད། གལ་ཏེ་ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན། ལས་བུམ་ལོགས་སུ་བྱ་མི་དགོས་སོ། །དེ་དག་གུ་གུལ་གྱི་དུད་པས་བདུག རིན་པོ་ཆེ་ལྔ། སྨན་ལྔ། དྲི་ལྔ། འབྲུ་ལྔ། སྙིང་པོ་ལྔ། ཤ་ལྔ། བདུད་རྩི་ལྔ། ཆུ་གཙང་མས་ལེགས་པར་བཀང༌། བཅུད་ལྡན་གྱི་ཤིང་གིས་ཁ་བརྒྱན་དང༌། མགུལ་བཅིང་དཀར་པོས་དཀྲིས། དུང་ཆོས་དང་གཟུང་ཐག་རྡོ་རྗེ་འདུས་བྱས་ལ། བསངས་སྦྱངས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ། བྷྲ྄ུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་བཅིང་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱི་ཡོངས་སུ་གང་བ་ལྷའི་གདན་དང་བཅས་པར་གྱུར། ཡབ་ཀྱི་གསང་གནས་མི་དམིགས་པའི་ངང་ལས་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས། བུམ་པའི་དབུས་ཀྱི་གདན་ལ་འཁོར། ཨོཾ་ཛི་ན་ཛི་ཀ་སོགས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད། ཕྱིའི་མཚམས་བཞིའི་


TNT06_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གྱི་སྟེང་དུ་འཁོད། ཅེས་པའི་བར་སྒྲུབ་ཐབས་བཞིན་ལས། ཕྲག་དོག་རྡོ་རྗེའི་སྐབས་བྱང་གི་རྭ་དབུས་མ་དང༌། ལས་བུམ་གྱི་ནང་དུ་པད་ཉི་ལ་འཁོད། ཅེས་དང༌། ཤར་སྒོར་ཞེས་སོགས་ཀྱི་དོད་དུ། ཤར་དུ་ཞེས་སོགས་འདོན་པ་སྤོ། ལྷ་སྟ་གོན་ལ་ཡང་འདི་ལྟར་བསྐྱེད་པའི་ལུགས་ཀྱང་ཡོད་དོ། །སྐྱེ་མཆེད་བྱིན་བརླབས། དབང་བསྐུར། ཡེ་ཤེས་པ་སྤྱན་དྲང་པ་སོགས་སྒྲུབ་ཐབས་ལྟར་བྱ། ཡང་ན། མིག་གཉིས་སུ་ཛཿཛཿགཡོན་དུ་ཉི་མ་དང་གཡས་སུ་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ། ལྟེ་བ་ལ་དིབྟ་དྲིཥྟི་ཨཾ་གུ་ཤ་ཛཿ ཞེས་པའི་སྔགས་ཀྱིས་མཚན་པར་གྱུར། ཧྲཱིཿཥྚཱིཿའི་མཐར་དིབྟ་སྦྱར་བའི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཤིང་རྫི་མ་བསྐྱོད་པས། ཡེ་ཤེས་འཁོར་ལོ་བཀུག་སྟེ། སྐད་ཅིག་གིས་བསྟིམ་པར་བསམས་ཀྱང་རུང་ངོ༌། །མཆོད་བསྟོད་བདུད་རྩི་མྱང་བ་ཡང་མངོན་རྟོགས་བཞིན་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་གཟུངས་ཐག་ལ་འཁྲིལ་ནས་སོང་བས། ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་བྱུང་བས། བུམ་པ་ཁེངས་པར་གྱུར། ཞེས་བརྗོད་ཅིང༌། ཧྲཱིཿཥྚཱིཿཅི་ནུས་བཟླས་ལ། ཕྲེང་བའི་སྔགས་ཡང་ཅི་རིགས་བཟླ། ལས་བུམ་གྱི་ཕྲག་དོག་རྡོ་རྗེ་ལ་དམིགས་ཏེ་ཡང་ཧྲཱིཿཥྚཱིཿབཟླ། དཀྱིལ་འཁོར་གྱི་ལྷ་རྣམས་གཉིས་སུ་མེད་པར་སྦྱོར་བས་འོད་དུ་ཞུ། བུམ་པ་བདུད་རྩིས་གང་བར་གྱུར། དུང་ཆོས་ཀྱི་ཆུ་བུམ་པར་བླུགས་ནས། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང༌། ནུབ་བྱང་གི་གདན་ལ་བཞག་གོ །ཡང་ན་རྣམ་རྒྱལ་བུམ་པའི་


TNT06_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་གཙོ་བོ་བསྐྱེད་པ་དང་ལས་བུམ་གྱི་གཙོ་བོ་ལྷན་ཅིག་ཏུ་བསྐྱེད་ཀྱང་རུང་ངོ༌། །ལྷག་པར་གནས་པའི་རྗེས་ཀྱི་བྱ་བ་ནི། མགྲིན་པར་ཧྲི་ལས་པདྨ་དམར་པོ་མདུན་གྱི་འདབ་མ་ལྕེར་གྱུར་པའི་ཧཱུཾ་ལས་རྡོ་རྗེར་གྱུར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང༌། སྤོས་སྣོད་ཐོགས་པས། མགོན་པོ་ཞེ་སྡང་གཤིན་རྗེ་གཤེད། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བྲི་བ་བདག་འཚལ་ལོ། །སློབ་མ་རྣམས་ལ་ཕན་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །འགྲོ་བ་འཁོར་ལོའི་དོན་བྱེད་པ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །འབྱུང་པོ་བྱང་ཆུབ་བརྟན་གནས་དང༌། །སངས་རྒྱས་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་སྔ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་མཆོག །ཇི་ལྟར་ནུས་པར་ཉེར་སྤྱོད་པས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །སློབ་མ་དང་བཅས་བདག་ལ་ནི། །ཐུགས་རྗེས་ཉེར་བར་དགོངས་ནས་ནི། །ཐམས་ཅད་དཀྱིལ་འཁོར་ལ་བཅུག་ནས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མངོན་རྟོགས་ནས་འབྱུང་བ་ལྟར་གཏོར་མ་བཏང་ཞིང༌། དཔའ་བོའི་སྟོན་མོའམ་ཚོགས་ཀྱིས་འཁོར་ལོ་


TNT06_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོངས་སྤྱད་དོ། །དཀྱིལ་འཁོར་གྱི་ལྷ་ལ་འདོད་དོན་གསོལ་བ་བཏབ་སྟེ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ཨོཾ་བཛྲ་ཨུ་ཏིཥྛ། ཞེས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱས། དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཏེགཨརྒྷཾ་ལ་སོགས་པས་མཆོད། དུར་ཁྲོད་བརྒྱན་གྱི་སོགས་ཀྱིས་བསྟོད། དཀྱིལ་འཁོར་གྱི་འཁོར་ལོ་རྣམས་སང་སྤྱན་མ་དྲངས་ཀྱི་བར་དུ་མདུན་གྱི་ནམ་མཁར་བཞུགས་ལ། བདག་དང་སློབ་མར་བཅས་པ་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དཀྱིལ་འཁོར་རིན་པོ་ཆེའི་སྤར་ཁའི་ནང་དུ་བཞུགས། སྙིང་པོས་རྒྱ་གྲམ་དུ་བཅིངས་ཤིང་རྒྱས་བཏབ་པར་གྱུར། ཧྲཱིཿཥྚཱིཿལན་གསུམ་ཙམ་བཟླས་སོ། །སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་དེ། སློབ་དཔོན་བྱ་བ་ལྷག་པར་གནས་པ་གསུམ་རྫོགས་སོ། །བཞི་པ་ནི་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ་སྟེ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ཏེ། གུས་པས་བཏུད་དེ་གནས་པ་ལ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །སྐྱེས་བུ་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་བརྗོད་ཅིང་དོན་བཤད་དོ། །དེ་ནས་སློབ་མས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་


TNT06_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་ཏུ་གསོལ། །ཅེས་ལན་གསུམ་གསོལ་བ་བཏབ། དེ་ནས་སློབ་དཔོན་གྱིས། བུ་ཚུར་ཐེག་པ་ཆེན་པོ་ཡི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་མཆོག ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་གིས་ཀྱང་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ཏེ། །དཔའ་བོས་བྱང་ཆུབ་ཞིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྤྱོར་བ་མཉམ་མེད་དེ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟང་ཆེན་པོ་སྟོབས་ཆེན་བཅོམས། །འཇིག་རྟེན་རྗེས་འཇུག་རབ་རྟོགས་ནས། །འཁོར་ལོ་བསྐོར་ནས་མྱ་ངན་འདའ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་མདོ་ལུགས་ནས་འབྱུང་བ་ལྟར་རྒྱས་པར་སྦྱིན་པའམ། བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པ་ལན་གསུམ་གྱིས་སོ། །སློབ་མ་བསངས་སྦྱངས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྙེམས་པས་འཛིན་པ། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ། སློབ་དཔོན་གྱིས་སློབ་མའི་གནས་གསུམ་དུ་སྲིན་ལག་གིས་ཐིག་ལེ་བྱ་


TNT06_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། འབྲུ་གསུམ་བརྗོད་པ་ལུགས་འབྱུང་ལུགས་བཟློག་བྱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཞེས་མཆོད། རྒྱས་པར་སྤྲོ་ན། བླ་མ་གོང་མ་རྣམས་ཀྱིས་མཛད་པ་བཞིན། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པ། །ཞེས་སོགས་ཚིགས་སུ་བཅད་པ་རེ་རེའི་མཐར་མཆོད་པ་འབུལ་བར་མཛད་པ་བཞིན་སྤྲོ་ན་ཡང་བྱའོ། །དེང་ནས་བརྩམས་ཏེ་བདེ་བ་ལྡན་པར་གྱུར་པས་ཉེ་བར་གནས་པར་བྱོས་ཤིག སོ་ཤིང་སོར་བཅུ་གཉིས་པ་ཧྲཱིཿཥྚཱིཿབརྗོད་ཅིང་བདུད་རྩིས་བསངས་ལ་ཐལ་མོའི་བར་དུ་སྦྱིན། དངོས་གྲུབ་གྱི་ལྟས་ལ་དམོད་བོར་བའི་ཚུལ་གྱིས་ཨོཾ་བཛྲ་ཧ་ས་ཧ། ཞེས་པས་དོར། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཙ་ཨ་སྱ་ཤྭ་དྷ་ཡ། སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ། ཞེས་པས་ཁྱོར་ཆུ་བྱིན། ཀུ་ཤ་ཆེ་ཆུང་གཉིས་ཧྲཱིཿཥྚཱིཿས་བསངས་ལ་སྦྱིན། བསྲུང་སྐུད་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པ་གསུམ་སྒྲིལ་དུ་བྱས་པ། བསངས་སྦྱངས། ཧཱུཾ་ལས་བྱུང་བའི་སྲད་བུར་བསྐྱེད། ཧྲཱིཿཥྚཱིཿའི་མཐར་བཛྲ་ཤིཥྱ་རཀྵ་རཀྵ་མི། ཞེས་མདུད་པ་གསུམ་ལྡན་དུ་བྱས་ལ། སྐྱེས་པའི་དཔུང་པ་གཡོན་དང༌། བུད་མེད་ཀྱི་གཡས་དང༌། བྱིས་པའི་མགུལ་དུ་བཏགས་སོ། །དེ་ནས། ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་དེ་རིང་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེས་


TNT06_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་སེམས་ཅན་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བགྱིས་པ་གང༌། །དེ་ཀུན་ཟད་པར་འགྱུར་བ་ཡང༌། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པ་འགྲུབ། །གང་གི་སྤྱོད་མཆོག་འདི་ལ་ནི། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །བསྟན་པ་འདི་ལ་ཁྱེད་ཅག་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཡོད་དང་མེད་ལས་རྣམ་འདས་ཤིང༌། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོག་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་ཀུན་གྱིས་མ་སྤྲོས་པ། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ལས་དང་བྱ་བ་སོགས་ལྡན་བྲལ། །བདེན་པ་གཉིས་ལ་རྣམ་གནས་པའི། །ཐེག་པ་རབ་ཀྱི་མཆོག་འདི་ཡི། །ཚུལ་ལ་གནས་པ་ཐོབ་པར་འགྱུར། །ཞེས་བརྗོད་ཅིང་དོན་བཤད་དོ། །ཀུ་ཤའི་གདན་ལ་སེང་གེའི་ཉལ་སྟབས་ཀྱི་ཉལ་ཞིང་རྨི་ལམ་རྟོགས་ཤིག


TNT06_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རྨི་ལམ་གྱི་དོན་ཅུང་ཟད་ཅིག་བཤད་དོ། །དེ་ལྟར་ན་སློབ་མ་སྟ་གོན་གྱི་བྱ་བ་རྫོགས་སོ། །སྟ་གོན་གྱི་རྗེས་ཀྱི་བྱ་བ་རྣམས་སྐབས་འདིར་བྱས་ཀྱང་རུང་ངོ༌། །གསུམ་པ་དཀྱིལ་འཁོར་དངོས་ཀྱི་བྱ་བའམ་དཀྱིལ་འཁོར་གྱི་ཞག་གི་ཆོ་ག་ལ། དཀྱིལ་འཁོར་འབྲི་བའི་བྱ་བ་དང༌། དཀྱིལ་འཁོར་སྒྲུབ་པའི་བྱ་བ་དང༌། བདག་ཉིད་འཇུག་ཅིང་དབང་བླང་པའོ། །དང་པོ་ལ་གསུམ་སྟེ། ཐིག་ཚོན་སྒྲུབ་པ། ཐིག་གདབ་པ། ཚོན་དགྱེ་པའོ། །དང་པོ་ནི། སྔར་གྱི་དཀྱུས་དེ་ཉིད་ལ་ཡིན་ན་བདག་བསྐྱེད་བསྒོམ་མི་དགོས་ཤིང་ཕྱི་དེའི་ཉིན་པར་ཡིན་ན། སྟ་གོན་གྱི་སྐབས་སུ་བསྟན་པ་ལྟར་གྱི་མངོན་རྟོགས་བསྡུས་པ་དེ་སྒོམ། ཚོན་སྣ་ལྔ་ལ་རིན་པོ་ཆེ་སྣ་ལྔ་བརྡར་ལ། ཁ་དོག་གི་རིམ་པ་དང་མཐུན་པར་ཡ་ཀྵེ་མ་མེད་རྣམས་བྲིས། རང་མདོག་དང་མཐུན་པའི་ཐིག་སྐུད་གསར་པ་རྣམས་ཀྱང་སྟེང་དུ་བཞག བསངས་སྦྱངས། སྟོང་པའི་ངང་ལས། ཐིག་ཚོན་སྔོན་པོ་ཡ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་མཱ་མ་ཀཱི་སྔོན་མོ་དང་མཉམ་པར་སྦྱོར་བ། ཐིག་ཚོན་དཀར་པོ་ཀྵེ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པས། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་དང་མཉམ་པར་སྦྱོར་བ། ཐིག་ཚོན་སེར་པོ་མ་ལས་རིན་ཆེན་འབྱུང་གནས་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པས། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་དང་མཉམ་པར་སྦྱོར་བ། ཐིག་ཚོན་དམར་པོ་མེ་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པས། ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བ། ཐིག་ཚོན་ལྗང་ཁུ་ད་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པས། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ་དང་མཉམ་པར་སྦྱོར་བ། ཡུམ་རྣམས་གྲི་གུག་དང་ཐོད་པ་འཛིན་པ། ཐམས་ཅད་ཀྱང་དར་དང་རིན་པོ་


