Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་འབར་བ།
   
   
   
   


 
previousབཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་འབར་བ། next

བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་འབར་བ།


TNT06_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དོན་ཐམས་ཅད་དྲིལ་ནས་ཉམས་ལེན་ཚུལ། །གསལ་བར་སྟོན་པའི་སྒྲུབ་ཐབས་རྡོ་རྗེ་འབར། །རྗེ་བཙུན་རྡོ་རྗེ་འཇིགས་བྱེད་མཉེས་བྱེད་འདི། །བྲིས་ཚེ་ཆོ་འཕྲུལ་རྣམ་འགྱུར་ཅི་ཡང་བྱུང༌། །ཤུབྷཾ།


TNT06_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་མཉྫུ་བཛྲེ་བྷྱཱཿ བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་འབར་བ་ཞེས་བྱ་བ། བླ་མ་དང་འཇམ་པའི་རྡོ་རྗེ་རབ་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ། །འཇམ་པའི་རྡོ་རྗེ་རང་བཞིན་ལྷན་ཅིག་སྐྱེས། །ཀུན་ཏུ་རྟོག་ལ་རབ་ཁྲོས་བྷཻ་ར་བ། །དཔལ་ལྡན་བླ་མ་རང་རིག་བདེ་ཡེ་ཤེས། །འཕོ་བའི་མཐར་བྱེད་འཇོམས་ལ་རབ་ཏུ་འདུད། །བརྟགས་བྲལ་ལས་ཀྱང་བརྟགས་པའི་ཆོ་འཕྲུལ་ནི། །རྟག་ཏུ་ཤར་ཡང་འཆར་ནུབ་ཀུན་བྲལ་བ། །སྒྱུ་མའི་རྡོ་རྗེ་ཅིར་ཡང་སྣང་བ་པོ། །རྡོ་རྗེ་ཁྲོ་བོས་བདུད་ཀྱི་དཀྱིལ་འཁོར་ཆོམས། །དང་པོའི་ལས་ཅན་དག་གི་རྣལ་འབྱོར་ལ། །ཤིན་ཏུ་གོམས་པ་རྣམས་ལའང་ཡིད་བཞིན་གཏེར། །བརྗོད་བྲལ་འདིར་ནི་བརྗོད་པར་ཤར་བ་ལས། །གདོད་མའི་དཔའ་བོ་བསྐུལ་བའི་ཚུལ་འདི་མཚར། །འདིར་འཇམ་པའི་རྡོ་རྗེ་དཔལ་འཇིགས་མཛད་ཆེན་པོ་སྒྲུབ་པར་འདོད་པའི་ལས་དང་པོ་པས་དུར་ཁྲོད་ལ་སོགས་པར་གསང་བའི་བྲིས་སྐུ་དགྲམ་ཞིང༌།


TNT06_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དང་གཏོར་མ་དག་དམ་ཚིག་དང་རྗེས་སུ་མཐུན་པར་བཤམས། སྔགས་པ་ཁ་ལྷོར་ཕྱོགས་པས་བདུད་རྩིས་ཁ་དག་པ་དང༌། བར་གཅོད་བསྲུང་བའི་དོན་དུ་ཕྱོགས་སྐྱོང་གི་གཏོར་མ་སོགས་འགྲུབ་ན་བྱ་ཞིང༌། རང་ཉིད་རོ་གདན་ལ་འདུག་པར་བསམ་ལ། སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་ཀྱི་སྒོམ་བཟླས་བྱ། སྐད་ཅིག་གིས་རང་རྡོ་རྗེ་འཇིགས་བྱེད་ཀྱི་སྙིང་གར་པད་ཉི་ལ་ཧཱུཾ་ནག་པོ་མཆོག་ཏུ་འབར་བའི་འོད་ཀྱིས། བླ་མ་མི་བསྐྱོད་པས་གཙོ་བོའི་ཅོད་པན་དུ་བྱས་པའི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་སྤྱན་དྲང་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཱཿ ན་མོ་བཛྲ་བྷཻ་ར་བ་མཎྜལ་བྷྱཱཿ རྣམ་རྟོག་དྲ་བ་རབ་བསལ་ཞིང༌། །ཡེ་ཤེས་རྒྱ་མཚོའི་ཐུགས་མངའ་བ། །འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་པ། །རྡོ་རྗེ་འཛིན་བཅས་ཕྱག་འཚལ་ལོ། །ཨོཾ་བཛྲ་ལཱ་སྱ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཾ། ཨོཾ་བཛྲ་གིརྟི་ཧྲཱྀཿ ཨོཾ་བཛྲ་ནིརྟི་ཨཱཿ ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཾ། ཨོཾ་བཛྲཱ་ཨ་ལོ་ཀེ་ཧྲཱིཿ


TNT06_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་གནྡྷེ་ཨཱཿ དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་དང༌། ཚད་མེད་བཞི་སྒོམ་པ་སྤྱི་ལྟར་བྱ། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ། བདག་དང་ལྷ་དང་ཆོས་ཐམས་ཅད་སྤྲོས་མེད་འོད་གསལ་ནམ་མཁའ་ལྟ་བུར་བསམ་ལ་འཆི་བ་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ། དེ་ལས་འོད་འཕྲོས་རྡོ་རྗེའི་ས་གཞི་རྭ་གུར་སྟུག་པོ་བླ་བྲེ་ཕྱི་རོལ་རྡོ་རྗེའི་མེས་གཏམས་པ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེའི་དབུས་སུ་ཨེ་ལས་ཆོས་འབྱུང་དཀར་པོ་ཁ་གྱེན་བསྟན་གྱི་ནང་དུ་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་ཞིང་སྐྱི་གཡའ་བ་བརྒྱད་ཀྱིས་བསྐོར་བ་སྟེ། དེ་དག་ན་ཤིང་དང་ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཆུ་དང་མེ་དང་ཀླུ་དང་སྤྲིན་དང་མཆོད་རྟེན་བརྒྱད་བརྒྱད་དང་བཅས་པ། མ་མོ་སྲིན་པོ་ཤ་ཟ་གཤིན་རྗེ་རོ་ལངས་ལ་སོགས་པ་འབྱུང་པོའི་ཚོགས་ལང་ལོང་དུ་རྒྱུ་ཞིང་ཧ་ཧའི་སྒྲ་དང༌། ཀུ་ཅོ་བྲག་ཆ་དང་བཅས་པ་ལྷང་ལྷང་བོར་འབོད་པ། མདུང་ལ་སྐྱོན་པ། ཤིང་ལ་དཔྱངས་པ། མེས་ཚིག་པ་ལ་སོགས་པའི་རོ་སྣ་ཚོགས་དང༌། ཀེང་རུས་དང་རོ་མགོ་མེད་གར་བྱེད་ཅིང༌། རུས་པ་དང་ཁྲག་དང་ཤ་དང་ཀླད་པ་འཐོར་བ་དང༌། དུམ་བུས་ཁེབས་པ། བྱ་དང་གཅན་གཟན་སྣ་ཚོགས་འཐབ་པ་དང་འཁྲུག་པ་ང་རོ་འདོན་པ། འབྱུང་པོ་རྣམས་ཀྱི་སྤྱོད་པ་སྣ་ཚོགས་པས་ཡིད་སྒྱུར་བར་བྱེད་པ། དཔའ་བོ་དང་རྣལ་འབྱོར་མ་དང་སྒྲུབ་པ་པོ་དང་གྲུབ་པའི་རིག་འཛིན་རྣམས་དམ་ཚིག་གིས་སྤྱོད་པ་དང༌། འཇིགས་པ་མེད་པ་ཐོད་རྔའི་སྒྲ་དང་བཅས་གར་བྱེད་པ་དང༌། མཆོད་རྫས་སྣ་ཚོགས་


TNT06_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་བའི་དབུས་ན། ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་ཁ་དོག་ཅན་གྱི་སྟེང་དུ་པད་ཉིའི་གདན་ལ། ཨ་ལས་ཟླ་བ་གང་བ་ལ་གནས་པའི་དྷཱིཿཡོངས་སུ་གྱུར་པ་ལས། དྲི་ཟ་དང་རྗེས་སུ་མཐུན་པར་རླུང་སེམས་ཕྲ་མོའི་སྣང་བ་འཇམ་དཔལ་གཞོན་ནུ་གུར་ཀུམ་གཞོན་ནུའི་མེ་ཏོག་རྒྱས་པ་ལྟར་དམར་སེར། ཕྱག་གཡས་རལ་གྲི་འཕྱར་སྟབས། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པས་ཨུཏྤལ་སྔོན་པོ་ཁ་བྱེ་བ་ལ་གནས་པའི་པོ་ཏི་བསྣམས་པ། ཞི་ཞིང་སྒེག་པ། རྒྱན་ཐམས་ཅད་དང་མཚན་དཔེ་རྫོགས་པ། བརྒྱད་གཉིས་ལོན་པའི་ན་ཚོད་ཅན། བུང་བ་ལྟར་གནག་པའི་དབུ་སྐྲའི་ཐོར་ཚུགས་ལས་འཕྱང་བའི་ཟུར་ཕུད་ལྔ་སིལ་ལེ་བུན་ནེ་བས་མཛེས་པ། རྡོ་རྗེ་གདན་གྱིས་བཞུགས་པའི་ཐུགས་ཀར་ཨ་ལས་བདུན་པའི་བདག་པོས་ལས་སཾ། དེ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོསས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ། སེམས་དཔའ་རིག་མ་ཁྲོ་བོ་ལ་སོགས་པ་སྤྱན་དྲངས་པ། སེམས་ཅན་སྐྱེ་བ་དང་ཆོས་མཐུན་པར་འཇམ་དཔལ་ཟླ་བ་དང་བཅས་པ། དེ་ཐམས་ཅད་ཉི་མ་ལ་ཐིམ་པས་ཚ་ཟེར་འབར་བ། དཔག་ཚད་འབུམ་དུ་ཁྱབ་པ། ཡང་དེའི་འོད་ཟེར་གྱིས་སྔགས་འཕྲེང་རྣམས་སྤྱན་དྲངས་ཏེ་བསྟིམ་པས། ཧཱུཾ་ནག་པོ་འོད་ཟེར་ལྔ་ལྡན་དུ་གྱུར། ཡང་ན། འབུམ་དུ་ཁྱབ་པའི་སྟེང་དུ་ཧཱུཾ་ནག་པོ་ཞེས་སོགས་བྱ། དེའི་འོད་ཀྱིས། དེ་བཞིན་གཤེགས་པ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིམས་པས། ཧཱུཾ་དེ་ཉིད་རྡོ་རྗེ་ཆེན་པོ་མཐིང་ནག་རྩེ་ལྔ་པ་རྭ་གདེངས་པ། འོད་ལྔ་འབར་བ། དེ་ལས་དེ་བཞིན་གཤེགས་པ་ལ་


TNT06_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང༌། རྡོ་རྗེ་ཕྲ་མོ་མཐའ་ཡས་པ་སྤྲོས། སྡང་བ་དང་གདུག་པ་རྣམས་ཚར་གཅད། སེམས་ཅན་ཐམས་ཅད་སངས་རྒྱས་ལ་བཀོད། ཞིང་ཁམས་དག་པར་བྱས། དེ་རྣམས་དང་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཚད་མེད་པ་སྤྱན་དྲངས་ཏེ། དེ་དག་ཐམས་ཅད་གཅིག་ཏུ་གྱུར་པ་ལས། བདག་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དུས་མཐའི་སྤྲིན་དང་མུན་པ་ལྟར་གནག་ཅིང་ངམ་ཟ་བ། ཞལ་དགུའི་རྩ་ཞལ་མཐིང་ནག་མ་ཧེ་ནག་པོ་ཤིན་ཏུ་ཁྲོས་པའི་གདོང༌། རྭ་སྔོ་བསངས་ཤིན་ཏུ་རྣོ་ཞིང༌། རྡོ་རྗེའི་མེ་ལྕེ་ལྷབ་ལྷབ་འབར་བས་ཕྱོགས་ཐམས་ཅད་གནོན་པ། རྭའི་གཡས་ཞལ་གསུམ་མདུན་ནས་རིམ་པས་སྔོན་པོ་དམར་པོ་སེར་པོ་སྟེ་ཤིན་ཏུ་ཁྲོས་པ། རྭའི་གཡོན་གྱི་ཞལ་གསུམ་མདུན་ནས་རིམ་པས་དཀར་པོ་དུད་ཁ་ནག་པོ་སྟེ་དཔའ་ཞིང་མཆེ་བ་གཙིགས་པ། རྭ་གཉིས་ཀྱི་དབུས་སུ་སྟེང་ཞལ་དམར་པོ་ཞལ་ནས་ཁྲག་འཛག་པ། སྲིན་པོ་ལྟར་ཆེས་འཇིགས་ཤིང་ཧ་ཧ་ཕེཾ་ཞེས་དྲག་ཏུ་བཞད་པ། དེའི་སྟེང་དུ་འཇམ་དཔལ་གཞོན་ནུའི་ཞལ་སེར་མདོག་ཡིད་ཙམ་ཁྲོ་ཞིང་འཛུམ་པ་ཟུར་ཕུད་ལྔ་ལྡན་བྱིས་པའི་རྒྱན་བཟང་པོས་སྤྲས་པ། ཞལ་ཐམས་ཅད་སྤྱན་གསུམ་པ། ཁྲོ་ཞལ་ཐམས་ཅད་རྡོ་རྗེ་གད་མོ་དྲག་ཏུ་རྒོད་ཅིང༌། ཧཱུཾ་ཕཊ་ཀྱི་སྒྲ་གནམ་དུ་འབོད་པ། དགྲ་བགེགས་ཀྱི་ཤ་དང་རྐང་དང་ཚིལ་ཟ་བ། རྣམ་པར་འགྱུར་བའི་ཞལ། ཁྲོ་གཉེར་བསྡུས་པའི་འགྲམ་ནས་འབར་བའི་སྨིན་མ་འཁྱོག་པོར་བཅུས་ཤིང༌། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་སྡང་མིག་ཏུ་ལྟ་ཞིང་ཟློག་པ། སྐྲ་སེར་པོ་གྱེན་དུ་འབར་པ་མེ་སྟག་ལྟ་བུའི་སྨིན་རྫི་དང༌། སྨ་ར་དང་བ་སྤུ་ཅན། འཇིག་རྟེན་དང་


TNT06_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་སྡིགས་མཛུབ་ཀྱིས་བསྡིགས་པ། མི་བཟད་པའི་ཞལ་མཆེ་བ་བཞི་བཞི་དང་བཅས་པ། ལྗགས་འགྲིལ་བ། འཇིགས་པ་ཆེན་པོ་དུས་ཀྱི་རླུང་དང་འབྲུག་སྟོང་ལྡིར་བ་ལྟ་བུའི་མཚམས་རྔམ་གྱི་སྒྲའི་གད་རྒྱངས་ཀྱིས་བདུད་སྡེའི་སྙིང་འགས་པ། ལངས་ཚོ་ལ་བབ་པ་སྐུ་ལུས་ཆེ་ཞིང་རགས་པའི་ཡན་ལག་དང་ཉིང་ལག །སྤོམ་ཐུང་ཧྲགས་ཤིང་མཁྲེང་བག་ཅན། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། རབ་ཏུ་རྒྱས་པའི་ལིངྒ་གྱེན་དུ་བསྒྲེང་བ། ཕྱག་སུམ་ཅུ་རྩ་བཞིའི་དང་པོ་གཉིས་རྡོ་རྗེ་གྲི་གུག་དང་ཐོད་ཁྲག་བག་ཙམ་རྡེག་ཐབས་ཀྱི་ཐུགས་ཀར་འཛིན་པ། གཡས་ལྷག་མས་རིམ་བཞིན་བི་དྷི་པ་ལ། བརྟུན་ཤིང༌། ཆུ་གྲི། ཀ་ན་ཡ། སྟ་རེ། མདུང་རིངས། མདའ། ལྕགས་ཀྱུ། དབྱུག་པ། ཁ་ཊྭཱཾ་ག །འཁོར་ལོ། རྡོ་རྗེ་རྩེ་ལྔ་པ། ཐོ་བ། རལ་གྲི། རྔེའུ་ཆུང་རྣམས་འཛིན་པ། གཡོན་རྣམས་ཀྱི་ཚངས་མགོ །ཕུབ། རྐང་པ། ཞགས་པ། གཞུ། རྒྱུ་མ། དྲིལ་བུ། ལག་པ། རོ་རས། སྐྱེས་བུ་གསལ་ཤིང་ལ་བཙུགས་པ། མེ་ཐབ། ཐོད་ཚལ་གྱི་ཁ་ཕོར་བདུད་རྩིས་གང་བ། སྡིགས་མཛུབ། འཕན་རྩེ་གསུམ་པ། རླུང་གིས་བསྐྱོད་པའི་རས་རྣམས་བསྣམས་པ། ཐ་མ་གཉིས་ཀྱི་གླང་པོ་ཆེའི་ལྤགས་རློན་ཁྲག་འཛག་པ་སྟོད་གཡོགས་སུ་བྱས་པའོ། །ཞབས་བཅུ་དྲུག་གཡས་བསྐུམ་གཡོན་བརྐྱང་བའི་གྱད་ཆེན་པོའི་སྟོབས་ཀྱིས་སྲིད་པ་གསུམ་གཡོ་ཞིང་འདར་བར་བྱེད་ཅིང་ལྷག་པར་བརྗིད་པའི་སྟབས་ཀྱི་བཞུགས་པའི་གཡས་བརྒྱད་ཀྱིས། མི། མ་ཧེ། གླང༌། བོང་བུ། རྔ་མོ། ཁྱི། ལུག །ཝ་རྣམས་དང༌། གཡོན་བརྒྱད་ཀྱིས་བྱ་རྒོད། འུག་པ། ཁྭ།


