Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས།next

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས།


TNT07_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་བཞུགས།


TNT07_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁམས་གསུམ་དབང་ཕྱུག་ཐུགས་རྗེའི་སྟོབས། །བདེ་ཆེན་རྡོ་རྗེ་འཆང་དབང་ཧེ་རུ་ཀ །དཔག་ཡས་མཁའ་འགྲོ་དྲ་བར་མཉམ་སྦྱོར་བ། །ཡེ་ཤེས་ལྷན་ཅིག་སྐྱེས་སྐུ་དེ་ལ་འདུད། །གང་ཞིག་དཀྱིལ་འཁོར་ཆོ་ག་བདུད་རྩིའི་སྒོ། །བརྒྱ་ཕྲག་ཕྱེ་ལས་ཐར་མཆོག་ཁང་བཟང་དུ། །མཐའ་ཡས་སྐྱེ་བོ་འཇུག་པའི་དགའ་སྟོན་ཅན། །གྲུབ་པའི་འབྲས་བུ་སྦྱིན་འདི་ཡ་མཚན་ཆོས། །དེ་ལ་སློབ་དཔོན་དམ་པ་བསྒོམ་པ་དང་བཟླས་པས་རང་ཉིད་བྱིན་གྱིས་རློབས་པའི་གནས་ཐོབ་པ་དག་གིས་སློབ་མ་དམ་པ་ཐེག་པ་མཆོག་འདིར་མོས་པའི་སྐལ་བ་ཅན་དག་དབང་བསྐུར་བ་ཡང་དག་པར་སྦྱིན་ནས་རྗེས་སུ་བཟུང་བར་བྱའོ། །དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་བྱ་བ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེ་ལ་འདིར་དེ་ཁོ་ན་ཉིད་བཅུ་གཅིག་སྟེ། གསོལ་གདབ་བསྙེན་པ་ས་ཆོག་དང༌། །སྟ་གོན་ཐིག་གདབ་ཚོན་ཡང་དགྱེ། །རྒྱན་དགོད་སྒྲུབ་པ་བདག་ཉིད་འཇུག །སློབ་བཟུང་རྗེས་ཀྱི་བྱ་བའོ། །དེ་ལྟར་ན་སློབ་མའི་གསོལ་བ་གདབ་པ། དབང་གི་དོན་དུ་ཁ་གསོས་བསྙེན་པ། སའི་ཆོ་ག སྟ་གོན་


TNT07_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པ། ཐིག་གདབ་པ། ཚོན་དབྱེ་བ། རྒྱན་དང་ཡོ་བྱད་དགོད་པ། དཀྱིལ་འཁོར་བསྒྲུབ་པ། བདག་ཉིད་འཇུག་པ། སློབ་མ་བཟུང་བ། རྗེས་ཀྱི་བྱ་བའོ། །དང་པོ་གསོལ་བ་གདབ་པ་ནི། སློབ་མས་མཎྜལ་ཕུལ་བ་ནི། ཐམས་ཅད་མཁྱེན་པ་སྟོན་པ་པོ། །འཇིག་རྟེན་རྣམས་ཀྱི་འདྲེན་མཛད་ལྷ། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། ཞེས་ལན་གསུམ་གསོལ་བ་གདབ། སློབ་དཔོན་གྱིས། འཁོར་ལོའི་མཆོད་པ་རིམ་ཇི་བཞིན། །ཁྱོད་ཀྱིས་ཐམས་ཅད་འབྱོར་གྱུར་ཏམ། །གུས་པས་རྣལ་འབྱོར་མ་རྣམས་དང༌། །རྣལ་འབྱོར་དགའ་བར་བྱེད་ནུས་སམ། ཞེས་དྲིས་པ་ལས། འབྱོར་གྱུར་ཏེ། ཞེས་དང༌། བྱེད་ནུས་སོ་ཞེས་ལན་བཏབ་བོ། །ཡང་འདི་སྐད་ཅེས། དམ་ཚིག་སྐྱོང་ཞིང་སྟོན་བྱེད་པ། །བུ་ཁྱོད་ཀྱིས་ནི་སྤྲོ་གྱུར་ཏམ། །ཞེས་པ་ལ། བདག་ནི་རབ་ཏུ་སྤྲོ་གྱུར་ཏོ། །ཞེས་ལན་བཏབ། སྐབས་འདིར་སློབ་མ་ལ་བགེགས་དང་སྡིག་པ་སྦྱང་བ་བྱས་པའི་རྗེས་སུ། སྒྲུབ་ཐབས་ནས་འབྱུང་བ་ལྟར་བསྲུང་འཁོར་སྒོམ། ཞལ་བཞི་པ་བཟླས་པའི་སྲུང་སྐུད་མགུལ་བར་བཏགས།