TNT06_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་རྒྱན་གྱིས་བརྒྱན་པའོ། །སྐྱེ་མཆེད་དང༌། སྐུ་གསུང་ཐུགས་བྱིན་རླབས་དང༌། དབང་བསྐུར་རྒྱས་བཏབ་རྣམས་སྒྲུབ་ཐབས་བཞིན་བྱས་ལ། ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཞེས་བརྗོད། མིག་བྱིན་གྱིས་རླབས་པ་ནས། དགུག་གཞུག་གི་བར་བུམ་བསྐྱེད་བསྡུས་པ་བཞིན་བྱས་ལ། ཨརྒྷཾ་ལ་སོགས་པས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་གསང་འདུས་ནས་འབྱུང་བའི་དེ་ཉིད་ལྔ་པས་བསྟོད། ཡ་ཀྵེ་མ་མེ་ད་ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། ལྷ་སྐུ་རྣམས་ཞུ་བ་ལས་ཕྱག་མཚན་ལྔར་གྱུར། དེ་རྣམས་ཞུ་བ་ལས། ཡ་ཀྵེ་མ་མེ་ད་ཡིག་རྣམས་སུ་གྱུར། དེ་རྣམས་ཞུ་བ་ལས། ཐིག་ཚོན་ལྔ་ལྔར་གྱུར། བདག་ཉིད་གཙོ་བོ་ཞེ་སྡང་རྡོ་རྗེ་དང༌། སྒྲུབ་གྲོགས་གཏི་མུག་རྡོ་རྗེའམ་ཕྲག་དོག་རྡོ་རྗེའི་ང་རྒྱལ་དང་ལྡན་པས། ཐིག་སྣ་བསྒྲིལ་ཞིང་དྲངས་ལ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ། སརྦ་དྷཱརྨ་པ་ར་སྤ་ར་ན། ཨ་ནུ་པྲ་བྲི་ཊ། སརྦ་དྷརྨ་ཨརྱནྟུ། ཨ་ནུ་པྲ་བྲི་ཊ། སརྦ་དྷརྨ་ཧཱུཾ། ཞེས་བརྗོད། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཞེས་བདུད་རྩི་ཕྱུགས་ལ་སྣོད་གཙང་མར་བཞག་གོ །རྡོ་རྗེ་དྲིལ་བུ་འཛིན་བཞིན་པས། ཨོཾབཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ། ཞེས་ཚོན་རྣམས་མཐེབ་སྲིན་གྱིས་མཉེའོ། །གཉིས་པ་ལ་ཡེ་ཤེས་ཀྱི་ཐིགས་གདབ་པ་དང༌། ལས་ཐིག་གདབ་པ་གཉིས་ལས། དང་པོ་ནི་སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ཏུ་གནས་པས། སློབ་མ་བདེན་བྲལ་དུ་གནས་པ་ལ། ཛཿཛཿ ཞེས་ཐིག་སྣ་བླངས་ཏེ་གཏད་ལ། སློབ་མ་སློབ་དཔོན་གྱི་རྒྱབ་ནས་བསྐོར་ཏེ་སོང་ལ། ཤར་དུ་གནས་པས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ།


TNT06_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་གི་སྒྲས་ནམ་མཁའ་གང་བར་བཞུགས་པའི་སངས་རྒྱས་ཐམས་ཅད་མཉེས་ཤིང་འགྲོ་དོན་ལ་བསྐུལ་བར་གྱུར། ཅེས་བརྗོད་ཅིང་ཐིག་ནམ་མཁར་བཏབ་སྟེ་རིམ་པ་དེ་ཉིད་ཀྱིས་ཡེ་ཤེས་ཀྱི་ཐིག་ཐམས་ཅད་བཏབ་སྟེ། སློབ་དཔོན་ཤར་བལྟས་སློབ་མ་ནུབ། །སློབ་དཔོན་བྱང་བལྟས་སློབ་མ་ལྷོ། །གཉིས་ཀ་ནུབ་ལ་ཤར་ངོས་གདབ། །གཉིས་ཀ་བྱང་བལྟས་སློབ་དཔོན་ལྷོ། །སློབ་མས་བསྐོར་ལ་ནུབ་བལྟས་བྱང༌། །སློབ་དཔོན་ནུབ་བལྟས་སློབ་མ་ཤར། །སློབ་དཔོན་ལྷ་མིན་སློབ་མ་རླུང༌། །སློབ་དཔོན་བདེན་བྲལ་ནས་འབྱུང་ལྟ། །ཞེས་བླ་མ་གོང་མ་རྣམས་གསུང་བ་བཞིན་ནོ། །གཉིས་པ་ལས་ཐིག་གདབ་པ་ནི། ལོགས་སུ་ཤེས་པར་བྱའོ། །གསུམ་པ་ནི། སློབ་དཔོན་གྱིས་དབང་ལྡན་གྱི་རྩིག་པ་སོར་བཞི་ཙམ་བྲིས་ཤིང༌། ཕུར་ཁུང་བགང༌། དེ་ནས་སློབ་མ་རྣམས་ཀྱིས་ཅི་བདེར་བྲི་སྟེ། རྩིག་པ་སྒྲེལ་ལ་ཚོན་བཀྲ་བརྟག །ལེགས་པར་བྲིས་ཟིན་པ་ན། མཚན་མ་རྣམས་དགོད། རྒྱན་རྣམས་དང༌། མཆོད་གཏོར་རྣམས་བཤམས་ཏེ། དེ་དག་རྒྱས་པར་བླ་མ་གོང་མ་རྣམས་ཀྱི་ཡི་གེ་དང་ཕྱག་ལེན་ལས་ཤེས་པར་བྱའོ། །གཉིས་པ་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ལ། སྔོོན་འགྲོ་དང༌། དངོས་གཞི་གཉིས་ལས། དང་པོ་ལ། མཚན་མ་ལྷར་བསྐྱེད་པ། སྒོ་དབྱེ་བ། ཕྱག་འཚལ་བ། མེ་ཏོག་དོར་བ། ལྷག་ཆད་བསྐང་བ་སྟེ་ལྔ་ལས། དང་པོ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བགེགས་སྦྱངས་པ་དང༌། ཁྲུས་གསོལ་སྤྱི་དང་མཐུན་པར་བྱ། བསངས་སྦྱངས། བྲིས་པའི་དཀྱིལ་འཁོར་ཡོངས་སུ་གྱུར་པ་ལས། བསྲུང་འཁོར་གཞལ་ཡས་ཁང་གདན་དང་བཅས་པར་གྱུར། དབུས་ཀྱི་མཚན་མ་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ནས། བཞུགས་པའོ། །དེ་བཞིན་དུ་སྦྱར་ཏེ། ཤར་གྱི་རྭའི་དབུས་ཀྱི་མཚན་མ་གཏི་མུག་རྡོ་རྗེ་དཀར་སོགས་དང༌། ཤར་


TNT06_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྒོའི་མཚན་མ་ཐོ་བ་རྡོ་རྗེ་སོགས། ཤར་ལྷོའི་ཙར་ཙི་ཀ་སོགས། རིམ་པ་གཉིས་པའི་མཚན་མ་ཐོད་པ་བཞིར་གྱུར། ཞེས་སོ། །འདི་ཡིག་རྙིང་ཕལ་ཆེར་ན་མི་སྣང་བས་མ་བྱས་ཀྱང་དགག་བྱ་ཆུང་ཙམ་ཡིན་སྲིད་ནའང་སྒོ་དབྱེའི་སྔོན་དུ་འདི་ངེས་པར་ཐོབ་ཅིང༌། གཅུང་རྡོ་རྗེ་རྩེ་མོས་དཀྱིལ་ཆོག་ཏུ་བཤད་པ་ལྟར་བཀོད་པ་ཡིན་པས་ཡིད་ཆེས་པས་གནས་སོ། །གཉིས་པ་ནི། སྒོ་དབྱེ་བའི་ཕྱག་རྒྱ་དང་བཅས་པ། ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་ཨུདྒྷ་ཊ་ཡ། ས་མ་ཡ། པྲ་བེ་ཤ་ཡ་ཧཱུཾ། དཀྱིལ་འཁོར་གྱི་སྒོ་བཞི་རང་བྱེ་བར་གྱུར། ཅེས་རྡོ་རྗེ་དྲིལ་བུ་འཛིན་པས། དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་རེ་རེའམ་ཤར་ནས་ལན་བཞི་བརྗོད་ཀྱང་རུང་ངོ༌། །གསུམ་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྩིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་གཡོན་གྱི་ཐལ་མོ་སྙིང་གར་གཏད་པས་ཕྱག་འཚལ་བའི་ཚུལ་དུ་བྱེད་དོ། །བཞི་པ་ནི། དཀྱིལ་འཁོར་གྱི་ནང་དུ་བཞུགས་པར་མོས་ལ། ཤར་གྱི་ལྷ་སྣམ་ལ་གནས་པར་བསམ་སྟེ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། མེ་ཏོག་གཙོ་བོའི་ཐུགས་ཀར་བབས། ཨོཾ་པྲ་ཏི་གྲྀཧྞཏྭཾ་ཨི་མཾ་སཏྭ་མཧཱ་བ་ལ། ཞེས་མགོ་ལ་བཅིང་ངོ༌། །ལྔ་པ་ནི། མིག་གཉིས་སུ་ཛཿཛཿ ཞེས་པ་ནས། ཧྲཱིཿཥྚཱིཿའི་མཐར། དིཔྟའི་སྔགས་བརྗོད་པའི་བར་གོང་བཞིན། མིག་གི་འོད་ཟེར་གྱིས། དཀྱིལ་འཁོར་གྱི་ལྷག་ཆད་ཐམས་ཅད་ཁ་བསྐང་བར་གྱུར། རྡོ་རྗེ་སྙིང་གར་གཏད་ཅིང་དྲིལ་བུ་དཀྲོལ་ལ། དཀྱིལ་འཁོར་ལ་མིག་གཡོ་བ་མེད་པར་ལྟ་ཞིང་ཡི་གེ་བརྒྱ་པ་ལན་གསུམ་དུ་བརྗོད་དོ། །གཉིས་པ་ལ། སྒྲུབ་པ་དངོས་དང༌། མཆོད་བསྟོད་དང༌། བཟླས་པ་སྟེ་གསུམ་ལས། དང་པོ་ལ། ནམ་མཁའི་ལྷ་དབང་བ་དང༌། དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང༌། སྒྲུབ་པ་སྟེ་གསུམ་ལས། དང་པོ་ནི། རང་གི་སྙིང་ག་ནས་ཐོ་བ་གཤིན་རྗེ་


TNT06_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ལ་སོགས་པ་སྒོ་བ་བཞི་སྤྲོས། ལྷག་གནས་ཀྱི་དཀྱིལ་འཁོར་ནམ་མཁར་བཞུགས་པའི་ཡི་གེ་རྒྱ་བཀྲོལ། རིན་པོ་ཆེའི་ཁ་སྦྱོར་ཁ་ཕྱེ་བར་གྱུར། བདུག་སྤོས་འཐུལ་བཞིན་དུ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམ་མཛད་ལྷ། །སྔོན་གནས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཧྲཱིཿཥྚཱིཿའི་མཐར། ཨོཾ་ཨཱཿཧཱུཾ་ཨ། དཀྱིལ་འཁོར་གྱི་གཙོ་བོ་དབུས་ཀྱི་མཚན་མ་ལ་ཐིམ། དེ་བཞིན་དུ་སྦྱར་ཏེ། ཨོཾ་ཀྵེ་ཛི་ན་ཛིཀ་སྭཱཧཱ། ཨོཾ་ཨཱཿཧཱུཾ་ཨ། ཞེས་པ་ནས། ཨོཾ་ཨཱཿར་ཧཱུཾ་ཨོཾ་ཨཱཿཧཱུཾ་ཨ་ལྷ་བཅུ་གཉིས་ཐོད་པ་བཞི་དང་བཅས་པ་ཡང་རང་རང་གི་མཚན་མ་ལ་ཐིམ། ཨོཾ་ཨཱཿཧཱུཾ་ཨ། གཞལ་མེད་ཁང་བསྲུང་བའི་འཁོར་ལོ་དང་བཅས་པ་ཡང་བྲིས་པའི་རྟེན་གྱི་དཀྱིལ་འཁོར་ལ་ཐིམ་པས། གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། རྡོ་རྗེ་ནག་པོ་རྩེ་ལྔ་པ། ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི། མཚམས་བཞིར་གྲི་གུག་བཞིའམ། ཤར་ལྷོར་འཁོར་ལོ། ལྷོ་ནུབ་ཏུ་རྡོ་རྗེ། ནུབ་བྱང་དུ་པདྨ། བྱང་ཤར་དུ་ཨུཏྤལ། ཤར་སྒོར་ཐོ་བ། ལྷོ་སྒོར་བེ་ཅོན། ནུབ་སྒོར་པདྨ་འབར་བ། བྱང་སྒོར་རལ་གྲི་འབར་བ། གྲྭ་བཞིར་ཐོད་པ་བཞི་དང་བཅས་པར་གྱུར། གཉིས་པ་ནི། རང་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སེམས་དཔའ་གསུམ་བརྩེགས་དཀྱིལ་འཁོར་གྱི་ལྷ་སྣམ་ལ་གནས་པར་གྱུར། སྙིང་གའི་ས་བོན་ལས་རང་འདྲ་བ་དཔག་ཏུ་མེད་པ་སྤྲུལ་ཏེ།


TNT06_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས། ཐོབ་པའི་རྗེས་སུ་མཐུན་གྱུར་ཅིག ཅེས་པའི་བར་མདུན་བསྐྱེད་ཕྱག་མཚན་གྱི་དཀྱིལ་འཁོར་ལ་དམིགས་ཏེ་ཚོགས་བསགས། བདག་ཏུ་འཛིན་པས། ཞེས་པ་ནས། ཕྱི་ནང་གྲྭ་བཞིར་ཟླ་བའི་གདན་དང་བཅས་པའོ། །ནམ་མཁར་གནས་པའི་ནས། སྤྱན་དྲངས་ཏེ། ཤར་གྱི་ལྷ་སྣམ་ལ་རང་གི་གདན་ལ་འཁོད། ཨ་ཨཱ་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ་གི་བར་དང༌། མིག་ཏུ་ཀྵིཾ་དང༌། འཁོར་ལོ་ནས། པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ་གི་བར་མངོན་རྟོགས་དང་འདྲ་བ་ལས། ལྷ་རྣམས་ཀྱི་ཞེས་པར། རང་གི་ཞེས་དང༌། ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཞེས་དང༌། སྙིང་ག་ནས་ལྷ་མོ་བཞི་སྤྲོས། རང་བཞིན་གྱི་གནས་ནས། ཞེས་དང༌། ཡང་ཐུགས་ཀའི་འོད་ཀྱི་སྣེ་ལ་སྒོ་བ་བཞི་དཔག་ཏུ་མེད་པ་སྤྲོས། ཞེས་སོགས་འདོན་པ་སྤོ། ནང་མཆོད་བསངས་སྦྱངས་ནས། བཟླས་པའི་བར་མངོན་རྟོགས་བཞིན་ནོ། །ཡབ་ཀྱི་གསང་བ། ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ནས། དབུས་ན་བཞུགས་པའོ། །ཨོཾ་ཛི་ན་ནས། ཤར་གྱི་རྭའི་སྟེང་གི་འཁོར་ལོ་ལ་ཐིམ་པ་ནས། སྐུ་མདོག་དཀར་པོ་སོགས། དེ་བཞིན་དུ། ལྷོའི་རྭའི་སྟེང་གི་རིན་པོ་ཆེ་ལ་ཐིམ་པ་ནས། སྐུ་མདོག་སེར་པོ་སོགས། ནུབ་ཀྱི་པདྨ། བྱང་གི་རལ་གྲི། ཤར་སྒོར་ཐོ་བ། ལྷོ་སྒོར་བེ་ཅོན། ནུབ་སྒོར་པདྨ། བྱང་སྒོར་རལ་གྲི། མེ་མཚམས་གྱི་གྲྭར་འཁོར་ལོ། བདེན་བྲལ་དུ་རྡོ་རྗེ། རླུང་མཚམས་སུ་པདྨ། དབང་ལྡན་གྱི་གྲྭར་ཨུཏྤལ་ཐིམ་པ་ནས། ལྗང་ཁུ་སོགས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་