TNT06_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་ཙོ། བོང་ཁྲ། བྱ་ཆེན་པོ། རི་སྐེག །བཞད་རྣམས་གནོད་པ། དེ་རྣམས་ཀྱི་འོག་ཏུ་ཚངས་པ། དབང་པོ། ཁྱབ་འཇུག །དྲག་པོ་སྟེ་བདུད་བཞི་དང༌། ཚོགས་ཀྱི་བདག་པོ། ཀརྟི་ཀ ། ཉི་མ། ཟླ་བ་རྣམས་ཁ་སྦུབ་ཏུ་བསྒྱེལ་ནས་མནན་པ། གཅེར་བུ་ཤིན་ཏུ་གཏུམ་པ། འཇིགས་སུ་རུང་བའི་ཐོད་སྐམ་ལྔ་ལྔས་དབུ་བརྒྱན་པ། མི་མགོ་ཁྲག་འཛག་པ་བརྒྱ་ཕྱེད་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་དང༌། ཀླུ་བརྒྱད་དང༌། གདུག་པའི་སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་རུས་པའི་རྒྱན་དྲུག་དང་ཁྲག་དང་ཞག་དང་ཐལ་ཆེན་གྱིས་སྤྲས་པ། སྤྲུལ་པའི་ཕོ་ཉ་དཔག་ཏུ་མེད་པ་སྤྲོ་བ། འཇིག་དུས་ཀྱི་མེ་ལྟར་དྲག་ཏུ་འབར་ཞིང་འཁྲུག་པའི་མེ་དཔུང་གི་ཀློང་ན་བཞུགས་པ་ལྟ་བར་ཡང་མི་བཟོད་པའི་བདག་ཉིད་དུ་གྱུར། ཨོཾ་སྭ་བྷཱ་སོགས་བརྗོད་དེ་བསྙེན་པའོ། །མིག་ཏུ་ཀྵིཾ་དཀར་པོ་ས་སྙིང༌། རྣ་བར་ཛྲིཾ་སྔོན་པོ་ཕྱག་རྡོར། སྣར་ཁཾ་སེར་པོ་ནམ་སྙིང༌། ལྕེར་གཾ་དམར་པོ་འཇིག་རྟེན་དབང་ཕྱུག །དཔྲལ་བར་སྐཾ་ལྗང་ཁུ་སྒྲིབ་སེལ། ལྟེ་བར་སཾ་དཀར་པོ་ཀུན་བཟང་གི་ངོ་བོ་སྟེ། ཉེར་སྒྲུབ་བོ། །དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཧཱུཾ་གི་འོད་ཟེར་མཁའ་དབྱིངས་ཐམས་ཅད་དུ་སོན། ཆོས་ཀྱི་དབྱིངས་ལས་གདུག་པ་མ་ལུས་པ་འདུལ་བའི་ཕྱིར་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ། འཇམ་དཔལ་ཁྲོས་པའི་དཀྱིལ་འཁོར་སད་པ་ལ། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཡང་ན། ཨོཾ་ཧྲཱིཿཧ་བྷོ་མཧཱ་ཀྲོ་དྷ་ཨཱ་གཙྪ་ཨ་གཙྪ་ཨསྨཏྟ་པཱུ་ཛ་པྲ་ཏི་གྲྀཧྞནྟུ་པྲ་སཱ་དྷ་མེ་དྷཱི་མནྐུ་རུ་


TNT06_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ཧྲཱིཿཥྚཱིཿས་ཕྱི་འབྲངས་གྱིས་བགེགས་བསྐྲད། ལཱ་སྱ་སོགས་སྔར་བཞིན་ནམ། ཧྲཱིཿཥྚཱིཿཧ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། དེ་ནི་སྒྲུབ་པའོ། །དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ སྔར་བཞིན་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐྱེ་བས་ཐོབ་པ་དབང་བསྐུར་བས། །ཇི་ལྟར་དེ་བཞིན་བདག་གིས་ཏེ། །དག་པ་ལྷ་ཡི་ཆུ་དབང་བསྐུར། །ཨོཾ་བཛྲོ་ད་ཀཱ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ། ཞེས་དབང་བསྐུར། དྲི་མ་ཐམས་ཅད་སྦྱངས། རྡོ་རྗེའི་ཁྲོ་བོའི་མཐུ་སྟོབས་དང་འཕྲིན་ལས་ཐམས་ཅད་ལ་དབང་བ་བྱས། ཆུའི་དྭངས་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན། ཛཿཧཱུཾ་སོགས་ཀྱིས་ཐིམ། ཡང་ན་གོང་གི་ཛ་ཧཱུཾ་ནས་སྔར་བཞིན་མཆོད་ཞེས་པའི་བར་དོར་བ་ཡང་མན་ངག་གི་ལུགས་གཞན་ནོ། །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ཧྲཱིཿཥྚཱིཿགསུམ་བརྗོད། རང་གི་སྙིང་གར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གྱི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མར་མེ་ལྟར་འབར་བ་རྟག་ཏུ་འཆར་བཞིན་པ་སྟེ། སྒྲུབ་པ་ཆེན་པོའོ། །སེམས་དཔའ་གསུམ་བརྩེག་འདི་གཙོ་བོ་བསྐྱེད་མ་ཐག་ཏུ་བྱེད་པའང་ལུགས་གཞན་ནོ། །ཨརྒྷཾ་སོགས་སྔར་བཞིན་མཆོད། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿཧཱུཾ། ཞེས་མྱངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཐུགས་ཀ་ནས་ཡིད་ཀྱི་རིག་མ་མཱ་མ་ཀཱི་སྤྲོས། སྙོམས་པར་ཞུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ།


TNT06_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །སོགས་ཀྱི་བསྟོད་པ་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། དེ་ནས་མན་ངག་ལྟར། སྙིང་གར་རྡོ་རྗེ་འཁོར་ལོ་པདྨ་སྔགས་འཕྲེང་ཏིང་ངེ་འཛིན་སེམས་དཔའ་རྣམས་བཀོད་ལ། ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ཧྲཱིཿཥྚཱིཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ཡ་མཱནྟ་ཧཱུཾ་ཕཊ། ཅི་ནུས་པ་དེ་སྲིད་དུ་གཡེང་བ་མེད་པས་བཟླའོ། །འདི་ལ་ཅི་རིགས་པར་ཨོཾ་ཨ་ར་ཙ་ན་དྷཱིཿ བཟླ་བའང་སྣང་ངོ༌། །བར་བར་དུ་ལྷའི་སྐུ་ལ་རྩེ་གཅིག་ཏུ་ཡིད་བཞག་ཅེས། དེ་ཡང་སྤངས་རྟོགས་ཀྱི་ཡོན་ཏན་རེ་རེ་ནས་དྲན་པར་བྱས་ཏེ་ཐམས་ཅད་དང་ལྡན་པའི། སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་ལྡན་དངོས་ཏེ་ངའོ་སྙམ་པའི་ང་རྒྱལ་དང༌། གསལ་སྣང་ལ་སྤྱོད་ཚུལ་ཡང༌། ཐོག་མར་སྤྱི་རགས་པ་དེ་ལ་ཡང་ཡང་སྒྲིམ། གསལ་དྭངས་རྙོག་པ་མེད་པའི་མ་ཧེའི་ཞལ། ཞལ་དགུ། ཕྱག་སོ་བཞི། ཞབས་བཅུ་དྲུག་པ། སྣོད་ཐམས་ཅད་འོད་ཀྱི་གཞལ་ཡས་ཁང༌། ཞེས་བརྗོད་ཅིང་ཡང་ཡང་བསམས། དེར་རགས་པའི་རྣམ་པ་ལ་ཅུང་ཟད་བརྟན་པ་ན། ཕྲ་མོ་ནས་གསལ་གདབ་སྟེ། མ་ཧེའི་གདོང་མཐིང་ནག་སྤྱན་གསུམ་ཁྲ་ཟླུམ་ཟླུམ་པ། འོད་དམར་པོ་བསྐལ་པའི་མེ་འབར་བ་ལྟ་བུ་ཞེས་དང༌། རྭ་སྔོ་བསངས་རྩ་བ་ཁྲོམ་གཉེར་ཅན། བར་འཇའ་ཁུགས་རྩེ་མོ་རྣོ་ཟུལ་ཟུལ་བ་ཞེས་དང༌། སྟེང་ཞལ་དམར་ལམ་ལམ་པ། དམར་ཚེར་ཚེར་བ་ཉི་མ་འབུམ་ཤར་བ་ལྟ་བུ་ཧ་ཧ་ཞེས་དྲག་ཏུ་བཞད་པ་ཞེས་དང༌། འཇམ་དཔལ་གྱི་ཞལ་དམར་སེར་སྨིན་པ་ནག་ཁྱུག་ཁྱུག་པ། སྤྱན་དཀྱུས་རིང་ཞིང་བཀྲ་བ། ཤངས་


TNT06_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གཟེངས་མཐོ་པ། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། ཞེས་སོགས་ཆ་ཕྲ་མོ་ནས་བརྗོད་ཅིང་གསལ་བཏབ། ཅེས་དེ་ཉིད་རིག་པ་ཁ་ཅིག་འདོམས་པར་མཛད་དོ། །ཡེ་ཤེས་ཀྱི་རིག་མ་ལ་སོགས་པའི་ཞུ་བདེ་དང༌། ལྷའི་ང་རྒྱལ་དང་དཀྱིལ་འཁོར་གྱི་གསལ་སྣང་དང༌། དེ་ཐམས་ཅད་དང་རང་བཞིན་མེད་པ་ལ་རྣམ་པར་མི་རྟོག་པས་འཇུག་པ་སྟེ། འདི་ནི་རྣལ་འབྱོར་ཆེན་པོའི་ལྷའི་རྣལ་འབྱོར་སྤྱིའི་གནད་དམ་པའོ། །དེ་ནས་རྫོགས་པའི་རིམ་པ་ཡར་སྒོམ་སྟེ་ཕྱིས་བཤད་པར་བྱའོ། །རང་གི་སྙིང་ག་ནས་འོད་འཕྲོས། སྣོད་བཅུད་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར། དེ་ཐམས་ཅད་རང་ལ་ཐིམ། བསྲུང་འཁོར་དུར་ཁྲོད་དང་བཅས་པའི་གཞལ་ཡས་ཁང་ཞེས་སམ། གཞལ་ཡང་ཁང་མ་བསྐྱེད་ན་བཅས་པ་རང་ལ་ཐིམ། རང་གི་ཞལ་ཕྱག་ལྷག་མའང་རྩ་བའི་ཞལ་ཕྱག་ལ་བསྡུ། རང་ཕྱག་གཉིས་པའི་ང་རྒྱལ་བྱ། མིག་ཏུ་ཀྵིཾ་སོགས་དང༌། དཔྲལ་བར་ཨོཾ་སོགས་བྱ། དགེ་བ་བསྔོ། གལ་ཏེ་ལྷ་དགུ་སྒོམ་པར་འདོད་ན། ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཆོས་འབྱུང་དཀར་པོའི་ནང་དུ་བྷྲུཾ་ལས་རྣམ་སྣང༌། དེ་ལས་གཞལ་ཡས་ཁང་གྲུབ་བཞི་སྒོ་བཞི་རྟ་བབས་བཞི་མཚན་ཉིད་ཚང་ཞིང་རྒྱན་ཐམས་ཅད་རྫོགས་པ། ནང་གི་ལྷ་སྣམ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བར་ཡཾ་ལ་སོགས་བྱ། གཙོ་བོ་བསྐྱེད་ཟིན་པ་དང༌། སྒོ་མཚམས་བརྒྱད་དུ་པད་ཉི་ལ་བྷཻཾ༵་བརྒྱད་ལ་རོ་ལངས་ཆེན་པོ་ཀ་ཧ་ཀ་ཧ་དང་ཕེཾ་ཕེཾ་ཧ་ལ་ཧ་ལ་གྱི་སྒྲ་སྒྲོགས་པ་གཤིན་རྗེ་ལྟར་ཁྲོས་པ། མདོག་ནག་པོ་མིག་གསུམ་པ་སོ་རྣོ་བ་གྲི་ཐོད་འཛིན་པ། གཡོན་བརྐྱང་གི་གར་བྱེད་པ། དེ་


TNT06_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མིག་ཏུ་ཀྵིཾ། སོགས་བྱ་བ་སྔ་མ་ལྟར་རོ། །རོ་ལངས་མགོ་གསུམ་ལག་གསུམ་རྐང་གསུམ་གར་སྟབས་ཞེས་པ་ནི་ལུགས་གཞན་ནོ། །རྒྱན་ཐམས་ཅད་རྫོགས་པའི་སྒོ་མཚམས་བརྒྱད་དུ་རོ་ལངས་ཞེས་སོགས་ཏེ་ཁང་པ་དང་ལྷན་ཅིག་གི་སྐད་ཅིག་གིས་བསྐྱེད་པ་ཡང་ལུགས་གཞན་ནོ། །ཕྱག་མཚན་རྫོགས་པའི་དཀྱིལ་འཁོར་ནི། ལྷ་སྣམ་བྱང་ལྗང་དབུས་སྔོན་པོ་གྲུ་བཞི་པའི་སྟེང་རྡོ་རྗེ་ནག་པོའི་རྭ་བ་ཟླུམ་པོ་ནང་རེ་མིག་དགུ་པ་འཛུལ་སྒོ་བཞི་དང་བཅས་ཤིང༌། ལྷོ་སྒོ་ཕྱེ་བ་གཞན་རྣམས་བཅད་པ། དབུས་ཀྱི་རེ་མིག་ཏུ་ཡཾ་ལ་སོགས་ནས། བདག་ཉིད་དུ་གྱུར། ཤར་དུ་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ། ཤར་ལྷོར་ཐོད་པ། ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་དུ་རོ་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤིང་གིས་ཕུག་པ་སྟེ་རེ་མིག་རྣམས་སོ། །འཁྱམ་ལ་ཤར་དུ་རིམ་པས་གྲི་གུག །འཕང་མདུང༌། བརྟུན་ཤིང༌། ཆུ་གྲི། རྡོ་རྗེ་རྩེ་གཅིག་པ། ལྕགས་ཀྱུ། ལྷོར་སྟ་རེ། མདའ། དབྱུག་པ། ཁ་ཊྭཱཾ་ག །འཁོར་ལོ། ཞགས་པ། ནུབ་ཏུ་རྡོ་རྗེ། ཅང་ཏེའུ། ཕུབ། གཞུ། དྲིལ་བུ། རླུང་རས། བྱང་དུ་སྡིགས་མཛུབ། འཕན་རྩེ་གསུམ་པ། གླང་ལྤགས། ཐོ་བ། མདུང་རིངས། མེ་ཐབ། སྒོ་དང་གྲྭར་རོ་ལངས་སྔར་བཞིན་ནོ། །ཕྱག་མཚན་སོགས་སྐྱེད་ནས་དབུས་སུ་ཡཾ་སོགས་སྐྱེད་དེ། རོ་ལངས་ཀྱང་རང་རང་གི་མགོ་བོ་ལག་གཡོན་ན་འཛིན་པ་ཡང་ཁ་ཅིག་འདོད་དོ། །ཕྱག་མཚན་ཞེ་དགུའི་དཀྱིལ་འཁོར་ནི། གཞན་རྣམས་བཅད་པ་དབུས་སུ་ཡཾ་སོགས། བདག་ཉིད་དུ་གྱུར། རེ་མིག་བརྒྱད་ལ་ཤར་ནས་ཨོཾ་ཧྲཱིཿབི། མེ་ནས་ཀྲྀ་ཏཱ་ན་ན། ལྷ་སྣམ་ཤར་ལ་ཡཀྵེ་ཡཙྪ་ནི་རཱ་མ་ཡ། ལྷོར་ཡ་མ་རཱ་