TNT07_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་དང་བཀྲ་ཤིས་བརྗོད་པ་སོགས་བྱའོ། །གཉིས་པ་བསྙེན་པ་ལ། ལྷ་ཉེ་བའི་བསྙཻན་པ་ནི། སྒྲུབས་ཐབས་བཞིན་ལྷའི་རྣལ་འབྱོར་དཀྱིལ་འཁོར་འཁོར་ལོ་རྫོགས་པར་བསྒོམས་ནས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཁྲི་ཕྲག་གསུམ། སྙིང་པོའི་རྣལ་འབྱོར་མ་བཞི་ལ་ལྔ་སྟོང་ལྔ་བརྒྱ་བཟླ། འཁོར་ལོ་གསུམ་ལ་ཁྲི་ཕྲག་གཉིས་རེ། སྒོ་མཚམས་མ་བརྒྱད་ལའང་ལྔ་སྟོང་ལྔ་བརྒྱ་རེ་བཟླ་སྟེ། རྒྱས་པའི་ལུགས་ཡིན་ལ། འཁོར་ལོ་གསུམ་གྱི་བཟླས་པ་སྤངས་པ་འབྲིང་པོ་དང༌། གཙོ་བོ་ཡབ་ཡུམ་ཁོ་ན་བཟླ་བ་བསྡུས་པའོ། །སྙིང་པོའི་རྣལ་འབྱོར་མ་བཞི་ཞལ་བཞི་པ་དང་སྤེལ་བ་དང༌། སྒོ་མཚམས་མ་བརྒྱད་ལ་ཡབ་ཀྱི་རྐང་བརྒྱད་དང་སྤེལ་བའི་ལུགས་ཀྱང་ཡོད་དེ། དེ་ལྟར་འགྲུབ་ན་ཤིན་ཏུ་ལེགས་སོ། །བགེགས་ཞི་བས་བསྙེན་པ་ནི། འོག་ཏུ་འཆད་པ་ལྟར་ལས་བུམ་དུ་ལས་ཀྱི་ལྷ་སྒྲུབ་པ་ནི་ངེས་པ་ཡིན་ལ། རྒྱ་བོད་ཀྱྀ་བླ་མ་སྔ་རབས་པ་མང་པོའི་བཞེད་པས། བུམ་ཆོག་བཞིན་དུ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྒྲུབ་པར་བཤད་དེ། དེ་ལྟར་ཡང་གྲུབ་ན་བཟང་ངོ༌། །ཡེ་ཤེས་དབབ་པའི་བསྙེན་པ་ནི། ཐོད་པའི་ནང་དུ་ཡེ་ཤེས་འབེབས་པས་རྫས་རྣམས་བཞག་ལ། ཨོཾ་ཏིཥྛ་མཧཱ་ཀྲོདྡྷ་སོགས་དང༌། དབྱངས་སྐྱོང་བའི་སྔགས་བཟླ་བ་ཡིན་ཏེ། བདག་ཉིད་གཙོ་བོའི་ང་རྒྱལ་གྱིས་རྫས་ལ་སྔགས་ཀྱི་ཡིག་འབྲུ་འབེབས་པའི་ཚུལ་གྱིས་སོ། །དེ་ལྟར་བསྙེན་པ་གསུམ་ཀ་མ་འགྲུབ་ན། དང་པོ་ལྷ་ཉེ་བའི་བསྙེན་པ་ཉིད་གཙོ་བོ་ཡིན་པའི་དེ་བྱའོ། །བསྙེན་པ་དང་གསོལ་གདབ་ལ་སྔ་ཕྱི་ངེས་པ་མེད་པས་ཇི་ལྟར་བདེ་བ་ཡིན་ནོ། །གསུམ་པ་ས་ཆོག་ལ། ས་བརྟག་པ། ས་བསླང་བ། སྦྱང་བ། བཟུང་བ་བཞི་ལས། དང་པོ་ནི། སྤྱི་དང་འདྲ་ཞིང་གཞུང་དུའང་ལྟའོ། །གཉིས་པ་ལ་གནས་ཀྱི་བདག་པོ་ལས་བསླང་བ། འཇིག་རྟེན་