TNT06_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། རིམ་པ་གཉིས་པའི་གྲྭ་བཞིར་ཟླ་གདན་ལ་གནས་པའི་ཐོད་པ་རྣམས་ལ་ཐིམ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ནས། སྐྱིལ་ཀྲུང་གི་བཞུགས་པའོའི་བར་ཡང་མངོན་རྟོགས་བཞིན་ནོ། །སླར་ཡང་སྙིང་ག་ཞེས་པ་ནས། སྤྲུལ་པ་རྣམས་སྙིང་གར་ཐིམ། ཨོཾ་ཚུར་བྱོན་ཚུར་བྱོན་འཇམ་པའི་དབྱངས། ཁྲོ་བོ་གཤིན་རྗེ་གཤེད་པོའི་ཚོགས། །འཇམ་དཔལ་ཁྲོ་བོ་མི་བཟད་པ། །མཐུ་རྩལ་དྲག་པོ་གཤེགས་སུ་གསོལ། །མ་ལུས་སེམས་ཅན་སོགས་ཀྱང་བྱ། ཧྲཱིཿཥྚཱིཿལན་གཅིག་བརྗོད་པ་ནས། ཁཏྒ་ཧོའི་བར་ཀྱང་མངོན་རྟོགས་བཞིན་ནོ། །སྐབས་འདིར་ཡང་མཆོད་བསྟོད་བདུད་རྩི་མྱང་བ་མངོན་རྟོགས་ལྟར་བྱེད་པ་བཤད་པའང་ཡོད་མོད་ཀྱི་མཆོད་པ་ལན་གཉིས་མི་དགོས་པར། མངོན་རྟོགས་ནས་འབྱུང་བའི་མཆོད་བསྟོད་བདུད་རྩི་མྱང་བའམ། འོག་ནས་འབྱུང་བའི་མཆོད་བསྟོད་བདུད་རྩི་མྱང་བ་གང་རུང་ཅིག་གི་ཆོག་གོ །ལག་ལེན་འགའ་ཞིག་ལ། བདག་བསྐྱེད་དཀྱིལ་འཁོར་རྫོགས་པར་བསྒོམས་ནས། སླར་བསྡུས་ཏེ། མདུན་བསྐྱེད་སྤྲོ་བ་སོགས་བྱེད་མོད་ཀྱི། གཤིན་རྗེ་གཤེད་འབྱུང་བ་དང༌། འདི་ཉིད་ཀྱི་བླ་མ་གོང་མ་སུས་ཀྱང་མ་བཤད་པས། དེ་ནི་ལུགས་གཞན་ཁོ་ན་སྟེ། འདིར་བསྲེ་བར་མི་བྱའོ། །གཉིས་པ་ནི། གོང་དུ་བཤད་པ་ལྟར་མངོན་རྟོགས་ནས་འབྱུང་བའི་མཆོད་བསྟོད་བདུད་རྩི་མྱང་བ་གསུམ་པོས་ཀྱང་རུང་ལ། བླ་མ་སྔ་མ་རྣམས་ཀྱི་ཡི་གེ་ལྟར་ན། མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུཾ་ལས་བྱུང་བའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་རྫས་བསམ་མི་ཁྱབ་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་མང་དུ་བརྗོད། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །


TNT06_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གིས་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། བདག་དང་འགྲོ་ལ་ཐུགས་རྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཧྲཱིཿཥྚཱིཿའི་མཐར། པདྨ་ཀ་མ་ལ་ཡེ་སྟྭཾ། འཇིག་རྟེན་ཁམས་རྣམས་དཔག་མེད་ན། །བདུག་སྤོས་ཇི་སྙེད་མཆིས་པ་དང༌། །བདག་གིས་གུས་པར་བཤམས་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །དྷུ་པེ། དེ་བཞིན་དུ་སྦྱར་ཏེ། མེ་ཏོག པུཥྤེ། སྣང་གསལ། ཨཱ་ལོ་ཀེ དྲི་ཆབ། གནྡྷེ། ཞལ་ཟས། ནེ་ཝེ་ཏྱེ། རོལ་མོ། ཤཔྟ། གོས་ཟུང་བསངས་སྦྱངས། སྟོང་པའི་ངང་ལས། ཝཾ་ལས་བྱུང་བའི་ལྷ་རྫས་ཀྱི་ན་བཟའ་ཆོས་ཀྱི་དབྱིངས་ཐམས་ཅད་གང་བར་གྱུར། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཧྲཱིཿཥྚཱིཿའི་མཐར། བཛྲ་ཝསྟྲ་ཡེ་པྲ་ཏཱིཙྪ་སྭཱཧཱ། གཞན་ཡང་མཆོད་པའི་རྣམ་པ་ནི། །རྡུལ་ཡབ་སྦྲང་ཡབ་བསིལ་ཡབ་དང༌། །འཁྱམས་དང་སྐྱེད་མོས་ཚལ་དག་དང༌། །གཟིམ་ཆ་དང་ནི་གདན་ཁྲི་དང༌། །མྱུར་འགྲོ་རྟ་དང་གླང་པོ་དང༌། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །རྟ་བབས་དང་ནི་བླ་རེ་དང༌། །བཟའ་བཏུང་རོ་མཆོག་སྣ་ཚོགས་དང༌། །གླུ་གར་ལ་སོགས་མཐའ་ཡས་པ། །དཀྱིལ་འཁོར་ལྷ་ཚོགས། སོགས་གོང་བཞིན། གཟུགས་ཀྱི་མཆོད་པ་ཁྱད་པར་ཆེ། །


TNT06_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡི་མཆོད་པ་ཡིད་དུ་འོང༌། །དྲི་ཡི་མཆོད་པ་ཚིམ་པའི་མཆོག །རོ་ཡི་མཆོད་པ་བླ་ན་མེད། །རེག་བྱའི་མཆོད་པ་བདེ་མཆོག་ལྡན། །མཆོད་པ་རྣམ་པ་ལྔ་རྣམས་དང༌། །གཞན་ཡང་མཆོད་པའི་རྣམ་པ་ནི། །རིན་ཆེན་རི་དང་དཔག་བསམ་ཤིང༌། །ལྡ་ལྡི་རྒྱལ་མཚན་འཕན་གདུགས་སོགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་ནས། དཀྱིལ་འཁོར་སོགས། སྒྲུབ་ཐབས་ནས་བཤད་པའི་ཚོགས་འཁོར་གྱི་སྐབས་ལྟར་རྒྱལ་སྲིད་སྣ་བདུན་དང་བུམ་པ་ཡང་ཕུལ་ལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ནས། ཨཏྨ་ཀོ྅ཧཾ་གི་བར་དང༌། ཧཱུཾ། དུར་ཁྲོད་རྒྱན་གྱི་སོགས་དང༌། ཀྱེ་ཀྱེ་གཤིན་རྗེ་གཤེད་ནས། གར་མཛད་འགྲོ་བ་ཡོངས་ལ་གཟིགས་ཀྱི། །བར་དང༌། གཏི་མུག་རྡོ་རྗེ་ནས། ཨཏྨ་ཀོ྅ཧཾ་གི་བར་གྱིས་བསྟོད། ནང་མཆོད་ལྷག་པོ་ཡོད་ན། སྒྲུབ་ཐབས་བཞིན་བྱིན་རླབས་རྒྱས་པར་བྱ། གཞན་དུ་ན། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད་ནས། འཇམ་པའི་དབྱངས་དང་ནས། ཨཏྨ་ཀོ྅ཧཾ་གི་བར་སྒྲུབ་ཐབས་བཞིན་ཕུལ། ཡབ་ཀྱི་གསང་བ་ཞེས་པ་ནས། བྷྲུཾ་གྱིས་བཀག་པ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡབ་ཡུམ་རྗེས་ཆགས་སྙོམས་པར་ཞུགས་པས། བདེ་བ་ཆེན་པོས་དགྱེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། གསུམ་པ་ནི། དངོས་གྲུབ་བླང་བའི་དོན་དུ་བཟླས་པའི་དམིགས་པ་གསལ་བཏབ་སྟེ། ཅུང་ཟད་བཟླས་པ་བྱས་ལ། རང་གི་ཕྱག་རྒྱ་བཞི་ནས་འོད་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་གནས་བཞི་ལ་ཕོག་པས། ཐུགས་རྒྱུད་བསྐུལ་དེ་རྣམས་ཀྱི་གནས་བཞི་ནས་འོད་ཟེར་བྱུང་བ་རང་ལ་ཐིམ་པས། ཇི་ལྟར་འདོད་པའི་དངོས་གྲུབ་


TNT06_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐོབ་པར་བསམ་ལ། སྙིང་པོ་གཙོ་བོར་གྱུར་པའི་སྔགས་འཕྲེང་ཐམས་ཅད་ཅི་འགྲུབ་བཟླའོ། །དེ་ནས་གཏོར་མ་འབུལ་བར་བྱ་སྟེ། འདི་ལ་སྔར་དཀྱིལ་འཁོར་འབྲི་བའི་ཚེ། ཁྱམས་ཀྱི་པདྨའི་ཐད་ལ་ཕྱོགས་སྐྱོང་རྣམས་ཀྱི་ཚོམ་བུ་བཀོད་ཡོད་ན། སྐབས་འདིར་གཏོར་མ་འབུལ་བ་ནང་གཏོར་གྱི་ཚུལ་དུ་བྱེད་པ་ཡིན་ལ། དེ་ལྟར་ན་མངོན་རྟོགས་ནས་བྱུང་བ་ལྟར་ལས། གཙོ་བོའི་དམ་ཡེ་འབྱེད་པ་དང་སླར་བསྡུ་བ་སོགས་མི་དགོས་ལ། ཉེ་རེག་བྱ་བ་ཡན་ཆད་ཀྱི་གཏོར་མའི་བྱ་བ་རྫོགས་པ་ཡིན་ནོ། །འོན་ཀྱང་འདི་ལྟར་བྱ་སྟེ། དཀྱིལ་འཁོར་གྱི་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱཿཧཱུཾ། ཧྲཱིཿཥྚཱིཿསོགས་ཀྱི་མངོན་རྟོགས་ལྟར་ཕུལ་ལ། གཟུགས་སྒྲ་ལ་སོགས་དང༌། དུར་ཁྲོད་རྒྱན་གྱི་སོགས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་མཆོད་བསྟོད་འདོད་དོན་གསོལ་བ་གདབ་བོ། །བར་འདིར་ནང་གི་ཆོས་སྐྱོང་རྣམས་ལ་གཏོར་མ་འབུལ། དེ་ནས་སྒྲུབ་ཁང་གི་ཕྱི་རོལ་ཏུ་སྒྲུབ་པ་པོའི་སྟན་གྱི་ཕྱོགས་མཚམས་བརྒྱད་དང༌། ཤར་དང་དབང་ལྡན་གྱི་བར་དང༌། ནུབ་དང་རླུང་མཚམས་ཀྱི་བར་དུ་གསུམ་གསུམ་སྟེ། མཎྜལ་བཅུ་བཞི་ཚོམ་བུ་དང་བཅས་པ་བྱ། དེ་ཙམ་མ་གྲུབ་ན། སྟེང་འོག་གི་ཚོམ་བུ་དབུས་སུ་བཀོད་པའི་མཎྜལ་གཅིག་བྱ། དེའི་མདུན་དུ་མཆོད་གཏོར་བཤམས། མཆོད་པ་བསངས་སྦྱངས། འབྲུ་གསུམ་གྱི་བྱིན་གྱིས་བརླབས། གཏོར་མའང་ནང་མཆོད་ལྟར་བྱིན་གྱིས་བརླབས་པའམ་བསྡུ་ན། སྟོང་པའི་ངང་ལས། ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ། ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། མཁའ་གསང་བྱིན་རླབས་ནས། ཞེ་སྡང་རྡོ་


TNT06_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དབུ་བརྒྱན་གྱི་བར་བྱ། ཕྱོགས་སྐྱོང་འཁོར་བཅས་ཀྱི་ནས། ཕཊ་སྭཱཧཱའི་བར་བྱ། ཨོཾ་དཱ་ཤ་དིཀ་ལོ་ཀ་པ་ལ་ས་པཱ་རི་ཝ་རེ་བྷྱཿ ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། དེ་བཞིན་དུ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། ཧྲཱིཿཥྚཱིཿའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ། བདུད་བཞི་པོ་ནི་རྣམ་པར་འཇོམས། །ནས། ཡིག་བརྒྱའི་བར་ཡང་མངོན་རྟོགས་བཞིན། ཨོཾ་ཧྲི་བི་ཤུདྡྷ། སོགས་ཀྱི་མཆོད་ཡོན་འགྲོ་ཕྱོགས་སུ་བསྒྲེངས། མ་འབྱོར་བ་དང་སོགས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་ཅིང༌། །སངས་རྒྱས་ཉིད་དང་འཕྲད་འགྱུར་བའི། །ལམ་དེར་མྱུར་དུ་འགྲོ་བར་ཤོག །ཨོཾ་ཨཱཿཧཱུཾ་མུཾ། ཞེས་པས་གཏོར་མགྲོན་རྣམས་གཤེགས་སུ་གསོལ། གཏོར་མ་བཞི་མདོའམ། དུར་ཁྲོད་དམ་གཙང་སར་བསྐྱལ། སྙིང་པོ་དྲག་ཏུ་བཟླ་ཞིང༌། རོལ་མོའི་སྒྲ་དང་བཅས་པས་མཚམས་བཅད། སློབ་དཔོན་གྱིས་རྟིང་མནན་ཏེ་ནང་དུ་འོངས་ལ། སྒོ་ནང་དུ་ཉེ་རེག་བྱའོ། །སྐབས་འདིར་སྒོ་དབྱེ་བ་དང༌། མེ་ཏོག་འབུལ་བ་སོགས་ནི་ལུགས་འདི་ལ་མི་བཞེད་པ་མངོན་ནོ། །དེ་ནས་ཚོགས་ཀྱི་འཁོར་ལོ་བྱ་སྟེ། མཆོད་བསྟོད་ཡན་ཆད་སྔོན་འགྲོའི་བྱ་བ་རྣམས་སྔར་གྲུབ་ཟིན་པ་ཡིན་པས། སྐབས་འདིར་མི་དགོས་ལ། ཚོགས་རྫས་བྱིན་གྱིས་རླབས་པ་ནས། ལྷག་མའི་གཏོར་མའི་བར་བྱའོ། །དེ་ནས་འགྲུབ་ན། སྐབས་འདིར་སྲེག་བླུགས་ཀྱིས་ཀྱང་མཉེས་པས་བྱའོ། །དཀྱིལ་འཁོར་སྒྲུབ་པ་འབའ་ཞིག་ཡིན་ན་ནི། དེ་དག་གི་མཐར་སྡོམ་བཟུང་ལན་གསུམ་བྱས་ལ། རྗེས་ཀྱི་བྱ་བ་རྣམས་བྱའོ། །འདི་ནི་སྒྲུབ་པ་དང༌། བསྙེན་སྒྲུབ་སྦྲགས་མ་སོགས་རང་དོན་དུ་དཀྱིལ་འཁོར་འབྲི་བ་དང་འབྲེལ་བ་ཡིན་ནོ། །