TNT06_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ས་དོ་མེ་ཡ། ནུབ་ཏུ་ཡ་མེ་དོ་རུ་ཎ་ཡོ་ད་ཡ། བྱང་དུ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། སྒོ་བཞིར་ཡ་མཱན་ཏ་ཀ ། གྲྭར་བཞིར་ཧཱུཾ་ཧཱུཾ་ཕཊ་ཕཊ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་མགོ་བོ་སོགས་ལ། ལྕགས་ཀྱུ། མ་ཧེ། བ་ལང༌། ཞགས་པ། ཕག །བོང་བུ། རླུང་རས། རྔ་མོ། ཁྱི། མེ་ཐབ། ལུག །ཝ། སྒོ་བཞིར་བྱ་རྒོད། འུག་པ། བྱ་རོགནེ་ཙོ། ཁྭ། བྱ་ཆེན། ཁྱིམ་བྱ། བཞད། འདི་ལའང་རོ་ལངས་སྔར་བཞིན་ནོ། །ཡང་རྡོ་རྗེ་མགོ་བོ་ནས། རྡོ་རྗེ་བཞད་ཀྱི་བར་གྱི་མིང་སྦྱར་ལ་ཐམས་ཅད་གཡོན་ཐོད་པ་གཡས་རང་མིང་གི་ཕྱག་མཚན། ནག་པོ་མ་ཧེའི་གདོང་ཆ་ལུགས་གཙོ་བོ་ལྟ་བུ་ཞེས་ཁྱད་པར་སྦྱར་བ་གཞན་སྔ་མ་ལྟ་བུ་ནི་ཞེ་དགུའི་དཀྱིལ་འཁོར་ཏེ་བསྡུས་པའོ། །གཙོ་བོ་བསྐྱེད་པའི་རྡོ་རྗེ་རྭ་ལྔ་པ་དང་དགུ་པ་ནི་འདི་ལ་གདམ་ངའོ། །དབུས་ཀྱི་ལེ་ཚེའི་ནང་དུ་ཞེས་པ་དང༌། ལྷ་སྣམ་གྱི་དབུས་སུ་ཞེས་པ་དང༌། གཞལ་ཡང་ཁང་མི་བསྐྱེད་པའི་ཕྱོགས་ལ་མཆོད་རྫས་སྣ་ཚོགས་ཀྱིས་གང་བའི་དབུས་ཞེས་སྦྱར་ཏེ། ཐམས་ཅད་ལ་ཁྲག་ཞག་འཁྲུག་པའི་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་དུ་ཐོད་སྐམ་གྱི་ར་བ་ཟླུམ་པོ་སྒོ་གཅིག་ལྷོར་བསྟན་པ་སྟེང་ཀེང་རུས་ཀྱིས་ཐོག་ཕྱུར་བུར་ཕུག་པའི་རྩེ་མོར་མཆེ་བ་གཙིགས་པའི་ཐོད་པ་ལ་གནས་པའི་རྡོ་རྗེའི་རིན་པོ་ཆེའི་ཏོག་གིས་སྤྲས་པ། འཇིགས་ཤིང་སྐྱི་གཡའ་བའི་རྒྱན་ཐམས་ཅད་པ་དེའི་ནང་གི་དབུས་སུ་ཡཾ་ལ་སོགས་པ་སྦྱོར་བ་རྭ་ལོ་ཆེན་པོའི་བཞེད་པ་སྟེ་མི་ལེགས་པ་ཡང་མ་ཡིན་ནོ། །ཡང་སྔ་མ་ལྟ་བུ་ལས་ཚོགས་བསོག་གི་ཚེ་སྙིང་གར་པད་ཟླ་ལ་དྷཱིཿ བྱེད་པ་དང༌། སྟོང་པའི་ངང་ལས་ཆོས་འབྱུང་དུ་ཡཾ་ལས་རླུང་སོགས། ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པའི་འཁྱུད་རྒྱ་ཅན། ཐུགས་ཀར་ཨཱཿལས་ཉི་མ་དེ་ལ་ཧཱུཾ་ལས་


TNT06_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་རྡོ་རྗེའི་ལྟེ་བར་ཧཱུཾ་གི་འོད་ཀྱིས་རྡོ་རྗེ་འཇིགས་བྱེད་འཁོར་བཅས་སྤྱན་དྲངས། སྔོན་བཞིན་མཆོད། རང་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་སོགས་སྔ་མ་བཞིན་ནོ། །འདི་ལ་ཞབས་འོག་གི་རི་སྐེག་གི་ཚབ་ཏུ་ཁྱིམ་བྱའོ། །སྔགས་ནི་གསུམ་པོ་དང༌། ཡི་གེ་བཅུ་བཞི་པ་ཡང་ཡིན་ཏེ། གཞན་ཡང་ཆོ་ག་དེ་ཁོ་ནས་འཇིག་བྱེད་ཞལ་བཞི་པ་རྩ་ཞལ་སྔར་ལྟར་གཡས་དམར་གཡོན་དཀར་བ། རྭ་གཉིས་ཀྱི་དབུས་སུ་སྟེང་ཞལ་ཁྱི་གདོང་དམར་སེར། ཞལ་ཐམས་ཅད་སྤྱན་གསུམ་རྡོ་རྗེ་གད་མོ་སོགས། ཕྱག་བརྒྱད་ཀྱི་གཡས་རྡོ་རྗེ་བརྟུན་ཤིང༌། རལ་གྲི། འཁོར་ལོ། ཅང་ཏེའུ། གཡོན་ཁ་ཊྭཱཾ་ག །ཐོད་པ། གཞུ། ཞགས་པ་འཛིན་པ། ཞབས་བཞིས་བདུད་བཞིས་མནན་པ་གཅེར་བུ་སོགས་བྱ་སྟེ་སྔགས་ནི་སྔར་བསྟན་པ་དང༌། ཨོཾ་བཛྲ་རཀྵ་ས་༵ཆྒཻ་མོ་བྷཀྵ་ཡ་ཕཊ། འདི་གཉིས་དཔའ་བོ་གཅིག་པ་སྟེ་ཁ་སྦྱོར་ལས་འབྱུང་པ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་ཀྱི་བཞེད་པ་ལྟར་བཀོད་པ་ཡིན་ལ། གཞན་རྣམས་རྟོག་བདུན་གྱི་དགོངས་པ་ལཱ་ལི་ཏའི་གཞུང་ཆུང་དང་མཐུ་སྟོབས་དབང་ཕྱུག་རྭ་བའི་མན་ངན་གཙོ་བོར་བྱས་ལ། ལཱ་ལི་ཏའི་གཞུང་ཆེ་བ་ལའང་དཔང་པོར་བྱས་པ་སྟེ། ཁྲོ་བོ་བཅུའི་བསྲུང་འཁོར་སོགས་ཡོད་མོད། འོག་ཏུ་སྟོན་ཏོ། །ཡང་འདིར་རྭ་ལོ་ཆེན་པོ་རྡོ་རྗེ་གྲགས་ཀྱི་མན་ངག་ལས་འདི་ལྟར་འབྱུང་སྟེ། པད་ཉིའི་སྟེང་བདུད་བཞིའི་སྟེང་དུ་མཾ་ལས་མ་ཧེ་ནག་པོ་རུས་པའི་རྒྱན་ཅན། དེའི་སྟེང་དུ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ལས་འཇམ་དབྱངས་སྔར་བཞིན། ཉི་མའི་འོད་ཀྱིས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡི་གེ་འབྲུ་གསུམ་དུ་སྤྱན་དྲངས་ཏེ་རང་ལ་ཐིམ་པ་ལས་རང་ཉིད་འབྲས་བུ་རྡོ་རྗེ་འཆང་ཞལ་གསུམ། ཕྱག་


TNT06_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །ཞབས་བཞི་པ། རྩ་ཞལ་མ་ཧེ་སོགས། གཡས་སྔོ། གཡོན་དཀར་བ། ཕྱག་དང་པོ་གཉིས་གྲི་ཐོད། བར་པ་གཉིས་ཅང་ཏེའུ་ཁ་ཊྭཱཾ་ག །ཐ་མ་གཉིས་གླང་པོ་ཆེའོ་ལྤགས་རློན་ཞེས་པ་ཁྱད་པར་རོ། །གཞན་ཡང་བདུད་བཞིའི་དོད་དུ་ལས་ཀྱི་གཤིན་རྗེ་ཁ་སྦུབ་ཏུ་བསྒྱེལ་བའི་སྟེང་དུ་སོགས་དང༌། བརྒྱན་ཅན། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པའི་འོད་ཟེར་གྱིས་གདུག་པ་ཐམས་ཅད་ཚར་གཅད། སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་དུ་གྱུར། རང་ལ་ཐིམས། ཡོངས་སུ་གྱུར་པ་ལས་རང་ཉིད་སོགས་དང༌། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། སྔར་གྱི་ཕྱག་བར་པ་གཉིས་བོར་བ་ལ་གཞན་སྔ་མ་ལྟར་རོ། །འདིའི་ཕྱག་ཐ་མ་བོར་བ་ཡང་ཕྱག་གཉིས་པའི་སྒྲུབ་ཐབས་ཏེ། གཞན་ཐམས་ཅད་ནི་སྔ་མ་འདི་ཁོ་ན་ལྟར་སྦྱར་བ་ཡིན་ནོ། །འདི་རྣམས་ལ་ཡང༌། དཀྱིལ་འཁོར་སྔ་མ་ལྟར་སྦྱར་བས་མང་པོར་འགྱུར་ཏེ། ཞལ་དགུ་པའི་གནས་སུ་དེ་རྣམས་སོ། །དེ་བས་ན་གང་ལ་མོས་པ་དེ་ལ་དེ་སྦྱིན་ནོ། །ཞེ་དགུ་རྒྱས་པ་བཅུ་གསུམ་མ་སོགས་ནི་འདོར་ལེན་ཙམ་གྱིས་དོན་འགྲུབ་པ་དཀའ་བར་མཐོང་བས་འདིར་མི་འབྲིའོ། །དེ་ལྟར་ལྔ་ལས་བརྒྱད་དུ་ཕྱེ་བ་སོགས་མང་པོར་འགྱུར་རོ། །བཅུ་གསུམ་གྱི་དཀྱིལ་འཁོར་ཡང་རྣམ་པར་མ་དག་པའོ་ཞེས་སྨྲ་བར་མི་བྱ་སྟེ་རྟོག་པ་བདུན་པར་བསྐྱེད་རིམ་གང་གསུངས་པའི་དོན་ཐམས་ཅད་ཚང་ལ། ལྷག་མ་ཡང་འདི་ཉིད་དང་མཐུན་པའི་རྒྱུད་ཀྱིས་དག་པར་ཁ་བསྐང་བའི་ཏིང་ངེ་འཛིན་རྒྱས་པ་སྟེ། རྡོ་རྗེ་སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་སོགས་ཀྱི་མན་ངག་དང༌། ལཱ་ལི་ཏའི་གཞུང་དང་ལྷག་པར་མཐུན་པས་ཤིན་ཏུ་ལེགས་སོ། །སྒྲུབ་ཐབས་རྡོ་རྗེ་སེམས་དཔའ་


TNT06_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པར་གྲགས་པའི་ལུགས་བཅུ་བདུན་མ་ནི་ཡན་ལག་ཕྱི་མ་རྣམས་སྤྱི་མཐུན་ལ། དང་པོའི་རྒྱུ་རྡོར་སེམས་འཇམ་དཔལ་མི་མཛད་པ། དཔལ་བདེ་མཆོག་གི་སྒྲུབ་ཐབས་ལཱུ་ཡི་པའི་ལུགས་དང་མཐུན་པ་ཞིག་སྟེ། འདིར་ནི་རྟོག་བདུན་ཉིད་ཀྱི་དགོངས་པ་བརྗོད་པ་ལས་ནི། དེ་ནི་རྒྱུད་གཞན་ལ་བརྟེན་པའམ། མན་ངག་འགའ་ཞིག་ཙམ་སྟེ། དེང་མི་བརྗོད་པ་ཁོ་ནའོ། །ཡེ་ཤེས་ཞབས་ཀྱི་མན་ངག་ལྟར་སློབ་དཔོན་ཀ་མ་ལ་རཀྵི་ཏས། སྒྲུབ་ཐབས་བྱས་པ་བཅུ་གསུམ་གྱི་དཀྱིལ་འཁོར་ཡང་དེ་ལྟར་རོ། །འདིར་སྨྲས་པ། འདི་ལ་བསྐྱེད་པའི་རིམ་པ་ཅི། །དེའི་སྦྱང་གཞིའི་རབ་དབྱེ་ཅི། །རྒྱུ་དང་དེ་བཞིན་གོང་མའི་ལམ། །འབྲས་བུ་ཆོས་མཐུན་དག་ཀྱང་གང༌། །བརྗོད་པ། ཡེ་ཤེས་ཚོགས་གསོག་གིས་འཆི་བ་སྦྱོང་ཞིང་འོད་གསལ་དུ་བྱེད། རྟེན་གྱི་དཀྱིལ་འཁོར་གྱིས་གང་དུ་སྐྱེ་བའི་སྣོད་དང༌། རླུང་དང་ཟླ་བ་རླུང་སེམས་ཕྲ་མོ། ས་བོན་ཕྱག་མཚན་དག་སེམས་ཀྱི་རྒྱུ་འཇམ་དཔལ་ནི། བར་དོའི་འགྲོ་བ་དང༌། ཡེ་ཤེས་ཀྱི་སྐུ། ཉི་མ་ནི་འོད་གསལ་བ། དཀྱིལ་འཁོར་བསྟིམ་པ་ནི་བར་མའི་སྲིད་པ་འགག་པའི་ཚུལ། ཟླ་བ་དང་བཅས་པའི་འཇམ་དཔལ་ཉི་མ་ལ་ཞུགས་པ་ནི་ཁུ་ཁྲག་དང་སེམས་གཅིག་ཏུ་འདྲེས་པ། ཉི་མ་ཡི་གེ་རྡོ་རྗེ་རྣམས་ནི་མེར་མེར་པོ་ལ་སོགས་པ། སྤྲོ་བསྡུས་སྦྱོར་བ་ནི། འབྱུང་བ་བཞིའི་སྟོབས་ལས་གོང་ནས་གོང་དུ་འཕེལ་བ། རྡོ་རྗེ་རྩེ་ལྔ་པའི་ཕྱོགས་ལ། རྭ་ནི་ཡན་ལག་ལྔ་དང་ཉིང་ལག་ཉེར་ལྔའོ། །དགུ་པ་ལ་ནི་ཕུང་པོ་ལྔ་དང་འབྱུང་བ་ལྔའོ། །སྐུ་རྫོགས་པ་ནི་བཙས་པ། ཉེ་བར་བསྒྲུབ་པ་ནི། ལུས་འཕེལ་བ། སྒྲུབ་པ་ནི་ལོ་བཅུ་དྲུག་ལོན་པ་ལྟར་ལུས་དང་ངག་དང་ཡིད་དང་བདེ་བ་རྫོགས་པ། སྒྲུབ་པ་ཆེན་པོ་ནི་རང་གི་གནས་ལ་དབང་བསྐུར་ཞིང༌། འགྲོ་བའི་