TNT06_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་དང་རྩ་བའི་བླ་མ་ཐ་མི་དད་པར་མོས་ལ། སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་རྫོགས་པར་བླང་ངོ༌། །རང་གི་གནས་བཞི་ནས་ཁྲོ་བོ་བཞི་སྤྲོས། དཀྱིལ་འཁོར་བའི་གནས་བཞིར་ཐིམ་པས། སློབ་མ་འཇུག་པར་གསོལ་བ་བཏབ་པར་བསམ། ཚུར་འཕྲོས། རང་ལ་ཐིམ་པས་སྣང་བ་ཐོབ་པར་བསམ། མཆོད་བསྟོད་བདུད་རྩི་མྱང་བ་བསྡུས་པ་ཞིག་བྱས་ལ། དྲིལ་སྟབས་དང་བཅས་པས། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་དེང་བདག་གྲུབ། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །དེ་ཉིད་ཀྱི་ནི་བདག་གྲུབ་མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་མཆོག་གི ། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང༌། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའི། །བདེན་པ་འདི་ཡིས་མགོན་བདག་ལ། ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དྭངས་ལ་


TNT06_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ལས་དང་བྱ་བ་སོགས་དང་བྲལ། །དེ་བཞིན་དེ་ཉིད་ངེས་པར་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྡིག་མེད་མཐོང་བ་ཤོག །ཅེས་ལན་གསུམ་བརྗོད། སློབ་མ་ལ་དབང་བསྐུར་བའི་བྱ་བ་མེད་ན། དཀྱིལ་འཁོར་ལ་གནང་བ་ཞུ་བ་ནས་འདིའི་བར་མི་དགོས་པར་བཞེད་དོ། །གཉིས་པ་སློབ་མ་གཞུག་པ་ལ། དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་དངོས་གཉིས་ལས། དང་པོ་ལ། ཕྱི་འཇུག་དང་འབྲེལ་བའི་བྱ་བ། ནང་འཇུག་དང་འབྲེལ་བའི་བྱ་བ། གཉིས་ཀ་དང་འབྲེལ་བའི་བྱ་བ་སྟེ་གསུམ་ལས། དང་པོ་ལ། གདོང་གཡོགས་པ་དང་སྡོམ་པ་བཟུང༌། །ཚིག་གིས་སྦྱང་དང་མེ་ཏོག་གཏད། །གསོལ་བཏབ་སེམས་བསྐྱེད་གསང་བ་བསྒྲགས། །ཕྱི་འཇུག་དངོས་ཏེ་རྣམ་པ་བརྒྱད། །དང་པོ་ནི། སློབ་མ་རྣམས་ཁྲུས་བྱས། བླ་མ་ལ་ཕྱག་འཚལ། མཎྜལ་འབུལ་དུ་གཞུག ཧྲཱིཿཥྚཱིཿདང་ལས་བུམ་གྱིས་བསངས་པའི་མིག་དར་གྱིས་གདོང་གཡོགས་ནས། ཨོཾ་མུདྒ་ར་ཛ་ནས། ཧོའི་བར་བརྗོད། གཉིས་པ་ནི། སློབ་མ་བསངས་སྦྱངས། སྟ་གོན་ལྟར་རྡོ་རྗེ་སེམས་དཔར་བསྐྱེད། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་རྣམས་བཀོད། སྐབས་འདིར་ཡང་སློབ་མས་ཕྱག་དང་མཎྜལ་འབུལ་བར་བཞེད་པ་བཞིན་སྤྲོ་ན་བྱ། དེ་ནས་ཐལ་མོ་སྦྱོར་བཞིན་པས། སློབ་དཔོན་གྱི་རྗེས་ཟློས་སུ་བྱ་སྟེ། ཇི་ཙམ་དུས་ནས་གཟུང་ནས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་མཆིས་ཀྱི་བར་དག་ཏུ། །བདག་གི་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །


TNT06_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ཅིང༌། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང༌། །མ་སྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་བྱུང་བ་དབྱུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་ལས་འདས་ལ་འགོད། །ཅེས་ལན་གསུམ་གྱིས་བཟུང་ངོ༌། །གསུམ་པ་ནི། བླ་མས། སྒོ་དྲུང་


TNT06_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཁྱོད་སུ་ཡིན། ཞེས་འདྲི། སློབ་མས། བདག་ནི་སྐལ་པ་བཟང་པོ་ལགས། ཞེས་ལན་བཏབ། ཡང༌། ཁྱོད་ཅི་ལ་དགའ། ཞེས་འདྲི། བདག་སྐལ་བ་བཟང་པོ་ལ་དགའ། ལགས་སོ། །ཞེས་བརྗོད། བཞི་པ་ནི། ཨུ་དུཾ་ཝ་ར་མནྡ་ར། །ཡོངས་འདུའི་ཤིང་དང་མ་ལི་ཀ ། ཀརྞི་ཀའི་འཕྲེང་བ་ནི། །ལེགས་པར་ནོད་ལ་བུས་ཟུངས་ཤིག །ཨོཾ་ཨཱཿཧཱུཾ། ཞེས་མེ་ཏོག་གི་འཕྲེང་བའམ་ཆུན་པོ་སྦྱིན། ལྔ་པ་ནི། ཕྱག་དང་མཎྜལ་ཕུལ་ལ། བླ་མ་སློབ་དཔོན་མགོན་རྗེས་སུ། །འབད་པ་ཆེན་པོས་དབང་གི་དོན། །ཇི་ལྟར་སངས་རྒྱས་ཆོས་ཆེན་པོས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །དེ་བཞིན་བདག་ལ་དབང་བསྐུར་ཞིང༌། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དྲུག་པ་ནི། ལུས་ལོངས་སྤྱོད་དཀོན་མཆོག་དང་སེམས་ཅན་ལ་བློས་བཏང་དུ་གཞུག དེ་ནས། སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་གཏུགས་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། ཞེས་བརྗོད་དུ་གཞུག་ཅིང༌། སུ་ར་ཏེ་ས་མཱ་སྟཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ་གིས་བརྟན་པར་བྱའོ། །བདུན་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་རུང་ངོ༌། །ཞེས་གདམས་སོ། །བརྒྱད་པ་ནི། ལག་ཏུ་རྡོ་རྗེ་གཏད་དེ་འཁྲིད་ཚུལ་བྱ་ཞིང༌། ཨོཾ་མུདྒ་ར་ཛ། ཞེས་ཁྲིད་ནས། ཨོཾ་ཨཱཿཧཱུཾ། ཞེས་པས་ནང་དུ་གཞུག་གོ །དངོས་སུ་དཀྱིལ་འཁོར་ཁང་


TNT06_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་དུ་འཁྲིད་པའམ། ཡོལ་བ་བསལ། དེ་བཞིན་སྒོ་བ་གཞན་རྣམས་ཀྱི་སྔགས་ཀྱི་མཐར་ཡང་འབྲུ་གསུམ་བཏགས་པས། སྒོ་བཞི་ནས་བཅུག་པར་མོས་སུ་བཅུགསླར་ཡང་ཕྱག་བྱས་པར་མོས། ཏེ་འབྲུ་གསུམ་བརྗོད་དུ་གཞུག་གོ །གཉིས་པ་ནང་འཇུག་དང་འབྲེལ་བའི་བྱ་བ་ལ། ཡིག་རྙིང་འགའ་ཞིག་ཏུ། སྔར་རྒྱུད་སྡེ་སྤྱིའི་རིགས་ལྔའི་སྡོམ་པ་བཟུང་བ་ཡིན་ལ། འདིར་གཤིན་རྗེ་གཤེད་རིགས་ལྔའི་སྡོམ་པ་བཟུང་བའི་དོན་ཏེ། སྡོམ་བཟུང་ལན་གཉིས་བྱ་བར་བཞེད་པའང་ཡོད་མོད་ཀྱི་ཕལ་ཆེར་ནས་མ་བཤད་ཅིང༌། རིག་པས་ཀྱང་མི་དགོས་ལ། ཕྱི་འཇུག་གི་སྐབས་མ་བྱས་ན། འདིར་བྱེད་པ་དང༌། ཕྱི་འཇུག་གི་སྐབས་སྒྲུབ་ཐབས་ནས་འབྱུང་བ་ལྟར་རྒྱུན་བཤགས་བྱེད་པ་ཐུན་མོང་གི་སྡོམ་བཟུང་དང༌། འདིར་རིགས་ལྔའི་སྡོམ་བཟུང་ཡང་བྱེད་པར་སྣང་བ་འདི་ནི་གཤིན་རྗེ་གཤེད་འབྱུང་བ་དང་ཡང་མཐུན་ཞིང༌། ཤིན་ཏུའང་ལེགས་པས། དེ་ལྟར་ཡང་བྱའོ། །འོན་ཀྱང་དཀྱུས་ཀྱི་ཕྱག་ལེན་ལྟར་ན། གསང་བར་གདམས་ཤིང་དམ་ཚིག་སྦྱིན། །བཀའ་བསྒོ་གསོལ་བཏབ་ཡེ་ཤེས་དབབ། །ཞེས་པ་ལྟར་ལྔ་ལས། དང་པོ་ནི། སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུ་ཞུགས་ཏེ། དེ་བས་ན་བདག་གིས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིེས་ཁྱོད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་བྱས་པ་སྟེ། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ལས་འདའ་རུ་མི་རུང་ངོ༌། །གཉིས་པ་ནི། རྡོ་རྗེ་སྙིང་གར་གཏུགས་ལ། དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །ཁྱོད་ཀྱི་སྙིང་ལ་ཡང་དག་


TNT06_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་ཨཱཿཧཱུཾ། གིས་བསྔགས་པའི་བདུད་རྩི་སྦྱིན་ལ། དམྱལ་བའི་ཆུ་འདིས་ཁྱོད་ལ་ནི། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཀྱང༌། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུ་ད་ཀ་ཋ་ཋ་ཋཿ གསུམ་པ་ནི། དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་ཅི་སྨྲས་པའི་བྱ་བ་དེ་ཁྱོད་གྱིས་བྱ་དགོས་སོ། ཁྱོད་ཀྱི་ང་ལ་བརྙས་པར་ཡང་མ་བྱེད་ཅིག མི་བདེ་བ་མ་སྤངས་པ་དུས་ཕྱིས་ནས་དམྱལ་བར་ལྟུང་བ་གྱུར་ཏ་རེ། ཞེས་བརྗོད་དོ། །བཞི་པ་ནི། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག ཅེས་ལན་གསུམ་གྱིས་གསོལ་བ་གདབ། ལྔ་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པའི་ངང་ནས། སློབ་དཔོན་ལ་མོས་གུས་དུང་བ་ཞིག་བྱེད་དུ་གཞུག་ཅིང༌། སློབ་མ་རྣམས་སྔར་ལྟ་གོན་བཞིན་རྡོ་རྗེ་སེམས་དཔར་གསལ་གདབ། མ་ཡེངས་པར་དར་ཅིག་དེ་ཉིད་ལ་སེམས་འཇོག་ཏུ་བཅུག རྐང་མཐིལ་ནས་བརླའི་རྩ་བའི་བར། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་པ་ལྟ་བུ་མཆོག་མ་ལ་བ་དན་གྱིས་མཚན་པ། གསང་བ་ནས་ལྟེ་བའི་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མདུང་གིས་མཚན་པ། དེ་ནས་སྙིང་གའི་བར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། སྤྱི་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་རྣམས་གསལ་


TNT06_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ལ། སློབ་དཔོན་རྡོར་དྲིལ་དང་བཅས་པའི་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ལས། མཐེ་བོང་གཉིས་ནང་དུ་བཅུག་པ། སློབ་མའི་སྙིང་གར་རེག་ཅིང་སྤྱི་བོར་ཕུས་བཏབ་བ་ལས། ཧྲཱིཿཥྚཱིཿའི་མཐར། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨ། ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་རླུང་གི་བ་དན་བསྐྱོད། མེའི་དཀྱིལ་འཁོར་དྲག་ཏུ་འབར་བས། སའི་དཀྱིལ་འཁོར་རབ་ཏུ་ཚ་བའི་གདུང་བས་བསྲེགས། སྤྱི་བོའི་ཆུ་སྐོལ་ཞིང་ལུད་པ་སྙིང་གའི་ས་ལ་ཐིམ་པས། བདེ་བས་རྒྱུད་གང༌། རླངས་པ་འོད་ཟེར་གྱི་ཚུལ་དུ་འཕྲོས་པས། དཀྱིལ་འཁོར་བ་རྣམས་དང་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་བདུད་་རྩི་སྤྱན་དྲངས་ཏེ། སློབ་མའི་སྤྱི་བོ་ནས་ཐིམ་པར་གྱུར་པར་བསམ་ལ། རོལ་མོ་སྒྲ་བསྒྲགས་ཤིང༌། རྫས་ཀྱི་བདུག་པས་བདུག ཧྲཱིཿཥྚཱིཿའི་མཐར། ཨ་བེ་ཤ་ཡ། སྟ་བྷ་ཡ། ར་ར་ར། ཙ་ལ་ཡ། ཙ་ལ་ཡ་ཧཱུཾ་ཨ་ཧ་ཛྷཻ། ཞེས་བརྗོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །གསུམ་པ་ལ། འདོད་ལྷ་ངོས་བཟུང་ཁ་དོག་འདྲི། །གདོང་གཡོགས་བཀྲོལ་དང་བལྟ་བར་བསྐུལ། །ལྷ་ངོ་སྟོན་པ་ལྔ་པ་ཡིན། །དང་པོ་ནི། རིགས་ཀྱི་ལྷ་ལ་མེ་ཏོག་ཕོག་པར་གྱུར་ཅིག་སྙམ་པས་དམོད་བོར་དུ་གཞུག སློབ་དཔོན་གྱིས། འདི་ལྟར་བདག་གི་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཅུག་པས། །ལྷ་ནི་གང་གི་སྐལ་ལྡན་ཞིང༌། །དངོས་གྲུབ་གང་གི་སྐལ་ཡོད་པ། །དེ་ནི་དེ་ལ་འབབ་པར་ཤོག །ཅེས་དང༌། པྲ་ཏཱིཙྪ་བཛྲ་ཧོ། ཞེས་བརྗོད་དུ་གཞུག་ལ་མེ་ཏོག་གཏོར། པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ། ཞེས་པས་མེ་ཏོག་སློབ་མའི་མགོ་ལ་བཅིང༌། གཉིས་པ་ནི། བར་སྣང་གི་ཁ་དོག་བྲིས་ལ། ལས་