TNT06_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་གནས་པའོ་ཞེས་པ་འདི་ལ་ཕལ་ཆེར་ནི་སྦྱངས་གཞིའི་རབ་ཏུ་དབྱེ་བ་དང༌། ལ་ལ་ནི་ཆོས་མཚུངས་པ་དག་སྟེ། དེ་དག་གི་སྣང་བ་དང་དེར་ཞེན་པ་ཟློག་པ་སྟེ། གང་དག་དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་སུ་ཞེན་པས་ཀྱང་ངོ༌། །ཇི་ལྟར་ཞེ་ན། སྲིད་པ་གསུམ་པོ་ལ་སོགས་པའང་ཡང་དག་པའི་མཐའ་དང༌། མངོན་བྱང་ལྔས་རྒྱལ་བའི་སྐུ་འགྲུབ་པ་དང༌། སྤྲུལ་པའི་སྐུས་འགྲོ་བའི་དོན་སྤྱོད་པ་དང༌། དེའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་གྱུར་པ་དང༌། དབང་བསྐུར་ཐོབ་པ་རྣམས་སུའོ། །དེས་ན་རྫོགས་པའི་རིམ་པའི་རྒྱུར་འགྱུར་བ་ཡང༌། འདི་དང་འདིས་དཔག་པར་ནུས་སོ། །འདི་དག་ལ་ཞལ་དང་ཕྱག་ལ་སོགས་པ་རྡུལ་དུ་སྣང་བ་དང༌། ལུས་ཀྱི་ཆ་ཤས་ཙམ་གྱི་ང་རྒྱལ་ནི་རྣམ་པར་དག་པར་མི་འགྱུར་ཏེ། ཇི་སྐད་བཤད་པའི་རྣམ་པར་དག་པ་དེ་དང༌། དེའི་ང་རྒྱལ་བྱ་སྟེ། འདི་ལྟར་ཞབས་རྣམས་ནི་སྲིན་བུ་རྐང་མངས་ལྟ་བུ་མ་ཡིན་གྱི། དབང་ཕྱུག་བརྒྱད་དང༌། གྲུབ་པ་བརྒྱད་སྩོལ་བའི་ཐུགས་རྗེའི་ཡེ་ཤེས་རྣམ་པ་དེར་སྣང་བའོ་སྙམ་པ་ལྟ་བུའོ། །དེ་ལྟར། ཟབ་གསལ་གཉིས་སུ་མེད་པའི་ཚུལ་ལ། འཁོར་བའི་ཚུལ་དེ་དང་དེ་དག་པ་དང༌། འབྲས་བུ་དེ་དང་དེ་དངོས་ཀྱི་ང་རྒྱལ་མ་འགགས་པར་བསྒོམ་མོ། །འདིར་ཡང་སྨྲས་པ། བསྐྱེད་པའི་རིམ་པ་རྨད་བྱུང་ཞིག །དེ་རིང་ཀུན་དགའ་སྙིང་པོས་བསྟན། །ཡི་གེ་ཉུང་ཞིང་དོན་མང་བ། །འདི་ཡིས་བློ་ནུས་དཔོག་མིན་ནམ། །ཉིན་རེའམ་ཟླ་བ་སོ་སོའམ། །ཡང་ན་ལོ་ནི་རེ་རེར་ནི། །དབྱུག་གུ་དྲུག་ཅུ་རྩ་བཞིར་བཅས། །གཏོར་མ་དྲུག་ཅུ་རྩ་བཞིར་སྦྱིན། །དེ་ཡང་འཕོ་བ་རེ་རེ་ལ། མེ་རླུང་ས་ཆུ་རྒྱུ་བའི་དབྱུག་གུ་རེ་རེ་ཏེ་དྲུག་ཅུ་རྩ་བཞི་ལས་ས་ཆུ་ལ་དགེ་བ་དང་མེ་རླུང་ལ་དྲག་ལས་སམ་དབང་གི་ལས་བྱ་བ་དང༌། ཡང་ན། ཞག་


TNT06_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་དཀྱིལ་འཁོར་གྱི་བདག་ཉིད་ཀྱི་དབྱུག་གུ་དྲུག་ཅུ་རྩ་རེ་རེ། འཕོ་མཚམས་ཀྱི་ཡེ་ཤེས་ཀྱི་ཆ་རྣམས་ལ། དབྱུག་གུ་བཞིར་བྱས་ནས། དེ་དག་འཇིག་རྟེན་དུ་དུས་ཀྱི་ཕོ་ཉ་དང་བར་ཆད་དུ་འགྱུར་བ་ལས། ནང་གི་རྣལ་འབྱོར་གྱི་སྟོབས་ཀྱིས། འཆི་མེད་རྡོ་རྗེའི་སྐུའི་བར་དུ་བྱ་བའི་ཕྱིར། རྣམ་འགྱུར་བསད་བསྐྲད་ཞི་བ་དང༌། རང་བཞིན་དབང་དགུག་རྒྱས་སོགས་སུ་བྱེད་པ་ནང་གི་ངེས་པ་སྟེ། དེ་ལྟ་བུའི་དེ་ཉིད་ཤེས་པས་གཞན་དོན་བྱ་བའམ། ལས་དང་པོ་པས་ཀྱང་གཏོར་མ་དྲུག་ཅུ་རྩ་བཞིའི་ངེས་པས། ལས་ཚོགས་བདེ་བླག་ཏུ་འགྲུབ་པ་ནི་དེ་ལྟར་ཡིན་ལ། གཏོར་མ་ཕུལ་བས་རང་ཡང་མཆོག་གི་དོན་དེ་མྱུར་དུ་འགྲུབ་པའི་རྟེན་འབྲེལ་ཟབ་མོར་འགྱུར་ཏེ། འདི་བྱ་བ་ནི། བྲིས་སྐུའི་མདུན་དུ་ཤ་ལྔ་བདུད་རྩི་ལྔ་དང་ཁྲག་ཆེན་པོ་དང་ཆང་བསྲེས་པའི་དྲི་བཟང་གི་ཆུས་མཎྜལ་གྲུ་བཞི་བྱ། དེར་ཆོས་འབྱུང་དཀར་པོ། རྩེ་མོ་རང་ལ་ལྟ་བ། ནང་དམར་པོས་བྱུགས་ལ། དབུས་ཟླུམ་སྐོར་ལེ་ཚེ་དགུ་པ་བྱས་པའི་ལེ་ཚེ་ཕྱོགས་མདོག །དབུས་སུ་བཅོམ་ལྡན་འདས་འཇིག་རྟེན་འདས་པའི་ལྷ་གྲངས་ཇི་ཙམ་ཡོད་པ་དང༌། ལེ་ཚེ་བརྒྱད་ལ་ཕྱོགས་སྐྱོང་བཅུའི་ཚོམ་བུ་དགོད། ཆོས་འབྱུང་གི་གཡས་སུ་འདས་པའི་གཏོར་མ་ཆེ་བ་ཞིག་ཐོད་པའམ་སྣོད་གང་ཡང་རུང་བར་བཤམས། གཡོན་དུ་འབྱུང་པོ་ཐམས་ཅད་པ། རྒྱབ་བམ་མདུན་གང་བ་དེར་ལས་ཀྱི་གཤིན་རྗེ་གཏོར་མ། དེ་ཐམས་ཅད་ཤ་ཁྲག་སྣ་ཚོགས་པས་སྤགས་ཏེ། བ་དན་ལ་སོགས་པས་བརྒྱན། གཏོར་མའི་རྒྱུ་ཟན་ཤ་ཁྲག་ཉ་སྒོག་ཙོང་ཆང་འབྲུ་སྣ་ཚོགས་པ་ལས་བྱ། སྣོད་གཅིག་ཏུ་གཤོམས་པའམ། སྣོད་གཞན་དུ་དྲུག་ཅུ་རྩ་བཞིའི་གཏོར་མའང་བཞི་ཚན་ནམ་བཅུ་དྲུག་ཚན་ཅི་རིགས་ལོང་སྐབས་དང་བསྟུན་པར་བཤམས། དབྱིབས་ནི་བོད་རྣམས་ལས་དང་མཐུན་པའི་དབྱིབས་ལྟར་མཛད་པར་སྣང་བས་དེ་ལྟར་ཡང་རུང་ངོ༌། །དེ་ལ་འདིར་ཤ་


TNT06_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཆང་རྣམས་རྫས་ཀྱི་གཙོ་བོ་ཡིན་ནོ། །དེ་ནས་མཆོད་པ་བྱིན་རླབས་བྱ། དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་སོགས་ཡན་ལག་བཞི་རྫོགས་པར་བསྐྱེད་པའམ་བསྡུ་ན། ཧཱུཾ་གི་འོད་ཟེར་གྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་ཧྲི་ཧ་བྷོ་སོགས་ཀྱིས་མདུན་གྱི་མཎྜལ་གྱི་སྟེང་དུ་སྤྱན་དྲངས་ཏེ་བཞུགས་ཞེས་བྱ། དེ་ནས་མཆོད་ཡོན་སོགས་ཕྱག་རྒྱ་དང་བཅས་དབུལ་ཏེ། ཨོཾ་ཧྲཱིཿཧ། ཨོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀུ་མ་ར་རཱུ་པཱི་ནི་ཛཿཛཿ ཨོཾ་ཧྲིཿཧ་ཧཻ་ཕཊ། ཨོཾ་དིཔྟ་ལོ་ཙ་ན་བི་ཀྲྀ་ཏཱ་ན་ན་མཧཱ་ཨཊྚཊྚ་ཧཱ་ས་ན་དི་ན་དིཔྟ་ཡ་སྭཱཧཱ། ཨོཾ་བི་ཀྲི་ཏཱ་ན་ན་དུཥྟ་སཏྭ་ད་མ་ཀ་གཿགཿགཿ ཨོཾ་ཀཱ་ལ་རཱུ་པ་སརྦྦ་དུཥྟ་སཏྭ་ད་མ་ཀ ། མཧཱ་བྷཱུ་ཏ་ཨ་དྷཱི་པ་ཏི་ཨི་མཾ་བཱ་ལིང་གྲྀ་ཧ་ཎ་པ་ཏ་ཡེ་སྭཱཧཱ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། དེ་ནས་སྙིང་པོའི་མཐར་ཨོཾ་ཨཱཿཧཱུཾ་བཏགས་ཏེ་ནང་མཆོད་དོ། །ཡིད་ཀྱི་རིག་མ་སྤྲུལ་པ་ཕུལ་སྟེ། བདེ་བ་ཆེན་པོས་སྙོམས་པར་ཞུགས། ཨོཾ་ཨ་ནུ་རཱ་གའི་སྔགས་རྒྱ་བྱ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང༌། །ཤེལ་ལ་ཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ། རོལ་དུ་གསོལ། བསྣམས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་འགག་པ་མེད་པ་ལ། །མིག་ཡོར་བཞིན་དུ་རོལ་དུ་གསོལ། །ཧོ་ཆགས་པ་མེད་བཞིན་ཆགས་པར་མཛོད། །ཨོཾ་སརྦ་པཱུ་ཛ་སོགས། དུར་ཁྲོད་རྒྱན་གྱི་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་


TNT06_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུར་བསྟན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་ལ། ཨ་ལས་ཐོད་པ་དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔའི་སྟེང་དུ། བི་ར་ཤུ་མ་མུ་ལས་བདུད་རྩི་ལྔ། ཀྵེ་མ་མེ་ད་ཡ་ལས་ཡེ་ཤེས་ལྔ། རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་པ་ཞུ་བའི་སྤྲིས་མ་སྣ་ཚོགས་རྡོ་རྗེའི་ལྟེ་བར་མི་བསྐྱོད་པས་གཙོ་བྱས་པའི་རིགས་ལྔ་ཡབ་ཡུམ་སྙོམས་པར་འཇུག་བཞིན་པ། སངས་རྒྱས་ཐམས་ཅད་རིགས་ལྔའི་རྣམ་པས་རང་རང་གི་ཞལ་དུ་ཞུགས། ཡུམ་གྱི་མཁར་བབས་པའི་རྐྱེན་གྱིས་བདེ་བ་ཆེན་པོའི་བདུད་རྩིར་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོའི་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ འདི་ནི་མན་ངག་གོ །དེའི་ནང་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་སྒྲོན་མ་ལྔ། ལཾ་མཾ་པཾ་ཏཾ་བཾ་ལས་བདུད་རྩི་ལྔར་གྱུར་པ་ལ། རང་རང་གི་ཡི་གེས་མཚན་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་རིམ་པས་བརྩེགས་པ། རླུང་སོགས་ཞུ་ཞིང་འདྲེས། ཡིག་འབྲུ་གསུམ་གྱི་འོད་ཀྱིས་སངས་རྒྱས་ཐམས་ཅད་རྡོ་རྗེ་གསུམ་གྱི་ལྷར་སྤྱན་དྲངས། ཡེ་ཤེས་ཀྱི་བདུད་རྩིར་ཞུ་ཞིང་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་སོགས་བྱ་བ་ནི་ཁྱད་པར་ཏེ་ལུགས་གཞན་ནོ། །ཨོཾ་ཡ་མ་རཱ་ཛ་སོགས་དང༌། ཧྲཱིཿདང༌། ཡ་མཱནྟ་ཀའི་མཐར། སརྦ་བིགྷྣཱན་ཤ་ཏྲུན་མཱ་ར་ཡ་ཨི་དཾ་བཱ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་པ་བདུན་ལ་སོགས་པས་གཏོར་མ་འབུལ། ཡི་གེ་བཅུ་པའི་མཐར། བཛྲ་བྷཻ་ར་བཱ་དྷི་པ་ཏ་ཡེ་ཨི་དམ་བཱ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཞེས་པའང་གཏོར་སྔགས་སོ། །དེ་ནས་མཆོད་བསྟོད་


TNT06_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ། རང་གི་སྙིང་ག་ནས་ཁྲོ་བོ་ལྕགས་ཀྱུ་ཐོགས་པ་སྤྲོས་པ་རྣམས་ཀྱིས་ཕྱོགས་སྐྱོང་རྣམས་བཀུག །ཡི་གེ་བཅུ་པའི་མཐར། ཧཱུཾ་ཨིནྡྲ་ཨ་དཱི་ནཱཾ་ཨཱ་ཀརྵ་ཡ་ཛཿ ཕྱོགས་བཅུའི་དཀྱིལ་འཁོར་དུ་འཁོད། ཕུར་བུ་བཅུ་སྤྲོས་ནས་དེ་རྣམས་ཀྱི་སྤྱི་བོར་བཏབ། ཧྲཱིཿཥྚཱིཿའི་མཐར་ཧཱུཾ་ཨིནྡྲ་ཨ་དཱི་ནཾ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། གྲུབ་པའི་བཅུད་ཀྱིས་རེག་པ་ལྟར་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པར་གྱུར། གོང་ལྟར་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་རློབ། དབང་གི་ལྷ་རིགས་ལྔས་དབང་བསྐུར་ཏེ། གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན། དང་པོར་གཏོར་མ་ལན་གཅིག་ཕུལ། མཆོད་བསྟོད་འདོད་དོན་གསོལ་གདབ། དེ་ནས་ཚན་པ་ཇི་ཙམ་བཅད་པ་རྣམས་སོ་སོ་ལ། ནང་མཆོད་གཏོར་བསངས་སྦྱངས་འབྲུ་གསུམ་རླུང་དང་བསྟུན་ནས་བྱིན་རླབས་བྱ། གཏོར་མ་དང་གྲངས་མཉམ་པའི་སྔགས་རྒྱས་ཕུལ། ཨརྒྷཾ་སོགས་དང༌། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད། བསྟོད་པ་དང་འདོད་དོན་གསོལ་བཏབ་བསྡུས་རེ་བྱ་ལ། མཐར་མཇུག་ཏུ་མཆོད་བསྟོད་སོགས་བྱ། དེ་ལ། ཨོཾ་ཨིནྡྲ་ཡ་ཧྲཱིཿ ཡ་མ་ཡ་ཥྚཱིཿ ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤ་ནཱ་ཡ་ཏ། ཨགྣེ་ཡ་ཨ། ནི་རི་ཏྱ་ན། བ་ཡ་བེ་ན། པྲཧྨ་ཡ་ཧཱུཾ། བ་སུནྡྷ་རི་ཕཊ། སརྦ་བྷཱུ་ཏེ་བྷྱོ་ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཕཻཾ་ཕཻཾ་ཕཊ་སྭཱཧཱ། འདི་ནི་གཏོར་སྔགས་སོ། །ཡང་ན། ཨོཾ་བྷུ་ཙ་རཱ་ནཾ། ཡ་པཱ་ཏཱ་ལ་ཙ་རཱ་ནཾ། མཱན་ཁེ་ཙ་རཱ་ནཾ། ཏ་པུརྦྦཱ་དྷི་ག་ཏཱ་ནཾ། ཀ་དཀྵི་ཎཱའ་དྷི་ག་ཏ་ནཾ། ཧཱུཾ་པཉྩི་མཱ་དྷི་ག་ཏཱ་ནཾ། ཕཊ་ཨུཏྟ་ར་ཨ་དྷི་ག་ཏཱ་ནཾ། ཨོཾ་ཨི་ཧྲཱིཿཡ་ཥྚཱིཿབ། བི་ཀྵོ་ཀྲྀ་ཀོ་ཏ་ཨེ་ན་ཨ་ན་དེ་ཧཱུཾ་བྷྱཿཕཊ་སརྦ་བྷཱུ་ཏེ་བྷྱཱཿ ཨི་མཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ། བདུད་བཞི་པོ་ནི་རྣམ་པར་