TNT06_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དངོས་གྲུབ་སོ་སོར་ལུང་བསྟན། གསུམ་པ་ནི། མིག་གཉིས་སུ་ཨོཾ་སེར་པོ་འོད་ཟེར་འབར་བ་དང་བཅས་པར་གྱུར། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་ནན་ཏན་མཛད། །ཕྱེ་བས་ཐམས་ཅད་མཐོང་བ་ཡང༌། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ། ཞེས་མིག་རས་བསལ། བཞི་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། ཁྱོད་ལ་མངོན་སུམ་ཕྱོགས་པར་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད། ལྔ་པ་ནི། གཙོ་བོ་ནས་ཐོད་པ་བཞིའི་བར་རྒྱས་པར་ལྷ་ངོ་བསྟན། བདག་འཇུག་གི་སྐབས་ནི་དཀྱིལ་འཁོར་མཐོང་བར་མོས་པ་ཙམ་གྱིས་ཆོག་གོ །གཉིས་པ་དབང་བསྐུར་བ་དངོས་ལ་བུམ་དབང་དང༌། མཆོག་དབང་གཉིས་ལས། དང་པོ་ལ། དབང་དངོས་དང༌། མཐའ་རྟེན་གཉིས་སོ། །དང་པོ་ལ་དབང་དངོས་ལ། སློབ་མའི་དབང་དང༌། སློབ་དཔོན་གྱི་དབང་གཉིས་ལས། དང་པོ་ལ། བུམ་ཆུ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང༌། རིག་སྦྱོར། བརྟུལ་ཞུགས་སོ། །འདི་རྣམས་ལ་གཞན་གྱི་ལག་ལེན་དང་མཐུན་པར་དབང་རྫས་དང་སློབ་མ་སོགས་རིམ་གྱིས་བསྐྱེད་ཆོག་བྱས་ནའང་རུང་མོད་གྱི། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་ན། དབང་རྫས་བསྐྱེད་པ་དང༌། དབང་ལྷ་དགུག་པ་དང༌། དབང་བསྐུར་བ་གསུམ་མོ། །དང་པོ་ནི། ལྷ་གྲངས་དང་མཉམ་པའི་བུམ་པ་ཡོད་ན། བུམ་པ་གཅིག་ཏུ་བུམ་ཆུ་རྣམས་བསྡུས། བུམ་པ་དང༌། དབུ་རྒྱན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། ཡང་རྡོར་དྲིལ་རྣམས་གྲལ་


TNT06_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒྲིགས་ལ། སྒོས་མཆོད་ཅིག་བཤམས། བསངས་སྦྱངས། སྟོང་པའི་ངང་ལས། རྣམ་རྒྱལ་བུམ་པ་ཀྵེ་ལས་རྣམ་པར་སྣང་མཛད་དཀར་པོ་སོགས་དང༌། དབུ་རྒྱན་མ་ལས་རིན་ཆེན་འབྱུང་ལྡན་སོགས། རྡོ་རྗེ་མེ་ལས་འོད་དཔག་མེད་སོགས། དྲིལ་བུ་ད་ལས་དོན་ཡོད་གྲུབ་པ་སོགས། སླར་ཡང་རྡོ་རྗེ་དང་དྲིལ་བུ་ཡ་ལས་མི་བསྐྱོད་པ་སྔོན་པོ་སོགས། རྒྱན་གྱིས་བརྒྱན་པའོ། །ཞེས་པའི་བར་ཐིག་ཚོན་བྱིན་རླབས་ཀྱི་སྐབས་བཞིན་ནོ། །སྐྱེ་མཆེད་དང༌། གནས་གསུམ་བྱིན་རླབས་རྣམས་སྒྲུབ་ཐབས་དང་འདྲ་བ་ལས། རིགས་ལྔ་ཡབ་ཡུམ་རྡོ་རྗེ་སེམས་དཔས་དབུ་རྒྱན། ཞེས་བརྗོད། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རྒྱལ་བ་སྲས་བཅས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ མུདྒ་ར་ཛ། སོགས་ཀྱིས་དགུག་གཞུག་བྱ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། ཨོཾ་ཡ་ཀྵེ་མ་མེ་ད་ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་ཕུལ། རྣམ་པར་སྣང་མཛད་ཡབ་ཡུམ་དགྱེས་པ་ཆེན་པོས་ཞུ་བ་ལས་བྱུང་བའི་རྣམ་རྒྱལ་བུམ་པའི་ཆུར་གྱུར། དེ་བཞིན་དུ་སྦྱར་ཏེ། རིན་ཆེན་འབྱུང་ལྡན་ཡབ་ཡུམ། དབུ་རྒྱན་དུ། འོད་དཔག་མེད་ཡབ་ཡུམ། རྡོ་རྗེར། དོན་ཡོན་གྲུབ་པ་ཡབ་ཡུམ། དྲིལ་བུར། མི་བསྐྱོད་པ་ཡབ་ཡུམ། རྡོ་རྗེ་དང་དྲིལ་བུར་གྱུར། གཉིས་པ་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་ནས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་


TNT06_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་རྣམས་དང་དབང་གི་ལྷ་རྣམས་ཀྱིས་ཤིས་པ་བརྗོད་པས་མེ་ཏོག་གི་ཆར་བབ་པར་གྱུར། ཨོཾ་ཕུན་སུམ་ཚོགས་པ་སོགས་ཤླཽ་ཀ་གསུམ་བརྗོད་དོ། །གསུམ་པ་ལ། ཅོད་པན་གྱི་དབང་དང༌། རིག་སྦྱོར་བརྟུལ་ཞུགས་སོ། །དང་པོ་ལ། བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་སྟེ་ལྔ་ལས། དང་པོ་ནི། སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས་མེ་ཏོག་གང་ཕོག་གི་ལྷའམ། ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ་ལས་གཏི་མུག་རྡོ་རྗེ་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གིས། གཡས་གཉིས་ན་འཁོར་ལོ་དང་རལ་གྲི། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་འཛིན་པ། འོག་མ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་སྣང་གི་ཡུམ་དང་མཉམ་པར་སྦྱོར་བ། གཡོན་བརྐྱང་གི་སྟབས་ཀྱིས་ཟླ་བའི་གདན་ལ་བཞུགས་ཤིང༌། ཁྲོ་བོའི་རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། རྣམ་སྣང་གི་དབུ་རྒྱན་ཅན་དུ་གྱུར། མིག་ཏུ་ཀྵཾ་དཀར་པོ། རྣ་བར་ཛྲིཾ་སྔོན་པོ། སྣ་ལ་ཁཾ་སེར་པོ། ལྕེ་ལ་གཾ་དམར་པོ། དཔྲལ་བར་སྐཾ་ལྗང་ཁུ། ལྟེ་བར་སཾ་སྔོན་པོ། སྙིང་གར་ཧཱུཾ་སྔོན་པོ། མགྲིན་པར་ཨཱཿདམར་པོ། དཔྲལ་བ་ཨོཾ་དཀར་པོ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། སློབ་དཔོན་དང༌། དཀྱིལ་འཁོར་དང༌། དབང་གི་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་རྣམས་ཀྱིས་དབང་བསྐུར་བར་མོས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་


TNT06_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀེ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾཾ། ཨོཾ་བཛྲིར་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བུམ་པའི་ཆུས་དབང་བསྐུར་བས་གཟུགས་ཀྱི་ཕུང་པོ་དང༌། གཏི་མུག་དག སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སངས་རྒྱས་ཐམས་ཅད་རྣམ་སྣང་གི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་པས། ལུས་ཐམས་ཅད་རྣམ་སྣང་གི་རྡུལ་ཕྲ་རབ་ཀྱིས་གང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། རྣམ་སྣང་གི་གོ་འཕང་མངོན་དུ་བྱས་པར་གྱུར། དེ་ཉིད་ལ་མཆོད་པར་མོས་ཏེ། པུཥྤེ་ནས། ཤཔྟའི་བར་གྱིས་མཆོད་དེ། ཆུའི་དབང་ངོ༌། །གཉིས་པ་ནི། སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས། མ་ལས་རིན་པོ་ཆེ་མས་མཚན་པ་ལས་སེར་སྣ་རྡོ་རྗེ་སྐུ་མདོག་སེར་པོ་ནས། པདྨ་འཛིན་པ། ཕྱག་འོག་མ་གཉིས་ཀྱིས་ནས། ཡོངས་སུ་རྫོགས་པ་རིན་འབྱུང་གི་དབུ་རྒྱན་ཅན་དུ་གྱུར། མིག་ཏུ་ཀྵིཾ་ནས། ཨོཾ་དཀར་པོ། སློབ་དཔོན་ནས། དབང་བསྐུར་བར་གྱུར། སངས་རྒྱས་ཀུན་གྱི་ཅོད་པན་དབང༌། །རྫོགས་སངས་རྒྱས་ཉིད་རབ་བསྒྲུབ་ཕྱིར། །ཅོད་པན་མཆོག་གིས་དབང་བསྐུར་བས། །འཁོར་ལོ་བསྒྱུར་རྒྱལ་མགོན་དབང་བསྐུར། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབུ་རྒྱན་སྐོན། དབུ་རྒྱན་གྱིས་དབང་བསྐུར་བས། ཚོར་བའི་ཕུང་པོ་དང༌། ང་རྒྱལ་རྣམ་པར་དག སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱི་སངས་རྒྱས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྣམ་པར་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས། ལུས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཀྱིས་གང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌།


TNT06_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལྡན་གྱི་གོ་འཕང་མངོན་དུ་བྱས་པར་གྱུར། སྔར་བཞིན་མཆོད། དེ་ལྟར་དེ་གཉིས་ཀྱི་འོག་མ་གསུམ་ལའང་རིགས་འགྲཻ་སྟེ། གཏི་མུག་རྡོ་རྗེ་མ་གཏོགས་པ་གཞན་འདི་རྣམས་ལ། ཟླ་བའི་གདན་ཞེས་པའི་དོད་དུ། ཉི་མའི་གདན་ཞེས་སོགས་བྱའོ། །གསུམ་པ་ནི། མེ་ལས་པདྨ་མེས་མཚན་པ་ལས་འདོད་ཆགས་རྡོ་རྗེ་སྐུ་མདོག་དམར་པོ་ནས། འཁོར་ལོ་དང་རིན་པོ་ཆེའི་བར་དང༌། ཕྱག་འོག་མ་གཉིས་ཀྱིས་ནས། འོད་དཔག་མེད་ཀྱི་དབུ་རྒྱན་ཅན། དབང་བསྐུར་བར་གྱུར། རྡོ་རྗེ་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་བཟུང༌། །ཨོཾ་མཧཱ་བཛྲ་ཧཱུཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེའི་འདུ་ཤེས་ཀྱི་ཕུང་པོ་དང༌། འདོད་ཆགས། འོད་དཔག་མེད་ཀྱི་རྣམ་པར། འོད་དཔག་མེད་ཀྱི་རྡུལ། སོ་སོར་རྟོག་པའི་ཡེ་ཤེས་དང༌། འོད་དཔག་མེད་ཀྱི། བཞི་པ་ནི། ད་ལས་རལ་གྲི་དས་མཚན་པ་ལས། ཕྲག་དོག་རྡོ་རྗེ་སྐུ་མདོག་ལྗང་ཁུ་ནས། འཁོར་ལོ་དང་པདྨ། ཕྱག་འོག་མ་ནས། དོན་གྲུབ་ཀྱི་དབུ་རྒྱན། དབང་བསྐུར་བར་གྱུར། དྲིལ་བུ་ལག་པར་གཏད་ལ། སངས་རྒྱས་ཀུན་གྱི་དྲིལ་བུའི། སོགས་གོང་གི་ཚིགས་བཅད་འདོན་པ་བསྒྱུར་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དྲིལ་བུའི། འདུ་བྱེད་ཀྱི་ཕུང་པོ་དང༌། ཕྲག་དོག དོན་ཡོད་གྲུབ་པའི་རྣམ་པར། དོན་ཡོད་གྲུབ་པའི་རྡུལ། བྱ་བ་སྒྲུབ་པའི་ཡེ་ཤེས་དང༌། དོན་ཡོད་གྲུབ་པའི། ལྔ་པ་ནི། ཡ་ལས་རྡོ་རྗེ་ཡས་མཚན་པ་ལས། ཞེ་


TNT06_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་རྡོ་རྗེ་སྐུ་མདོག་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་པདྨ་འཛིན་པ། ཕྱག་འོག་མ་ནས། མི་བསྐྱོད་པའི་དབུ་རྒྱན། དབང་བསྐུར་བར་གྱུར། རྡོར་དྲིལ་བསྣོལ་ཏེ་འཛིན་པ་སྤྱི་བོའི་སྟེང་དུ་དཀྲོལ་ཞིང༌། རྡོ་རྗེ་མིང་གིས་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཤིགས་མི་གཡོ་བར། །རྡོ་རྗེའི་མིང་དུ་རབ་ཏུ་བསྒྲགས། །ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་སཏྭ་སྟྭཾ། བཛྲ་ན་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཞེས་རིགས་དང་མཐུན་པའི་གསང་བའི་མིང་གདགས། མིང་གི རྣམ་ཤེས་ཀྱི་ཕུང་པོ་དང༌། ཞེ་སྡང༌། མི་བསྐྱོད་པའི་རྣམ་པར། མི་བསྐྱོད་པའི་རྡུལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། མི་བསྐྱོད་པའི། གོང་བཞིན་མཆོད་དེ་རིག་པའི་དབང་ལྔའོ། །འདི་དག་ནི་ཕྱག་ལེན་འབྲིང་པོའི་དབང་དུ་བྱས་པ་སྟེ། རྒྱས་པ་ལ་སྤྲོ་ན། ལྔ་ཆར་ལ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་རླབས་དང༌། དབང་བསྐུར་བ་དང༌། ཡེ་ཤེས་པ་བསྟིམ་པ་རྣམས་མངོན་རྟོགས་ནས་འབྱུང་བ་ལྟར་བྱ་ཞིང༌། རེ་རེ་བཞིན་དབང་ལྷ་སྤྱན་འདྲེན་པ་དང༌། ཅོད་པན་མན་ཆད་ལ་ཡང་ཆུ་དབང་བསྐུར་ཞིང༌། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་སློབ་མ་ལ་བསྟིམ་པ་རྣམས་མཛད་དོ། །ཕྱག་ལེན་བསྡུས་པ་ལྟར་ན། སློབ་མ་མེ་ཏོག་གང་འཕོག་གི་ལྷའམ་གཙོ་བོར་བསྐྱེད་ལ། ཆུ་དབང་སྔར་བཞིན་བསྐུར་ནས། དབང་ལྷག་མ་རྣམས་ལ། སློབ་མ་ཏིང་ངེ་འཛིན་འཕོ་བ་མི་དགོས་པར་སྔ་མའི་ང་རྒྱལ་ལ་གནས་བཞིན་པ་ལ། དབུ་རྒྱན་ལ་སོགས་པའི་དབང་བསྐུར་བར་བྱའོ། །ཆུ་དང་རྡོ་རྗེ་མ་གཏོགས་པ་ལ་ཚིགས་བཅད་ཀྱང་བོར་བ་སྟེ། འདི་ལ་སློབ་མ་ལས་མཆོད་པའང་མི་མཛད་


TNT06_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དཀྱུས་ནི་གཅུང་རྡོ་རྗེ་རྩེ་མོའི་གསུང་ལྟར་བཀོད་པ་ཡིན་ལ། ཡིག་རྙིང་ཕལ་མོ་ཆེར་གཤིན་རྗེ་གཤེད་རིགས་ལྔ་རྣམས་སློབ་མའི་བ་སྤུའི་ཁུང་བུར་བསྟིམ་པར་མཛད་པའང་ཡོད་པ། དེ་ལྟར་ཡང་རུང་བས་ཅི་བདེར་བྱའོ། །གཉིས་པ་རིག་སྦྱོར་བརྟུལ་ཞུགས་ཀྱི་དབང་ལ། རྡོ་རྗེ་ཐུགས་ཀྱི་དམ་ཚིགདྲིལ་བུ་གསུང་གི་དམ་ཚིག ཕྱག་རྒྱ་སྐུའི་དམ་ཚིག་སྦྱིན་པ་སྟེ་གསུམ་ལས། དང་པོ་ནི། སློབ་མ་གཙོ་བོའི་ང་རྒྱལ་བྱེད་དུ་གཞུག་ཅིང༌། བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་གྱུར། དེ་ཉིད་སློབ་མའི་ལག་པར་སྦྱིན་ལ། འདི་སྟེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་འདུག ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། བཛྲ་སཏྭ་ཧི་ཧི་ཧི་ཧཱུཾ། ལག་པ་གཡས་སུ་མ་ལས་ཉི་མ་བསམ་ལ། རྡོ་རྗེ་གསོར་ཞིང༌། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག །ཅེས་བརྗོད་དུ་གཞུག གཉིས་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དྲིལ་བུ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོར་གྱུར། དེ་སློབ་མ་ལ་གཏད་དེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་ཨ་ཀ་རོ་མུ་ཁཾ། སརྦ་དྷརྨ་ནཾ། ཨ་དྱ་ནུཏྤནྣ་ཏྭ་ཏ། དྲིལ་བུ་དཀྲོལ་ཞིང༌།


TNT06_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དཀུ་གཡོན་པ་རྟེན་དུ་གཞུག སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷནྚེ་ཨ། ཞེས་བརྗོད་དུ་གཞུག་གོ །གསུམ་པ་ནི། སློབ་མ་རྣམས་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ནག་པོ་ནག་དཀར་དམར་བའི་ནས། བཞུགས་པའོ། །རང་སྣང་གི་ཡུམ་རོ་ལངས་མ་ལ་འཁྱུད་པ་ལས་བྱུང་བའི་བདེ་བས་རྒྱུད་གང་བར་བསམ་ལ། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བརྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཇི་སྲིད་འཁོར་བའི་གནས་མཆོག་ཏུ། །མཁས་མཆོག་བཞུགས་པར་གྱུར་གྱི་བར། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཤེས་རབ་ཕ་རོལ་ཕྱིན་པ་ཐོབ། །བསོད་ནམས་བྱིན་རླབས་ཀྱིས་བསྒྲུབ་པ། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །ཞེས་བརྗོད་ཅིང་དོན་བཤད་དོ། །གཉིས་པ་སློབ་དཔོན་གྱི་དབང་བསྐུར་བ་ནི། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །ཞེས་པ་ནས། དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་སློབ་དཔོན་གྱིས་བརྗོད་ཅིང་དམ་ཚིག་བསྒྲགས་པ་ན། སློབ་མས། གཙོ་བོ་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་བདག་གིས་བགྱིད་པར་འཚལ། །ཞེས་ལན་གསུམ་


TNT06_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཟུང༌། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དབང་སྟེགས་ཀྱི་དཀྱིལ་འཁོར་ལ། སློབ་མ་བཟང་པོའི་འདུག་སྟངས་ཀྱིས་བཞག་ལ། སློབ་དཔོན་གྱིས། ཨོཾ་བཛྲ་ས་མཱ་ཛཿ ཞེས་སྔགས་རྒྱ་ལན་བདུན་བྱ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་མཁའ་དབྱིངས་ཐམས་ཅད་ཏིལ་གྱི་གང་བུ་ལྟར་གང་བར་གྱུར། རོལ་མོའི་སྒྲ་ཆེན་པོ་བསྒྲགས་ཤིང༌། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། ཕུན་སུམ་ཚོགས་པ་སོགས་ཤླཽ་ཀ་གསུམ་དང༌། རྒྱལ་བ་སྲས་བཅས་བསོད་ནམས་སོགས་ནས། ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག་གི་བར་དུ་བྱ། སློབ་མ་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པ་ཅན་དུ་གྱུར། ཇི་ལྟར་བལྟམས་པ་ནས། ཥིཉྩ་ཧཱུཾ་གི་ཆུ་དབང༌། སངས་རྒྱས་ཀུན་གྱི་ནས། ཧཱུཾ་གི་བར་གྱིས། ཅོད་པན། ཤེས་རབ་ཐབས་ཀྱི་རང་བཞིན་དུ། །རྡོ་རྗེ་དྲིལ་བུ་རབ་བསྒྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པར་བཟུང༌། ཁྱོད་ཀྱིས་སློབ་མ་བསྡུ་བར་གྱིས། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་གིས་རྡོ་རྗེ་དང་དྲིལ་བུ། རྡོ་རྗེ་མིང་གི་ནས། ཥེ་ཀ་ཏ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་མིང་དབང་བསྐུར། རལ་གྲི་བསངས་སྦྱངས། མུཾ་ལས་བྱུང་བའི་ཤེས་རབ་ཀྱི་རལ་གྲིར་གྱུར། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་གཅིག་པུ་མཆོག །བདུད་


TNT06_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་བར་བྱ་ཕྱིར་བཟུང༌། །ཨོཾ་བཛྲ་ཁཏྒ་ཨ་བྷི་ཥིཉྩ་ཧཱུཾ། པྲཾ་ལས་བྱུང་བའི་ཤེས་རབ་ཀྱི་རང་བཞིན་མིག་ཐུར་དུ་གྱུར། སློབ་མའི་མིག་ལ་བྱབ་ཚུལ་དུ་བྱ་ཞིང༌། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་པ་ཊ་ལ་ཧཱུཾ་ཧྲཱི། ཨ་ལས་བྱུང་བའི་མེ་ལོང༌། གཏད་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེས། །ཞེས་བརྗོད། ཨ་ལས་བྱུང་བའི་དྲིལ་བུ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་དང༌། ཧོ་ལས་བྱུང་བའི་མདའ་གཞུ། ཨོཾ་བཛྲ་ར་ག་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག །མེ་ལོང་ལ། རྡོ་རྗེའི་གཟུགས་བརྙན་འཆར་བར་བྱས་ཏེ་བསྟན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ཏེ། །བུ་ཁྱོད་གྱིས་ནི་སྙིང་ལ་ཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ཀྱང་འདི་ཡིན་པར་ཤེས་པར་གྱིས་ཤིག ཅེས་བརྗོད། ཨོཾ་བཛྲ་ཧེ་ཏུ་མཾ། རྐང་པ་གཉིས་ཀྱི་བར་དུ།


TNT06_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྲ་བྷ་ག་རཾ། ལག་པ་གཡས་སུ། ཤཾ་ལས་བྱུང་བའི་དུང༌། ཨོཾ་བཛྲ་གྷནྚེ་ཨ། ལག་པ་གཡོན་དུ་དྲིལ་བུ། ཨ་ཞེས་པས་འཕང་དུ་རྒྱུད་ཀྱི་པོ་ཏི་བཞག དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་དུ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །གསང་སྔགས་སྤྱོད་པ་ཐབས་ཀྱི་ཚུལ། །འཇིག་རྟེན་འདིར་ནི་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། ཁྱེད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་བརྗོད་ཅིང་དོན་བཤད། སློབ་མ་རིགས་ལྔའི་འཁོར་ལོས་བསྒྱུར་བར་མོས་པ་ལ། རིགས་ལྔའི་ཕྱག་མཚན་རིམ་པ་བཞིན་དུ་གཏད་དེ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ། ཆོས་ཀྱི་ཞེས་པའི་གནས་སུ། ཁྲོ་བོའི་འཁོར་ལོ། ནོར་བུའི་འཁོར་ལོ། པདྨའི་འཁོར་ལོ། ལས་ཀྱི་འཁོར་ལོ། ཞེས་འདོན་པ་བསྒྱུར་རོ། །དེ་ནས་དེ་ཁོ་ན་ཉིད་བཤད་པ་ནི། མཉམ་པ་ཉིད་ཕྱིར་གྲུབ་བཞི་སྟེ། །ཉེ་བར་བཞག་དང་ཡང་དག་སྤོང༌། །རྫུ་འཕྲུལ་རྐང་དང་དབང་པོ་ནི། །གོ་རིམ་བཞིན་དུ་སྒོ་བཞིའོ། །བསམ་གཏན་བཞི་ནི་རྟ་བབས་ཏེ། །ཏིང་འཛིན་བཞི་ནི་ཁ་ཁྱེར་ཡིན། །དེ་བརྟེན་བཟུངས་ཀྱི་རང་བཞིན་ནོ། །


TNT06_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་འདུལ་ཕྱིར་ཕྱོགས་སྒོ་ནས། །རླུང་གི་བསྐྱོད་ཕྱིར་དྲིལ་སྒྲ་སྒྲོག །བྱང་ཆུབ་ཡན་ལག་རྣམ་དག་ཕྱིར། །དྲ་བ་དྲ་ཕྱེད་ལ་སོགས་སྤྲས། །རྣམ་ཐར་བརྒྱད་ལྡན་ཀ་བ་སྟེ། །རྒྱན་བཀོད་བཀྲ་བ་མཛེས་པ་ནི། །བསམ་པ་ཐམས་ཅད་ཡོངས་སྐོང་ཕྱིར། །སྣ་ཚོགས་ལས་ཀྱི་མཐར་ཐུག་ཕྱིར། །ཕོ་བྲང་སྣ་ཚོགས་རྡོ་རྗེ་འབར། །ཐེག་ཆེན་འཁོར་ལོ་བསྐོར་བའི་ཕྱིར། །རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར། །སེམས་ཅན་སེམས་རྣམས་གྲོལ་བྱའི་ཕྱིར། །མཚོན་རྣམས་ཡེ་ཤེས་ལྔ་ཡིན་ནོ། །དམ་པའི་ཚོགས་གཉིས་རྫོགས་པའི་ཕྱིར། །བྱང་ཆུབ་སེམས་གང་ཀ་པཱ་ལ། །བདུག་པ་མེ་ཏོག་མར་མེ་དང༌། །བཤོས་དང་ཕྱུག་པ་ལ་སོགས་པ། །སྒྲ་བརྙན་བྱང་ཆུབ་ཡན་ལག་དང༌། །དགའ་དང་ཆོས་ཟས་ལུས་བདེ་ཡིན། །ངོ་ཚ་ཁྲེལ་ཡོད་སྡོམ་པ་ཡིས། །བདེ་བསྐྱེད་དབྱངས་དང་གར་སོགས་ཡིན། །སངས་རྒྱས་བཞུགས་ཕྱིར་གཞལ་ཡས་ཁང༌། །སྙིང་པོ་ལེན་ཕྱིར་དཀྱིལ་འཁོར་རོ། །ཞེས་དང༌། དད་དང་བརྩོན་འགྲུས་དྲན་བསམ་གཏན། །སྟོབས་རྣམས་དག་པའི་སྒོ་གནས་བཞི། །བྱམས་སོགས་ཚངས་པའི་གནས་པ་བཞི། །ཙརྩི་ཀ་སོགས་ལྷ་མོ་བཞི། །ཤིན་ཏུ་རྣམ་དག་ལ་སོགས་ལྔ། །ཞེ་སྡང་གཤིན་སྒྲ་ལ་སོགས་པའོ། །འཁོར་བ་མ་ཆགས་པདྨ་སྟེ། །ཉི་ཟླ་བྱང་ཆུབ་སེམས་མྱུ་གུ། །གསོ་དང་སྨིན་པར་བྱེད་པའོ། །ཞེས་བརྗོད་ཅིང་དོན་བཤད་དོ། །དེ་དག་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །གསུམ་པ་ལ། ལུང་བསྟན། དབྱུགས་དབྱུང༌། གཟེངས་བསྟོད། བྱ་བ་བསྒྲུབ་པར་ཁས་བླང་བ་རྣམས་ལས། དང་པོ་ནི། སློབ་དཔོན་སྤྲུལ་སྐུ་ཤཱཀྱ་ཐུབ་པའི་


TNT06_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྱུར་ཏེ། དེས་ལུང་བསྟན་པར་མོས་ལ། འདི་ལྟར་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱཻ་གཤིན་རྗེ་མཐར་བྱེད་འདི་ཞེས་བྱ་བ་བྷུ་རུ་བྷུར་ཝ་སྭ། གཉིས་པ་ནི། གསང་བའི་དཀྱིལ་འཁོར་དམ་པ་འདིར། །མཐོང་བ་དང་ནི་ཞུགས་གྱུར་བས། །སྡིག་པ་ཀུན་ལས་ངེས་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོན་མིན་ཏེ། །མི་ཚུགས་པ་དང་མི་བཟོད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པས་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་རབ་བསྒྲུབ་ཕྱིར། །སྟོན་པ་མཆོག་ཏུ་འགྱུར་བ་ཡིན། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་སྤངས་མི་བྱ། །ནམ་ཡང་དོར་བར་མི་བྱའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་སྤང་བར་མི་བྱ་སྟེ། །ཆོས་རྣམས་ངོ་བོ་སུན་མི་དབྱུང༌། །རང་གི་བདག་ཉིད་ཡོངས་སྤངས་ཏེ། །དཀའ་ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བར་བཟུང༌། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཕྱག་ན་རྡོ་རྗེ་གང་ཡིན་པའོ། །ཞེས་བརྗོད། གསུམ་པ་ནི། དམ་ཚིག་གི་ཆོས་སྐོར་ཅི་རིགས་པ་བཤད་ཅིང་བསྲུང་བར་


TNT06_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པའོ། །བཞི་པ་ནི། སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་ལན་གསུམ་བརྗོད་དོ། །དབང་དེ་རྣམས་བསྐུར་བས། རང་དོན་དུ་དཀྱིལ་འཁོར་ཀྱི་འཁོར་ལོ་བསྒོམ་པ་དང་སྔགས་བཟླ་བ་ལ་དབང༌། གཞན་དོན་དུ་དབང་བསྐུར་དང་རབ་གནས་ལ་སོགས་པའི་རྡོ་རྗེ་སློབ་དཔོན་དུ་གྱུར། གཉིས་ཀའི་དོན་དུ་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོར་གྱུར་པ་ཡིན་ནོ། །གལ་ཏེ་རྫོགས་པའི་རིམ་པ་སྒོམ་པར་འདོད་པས། དབང་གོང་མ་དོན་དུ་གཉེར་བ་རྣམས་ལ་མཆོག་དབང་བསྐུར་དགོས་ཤིང༌། དེ་ཡང་ནུབ་ཅིག་པོ་དེ་ཉིད་ལ་བྱ་བར་འདོད་ན། ལུང་བསྟན་སོགས་མཐའ་རྟེན་རྣམས་ཀྱིས་སྔོན་དུ་བྱའོ། །དེ་ལ་གཉིས་ལས། གསང་དབང་ནི། མཚན་ཉིད་དང་ལྡན་པའི་རིག་མ་སློབ་དཔོན་ལ་ཕུལ་བར་མོས་ཏེ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང༌། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །སྐུ་ལ་བསྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང༌། ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པ་མཛད། །ཆུ་ཟླ་ལྟ་བུར་བཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། ཁྱོད་ནི་རྟག་ཏུ་མཉམ་འཇོག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང༌། །སྣ་ཚོགས་ཉིད་ལ་སྙོམས་འཇུག་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཀྱཻ།