TNT06_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང༌། །ཕྱོགས་སྐྱོང་འཁོར་དང་བཅས་ལ་བསྟོད། །བཅོམ་ལྡན་འདས་དང་ཕྱོགས་སྐྱོང་ཚོགས། །མཆོད་སྤྱིན་རྒྱ་ཆེན་འདིས་ཚིམས་པས། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ཕན་དང་བདེ་ལ་གེགས་བྱེད་པའི། །འགལ་རྐྱེན་བར་ཆད་ཕྱི་ནང་གསང༌། །སྐད་ཅིག་ཉིད་ལ་ནི་ཝ་ར་ཡ་ཕཊ། །མཐུན་རྐྱེན་ཐམས་ཅད་འགྲུབ་པ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་པ་ནི་བསྟོད་པ་དང་འདོད་དོན་ཞུ་བའོ། །དེ་ནས། སྙིང་གའི་འོད་ཀྱིས། ཆོས་ཀྱི་རྒྱལ་པོ་གཤིན་རྗེ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་ཧྲཱིཿཥྚཱིཿསོགས་དང༌། ཡ་མ་རཱ་ཛ་ས་པཱ་རི་ཝ་ར་ཀརྵ་ཡ་ཛཿ དམ་རྒྱ་བཅས་ཏེ། ཨོཾ་ནས། ས་པཱ་རི་ཝཱ་ར་ས་མ་ཡ་སྟྭཾ། དམ་ལ་བཞག་དབང་བསྐུར་བས་རྡོ་རྗེ་ནག་པོ་རྩེ་ལྔ་པས་དབུ་བརྒྱན། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ། ཨི་དཾ་བཱ་ལིང་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ། བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ། །བདུད་འདུལ་བསྟན་པ་བསྲུང་བར་ཞལ་བཞེས་པ། །ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ། །འབྱུང་པོ་རོ་ལངས་ཅི་བགྱི་བཀའ་ཉན་སོགས། །ཕྱི་ནང་གསང་བའི་དམ་ཅན་མ་ལུས་ལ། །བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས། །ཆོས་ཀྱི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་ཆེན་པོས་ཚིམ་གྱུར་ཏེ། །བསྟན་དང་སེམས་ཅན་ཡོངས་ལ་འཚེ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྡུལ་ཕྲན་ཙམ་


TNT06_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །སྙིང་ནས་བྱང་ཆུབ་མཆོག་སྒྲུབས་པའི། །འཕྲལ་དང་ཡུན་གྱི་འགལ་རྐྱེན་རྣམས། །བཟློག་ཅིང་བསྒྱུར་ལ་རྡུལ་དུ་རློགས། །རྣམ་འགྱུར་རྣམ་དག་ཆོས་ཀྱི་དབྱིངས། །མཉམ་ཉིད་ཆེན་པོར་དྲག་སྦྱོར་མཛོད། །ཅེས་ཐལ་མོ་བརྡབས། ཐུན་གཏོར། ཟོར་དུ་འཕེན་པ་ཕྱིར་ཟློག་གི་ཆ་ཤས་སུ་འགྱུར་ཞེས་སྐྱོ་པ་རྣམས་ཕྱག་ལེན་དུ་མཛད་དོ། །གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བརྗོད། ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་གཙྪ་ཞེས་སམ། ཡང་ན། ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་སོགས། སླར་ཡང༌། བཅོམ་ལྡན་འདས་འཁོར་བཅས་ལ་མཆོད། དངོས་གྲུབ་བླངས། བཟོད་པར་གསོལ། ཡི་གེ་བརྒྱ་པའི་བཟླས་པ་བྱ། ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ་བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་སྠཱ་ནཾ་ཀྲྀ་ཏནྟེ་ན་ཐཱ་གཙྪ་སརྦྦ་བུདྡྷ་ཤྩ་བི་སརྫྫ་ཡ། མ་མ་ཀརྨྨཾ་ཀུ་རུ་སྭཱཧཱ། གཏོར་མགྲོན་རྣམས་གཤེགས། དམ་ཚིག་པ་རང་ལ་བསྡུ། དགེ་བ་བསྔོ། ཤིས་པ་བརྗོད་དོ། །འདི་ནི་ཕྱི་རོལ་མཆོད་པ། གཏོར་ཆོག་དང་བཅས་པ་ཤིན་ཏུ་བསྡུས་པ་སྟེ་རྒྱས་པར་གཞན་དུ་བལྟའོ། །མཆོད་པའི་ཚེ་རོལ་མོ་སྣ་ཚོགས་པ་བརྡུང་ཞིང༌། ཁྱད་པར་ཅང་ཏེའུ་ཐོད་པའི་རང་བཞིན་ཏེ། བསྟོད་པ་དང༌། གཏོར་མ་བསྐྱེལ་བ་ན་ཡང་ངོ༌། །གལ་ཏེ་ཕྱོགས་སྐྱོང་བཅོ་ལྔ་ལ་ནི་གཏོར་སྔགས་ཀྱང་དེ་ལྟར་སྦྱོར་རོ། །འདིར་སྨྲས་པ། བཅུད་ལེན་མཆོག་གིས་རེག་ན་ལྕགས་ཀྱང་གསེར། །སྔགས་ཀྱི་མཐུ་ལས་དུག་ཀྱང་བདུད་རྩིར་འགྱུར། །འཆི་བ་སྟེར་བྱེད་དབྱུག་གུའི་ཡེ་ཤེས་ཆ། །ཐབས་མཁས་སྦྱོར་ལས་དངོས་གྲུབ་རྣམ་གཉིས་རྒྱུ། །ད་ནི་རྫོགས་པའི་རིམ་པ་ཤིན་ཏུ་ཟབ་མོ་འཐོར་


TNT06_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་གནས་པ་དག་འདིར་བསྡུ་སྟེ། དང་པོ་ཤནྟི་པ་ཞེས་གྲགས་པ་ཐམས་ཅད་མཁྱེན་པ་ལྟ་བུ་དེས་མཛད་པའི་ཚོགས་འཁོར་དུ། སྙིང་གའི་ལྟེ་བར་ཟླ་བ་ལ་ཆོས་འབྱུང་དམར་པོའི་ནང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། སྤྱི་བོའི་སྟེང་མཐོ་གང་ཙམ་གྱིས་དཔགས་པ་ཟླ་བའི་འོག་ཏུ་ཨོཾ་མགོ་བོ་ཐུར་བསྟན། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཨོཾ་དང་ཟླ་བ་ལས་བདུད་རྩིའི་རྒྱུན་བྱུང༌། སྤྱི་གཙུག་ནས་ཞུགས། སྙིང་གའི་རྡོ་རྗེར་ཐིམ་ནས། ནུས་པ་བདེ་དྲོད་རླན་དང་བཅས་པ་ལུས་ཐམས་ཅད་ལ་ཁྱབ་ཡང་ཡང་སྒོམ་ཞིང་རྡོ་རྗེ་ལ་སེམས་འཛིན། ༡ སྤྱི་བོར་བུམ་པ་བདུད་རྩིས་གང་བའི་རྒྱུན་ཞལ་དགུ་སོ་སོར་དྲངས། མཐར་ཏིང་ངེ་འཛིན་སེམས་དཔའ་ལ་བསྟིམ་པ་ཡང་ཡང་སྒོམ་སྟེ། ཏིང་ངེ་འཛིན་སེམས་དཔའ་ལ་གཙོ་བོར་སེམས་འཇོག་གོ ༢ ། ཡང་དངོས་སམ་ཡིད་ཀྱི་རིག་མ་དང་སྙོམས་པར་ཞུགས་པའི་ཐིག་ལེ་ཡུངས་འབྲུ་ཙམ་རྡོ་རྗེའི་རྩེ་མོའམ་ཤེས་རབ་ཀྱི་སྣ་རྩེར་སྒོམ་པ། ༣ ཡང་མན་ངག་ནང་གི་རྣལ་འབྱོར་གྱི་སྐབས་བསྟན་ཏེ་དང་པོ་གཉིས་ནི་བསམ་གཏན་གྱི་དུག་གཞིལ་བའི་ཆོ་གའི་ངེས་དོན་ཡིན་ལ། གཞན་ཡང་འདིར་རྫོགས་རིམ་ཕྱག་རྒྱའི་རྣལ་འབྱོར་བསྟན་པ་དང༌། སྤྱོད་པའང་ཚོགས་འཁོར་གྱིས་དོན་གྱིས་བསྟན་ཏོ། །འདི་རྣམས་ཡེ་ཤེས་ཞབས་དང་མཐུན་ནོ། །རྭ་ལོ་ཆེན་པོའི་བཞེད་པའི་དེའི་མན་ངག་བཅུད་ཐིག་སོགས་སུ་འབྱུང་བའི་གདམས་པ་སྣ་ཚོགས་པ་དག་བསྡུ་ན། ཤིན་ཏུ་སྤྲོས་པ་མེད་པ་ཟབ་མོའི་དབྱིངས་ལྷན་ཅིག་སྐྱེས་པའི་མན་ངག་ནི། རང་སེམས་སྤྲོས་མེད་ལྷན་སྐྱེས་ལ། སྤྲོས་བཅས་གློ་བུར་པ་ཐམས་ཅད་སྤངས་ཏེ། ལྷན་སྐྱེས་ཀྱི་ངང་སྐྱོང་བ། རྣམ་རྟོག་གང་བྱུང་མི་འཐུད་པ་དུས་སྐབས་ཐམས་ཅད་དུ་དེའི་རྒྱ་དང་མ་བྲལ་བ་འདི་གསུམ་ལ་མ་བཅོས་


TNT06_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྩ་བ་མེད་པ། རང་ཤར་ཞེས་པའི་མཚན་གསོལ་ཏེ། གཟུང་འཛིན་སྤྲོས་མེད་མཚན་མོ་རྒྱུ་བའི་མན་ངག་གོ ༤ ། ཡང་ཐིག་ལེའི་རྣལ་འབྱོར་བསྐྱེད་རྫོགས་ཟུང་འབྲེལ་ལ། སྟེང་གི་སྣ་སྒོར་ཟླ་བ་མ་ཤཀ་ཙམ་ལ་རྡོ་རྗེ་སྔོན་པོ་ཡུངས་འབྲུ་ཙམ་དེ་ལ་སེམས་ངར་བསྐྱེད་དེ་སྒོམ་པ་དང༌། ༥ གསང་རྩེའི་བུ་ཀར་ཟླ་བ་རྡོ་རྗེ་དམར་སྐྱ་ཡུངས་འབྲུ་ཙམ་ལ་དང་སློད་པ་སྟེ་འདི་གཉིས་ཀྱིས་བྱིང་རྒོད་ཀྱང་སེལ། ཟབ་པའི་རྣལ་འབྱོར། ༦ དེ་བརྟན་ན་སྟོང་གསུམ་ཡུངས་འབྲུར་བསྡུད། རྡུལ་ཕྲན་གྱིས་སྟོང་གསུམ་ཁྱབ་པའི་སྤྲོ་བསྡུ་བྱེད་པ་རྒྱ་ཆེ་བ་ལ་བརླབ་པའི་རྣལ་འབྱོར་ཞེས་གསུངས། ༧ ཡང་རྒྱུད་ཀྱི་བཟླས་དམིགས་ཀྱི་ངེས་དོན། རྟོག་པ་བཞི་པར། དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་ཤིན་ཏུ་མཉམ་པར་གཞག་པའི་སྔགས་པས། ཞེས་གསུངས་པའི་སྐབས་སུ་འཆད་དེ། མན་ངག་ནི། རྫོགས་རིམ་སེམས་དཔའ་གསུམ་བརྩེགས་ཞེས་བྱ། དེ་ཡང༌། བཟླས་པའི་འཁོར་ལོའི་དབུས་ཀྱི་ཏིང་ངེ་འཛིན་སེམས་དཔའ། ཧཱུཾ་དེ་ཉིད་དམ། དེ་ཞུ་བའི་ཐིག་ལེ་མདོག་ཁྲག་ཤས་ཆེ་ན་དཀར་པོ། རླུང་ཤས་ཆེ་ན་དམར་པོ། སྙོམས་ན་དཀར་དམར་རོ་གསུངས་ཏེ་དོན་དུ་དཀར་དམར་རོ། །དེའི་འོད་ཀྱིས་རིམ་གྱིས། ཁྱབ་མཐར་དཀྱིལ་འཁོར་ཡོངས་རྫོགས་མུན་ཁུང་སྒྲོན་མེ་བཏེག་པ་ལྟར་གསལ། སླར་རིམ་གྱིས་རིམ་གྱིས་ཧཱུཾ་ལ་བསྡུས་པ་རིང་དུ་ཡིད་གཏད། དེ་ཡང་བརྟན་བརྟན་དུ་ཡང་ཡང་བསྒོམ། ཡང་སྔར་བཞིན་སྤྲོས་ནས་ཐམས་ཅད་བསྡུས་ཏེ་མ་ཧེའི་ཞལ་དུ་ཐིམ། ཡང་སྤྲོས་ཏེ་གསལ་འདེབས། དེ་ལྟར་གསལ་སྣང་ནམ་ཐོབ་ཀྱི་བར་དུ་བྱ་བ་སྟེ་རྒྱ་ཆེ་བ་ལ་སེམས་བཟུང་བའོ། ༨ ། ཡང་སྔ་མ་ལྟར་སྤྲོས། ཐམས་ཅད་འོད་དུ་ཞུ་བདག་ལ་ཐིམ། རང་ཡེ་ཤེས་སེམས་དཔའ། དེ་ཏིང་ངེ་འཛིན་སེམས་དཔའ།


TNT06_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་ད། ཆེས་ཕྲ་བར་བསྡུ། དེ་ལ་སེམས་བརྟན་ན། དེ་ཡང་ཡལ་བའི་མཐའ་བྲལ་ལ་འཇོག་པ་ནི། ཟབ་པ་ལ་བསླབ་པ། ༩ ཡང་སྐད་ཅིག་གིས་སྤྲོས་ནས་སྣང་སྟོང་དབྱེར་མེད་ལ་འཇོག་པ་ཟུང་འཇུག་ལ་བསླབ་པའོ། ༡༠ ། དེ་རྣམས་ནི་ཡེ་ཤེས་ཞབས་དང་མཐུན་ལ། ཕལ་ཆེ་ཨ་བ་དྷཱུ་ཏིའི་ནང་དུ་བསྒོམ་པ་ཤས་ཆེ་བ་ཡིན་ནོ། །མ་ཧེའི་ཞལ་ཞེས་པའི་ནང་དོན། རྭ་སྒོམ་པ་ནི་ལྟེ་བར་ཉི་ཟླ་བརྩེགས་པ་ལ་མ་ཧེའི་གདོང་བརྒྱད་བརྩེགས་པའི། སྟེང་མའི་རྭ་གང་རུང་གི་རྩེའི་ནང་དུ། ནཱ་དའི་རེ་ཁ་ཕྲ་མོ་ལ་སེམས་འཛིན་ཅིང༌། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའོ་ཞེས་ཡང་ཡང་སྒོམ། ༡༡ མཚན་མ་གྱེན་འགྲེང་གི་རྣལ་འབྱོར་ལ་རྣལ་འབྱོར་ལམ་པས་སྒོམ་པ་ནི་ལྷ་སྐུ་འཇའ་ལུས་ཀྱི་ལྟེ་བའི་ཁོང་སྟོང་དུ་ཧཱུཾ་ནག་པོ། དེའི་འོག་ཏུ་ཨཱཿདམར་པོ་རླུང་བུམ་ཅན་བཟུང་བས། འོག་རླུང་ཡར་ལོག་ན་ཡི་གེ་གཉིས་ལ་ཐིམ། དེ་གཉིས་ལས་འོད་དམར་ནག་གཉིས་སྣ་བུག་ནས་གློག་འགྱུ་བ་བཞིན་བྱུང་སྣང་བ་ཐམས་ཅད་གསལ། སྔར་གྱི་ལམ་ནས་ཡི་གེ་གཉིས་ལ་ཐིམ་པ་ལ་སེམས་འཇོག་པ། ས་བོན་ལ་སེམས་འཛིན་པ། ༡༢ འོད་གཉིས་ཀྱི་སྣང་བ་ཐམས་ཅད་ཞུ་རང་ལ་བསྡུ། རང་ཡི་གེ་དེ་ནཱ་དའི་བར་དུ་བསྡུས་ནས། ནཱ་ད་ཇེ་ཕྲ་ལ་སེམས་འཛིན་པ། ནཱ་ད་ལ་སེམས་འཛིན་པའོ། ༡༣། འདི་ལས་རླུང་སེམས་ལས་སུ་རུང་བ་ན། ཆགས་ལམ་ལས་རྒྱ་བརྟེན་པའི་མཚན་མ་གྱེན་བསྒྲེང་བསྒོམ། ༡༤ ཐིག་ལེ་འགོག་པ་མཚན་མ་གྱེན་བསྒྲེང་ཞེས་བྱ་བ་རླུང་འོང་བ་བདེ་བ། འགྲོ་བ་སྡུག་བསྔལ། རྒྱུ་བ་ཆད་པ་བཏང་སྙོམས། ཕྱིར་རྒྱུས་ནང་དུ་མ་བརྒྱུས་པར་རྣམ་རྟོག་རང་བཞིན་གྱིས་འགག །སྤྲོས་པ་ནུབ་པས་དེ་གཉིས་ཀྱི་བར་དེ་གཉིས་སུ་སེམས་གཏད་དེ། མ་བཅོས་པའི་ཚུལ་གྱིས་ཧད་དེ་བ་ཡིད་མིག་རླུང་