TNT06_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་སྤྱན་ལྡན་དྲང་ཞིང་ལྕུག་ལ་རོལ་བ་ཚུལ་བཞིན་མཛོད། །རྣམ་དག་ཡེ་ཤེས་ཆུ་དེས་འགྲོ་བ་རྣམས་ཀྱི་སྡིག་པ་ཁྲུས། །བྱམས་པའི་གཟུགས་མངའ་བདག་ཉིད་ཆེ་དང་ལྷན་ཅིག་བརྩེན་མཛོད་ལ། །ཐུགས་རྗེ་ཆེན་པོའི་རང་བཞིན་དག་པའི་ཆུས་དེས་བདག་ལ་དབང་བསྐུར་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས། སངས་རྒྱས་ཀུན་གྱི་སྤྱོད་པ་ཆེ། །དབང་བསྐུར་རབ་ཏུ་རྨད་བྱུང་བ། །ལྷ་ཡི་བདེ་བ་བཟང་པོ་མྱོང༌། །རྒྱལ་བའི་རོ་ཡིས་བྱང་ཆུབ་ཐོབ། །ཅེས་གནང་བ་བྱིན། གོང་བཞིན་མིག་དར་བཅིངས་ལ། སྟོང་པའི་ངང་ལས། སློབ་དཔོན་བཅོམ་ལྡན་འདས་གཤིན་རྗེ་གཤེད་སྐུ་མདོག་དུས་མཐའི་སྤྲིན་ནས། དབུས་ན་བཞུགས་པའོའི་བར་སྒྲུབ་ཐབས་བཞིན། རིག་མ་དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོའམ་རོ་ལངས་མ་རྣམ་པ་ཡབ་དང་མཚུངས་པ་ལས། སྒེག་ཅིང་ལང་ཚོ་ལ་བབ་པ་ཆགས་པའི་ཉམས་ཅན་དུ་གྱུར། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་སྤྲོ་ན། མངོན་རྟོགས་བཞིན་བྱ། གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ་རྣམ་པར་སྣང་མཛད། སྙིང་གར་ཧཱུཾ་སྔོན་པོ་མི་བསྐྱོད་པ། ལྟེ་བར་སྭ་སེར་པོ་རིན་ཆེན་འབྱུང་ལྡན། གསང་བར་ཨཱཿདམར་པོ་སྣང་བ་མཐའ་ཡས། བརླ་གཉིས་ལ་ཧ་ལྗང་ཁུ་དོན་ཡོད་གྲུབ་པའོ། །ཡབ་ཀྱི་གསང་བ་ནས། བཀག་པའོ། །ཨོཾ་སརྦ་ནས། ཀོ྅ཧཾ། སྦྱོར་མཚམས་ནས་བདེ་བའི་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། ཡབ་ཡུམ་གྱི་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་དཀར་དམར་དུ་ཞུ། རྡོ་རྗེ་


TNT06_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དང་པདྨ་ལས་བླངས་ཏེ་སློབ་མའི་ལྕེ་ཐོག་ཏུ་བཞག་པར་མོས། བཏུང་བ་རིན་ཆེན་དམ་པ་འདི། །རྡོ་རྗེའི་ལུས་ནི་རབ་སྒྲུབ་བྱེད། །བུ་ཁྱོད་དེ་ལྟར་ཤེས་ཀྱིས་ཀྱེ། །ཡིད་ལས་བྱུང་བའི་ཆུ་འཐུངས་ཤིག །ཧྲཱིཿཥྚཱིཿའི་མཐར་ཨོཾ་ཨཱཿཧཱུཾ། བཏགས་པས་ནང་མཆོད་སྦྱིན། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད། བྱང་ཆུབ་ཀྱི་སེམས་འཐུངས་པས་བདེ་བ་ཆེན་པོས་རྒྱུད་གང་བར་བསམ་སྟེ། ཨ་ཧོ་མཧཱ་སུ་ཁཾ། ཞེས་བརྗོད་དུ་གཞུག ཐབས་དང་ཤེས་རབ་ཀྱི་རྫས་དེ་མགྲིན་པ་ནས་བརྒྱུད་དེ། ལུས་ཐམས་ཅད་གང་བས། རྣམ་སྨིན་ཐ་མལ་གྱི་ལུས་ངག་རྣམ་པར་དག་སྟེ། གསུང་རྡོ་རྗེ་འདོད་ཆགས་གཤིན་རྗེ་གཤེད་ཀྱི་ངོ་བོར་མོས་སུ་བཅུག ཧེ་བཛྲ་པ་ཤྱ། ཞེས་པས་མིག་དར་བཀྲོལ། གསང་བའི་དབང་འདི་ཐོབ་པས། ལམ་རྩ་རླུང་སྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་བརྗོད། སླར་ཡང་ཤེས་རབ་ཡེ་ཤེས་བཞི་པ་དང་བཅས་པ་ཞུ་བར་འདོད་པས། གསེར་སོགས་རིན་པོ་ཆེ་སྣ་བདུན་དང༌། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་ཞིང་ཁམས་ཐམས་ཅད་བཀང་སྟེ་ཕུལ་བར་མོས་ལ། ཕྱག་སྔོན་དུ་འགྲོ་བའི་མཎྜལ་ཕུལ། སླར་ཡང་བསྟོད་པ་འདིས་བསྟོད་དེ། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང༌། །ནམ་མཁའ་དང་ནི་མཉམ་གྱུར་པ། །འདོད་པ་རྣམས་ཀྱིས་མ་གོས་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང༌། །སྐྱེ་མཆེད་རྣམས་ལ་མི་བརྟེན་ཞིང༌། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་


TNT06_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང༌། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་རྗེས་སུ། གཉིས་མེད་བདེ་བ་ཆེན་པོའི་སྐུ། །བློ་ཆེན་སློབ་དཔོན་ཁྱོད་དྲིན་གྱིས། །བདེ་བ་ཆེན་པོ་གཉིས་མེད་ནི། །རང་གི་སེམས་ཀྱིས་མྱང་བར་འཚལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སྔར་བཞིན་སྒོ་བ་བཞིའི་སྔགས་ཀྱིས་མིག་དར་འཆིང་དུ་གཞུག་གོ །མཚན་ཉིད་དང་ལྡན་པའི་རིག་མ་མིག་ཡངས་ལང་ཚོར་ལྡན་པ། རིག་མར་གཏད་པར་བསམ་ཞིང༌། སློབ་མ་དང༌། རིག་མ་ལག་གཡོན་གྱི་སྲིན་ལག་སྒྲེལ་བར་གནས་པ་ལ། དེ་ཉིད་སློབ་དཔོན་གྱི་ལག་གཡོན་པའི་བཟུང་སྟེ། ལག་པ་གཡས་ཀྱིས་སློབ་མའི་མགོ་བོར་རྡོ་རྗེ་བཀོད་ལ། འདི་སྐད་ཅེས། རིག་མ་མཚན་མཆོག་ཡོན་ཏན་ཀུན་ལྡན་མ། །མཛེས་པའི་རྒྱན་གྱིས་ལེགས་པར་སྤྲས་པ་མོ། །དུས་གསུམ་སངས་རྒྱས་རྣམས་ཀྱི་སྐྱེད་བྱེད་ཡུམ། །བུ་ཁྱོད་ལ་ནི་ང་ཡིས་གཏད་ཀྱིས་ལོངས། །ཆོས་རྣམས་ཐམས་ཅད་གཉིས་མེད་པ། །གཉིས་ཀྱི་དངོས་པོས་མཚོན་པར་བྱ། །དེ་ཕྱིར་ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བར་བྲལ་བར་མི་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །དེ་ནས་རིག་མ་དེས། ནུས་སམ་དཔའ་བོ་རྡོ་རྗེ་ཅན། །བྷ་གའི་པདྨར་ཙུམྦྷ་ནམ། །བཤང་གཅི་ཟས་སུ་བཟའ་ནུས་སམ། །རང་


TNT06_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ང་ཡི་པདྨ་ནི། །བདེ་བ་ཀུན་གྱི་བདག་པོ་སྟེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །རྡོ་རྗེ་དབྱིངས་ཀྱི་པདྨོ་ལ། །ཡང་དག་ཁྱོད་ཀྱིས་སྤྱོད་ནུས་སམ། །ཞེས་དྲིས་པ་ལ། བྷ་གར་འོ་བྱེད་ལྷ་མོ་ཀྱེ། །ཤུ་ཀྲ་རཀྟ་རྐང་དང་ལྡན། །བཤང་གཅི་ཟས་སུ་བཟའ་ནུས་སོ། །རང་བྱུང་ཁྱེད་ཀྱི་པདྨ་ནི། །བདེ་བ་ཀུན་གྱི་བསྐྱེད་པའི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །གསང་བ་ཆེན་པོའི་ཕོ་བྲང་ནི། །དུས་གསུམ་སངས་རྒྱས་ཀྱིས་རྟག་པར། །བདག་ཀྱང་ལོངས་སྤྱོད་བྱེད་པར་འཚལ། །ཞེས་ལན་གདབ། སྟོང་པའི་ངང་ལས། སློབ་མ་གཙོ་བོ་ཞེ་སྡང་གཤིན་རྗེ་གཤེད་དང༌། རིག་མ་ཕག་མོར་གྱུར། རྒྱས་པར་སྤྲོ་ན། མངོན་རྟོགས་བཞིན་གསལ་བཏབ། གོང་བཞིན་མཁའ་གསང་བྱིན་རླབས་དང་རྗེས་ཆགས་ཀྱི་སྔགས་བརྗོད། ཐབས་ཤེས་རྗེས་སུ་འཇུག་པ་སྙོམས་པར་འཇུག་པའི་དགའ་བ་བརྩམ་པ་ལས། འཁྱུད་པ་དང་ཙུམྦྷ་ལ་སོགས་པས་ཐོབ་པའི་དགའ་བའི་ཡེ་ཤེས། ཞེ་སྡང་གི་རྣམ་རྟོག་སོ་གཉིས་འགགས་པ་སྣང་བ་དང༌། །རྡོ་རྗེ་དང་པདྨ་འདུས་བྱས་པ་ལས། མཆོག་དགའི་ཡེ་ཤེས། འདོད་ཆགས་རྣམ་རྟོག་བཞི་བཅུ་འགགས་པ་མཆེད་པ་དང་བསྲུབ་པའི་སྦྱོར་བ་ལས། ཕྱོགས་བཅུའི་སངས་རྒྱས་རྣམས་རང་གི་ལུས་ལ་ཉེ་བར་བཅུག་སྟེ། གཞིར་གནས་ཀྱི་བྱང་སེམས་དང་འདྲེས་པ། རྗེས་ཆགས་ཀྱི་མེས་ཞུ་ནས། གསང་བའི་འཁོར་ལོར་ཕྱིན་པ་ནི། ཁྱད་དགའི་ཡེ་ཤེས། གཏི་མུག་རྣམ་རྟོག་བདུན་འགགས་པ། སྣང་བ་ཐོབ་པའོ། །བྱང་ཆུབ་ཀྱི་སེམས། རྩ་འཕྲང་


TNT06_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་སུ་སོན་པ། གཉིས་ཤོར་གཉིས་གནས་ཀྱི་སྐད་ཅིག་ནི། ལྷན་ཅིག་སྐྱེ་དགུའི་ཡེ་ཤེས་འོད་གསལ་བའོ། །སླར་ཧཱུཾ་གི་སྦྱོར་བས་མས་བརྟན་གྱི་དགའ་བ་བཞི་ཐོབ་པར་མོས་སུ་བཅུག སྔར་གྱི་སྔགས་ཀྱིས་མིག་དར་བཀྲོལ། ཤེས་རབ་ཡེ་ཤེས་ཀྱི་དབང་འདི་ཐོབ་པས། ལམ་བདེ་སྟོང་སྒོམ་པ་ལ་དབང་བ་ཡིན་ནོ། །དེ་ལྟ་བུའི་བདེ་བ་དེ་ཉིད་རང་བཞིན་སྟོང་གསལ། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ། སྣང་བ་མ་འགགས་པའི་རང་རྩལ་སྣ་ཚོགས་སུ་འཆར་བ། ཕྱི་སྣང་སྟོང་དབྱེར་མེད། ནང་རིག་སྟོང་དབྱེར་མེད། འབྲས་བུ་བཞི་པའི་ཡེ་ཤེས་ཡན་ལག་བདུན་ལྡན་དང་མཚུངས་པ་འདི་ནི་དབང་བཞི་པའི་ཡེ་ཤེས་ཏེ། ཇི་སྐད་དུ། བརྟན་གཡོའི་དངོས་པོ་མ་ལུས་པ། །བསྒོམ་པར་བྱ་བའི་དུས་ཉིད་ན། །བློས་ནི་ཡོངས་སུ་མི་སྒོམ་སྟེ། །ཀུན་གྱི་མཚན་ཉིད་མི་ཤེས་ན། །དེ་ཁོ་ན་ཉིད་སྒོམ་པ་མིན། །དངོས་པོ་ཐམས་ཅད་ཡོངས་ཤེས་ན། །དེ་ནི་སྒོམ་པར་རབ་ཏུ་སྒྲགས། །ཞེས་གསུངས་པ་ལྟར། ལྷ་སྐུ། བདེ་བ། མི་རྟོག་པ་གསུམ་རྩེ་གཅིག་ཏུ་གྱིས་ལ་མཉམ་པ་ཞོག་ཅིག ཅེས་བརྗོད་ལ་སྒོམ་དུ་གཞུགདེ་ནི་དབང་བཞི་པ་སྟེ་གཉུག་མའི་དོན་སྒོམ་པ་ལ་དབང་བ་ཡིན་ནོ། །མཆོག་དབང་འདི་དག་ལོགས་སུ་བསྐུར་བ་ཡིན་ན་ཡང་སྐབས་འདིར་དབང་གི་མཐའ་རྟེན་རྣམས་གོང་བཞིན་དུ་བྱའོ། །སློབ་མའི་རྗེས་ཀྱི་བྱ་བ་ནི་སྤྱི་དང་མཐུན་པས་ཤེས་སོ། །གསུམ་པ་དྲག་པོ་དབང་བདུན་ལ། བསྡུས་པ་དང༌། རྒྱས་པ་གཉིས་ལས། དང་པོ་ནི། བུམ་དབང་གི་མཐའ་འམ། རྗེས་གནང་དཀྱུས་རྣམས་སོང་མཚམས་སུ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། ཇི་ལྟར་སངས་རྒྱས་