TNT06_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྣ་རྩེར་ཧྲིལ་གྲིལ་བ་སྟེ། བདེ་བའི་ཡེ་ཤེས་རང་ཤར་ངང་ཐིག་ལེ་རང་འགག་སུ་འབྱུང༌། རིལ་བ་ཞགས་ཚགས་ཀྱི་དཔེ་དང་འདྲའོ། ༡༥ ། བསམ་གཏན་གྱི་རྟོག་པར་བ་མོ་ཞུ་བ་དང༌། འོ་མ་ཅན་གྱི་ཤིང་འཛག་པའི་ངེས་དོན་གཞན་འོག་ནས་འབྱུང་བ་དང་འདྲ་ལ། དང་པོ་འོག་སྒོ་ལ་སྦྱར་ནས་ཕྱག་རྒྱའི་དྭངས་མ་འདྲེན་པ་དང༌། ཕྱི་མ་ཤིང་གི་དོན་རྩ་དབུ་མ་ཡིན་པས་དབུ་མའི་ནང་དུ་འབྱུང་བ་རྣམས་སྒོམ་པ་དང༌། བཾ་གྱི་དོད་ཧཾ་ལ་བྱེད་པ་ལུགས་འདི་པའི་ཁྱད་པར་ཏེ། དེ་རྣམས་བདེ་དགྱེས་སོགས་དང་མཐུན་ནོ། ༡༦ ། འོད་གསལ་ལ་སེམས་དཔའ་གསུམ་རྩེག་ནི། བཟླས་པའི་དམིགས་པ་ཇི་བཞིན་ལས། སྔགས་འཕྲེང་མི་བསྒོམ། ཡེ་ཤེས་སེམས་དཔའ་དབུ་མའི་ནང་གི་ལྟེ་སྙིང་གར་རུང་དུ་བསྒོམ། ཧཱུཾ་གི་འོད་ཀྱིས་རྗེས་གཞིག་སྒོམ་མོ། །རྭ་པ་གོང་མ་རྣམས་ཀྱིས་འཇིགས་བྱེད་ཀྱི་འཕོ་བ་བསྒོམ་པའི་གསལ་ཁ་མེད། ཕྱི་མ་རྣམས་དང༌། སྐྱོ་པ་རྣམས་ཡི་གེ་གཅིག་པ་ཞིག་བསྒོམ། ཕྱིས་ཀྱི་མཁས་པ་ཁ་ཅིག་སམྦུ་ཊིའི་ལུགས་དེ་མཛད་མོད། དེ་ཐམས་ཅད་རྒྱུད་འདིར་ནི་འདིས་བསྟན་མེད་ལ། རྫོགས་རིམ་དངོས་མ་ཡིན་པས་འདིར་མ་བྲིས་སོ། །བླ་མ་སྐྱོ་པའི་མན་ངག་ཟབ་མོ་རྭ་རྩེ་སེམས་འཛིན་ནི། རང་དཔའ་གཅིག་ཆོས་འབྱུང་དཀར་པོར་གནས་པའི་སྙིང་གར། རྒྱུའི་འཇམ་དཔལ་པད་དཀར་ལ་གནས་པ། འོད་དཔུངས་འཁྲིགས་པ། རྭ་སྔོ་བསངས་དྭངས་གསལ་རྩེ་རྣོ་ཟུལ་བའི་ནང་དུ་ཐིག་ལེ་དཀར་ལ་འཚེར་བ། དེ་ལས་ཐིག་ལེའི་རྒྱུན་བྱུང༌། མགྲིན་པར་གཅིག་ཏུ་འདྲེས། སྙིང་གའི་འཇམ་དཔལ་གྱི་སྤྱི་བོ་ནས་ཐིམ་པས། ལུས་སེམས་བདེ་བས་ཁྱབ་པ་ལ་སེམས་གཏད། བྱང་སེམས་བདེ་བའི་འོད་དཀར་པོ་ལིངྒ་རབ་ཏུ་རྒྱས་པ་ནས་ཡར་བྱུང༌། སྐུའི་ཕྱི་ཡང་ཁེབས། སེམས་ཅན་ཐམས་ཅད་ལ་


TNT06_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་པས་བདེ་བའི་ངོ་བོར་གྱུར། རང་ལྷ་སྐུ་དངུལ་ཆུའི་ཐིགས་པ་ལྟ་བུའི་གསལ་དྭངས་འཚེར་བ་ལ་སེམས་འཇོག་པའོ། ༡༧ ། མཚན་མོ་རྒྱུ་བ་ནི་དུས་རྟག་ཏུ་འཇིགས་བྱེད་ཀྱི་གསལ་སྣང་དང༌། ང་རྒྱལ་ཤུགས་ཆེ་བ་ཡུད་རེ་དེ་ཡང་གསལ་སྟོང་རང་ཤར་ཙམ། དེ་ཙམ་མ་གཏོགས་དམིགས་མེད་ཉིད་ལ་བཞག །མཚན་མོ་གཅེར་བུ་གྲི་ཐོད་འཛིན་ཚུལ་བྱ། སྣ་རྩེར་སེམས་ཆེར་གཏད། ང་རྒྱལ་བརྟན་པོས་གོམ་པ་བདུན་ཙམ་རྒྱུ། རྣམ་རྟོག་གང་བྱུང་སྤྲོས་མེད་དུ་ཐག་བཅད། འཇིགས་པ། ཡ་ང༌། བག་ཚ། གཡང་ས་མེ་ཆུ་སོགས་ཐམས་ཅད་ལ། རང་དང་དབྱེར་མེད་དུ་བསྲེས་ནས། ཆེར་གྱིས་ལྟ་བའི་ཡིད་ཀྱིས་ཐོག་རྫིས་བྱ། དེ་ནས་ཇེ་རིང་དུ་རྒྱུ། མཐར་གྱང་སོགས་ལ་ཐོགས་པ་མེད་ན་ཐུན་མོང་གི་དངོས་གྲུབ་ཡུད་ཀྱིས་འགྲུབ་པ་ཡིན་གསུང༌། ༡༨ གཏུམ་མོ་ནི། བསམ་གཏན་གྱི་རྟོག་པའི་བུ་མོ་དབང་དུ་བྱེད་པའི་དེས་དོན་ཏེ། རྐང་པར་རླུང་སྔོན་པོ་ཟླ་གམ། སུམ་མདོར་མེ་དམར་པོ་གྲུ་གསུམ། སྙིང་གར་ས་སེར་པོ་གྲུ་བཞི། དཔྲལ་བར་ཟླ་བ་གང་བ་ཆུའི་རང་བཞིན་རྣམས་ལ་ཡཾ་རཾ་བཾ་ལཾ་གྱིས་མཚན་པ། རླུང་ཁ་སྦྱོར་བཟུང༌། རླུང་གཡོས། མེ་སྦར། ས་བསྲེགས། བཾ་ཞུ་བ་གསང་བའི་ཞུ། ལྡོག་བྱེད་པའི་འབར་འཛག་སྒོམ་པའོ། ༡༩ ། ཅོ་གྲུ་ལོ་ཙཱ་བ་ཆེན་པོའི་བཞེད་པས་འཁོར་ལོ་བཞིའི་གཏུམ་མོ་སྒོམ་པར་བཞེད་པ་ནི་ཤིན་ཏུ་ལེགས་ཤིང༌། འོན་ཀྱང་དེའི་དམིགས་པ་དཔྱིད་ཐིག་ཡི་གེ་བཞི་པ་ཉིད་ཡིན་པས་དེར་བལྟའོ། ༢༠ ། དེ་ལྟར་ཞང་སྐྱོ་རྭ་གསུམ་ཀའི་ལུགས་ལའང་ཟབ་མོ་ཕྱག་རྒྱའི་ལམ་རྒྱས་པར་འབྱུང་མོད། འདིར་མི་འཆད་ལ། རྣལ་འབྱོར་གྱི་ལམ་དེ་ཙམ་མོ། །མལ་གྱོ་ལོ་ཙཱ་བ་ནས་བརྒྱུད་པ་ནཱ་རོ་པའི་མན་ངག་ད་ལྟ་ས་ལུགས་སུ་གྲགས་པའི་རྫོགས་རིམ་འདི་ནི། མཚན་མ་གྱེན་འགྲེང་གི་ནང་དོན། རྫོགས་རིམ་ཞིག་ཡིན་


TNT06_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དངོས་ནི་ལག་པའི་ཕྱག་རྒྱ་ལ་བརྟེན་པའི་མན་ངག་ཏུ་གཏོགས་པའོ། །དེ་ཡང༌། རྡོ་རྗེ་བསླང་བ་རྟག་ཏུ་བྱ། །ཟླ་བ་ཉི་མའི་འགྲོ་འོངས་དགག །གཞན་དུ་ཨ་བ་དྷཱུ་ཏཱིའི་ཆར། །མི་འཇུག་པ་ནི་རླུང་ཡིན་ནོ། །མཚན་མོ་དུ་བ། སྨིག་རྒྱུ་སྲིན་བུ་མེ་ཁྱེར། མར་མེ་འབར་བ། ཉིན་མོ། ཟླ་བ། ཉི་མ། ཟླ་བ་སྔོན་པོ། གཟུགས་བརྙན་མཐོང་བ། སྐུ་གསུམ་མཐོང་བ། དེ་ནས་རྫོགས་པའི་སངས་རྒྱས་ཉིད་དོ། །འདིའི་དོན་རླུང་དབུ་མར་མ་བཅིངས་པས། བྱང་སེམས་དབུ་མར་མི་ཆུད། དེ་ལྟར་ན་སྡུག་བསྔལ་འབྱུང༌། ཏིང་ངེ་འཛིན་མི་སྐྱེ། གཟུང་འཛིན་གྱི་རྣམ་རྟོག་བསྐྱེད་པའི་རྟེན་བྱེད། དེ་དབུ་མར་ཆུད་པས་གཟུང་འཛིན་གྱི་རྣམ་རྟོག་འགག་པའི་བར་དུ་བྱེད། དེ་འགགས་པས་བདེ་སྟོང་ལྷན་ཅིག་སྐྱེས་པ་ཆོས་སྐུ་མངོན་དུ་བྱེད་ཅེས་འབྱུང༌། འདིར་རྡོ་རྗེ་བསླང་བའི་ལག་ལེན། ལག་གཡས་ཕྱིན་ཀ་ལོག་ཏུ་ཕར་བསྟན་པའི་མཐེབ་མཛུབ་བར་དོག་པར་སྣོལ་བའི་བུག་པ་རྡོ་རྗེ་བཅུག་ལ། དེའི་རྩ་བར་བཞག་པས་རླུང་དང་བྱང་སེམས་ཕར་མི་འཆོར། མིག་གཉིས་མ་ཕྱེ་མི་འཛུམ་པ། ནམ་མཁའ་ལ་ལྟ། འཛིན་མེད་ལྷུག་པ་གཞག །རྒྱུ་ཞབས་ཡར་བསྐུམ་སྟེང་རླུང་སྣ་འགུལ་ཙམ་དྲངས་ཏེ་མར་མནན། རླུང་གཏོང་བ་ན། སྟེང་འོག་གཉིས་ཀ་དལ་བུས་སློད། དེ་ནས་ཇེ་དྲག་ཇེ་དྲག་དགག་སྟེ་བདེ་སྟོང་མི་རྟོག་པ་མཆོག་སྐྱེ་སྟེ་སྲོག་རྩོལ་ལོ། །དེ་ལྟར་བསྒོམ་ན་རྟགས་ནི་དུ་བ་སོགས་བཅུ་ལ་ཉིན་མཚན་སོ་སོར་ལྔ་ལྔའོ། །སྐུ་གསུམ་ནི་རང་སེམས་དང་དངོས་པོའི་འདྲེས་པའི་བདེ་སྟོང་ཆོས་སྐུ། ལུས་འཇའ་ཚོན་ལྟར་ཡང་བ་ལོངས་སྐུ། ཅི་འདོད་པའི་རྣམ་པར་འཆར་ཞིང་སྟོན་པ་སྤྲུལ་སྐུ་ཞེས་པ་ལམ་དུས་སོ། །རྫོགས་པའི་སངས་རྒྱས་ནི་འབྲས་དུས་ཀྱི་སྐུ་གསུམ་


TNT06_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མོ། ༢༡ ། འདི་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་ཐོར་བུ་པ་བརྒྱུད་པ་སོ་སོའི་གདམ་ངག་ཕྱོགས་གཅིག་ཏུ་བསྡུས་པའི་འཁྲིད་ཆེན་པོ་བྱེད་པ་དང༌། རྒྱ་གཞུང་ཐ་དད་ལ་བརྟེན་པ་ཞལ་ཕྱག་གི་དག་པ་དང་སྦྱར་བའི་རྫོགས་རིམ་ཆེན་པོ་བྱེད་པའང་འདུག་མོད་ཀྱི། མན་ངག་ཐོར་བུར་བསྟན་པའི་རྫོགས་རིམ་བླ་མ་ཆེས་སྔ་རབས་པའི་ལུགས་འདི་དག་ཆེས་ཡིད་ཆེས་པར་སྣང་ངོ༌། །འདིར་རྫོགས་རིམ་སྤྱི་འགྲོས་ནི་འདུས་པ་དང་མཐུན། དེའི་ནང་གི་ཡང་ཞབས་ལུགས་དང་གསང་བ་གྲུབ་པ་སོགས་དང་མཐུན་ཤས་ཆེ་བར་སྣང་ངོ༌། །འདིར་སྨྲས་པ། བདེ་ཆེན་གཅིག་པུའི་དངོས་ནི་ཐུན་ཚོད་ཞལ་ཏེ་མཚན་མའི་སྙེམས་པ་སྟུག་པོ་དག་ལ་ཆེས་ཁྲོས་པ། །དུས་མཐུའི་ཆར་སྤྲིན་དཀྲིགས་ཁྱོད་རྡོ་རྗེའི་གར་གྱིས་ས་གསུམ་འདར་མཛད་སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལྷན་སྐྱེས་སྟོང་ཉིད་བཅུ་དྲུག་བདེ་སྟོང་ངོ་བོའི་ཕྱག་ནི་བྱང་ཆུབ་ཕྱོགས་ཆའི་མཚོན་གདེངས་ཐབས་ཤེས་རྭ། །རྩེ་མོ་རྣོན་པོས་སྲིད་ཞིའི་མཐའ་གནོན་གྲུབ་པ་དབང་ཕྱུག་རྣམས་ཀྱི་ཞབས་ནི་དོན་གཉིས་མཆོག་བརྙེས་པ། །དེ་ཉིད་སྒྲུབ་ཐབས་ངེས་གསང་བདུད་རྩིའི་འོད། །བཅུ་དྲུག་ཁྱིམ་དུ་རྟག་ཤར་བརྗོད་བྲལ་ཆེ། །རིས་མེད་ལྷན་སྐྱེས་གཉིས་སྣང་གདུང་སེལ་བ། །དཔལ་ལྡན་འགྱུར་མེད་རྡོ་རྗེའི་རྫོགས་པའི་རིམ། །དེ་ལྟར་ན་བར་མ་ཆད་པར་རིམ་པ་གཉིས་ལ་འབད་ཅིང་ཉལ་བའི་རྣལ་འབྱོར་ནི་ཞུ་བདེའི་རྣལ་འབྱོར་གཙོ་བོར་བྱའོ། །དེ་ནས་ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་ཅུང་ཟད་དབང་བ་དང༌། ཡེ་ཤེས་ལ་ཆེས་དབང་བ་རྣམས་སུ། རིམ་གྱིས་དབང་པོ་སྨིན་ནས་གདོད་རྫོགས་པའི་རིམ་པ་ལ་རྩེ་གཅིག་ཏུ་དྲིལ་ནས། སྤྱོད་པ་སྤྱད་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །གལ་ཏེ་འདིར་ལྷའི་རྣལ་འབྱོར་


TNT06_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཟླས་པ་ལས་སུ་རུང་བ་མཚན་མ་བརྟན་པོ་ཤར་བའམ། དེ་མ་ཡིན་ན་སྔགས་བྱེ་བ་ལ་སོགས་པའམ། ཐ་མར་ཡང་རྒྱུད་ལས་གསུངས་པ་བཞི་འགྱུར་དུ་བཟླས་ལ། སྦྱིན་བསྲེག་གིས་འདོད་པའི་ལྷ་མགུ་བར་བྱས་པ་ཞིག་གིས་བྱ་སྟེ། དཀྱིལ་འཁོར་བྲིས་ཏེ་སྒྲུབ་པ་ཞག་བདུན་དུ་བྱ་བ། སྔོན་དུ་བསྙེན་སྒྲུབ་སྦྲགས་པ་ཟླ་བ་དྲུག་ཏུ་བྱས་པས་ཡིན་ཏེ། དེས་ཀྱང་མཚན་མ་མ་རྙེད་ན་དེ་འདྲ་བ་ལན་གསུམ་དུ་བྱ་སྟེ། དེ་ལ་བཅོམ་ལྡན་འདས་ཞལ་སྟོན་པའམ། དེ་ལྟ་བུའི་མཚན་མ་སྒྲ་དང་འོད་འབྱིན་པ་དང༌། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་དངོས་སུ་བྱིན་གྱིས་རློབ་བོ། །དེ་ནས་ལས་ཐམས་ཅད་ཐོགས་པ་མེད་པར་འགྱུར་ལ། དངོས་གྲུབ་རྣམས་ཀྱང་སྒྲུབ་པར་བྱའོ། །དེས་རིག་པ་འཛིན་པ་མ་གྲུབ་ན་ཡང་ལས་ཀྱི་དངོས་གྲུབ་གདོན་མི་ཟ་བར་གསུངས་སོ། །གཞན་དུ་ན། དངོས་གྲུབ་ནི་མི་འགྲུབ་ལ། ལས་ཀྱང་ཐོགས་ཤིང་དོན་ཆུང་བ་ཙམ་ཞིག་འགྲུབ་པོ་ཞེས་རིག་སྟེ། དེ་ཡང༌། རྒྱུད་འདིར་ཚར་བཅད་པ་ཉིད་གཙོ་བོར་སྟོན་ཅིང༌། ལས་ཚོགས་ནི་བསམ་གཏན་དང༌། སྦྱིན་བསྲེག་དང༌། འཁྲུལ་འཁོར་གྱི་ལས་ཚོགས་གསུམ་དུ་འདུ་ཞིང༌། ཏིང་ངེ་འཛིན་ལ་སྣང་བ་རྙེད་པ་དང༌། བཟླས་བརྗོད་ཀྱི་མཐུ་པ་ཆེ་བ་དང༌། ཆུང་བའི་དབྱེ་བ་སྟེ་གསུམ་མོ། །དང་པོ་ལ་བསད་པ། དབྱེ་བ། སྐྲོད་པ། དགུག་པ། དུག་བསལ་བ། བུད་མེད་ཞུ་བའི་སྦྱོར་བ། སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་རྣམས་གསུངས། གཉིས་པ་ལ། སྤྱིར་སྦྱོར་བའི་ཆོ་ག་གསུངས་པའི་རྗེས་ལ་བསད་པའི་ལས་གཉིས། དབྱེ་བ་གཉིས། བསྐྲད་པའི་ལས་བཞི། མནན་པ། བུ་མོ་དབང་དུ་བྱེད་


TNT06_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཞི་བར་བྱེད་པ། རྒྱས་པར་བྱེད་པ། དགུག་པ། སྨྱོ་བར་བྱེད་པ། དེ་ཞི་བ། རྫས་དང་རྫས་མ་ཡིན་པ་བསྒྱུར་བ། ཡུལ་དབང་དུ་བྱེད་པ། དབང་དུ་བྱས་ནས་བྲན་དུ་སྒྲུབ་པ། འབྱོར་པ་བསྐྱེད་པ། རྒྱལ་པོ་དང་འཇིག་རྟེན་དང༌། བུད་མེད་རྣམས་དབང་དུ་བྱེད་པ་རེ་རེ། དབང་དུ་བྱེད་པའི་མཆོག །དགུག་པའི་མཆོག་རྣམས་བསྟན་ཏོ། །དེ་རྣམས་ཀྱང་སྦྱིན་བསྲེག་བྱས་པའི་དགོས་པ། བྱེད་པ་པོ། གནས། དུས། ཡུལ། ལས་བཞིར་འདུས་པའི་རྒྱུ་མཚན། ཐབ་ཁུང༌། དགང་བླུགས། རྫས། མེ་རྣམས་ཀྱི་རབ་བྱེད། ཕྱི་ནང་གསང་བའི་སྦྱིན་བསྲེག་ལ་སོགས་པ་རྣམས་གྲངས་མང་པོར་ཤེས་པར་བྱའོ། །གསུམ་པ་ལ་བསད་པ་དྲུག །བསྐྲད་པ་ལྔ། དབྱེ་བ་བཞི། རིམས་ཀྱིས་འདེབས་པ། རེངས་པ། མནན་པ། དབང་དུ་བྱེད་པ། འགུགས་པ། སྨྱོ་བར་བྱེད་པ། བུ་མོ་རྨོངས་ཤིང་འགུགས་པ། ཞི་བའི་ལས་མདོར་བསྟན་པ་རྣམས་གསུངས། ཐུན་མོང་གི་དངོས་གྲུབ་རལ་གྲི ། མིག་སྨན། ས་འོག །རི་ལུ། བཅུད་ལེན། གཏེར། འབྱུང་པོ། རོ་ལངས། ཤ་ཟ། གནོད་སྦྱིན། གནོད་སྦྱིན་མོ། ཀླུ་ལ་སོགས་པ་ཇི་སྙེད་པ་སྒྲུབ་པ་སྟེ་དེ་རྣམས་སྒྲུབ་ཚུལ་དམར་ནག་གི་རྒྱུད་ནས་འབྱུང་བ་ལྟར་བྱ། ལས་ཚོགས་ཐུན་མོང་པ་རྣམས་ཀྱང་འདྲ་ལ། ཐུན་མོང་མ་ཡིན་པ་སྔར་བཤད་པ་དེ་རྣམས་སོ། །དེ་ལ་འཁྲུལ་འཁོར་རྐྱང་བ་དང༌། སྦྲགས་མའི་འཁོར་ལོ་བདུན་བསྡུས་པ་ལ་རེ་མིག་ཕྱི་བརྒྱད་ནང་བརྒྱད་དེ་བཅུ་དྲུག །རྒྱས་པ་ལ་ཕལ་ཆེར་ནག་པོའི་རྒྱུད་དང་མཐུན། ཡང་རྟོག་གསུམ་ནས་བཤད་པ་རེ་མིག་བཅུ་བདུན་པ་དེ་དག་ལ་ལས་ཀྱི་དབྱེ་བས་རྣམ་པ་མང་པོར་འགྱུར་ཞིང༌། སྔར་བསྟན་


TNT06_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁྲུལ་འཁོར་སྐབས་ཀྱི་ལས་ཚོགས་ལ་ཁ་ཅིག་འདི་ལྟར་བཞེད། ཡི་གེ་བཅུ་པའི་དྲུག་སྟེ་བསད་པ་དང་པོ། རིམས་ཀྱིས་གདབ་པ་གཉིས་པ། རེངས་པ་གསུམ་པ། བསྐྲད་པ་གཅིག་སྟེ། འཁོར་ལོ་བརྟེན་པ་བཞི། དབྱེ་བ་གཉིས་ནི་མ་བསྟེན་པ་སྟེ་དྲུག་གོ །ཡི་གེ་སོ་གཉིས་པས་ལས་ཉི་ཤུ་སྟེ་ཞི་བ་དབང་དགུག་གསུམ་ལ་རེ་རེ། བསད་པ་གསུམ། མཚོན་གྱིས་ཕོག་པ། དེའི་ཕྱོགས་སུ་བསྡུས་པ་སྟེ་གཅིག །བསྐྲད་དབྱེ་རེངས་གསུམ་ལ་གསུམ་གསུམ་སྟེ་འཁོར་ལོ་བསྟེན་པའོ། །མི་བརྟེན་པ་ལ་བསད་བསྐྲད་ལ་གཉིས་གཉིས་སྟེ་ཉི་ཤུའོ། །ཞེས་གསུངས་ཏེ་རྒྱུད་ཀྱི་དངོས་བསྟན་དེར་གནས་ལ། མན་ངག་གི་འཁྲུལ་འཁོར་བདུན་སོགས་མཛད་པའང་ལེགས་པ་ཁོ་ནའོ། །འདི་རྣམས་ལ་རྒྱུད་གཞན་ལྟར་ལས་ཚོགས་སྤྱི་ཡི་ཆོས་བརྒྱད་དང༌། བྲི་གཞི། སྣག་ཚ། སྙུག་གུ ། བྲི་ཐབས་ཀྱི་ཆོ་ག །བྲི་བ་དངོས། སྒྲུབས་པ། འཁོར་ལོ་ལས་ལ་སྦྱར་བ། མ་གྲུབ་པ་སྤོགས་ཆོག་སྟེ་དོན་བརྒྱད་དམ། ཐོག་མར་ས་ལ་བྲི་བའི་ཕྱོགས་ལ། སྔགས་བྲི་བ། བཏུ་བ། དྲང་བ། བསྲེ་བ་དང༌། སྤོ་བ། སྒྲུབ་པ། སྦ་བ་ཞེས་པའི་ཚུལ་གྱིས་ལས་ལ་སྦྱོར། རྟོག་གསུམ་གྱི་ཚུལ་དང༌། དམར་པོ་སོགས་དང་ཐུན་མོང་པ་གཉིས་ཀ་ཡང་རྟོག་བདུན་གྱི་དགོངས་པར་ནི་གནས་པར་མངོན། ཡི་གེ་བཅུ་བདུན་གྱི་ལས་བཅུ་བདུན་སྒྲུབས་པ་ན། བྲིས་གཞི། སྲོག་གཟུགས། མཐའ་རྟེན། སྤེལ་ཚིག །ལྷ་སྔགས། ཡི་གེ་མགོ་སྟོན་ཚུལ་ཐ་དད་པ་ཡོད་པ་ལྟར་བྱ་ཞིང༌། ཁྱད་པར་དྲག་པོ་ལ་ཁ་སྦྱོར་དབྱེ་བ་བཞི་སྟེ། ཡེ་ཤེས་སེམས་དཔའི་དང༌། ལུས་བསྲུང་བའི་དང༌། སྙིང་དཀར་ནག་གི་དང༌། ཤ་རུས་ཁ་སྦྱོར་དབྱེ་བ་དང༌། ལྷ་དང་མིའི་གསང་སྡེ་བཞི་དང་དབྱེ་བ་དང་


TNT06_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་བཞི་པའི་ལས་སྦྱོར་དང༌། སྤོགས་ཆོག་གཉིས་ལ་སྔགས་ཀྱང་འདི་ལྟར། ཨོཾ་ཡ་མ་རཱ་ནི་ཙྪ་ཡ་ཀྵེ་ཡ་ཡཀྵེ་ཡ་ར་ནི་ཡོ་ད་ཡ་ཡ་ད་ཡོ་ཎ་རུ་དོ་མེ་ཡ་ཡ་མེ་དོ་ས་ཛ་རཱ་མ་ཡ་ཧཱུཾ་ཕཊ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཞེས་པ་དང༌། ཨོཾ་ཡ་མ་མེ་དཀྵེ་ཡ་ཙྪ་ནི་ཛཱ་ས་དོ་རུ་ཎ་ཡོ་ནི་ར་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཡཀྵེ་མ་མེ་ད་ཡོ་ནི་ར་ཡཙྪ་རཱ་ཛཱ་ས་དོ་རུ་ཎ་དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ཞེས་པའོ། །བཟླས་པ། འཁོར་ལོ་དང༌། སྦྱིན་བསྲེག །གཏོར་མ། ཚོགས་འཁོར་སོགས་གཅིག་ཏུ་གྲིལ་ནས་སྒྲུབ་པར་གསུངས་ལ། འཁྲུལ་འཁོར་ཡང་བླ་མ་སྔ་རབས་པ་མང་པོ། ཞི་བ་འཇིགས་པ་བརྒྱད་ལ་སྐྱོབ་ཞེས་སོགས་ཀྱིས་རྣམ་གྲངས་མང་པོར་འགྱུར་བར་བཞེད་པ་ཡང༌། ལས་ཀྱི་རྒྱུད་དང་གྲོགས་བསྟན་པའི་སྐབས་ཡིན་པས་ཤིན་ཏུ་མི་འཐད་པ་ཡང་མ་ཡིན་ལ། དེ་ལྟར་གང་དགོས་པའི་དུས་སུ་དེ་དང་དེ་སྒྲུབ་པ་ཡིན་ནོ། །ཡང་མཆོད་སྦྱིན་དང༌། གཏོར་མ་དང༌། བཟླས་པ་དང༌། སྦྱིན་བསྲེག་དང༌། འཁོར་ལོ་དང༌། བསམ་གཏན་དང༌། ལས་ཀྱི་ཁ་སྐོང་བ་སྟེ་ལས་བདུན་གྱིས་ཞི་དྲག་སོགས་ཐམས་ཅད་སྒྲུབ་བོ། །དེ་ཡང༌། བསྙེན་པ་དང༌། བསྙེན་སྒྲུབ་སྦགས་མ་སྔོན་དུ་སོང་བའམ། སྒྲུབ་པ་སོང་བས་ལས་དང་པོ་གཞི་རྣམས་རྒྱ་ཆེར་སྔོན་དུ་བཏང་ནས། དྲག་པོ་ནི། ཉི་མ་བདུན་ནམ། བཞིར་བསྒྲུབས་ནས་ལས་ལ་སྦྱོར་ཏེ། ཁ་ལྷོར་ཕྱོགས། དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པ་དྲུག་བྱུག་ལ། སྣག་ཚ་ལ་ཡང་བསྲེ། རྒྱས་པའམ། རྟོག་གསུམ་ལྟར་བྲི་བའམ། ཕྱི་བརྒྱད་ནང་བརྒྱད་སོགས་གང་ཡང་རུང་བ་བྲི། ས་གཞི་ལ་མ་བྲིས་པའི་ཕྱོགས་ལ། བསངས་སྦྱངས། དེ་ཉིད་ལྷ་བཅུ་བདུན་དུ་བསྐྱེད། ཡན་ལག་བཞི་རྫོགས་པར་བྱས། མཆོད་བསྟོད་གཏོར་མ་དབུལ། ལས་དང་མཐུན་པའི་གདན་ལ། མིང་ཡིག་རྣམས་སྒྲུབ་བྱར་བསྐྱེད། དགུག་གཞུག་བྱ། གོ་ཆ་དང་ལྷ་ལ་སོགས་


TNT06_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབྲལ། ཡང་མཆོད། ཕྱག་བྱ། བདེན་སྟོབས་བརྗོད། གྲོག་མཁར་བདུན་དང་བསྒྲུབ་བྱའི་རྗེས་དང༌། བཤང་གཅི་ལས་ལིངྒ་སོར་བརྒྱད་པ་བྱས་ལ། ཐོད་པ་མཚན་ངན་ཁ་སྦྱོར་སྟེང་མ་ལ་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པར་ཕཊ་ཆྒཻེ་མཱ་ར་ཡ་ཕཊ། དེའི་རྒྱབ་ཏུ་རི་རབ། སྟེང་དུ་དབང་ཆེན་རྒྱ་གྲམ་དང་བཅས་པ། འོག་ཏུ་རླུང་ལ་ཨོཾ་ཆྒཻ་ཨ་བེ་ཤ་ཡ་ཨཿཨཿ རྒྱབ་ཏུ་སྣ་ཚོགས་རྡོ་རྗེ་བྲི། ལིངྒའི་སྙིང་གར་ཧྲཱིཿཕཊ་མིང་རུས་ཆྒཻ་མཱ་ར་ཡ་ཕཊ། དེ་ནས་དེར་ལིངྒ་འཁོར་ལོའི་བར་དུ་བཅུག །འཁོར་ལོ་མན་ངག་བཞིན་དྲིལ། རོ་སྐྲའི་སྲང་བུས་དཀྲིས། རྒྱ་གྲམ་གྱིས་འཁོར་ལོ་མི་མཐོང་བར་དུ་དཀྲིས། གཡོན་སྐོར་འོག །གཡས་སྐོར་སྟེང༌། སྟེང་འོག་མ་ལོག་པར་བཅུག །དགུག་གཞུག་བྱ། མི་རུས་ཀྱི་ཕུར་པ་གནས་ལྔར་བརྡེག །ཚིག་རྣམས་ཚེར་མས་དགང༌། དྲག་པོའི་བསམ་གཏན་དང་བཅས་པས་ཐོད་པར་བཅུག་ལ། སྲད་བུས་བསྡམས། གའུའི་བུ་ག་ནས་དུག་ཁྲག་ཡུངས་ཀར་སོགས་ཐུན་བླུགས། བྱིན་རླབས་མཆོད་བསྟོད་བྱས་ནས། དུར་ཁྲོད་ཀྱི་འགལ་མེའི་མེ་ལ་སོ་ཞིང་སྒྲུབས། ཉི་མ་བཞི་པ་འདིར་སྦྱར་ལ། མཐར་དེ་གཤིན་རྗེའི་གཟུགས་ཀྱི་སྙིང་གར་བཅུག་ལ་དུར་ཁྲོད་དུ་སྦ་བའང་དགོས་ན་བྱའོ། །འདིར་ལས་གཞན་ལ་ཀྵེ་བརྒྱད་ལྡན་པ་དང་མ་བརྒྱད་ལྡན་པ་ལ་སོགས་པའི་སྔགས་ཀྱང་འགའ་ཞིག་འདོད་དོ། །ལས་ཚོགས་ནི་ལག་ལེན་ལ་ལྟོས་པ་སྟེ་དཀྱུས་འདིར་མི་འདྲིའོ། །བར་ཆད་བསྲུང་བ། ཁྲོ་བོ་བཅུའི་བསྲུང་ཟློག་ནི། ལཱ་ལི་ཏའི་གཞུང་དུ་རི་རབ་ཀྱི་རྩེར་ཏེ་དབུས་ཀྱི་ཁྲོ་བོ་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པར་གྱུར་པ་དེ་ཞུ་བས་ཆོས་འབྱུང་དུ་མཛད། འདིར་དབུས་ཀྱི་ཁྲོ་བོ་གནོད་མཛེས་འོག་ཏུ་རྡོ་རྗེ་ས་འོག་ཅེས་མིང་བཏགས་པ་དང༌། གནོད་