TNT06_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས། །གཤིན་རྗེ་གཤེད་ནག་དབང་བསྐུར་ལྟར། །བརྟུལ་ཞུགས་མཐར་ཐུག་ཀུན་འཛིན་ཅིང༌། །ལས་རྣམས་བླ་མེད་ཀུན་བྱའི་ཕྱིར། །སངས་རྒྱས་ཀུན་གྱི་དབང་གི་མཆོག །དབང་བསྐུར་རབ་ཏུ་རྨད་བྱུང་བ། །བརྟུལ་ཞུགས་ཆེན་པོ་ཁྱོད་ཀྱིས་ནི། །བདག་ལ་བཀའ་དྲིན་རབ་ཏུ་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་སློབ་མ་གཅེར་བུ་སྐྲ་བཤིག་པའམ། ཡང་ན་ཆས་གོས་ནག་པོར་བསྒྱུར་ལ། རལ་གྲིའི་རྗེས་གནང་སྔར་བཞིན་བྱ་སྟེ་དང་པོའོ། །གྲི་གུག་གཏད་ལ། ཨེ་མ་ཧོ་གསོད་པ་འདི་ནི་བཟང༌། །གསོད་པ་གསོད་པ་མ་ཡིན་ཏེ། །དམ་ཚིག་ལ་སྡང་བསད་པ་ཡིན། །སེམས་ཅན་གནོད་བྱེད་བསད་པར་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །དམ་ཚིག་ལ་སྡང་དགྲ་ཆེན་པོ། །དོ་མཐོན་ཁྱོད་ཀྱིས་བསད་པར་བྱོས། །ཞེས་དྲག་པོའི་ལས་ཀྱི་རྗེས་གནང་སྟེ་གཉིས་པའོ། །ཐོད་ཁྲག་ལག་ཏུ་གཏད་ལ། ཁམས་གསུམ་ཀུན་གྱི་ཁྲག་ཆེན་པོ། །མ་རུངས་སྙིང་ནས་དྲངས་བྱོས་ལ། ཁྲག་ཆེན་ཁྱོད་ཀྱིས་བཏུང་བར་གྱིས། །བརྟུལ་ཞུགས་མཐར་ཐུག་བླ་ན་མེད། །ཨོཾ་སཱ་མ་ཡ་པི་ཝ་ཧུཾ། བེ་ཅོན་གཏད་ལ། རྡོ་རྗེ་སློབ་དཔོན་བརྙས་བྱེད་དང༌། །ཐེག་པ་ཆེན་པོ་སུན་འབྱིན་དང༌། མི་གང་སྔགས་དང་རྒྱུད་དག་གི ། སྦྱོར་བ་ལ་ནི་འཕྱ་བྱེད་པ། །ནན་ཏན་བསྐྱེད་དེ་བསད་པའམ། །ཡང་ན་གནས་ནས་སྤོ་བར་བྱ། །ཞེས་པ་སྟེ་གསུམ་པའོ། །ཌཱ་མ་རུ་དང་དྲིལ་བུ་ཚངས་སྐུད་རྣམས་གཏད་ལ། ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་པ། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་པས། །


TNT06_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་རྣམས་དབང་དུ་བསྡུད། །པྲཛྙཱ་ཨུ་པ་ཡ་གྲྀཧྞ་ཧཱུཾ་ཨ། བཞི་པའོ། །བདེ་གཤེགས་མྱ་ངན་འདས་ཀུན་ཀྱང༌། །ཞི་བའི་མཐའ་ལས་བླང་པ་དང༌། །སྣ་ཚོགས་དོན་རྣམས་བྱ་བའི་ཕྱིར། །མཁའ་འགྲོ་མ་ལུས་འདུ་བར་འགྱུར། །ཞེས་བརྗོད་དེ་ལྔ་པའོ། །ཞིང་ཆེན་གྱི་གཡང་གཞི་དང་མི་རོའི་གདན་སྦྱིན་ལ། ཞིང་ཆེན་གཡང་གཞི་གོས་སུ་གྱོན། །བཾ་ཆེན་གསར་བའི་གདན་ལ་འདུག །སྤྱོད་པའི་མཆོག་ནི་ཀུན་གྱིས་ཏེ། །སྲིད་པའི་དམ་པ་ཐོབ་པར་བྱོས། །མཧཱ་ས་མཱ་ཡ། ཨ་དྷི་པ་ཏི་སྟྭཾ། ཞེས་བརྗོད་དེ་དྲུག་པའོ། །དྲག་པོའི་དམིགས་པ་བྱེད་དུ་བཅུག་ལ། འདི་ལ་མི་བྱ་ཅི་ཡང་མེད། །དེ་བཞིན་མི་བཟའ་བ་ཡང་མེད། །རྟག་ཏུ་མི་བསམ་པ་ཡང་མེད། །སྨྲ་བར་མི་བྱ་ཅུང་ཟད་མེད། །བརྟུལ་ཞུགས་མཐར་ཐུག་འཛིན་ཕྱིར་དང༌། །ལས་ཀྱི་མཐར་ཐུག་སྤྱད་པའི་ཕྱིར། །དོགས་པ་མེད་པའི་སེམས་ཀྱིས་ནི། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །ཅེས་བརྗོད་དེ་བདུན་པའོ། །གཉིས་པ་རྒྱས་པ་ནི། གཅེན་གཙང་འོད་ཀྱིས་མཛད་པའི་ཡིག་རྙིང་རྣམས་དང༌། ལག་ལེན་མཐོང་བ་བརྒྱུད་པ་ལས་ཤེས་དགོས་ཤིང་འདི་ལ་ཤིན་ཏུ་བཀའ་རྒྱ་དམ་པར་མཛད་དོ། །དེའི་ཕྱིར་རྒྱས་པར་མི་འབྲི་ལ། དོན་གྱི་སྡོམ་ཙམ་བརྗོད་ན། བདག་བསྐྱེད་འགྱེར་ཉག་རྣལ་འབྱོར་བཞི་ལྡན་སྒོམ། །དཀྱིལ་འཁོར་རྡོ་རྭ་ཁྲག་མཚོ་ཆོས་འབྱུང་མཐིང༌། །ནང་དུ་འདས་པའི་ལྷ་དང་ཕྱི་རུ་ནི། །མ་གཤིན་བཅུ་དྲུག་བསྐྱེད་ཅིང་སྤྱན་འདྲེན་བྱ། །ཕྱི་རོལ་ཕྱོགས་སྐྱོང་རྣམས་ཀྱིའང་མཎྜལ་བཤམས། །མཆོད་


TNT06_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་བཟླས་པ་ཅུང་ཟད་བྱས་ནས་ནི། །ལིངྒ་འགུག་འདྲེན་བསྒྲལ་ཆོག་མཆོད་གཏོར་འབུལ། །ཏིང་འཛིན་སྒོ་ནས་དྲག་པོའི་དབང་བདུན་བླངས། །སློབ་མས་གསོལ་བཏབ་སྡོམ་པ་བཟུང་བ་ལ། །སྐུ་བསྐྱེད་སྤྱན་དྲངས་སྐུ་གཟུགས་སྤྱི་བོར་བཞག །སྐུ་ལས་སྐུ་སྤྲོས་གདུག་པ་ཚར་བཅད་བསམ། །དྲག་པོའི་ཕྲེང་གཏད་སྔགས་ཀྱི་བཟླས་ལུང་སྦྱིན། །སྔགས་འབྲུ་བསྟིམ་ཞིང་དྲག་པོའི་བཟླས་དམིགས་འབོགས། །རལ་གྲི་གྲི་ཐོད་དབྱུག་ཞགས་རྗེས་གནང་སྦྱིན། །ཕྱག་མཚན་བསྟིམ་ཞིང་མཚོན་བྱའི་སྤྲིན་སྤྲོ་བ། །དེ་དག་སྐུ་གསུང་ཐུགས་ཀྱི་དབང་དུ་བཞེད། །འཇིག་རྟེན་འཇིག་རྟེན་འདས་པའི་གཏོར་མ་དང༌། །ཤ་ལྔ་བདུད་རྩི་ཆང་རྣམས་ཡོན་ཏན་དབང༌། །རྒྱ་གྲམ་རྗེས་གནང་འཕྲིན་ལས་སྤྱི་ཡི་དབང༌། །འཇིག་རྟེན་འཇིག་རྟེན་འདས་པའི་ལྷ་བསྐུལ་ནས། །ལིངྒ་དགུག་གཞུག་འདས་དང་འཇིག་རྟེན་པ། །བསྲུང་བ་བསོད་ནམས་བཞི་ཡི་ཁ་སྦྱོར་དབྱེ། །ཐུན་དང་མཚོན་བྱ་ཕུར་བུས་བཏབ་པས་སྒྲལ། །རྣམ་ཤེས་སྤར་ཞིང་ཤ་ཁྲག་གཏོར་མར་འབུལ། །ལྷ་དང་དམ་ཚིག་བསྲེ་བ་དྲག་པོའི་དབང༌། །རོ་གདན་གླང་ལྤགས་སྟག་ལྤགས་མགོ་འཕྲེང་དང༌། །ཅོད་པན་སྦྲུལ་རྒྱན་ཕུར་བུ་ཕྱག་མཚན་དྲུག །ཆས་བཀོད་ཕྱག་རྒྱ་ཆེན་པོའི་དབང་ཞེས་བཞེད། །དྲག་པོའི་དབང་བདུན་རྒྱས་པའི་རིམ་པའོ། །དེ་ལྟར་དབང་གི་རིམ་པ་དེ་རྣམས་ལ། སློབ་མའི་དབང་ཙམ་ལས་མི་བསྐུར་ན། དེའི་མཐར་སྒོམ་བཟླས་ཀྱི་ལུང་ཙམ་སྦྱིན་པར་བྱའོ། །བུམ་དབང་ཙམ་བསྐུར་ཞིང་དྲག་པོའི་ལས་སྒྲུབ་པར་འདོད་ནས། དེའི་དབང་དོན་དུ་གཉེར་ན། དྲག་པོའི་དབང་བསྡུས་པ་ནི་རྗེས་གནང་གི་མཐར་སྦྱིན་ལ། དབང་རྒྱས་པ་ནི་ཉི་མ་གཞན་ལ་སྦྱིན་ནོ། །


TNT06_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་སྒོམ་པར་འདོད་པ་རྣམས་ལ་ནི། མཆོག་དབང་ཡང་སྦྱིན་ཏེ། སྒོས་སུ་གསོལ་བ་འདེབས་པ་མེད་ན། བུམ་དབང་ཙམ་བསྐུར་བ་དང༌། བསྙེན་པ་མ་སོང་བ་ལ་དྲག་པོའི་དབང་རྒྱས་པ་མི་བྱེད་པར་བཞེད་དོ། །གང་ལྟར་ན་ཡང་སློབ་མ་ལ་དབང་བསྐུར་བའི་བྱ་བ་རྫོགས་པ་ན། འགྲུབ་ན་ཞི་བའི་སྦྱིན་བསྲེག་བྱ་ཞིང༌། སློབ་མའི་སྲིན་ལག་གཡས་པ། སློབ་དཔོན་གྱི་གཡོན་པས་བཟུང་སྟེ། སློབ་མའི་ལུས་ལ་བསྐོར་ནས་དགང་བླུགས་ལན་གསུམ་ཙམ་འབུལ་བ་དང༌། མེ་ཏོག་ལ་སོགས་པ་བསྲེག་རྫས་རྣམས་ཀྱང་སློབ་མས་སློབ་དཔོན་ལ་བསྟབས་ཤིང་སློབ་མའི་མིང་ནས་སྨོས་ཤིང་འབུལ། མཐར་སྨོན་ལམ་དང་བཀྲ་ཤིས་མང་དུ་བྱེད། དེ་ནས་དཀྱིལ་འཁོར་ལ་མཆོད་པ་གསར་དུ་བཤམས་ཤིང༌། གོང་ལྟར་བྱིན་གྱིས་བརླབས་ནས། སྒྲུབ་ཐབས་ལྟར་མཆོད་བསྟོད་བདུད་རྩི་མྱང་བ་བྱས། ཨོཾ་ཁྱེད་ཀྱི་ནས། ནམ་མཁར་གཤེགས་ཀྱི་བར་མངོན་རྟོགས་བཞིན། ཡང་མཆོད་པ་ཁ་གསོས་ལ། མཆོད་བསྟོད་བདུད་རྩི་མྱང་བ་མངོན་རྟོགས་བཞིན་བྱ། འདོད་པའི་དོན་གསོལ་བ་གདབ། གང་ཡང་བདག་བློ་ནས། ས་ཐོབ་ཤོག་གི་བར་སྒྲུབ་ཐབས་བཞིན། ཡི་གེ་བརྒྱ་བ་མང་དུ་བཟླས་ལ། ཨོཾ་ཨཱཿཧཱུཾ་མུཾ། ཞེས་པས། ཡེ་ཤེས་པའི་དཀྱིལ་འཁོར་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་རང་ལ་ཐིམ། ཆོས་ཐམས་ཅད་སྟོང་པར་མོས་བཞིན་དུ། རོལ་མོའི་སྒྲ་དང་བཅས་པས། ཨ་ཀ་རོའི་སྔགས་བཟླ་བཞིན་དུ། ལྷ་མཚན་རྣམས་ཐུར་མས་བླང༌། གཞན་རྣམས་རྡོ་རྗེ་དང་བཅས་པའི་རྔ་ཡབ་ཀྱིས་དབང་ལྡན་ནས་བསྡུས་ལ། སྣ་ཚོགས་པའི་རོལ་མོ་


TNT06_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཕན་གདུགས་སོགས་ཀྱིས་སྤྱན་དྲངས་ཏེ། ཨོཾ་གི་ལི་གི་ལི་ཧཱུཾ་ཛཿ ཞེས་པས་ཆུ་བོ་ཆེན་པོར་དོར་རོ། །དེ་ནས་ནང་དུ་འོངས་ལ་རྡོ་རྗེ་སྐམ་པའི་ཕྱག་རྒྱས་ཕུར་བུ་རྣམས་སྔར་བཏབ་པའི་རིམ་པས་ཕྱུངས་ཤིང༌། ཨོཾ་རུ་རུ་སྤུ་རུ་སོགས་ཀྱིས་ཕུར་བུ་དང་ཕུར་སྟན་འོ་མས་བཀྲུ། མཐར་དགའསྟོན་དང་བཀྲ་ཤིས་རྒྱ་ཆེར་བྱའོ། །གང་ཐུགས་འཇམ་པའི་དཔལ་གྱི་རང་བཞིན་ལས། །བདུད་དང་གཤིན་རྗེའི་ཚོགས་ལ་མཐར་བྱེད་སྐུ། །གསུང་དབྱངས་སྔགས་ཀྱིས་ས་གསུམ་འཁྲུལ་པ་སེལ། །བཅུ་གསུམ་ས་ཡི་རང་བཞིན་འཁོར་ལོའི་མགོན། །དེ་ཉིད་སྒྲུབ་ལ་སྨིན་བྱེད་དབང་གི་ཚུལ། །ཐོག་མ་བར་དང་ཐ་མར་དགེ་བ་འདི། །རིག་འཛིན་གྲུབ་པ་རྣམས་ཀྱིས་བླང་བྱ་སྟེ། །བདེ་ཆེན་ཚུལ་ལ་ངེས་པའི་ཚིག་ཏུ་གསུངས། །དྲི་མ་ཀུན་སྦྱོང་དགའ་བཞིའི་ཚུལ། །སྙིང་པོའི་རང་འགྲོས་དབང་བཞིའི་ལམ། །འདི་ཡིས་འཇིག་རྟེན་མ་ལུས་པར། །རྡོ་རྗེ་འཛིན་ཆེན་རྒྱལ་གྱུར་ཅིག །དཔལ་གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འོད་འབར་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་


TNT06_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་དགུ་པ་ལ་དཔལ་ཇོ་མོ་ནང་གི་གཙུག་ལག་ཁང་དུ་སྦྱར་བའོ།། །།བཀྲ་ཤིས། དགེ་ལེགས་འཕེལ། ཅོ་གྲུ་རིན་ཆེན་རྒྱལ་མཚན་དང༌། ཞང་རིན་ཆེན་འོད་ཟེར་དང༌། འཛིན་པ་རིན་ཤེ་དང༌། ཀུན་མཁྱེན་སང་གྷ་བྷ་དྲ་སོགས་ཀྱི་ཡིག་ཆ་རྣམས་ལའང་འདྲིས་པར་བྱས། གཙོ་བོར་གཅུང་རྡོ་རྗེ་རྩེ་མོའི་བཤད་འབུམ་ཆེ་ཆུང་དང་དཀྱིལ་ཆོག་རྣམས་དང་སྦྱར་ཏེ་ལ་ལི་ཏའི་གཞུང་དང་ཅི་འབྱོར་བྱས་པའོ།། །།


TNT06_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་ལྡན་གཤིན་རྗེ་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འོད་འབར། next