TNT06_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ཀྱི་ཕྱག་ན་རིན་ཆེན་ལྕགས་ཀྱུ་པདྨ་ཞགས་པ་བསྣམས་པ་མ་གཏོགས་འདུས་པ་ཡེ་ཤེས་ཞབས་ལུགས་ཇི་བཞིན་ཏེ། འགུག་གཞུག་རྒྱས་བཏབ་སྔགས་བཟླ་བ་རྣམས་མེད་དོ། །འདི་ལའང་མན་ངག་གི་ཕྱིར་ཟློག་འོང་བར་མངོན། རྡོ་རྗེ་སེམས་དཔའ་བསྡུས་པ་ཞེས་པའི་སྒྲུབ་ཐབས་སུ་ཨ་མོ་གྷ་ཆུང་བས་གཤེད་པོ་ཞལ་དྲུག་པ་ཞིག་ལ། གཤིན་རྗེ་བརྒྱད་ཀྱིས་བསྐོར་བའི་སྲུང་ཟློག་ཞིག་ཀྱང་ཡོད་དོ། །འདིར་ནི་གྲུབ་ཆེན་དཔལ་འཛིན་གྱི་ཕྱིར་ཟློག་དྲུག་པ་ལྟར་སྒོམ་ན། ཤཱུ་ནྱ་ཡ་སོགས། ཆོས་འབྱུང་དུ་པཾ་རཾ་ཧཱུཾ་ལས་པད་ཉི་སྣ་ཚོགས་རྡོ་རྗེའི་འོད་ཟེར་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་སོགས་བསྒོམ། སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས། འཁོར་ལོ་རྩིབས་བཅུ་པ་སེར་པོ། ལྟེ་བར་ཉི་མ་ལ་རང་སེམས་ཧཱུཾ། དེ་ལས་ཧཱུཾ་བཅུ་སྤྲོས། རྩིབས་བཅུར་པད་ཉི་ལ་དབུས་ཀྱི་ཧཱུཾ་རང་ཉིད་ཞེ་སྡང་གཤིན་རྗེ་གཤེད་ནག་པོ་རྡོ་རྗེ་ཐོད་དབྱུག་བསྣམས་པ། བདུད་བཞི་བརྫིས་པའི་མ་ཧེ་ནག་པོ་ལ་གནས་པ། ཤར་དུ་གཤིན་རྗེ་གཤེད་སོགས་རྡོ་རྗེ་གུར་ལྟར་བསྐྱེད། གནས་གསུམ་བྱིན་རླབས་དགུག་གཞུག་རྒྱས་བཏབ་སོགས་སྒྲུབ་ཐབས་ལྟར་བྱ། འོད་ཟེར་དཔག་ཏུ་མེད་པ་སྤྲོས། གནོད་བྱེད་རྣམས་བརྡུངས་ཤིང་བཀུག་ལ། འཁོར་ལོའི་རྩིབས་ཀྱིས་ཐལ་བར་བརླག་པར་བསམས། ཕྱིར་ཟློག་བྱེད་ན། ཁྲོ་བོ་ཐམས་ཅད་ཞལ་ཕྱིར་བསྟན། ཞབས་གཡས་བརྐྱང་རབ་ཏུ་ཁྲོས་པས། ཕོ་ཉ་མཐའ་ཡས་པ་སྤྲོས་ཏེ་དགྲ་བོ་ཐམས་ཅད་རླག་པར་མཛད་ཅིང༌། ཇི་ཙམ་བསྲུང་འདོད་པ་དེ་ཙམ་དུ། དགྲ་བོའི་ལྷ་ལ་སོགས་པ་བར་ཆད་བྱེད་པ་རྣམས་ཀྱིས་མིག་གི་ལྟར་ཡང་མེད་པརབསམས་ལ། ཨོཾ་ཧྲཱིཿཥྚཱིཿབི་ཀྲི་ཏཱ་ན་ན་སརྦ་ཤ་ཏྲུན་ནཱ་ཤ་ཡ་སྟཾ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་དང༌།


TNT06_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་རཱ་ཛ་དང་ཡི་གེ་བཅུ་པ་བཟླས་ལ་རྗེས་ཀྱི་བྱ་བ་སྤྱི་དང་མཐུན་ནོ། །ཨུཥྞི་ཥ་རྭ་ལུགས་ཞེས་གྲགས་པའི་མན་ངག་མཆོག་དེ་ཡང༌། རྡོ་རྗེ་འཇིགས་བྱེད་ཀྱི་མ་ཡིན་ཏེ། གསང་འདུས་ཁོ་ན་ཡིན་པའི་ཕྱིར་ཞེས་སྨྲ་བ་ནི་མི་ལེགས་ཏེ། འདུས་པ་ཞབས་ལུགས་ཀྱི་གདམས་ངག་ཉིད་ལ་བརྟེན་མོད། ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ་ཉིད་ཀྱིས་འདུས་པའི་ཁྲོ་བོ་མིན་པར་ངེས། དཔལ་འཛིན་གྱི་འདི་དང་ཡང་རྗེས་སུ་མཐུན་པ་དང་གཅིག་ཏུ་ན་རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ་ཞེས་གཤེད་སྐོར་གྱི་རྒྱུད་ཀུན་འདུས་པ་ལ་མངོན་དུ་ཕྱོགས་པས་ན། འདུས་པའི་བསྲུང་འཁོར་ཡང་འདི་ལ་ཤིན་ཏུ་རུང་སྟེ་ལཱ་ལི་ཏས་མཛད་པ་བཞིན་ནོ། །དེས་ན་ཕྱིར་ཟློག་རྒྱས་པ་ནི་ཨུཥྞི་ཥ་རྭ་ལུགས་སུ་ཤེས་པར་བྱའོ། །དེ་ལྟར་ན་མཆོག་གི་དངོས་གྲུབ་ནི་བསྒྲུབ་བྱའི་གཙོ་བོ་ཡིན་ལ། དེའི་ལམ་དངོས་ནི་རྫོགས་རིམ་ཡིན། དེའི་ཡང་སྔོན་འགྲོ་སྨིན་བྱེད་ནི་བསྐྱེད་རིམ་ཡིན། དེ་ལ་ཡང་དབང་ཐོབ་ཅིང་དམ་ཚིག་ལྡན་པ་དགོས་པ་དང༌། དབང་བསྐུར་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་དང༌། ལས་དང་དངོས་གྲུབ་གྱི་སྒྲུབ་པ་ཐམས་ཅད་ལ་ཡང་དཀྱིལ་འཁོར་དགོས་སོ། །དབང་པོ་བརྟུལ་པོས་བསྐྱེད་རིམ་བརྟན་ནས། སྤྱོད་པ་སྤྱད་ཅིང་ཐུན་མོང་གི་དངོས་གྲུབ་སྒྲུབ་ནས། ལས་ཚོགས་དང་རྫུ་འཕྲུལ་གྱིས་འགྲོ་བའི་དོན་རྒྱ་ཆེར་སྤྱོད་ཅིང་རྫོགས་རིམ་བསྒོམ་མོ། །གང་ཟག་གསུམ་ཀས་སྔགས་གྲུབ་ནས་ལས་ཚོགས་ཐམས་ཅད་ཀྱིས་འགྲོ་བའི་དོན་སྒྲུབ་པ་དང༌། ཏིང་ངེ་འཛིན་རྒྱ་ཆེན་པོས་ཀྱང་བྱེད་དོ། །དེ་ཡང་སྙིང་རྗེ་ཆེན་པོ་དང༌། བདེ་ཆེན་བྱང་ཆུབ་ཀྱི་སེམས་དང༌། འཁོར་གསུམ་རང་བཞིན་མེད་པར་ཤེས་པའི་སྒོ་ནས། ལྷ་སྔགས་ཏིང་ངེ་འཛིན་གྱིས་འགྲོ་དོན་སྒྲུབ་པ་འདི་ནི་གཞན་དུ་བསྐལ་པར་འགྲོ་ཕན་སྤྱོད་པ་ལས་ཀྱང༌། བསོད་ནམས་ཀྱི་ཚོགས་


TNT06_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ལྷག་པ་ཐབས་ཀྱི་ཁྱད་པར་ཏེ། དེའི་ཕྱིར་ལས་ཚོགས་རྒྱལ་བས་གསུངས་པ་འདི་དག །མུ་སྟེགས་བྱེད་རྣམས་ཀྱི་ལས་ཚོགས་དང་སྔགས་རྒྱུད་རྣམས་དང་དགོས་པ་འདྲ་བར་ལྟར་ན། དེ་ལྟར་མི་རུང་སྟེ་སྔགས་དང་རྒྱུད་ལ་འཕྱ་བ་ཆེས་སྡིག་པ་དང་ལྡན་པའོ། །འདིར་ལས་ཚོགས་ཀྱི་དམ་ཚིག་བསྟན་པས་གཞན་རྣམས་ཟུར་གྱིས་བཟུང་ངོ༌། །དེ་ལྟར་ཤེས་ནས་ལས་ཚོགས་ཙམ་ལ་འཁྱམས་པ་དང༌། འདི་དག་དྲང་དོན་ཡིན་པས་ཅིར་ཡང་མི་རུང་ཞེས་མ་གུས་པའི་ཉེས་པ་མི་འབྱུང་ངོ༌། །དེ་ལྟར་ན་རྒྱུད་འདིར་དབང་བསྐུར་བ་དམ་ཚིག་ཐོབ་ལ་མ་ཉམས་པ། རིམ་པ་གཉིས་ལ་མཚན་མ་ཉེ་བར་དམིགས་ཀྱི་བར་དུ་འབད། དེ་ནས་ཐུན་མོང་སྒྲུབ་པ་བརྩམས། དེའི་སྒྲུབ་པ་དང་ལས་ལ་སྦྱར་བ་རྟོག་པ་དང་པོ་དང༌། ནག་པོའི་རྒྱུད་དང་དམར་པོའི་རྒྱུད་བཞིན་བྱ། གལ་ཏེ་མཆོག་ཁོ་ན་འདོད་ན་སྔ་མའི་དེ་ནས་རྫོགས་རིམ་བདེ་སྟོང་ལྷན་སྐྱེས་ཀྱི་རྣམ་རོལ་ལ་གཅིག་ཏུ་གྲིལ་ནས་དྲོད་ཐོབ་ན། སྤྱོད་པ་སྤྱད་པས་མཐར་འདོད་པའི་དངོས་གྲུབ་རིང་པོར་མི་ཐོགས་པར་འགྲུབ་པར་འགྱུར་ལ། ཐུན་མོང་འདོན་པས་བསྐྱེད་རིམ་བརྟན་ནས། ཐོག་མར་སྤྱོད་པ་དང༌། དེ་ནས་སྒྲུབ་པ་བྱ་བ་ཡིན་ནོ། །འདིར་དམ་ཚིག་གི་བྲིས་སྐུ་དང༌། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ཚོགས་བྱེད་པ་ནི་གང་གིས་ཀྱང་མ་རིག་པར་བྱ། རྒྱུད་ཀྱི་ཚུལ་ཐམས་ཅད་ཀྱང་སྣོད་མིན་ལ་གསང་བ་གལ་ཆེ་བར་གསུངས། ཡུལ་མཚན་ཉིད་ཚང་ངེས་པ་ལ་སྙིང་རྗེས་མ་གཏོགས་དྲག་ལས་བཀག །མཆོག་དང་བསྟན་འགྲོའི་དོན་དུ་འགྱུར་དེས་ན་དབང་དགུག་བྱར་རུང་གཞན་དུ་ཞི་རྒྱས་ཁོ་ན་ལ་འབད། རྒྱུད་འདིར་གྲོགས་བཞི་དང༌། བཅས་ཏེ་སྒྲུབ་པ་གསུངས་པའི་གྲོགས་ནི། ཕྱག་རྒྱ་མོ་ནུས་པ་ཐོབ་པ་ཙརྩི་ཀཱ་སོགས་ཀྱི་ང་རྒྱལ་དང་ལྡན་པ། དམ་ཚིག་གཅིག་པ་དག་ཡིན་ལ། བླ་མ་རྣམས་རྣལ་འབྱོར་པ་ནུས་པ་ཐོབ་པ་བཞི་ཡིན་པར་འཆད། དེ་ལྟ་བུ་རྙེད་དཀའ་ལ། གཞན་


TNT06_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཐོང་ན་མི་རུང་བས་རང་གཅིག་པུས་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་དངོས་གྲུབ་རྣམ་པ་གཉིས་འགྲུབ་པར་ངེས་པས། སྐྱེ་བུའི་ལུས་ངག་ཡིད་ཀྱི་ནུས་མཐུ་ཅི་ཡོད་ལམ་འདི་ལ་དྲིལ་ན། དལ་འབྱོར་དོན་ལྡན་པར་འགྱུར་ཏེ། སྐྱེ་བ་འདི་ཉིད་ཀྱིས་སངས་རྒྱས་ཞེས་བྱ་བ་ཡིན་ནོ། །འདིར་སྨྲས་པ། རྟོག་གེའི་ཡུལ་ལས་འདས་གྱུར་ཅིང༌། །ལྷ་དང་དྲང་སྲོང་རྣམས་རྨོངས་པའི། །གནས་འདིར་རྒྱལ་པ་རྣམས་ཀྱིས་མཁྱཻན། །སྔགས་དང་རྒྱུད་འདི་རྨད་དུ་བྱུང༌། །རྒྱུད་རྒྱལ་རྒྱལ་བའི་སྤྱོད་ཡུལ་ཉིད་ལགས་ཤིང༌། །བློ་རྨོངས་རྨོངས་པའི་དྲ་བར་ཆུད་གྱུར་པས། །སྒྲུབ་ཐབས་ཐབས་ཚུལ་རྒྱ་ཆེ་འདིར་སྨྲས་ལ། །འཁྲུལ་ཚེ་ཚེ་རབས་གཞན་དུ་སྡིག་མ་གྱུར། །དོན་མང་དོན་གསལ་ཚིག་ཉུང་ཉུང་ངུའི་དག །ལེགས་བཤད་ལེགས་པར་མང་ཐོས་ཐོས་པའི་མཛོད། །རྣམ་དཔྱོད་རྣམ་པར་རྒྱས་གང་གང་འདི་ལ། །ཞིབ་མོས་ཞིབ་སྤྱོད་ངོ་མཚར་མཚར་བ་ཡོད། །རྒྱུད་སྡེ་ཆུ་གཏེར་དཔལ་ལྡན་དངོས་གྲུབ་མཚོར། །མཚོ་ཆེན་ལས་བླངས་མན་ངག་ཡིད་བཞིན་ནོར། །ནོར་མཆོག་འགྲོ་བའི་རེ་སྐོང་ཕྱོགས་ལས་རྒྱལ། །རྒྱལ་མཚན་རྩེ་མོར་ནམ་ཡང་འཁོར་གྱུར་ཅིག །ཅེས་པ་ནི་རྒྱལ་བ་ཀུན་གྱི་ཡབ་མཁྱེན་བརྩེའི་གཏེར་ཐོག་མ་མེད་པ་ནས་བྱང་ཆུབ་དམ་པ་བརྙེས་ཀྱང་ཐུགས་རྗེས་རྒྱལ་བ་ཐམས་ཅད་ཀྱི་སྲས་སུ་སྐུ་བསྟན་པས་འགྲོ་བ་ཐམས་ཅད་སྒྲོལ་བ། རྗེ་བཙུན་འཇམ་པའི་རྡོ་རྗེ་ཁྲོ་བོ་རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་གདུལ་དཀའ་འདུལ་བའི་ཕྱིར་རྣམ་པར་མི་རྟོག་པའི་ཐུགས་རྗེས་ཁྲོས་པའི་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་ཉུང་ངུ་ལ་མོས་པ་རྗེས་སུ་འཛིན་པ་རྡོ་རྗེ་འབར་བ་ཞེས་པ་འདི་ནི། ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་རང་ལོ་ཉེར་གཉིས་པ་ལ་སྒྲུབ་གནས་བསམ་གཏན་སྡིངས་སུ་སྦྱར་བའོ། །བཞུས། །དིརྒཱ་ཡུཿ།། །།


TNT06_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་འབར་བ། next