TNT07_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་ལས་བསླང་བ། དཀྱིལ་འཁོར་ལྷ་ལས་བསླང་བ། སའི་ལྷ་མོ་ལས་བསླང་བའོ། །དང་པོ་ནི། བདག་ཉིད་དཔལ་ཧེ་རུ་ཀར་གྱུར། གཏོར་མ་དང་མཆོད་པ། སུམྦྷས་བསངས། སྭབྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ། གིས་བྱིན་གྱིས་རླབས། ཨོཾ་གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་རྣམས་དང༌། སརྦ་ཀྵེ་ཊ་ཕ་ལ་ས་པ་རི་ཝ་རེ་བྷྱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་ཏྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་མམ་ལྔ་སོགས་ཀྱིས་ཕུལ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། གང་ཡང་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་སྟེ། རོལ་མོའི་སྒྲ་དང་བཅས་ཏེ་ཕྱིར་དོར། གཉིས་པ་ནི། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་ལ་སོགས་པ་འཇིག་རྟེན་སྐྱོང་བ་ཐམས་ཅད་སྤྱན་དྲངས་པར་མོས་ཏེ། ཨོཾ་ཨཀྐ་དྷ་ན་བསྦན་དྷ་ན་ཁཀྑཱ་ད་ན་སརྦ་དུཥྟ་ན་ཧ་ན་ཧ་ད་གྷཱ་ཏ་ཡ། མ་མ་ཤཱན་ཏི་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿསྭཱཧཱ། ཞེས་པས་བཀུག་སྟེ། ཨོཾ་ཁ་ཁ་ཁྭ་ཧི་ཁྭ་ཧི་ནས་མ་མཱ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ་སྭཱཧཱ། ལན་གསུམ་སོགས་ཀྱིས་ཕུལ། ཨརྒྷཾ༴ ལ་སོགས་པའི་མཆོད། ཁམས་གསུམ་གནས་པའི་ལྷ་དང་ཀླུ །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེ་ལྡན་ཞིང༌། །འབྱུང་པོ་བསྟན་པ་ལ་དགའ་བས། །བདག་ལ་དགོངས་པར་མཛད་དུ་གསོལ། །སངས་རྒྱས་རྣམས་ལ་མཆོད་པ་


TNT07_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །སེམས་ཅན་རྣམས་ལ་ཕན་དོན་དུ། །ས་ཕྱོགས་དགེ་བ་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་བ། །ཇི་ལྟར་བསམ་པའི་ལས་བྱེད་ནི། །ཁྱེད་ཀྱི་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད། ཅེས་ལན་གསུམ། གཙྪ་གཙྪ་སྭ་སྠ་ནཾ། ཞེས་རོལ་མོ་དང་བཅས་ཏེ་གཏོར་མ་ཕྱིར་དོར། གསུམ་པ་ནི་དཀྱིལ་འཁོར་གྱི་ས་གཞིར་སྐྱང་ནུལ་བྱ། ཨོཾ་ཨཱཿཧཱུཾ། ལན་བཞི་བཅུ་ཞེ་གཅིག་བརྗོད་ལ་ལྷའི་གནས་སུ་དྲི་བཟང་གིས་ཐིག་ལེ་བྱ། མཉྫའི་སྟེང་དུ་ཐོད་པ་བཞག་ལ། དེར་མེ་ཏོག་འབུལ་བཞིན་པས། ལྷ་ཐམས་ཅད་ཀྱི་སྙིང་པོ་ལན་གསུམ་གསུམ་བརྗོད། སྤྲོ་ཞིང་དགོས་ན། དབུས་ཀྱི་ལྟེ་བར་འཁོར་ལོ་བདེ་མཆོག །ཅེས་པ་ནས། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །ཤར་དུ་མཁའ་འགྲོ་མ་ནག་མོ་ནས། རྡོ་རྗེའི་འཕྲེང་བས་མཚན་པའི་བར་ལ། མཁའ་གསང་བྱིན་རླབས་རྗེས་ཆགས་དང་བཅས་པ་དོར། ལྷག་མ་རྣམས་བརྗོད་དོ། །བསྡུ་ན། འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་སྐད་ཅིག་གིས་གྲུབ་པར་གྱུར། ཞེས་བརྗོད། སྒྲུབ་ཐབས་ནས་འབྱུང་བ་ལྟར། ཨརྒྷཾ༴ ནས་ཤཔྟའི་བར་སྔགས་ཀྱིས་མཆོད། རྐང་བརྒྱད་གཉིས་ཀྱིས་བསྟོད། དུས་གསུམ་འབྱུང་བའི་མགོན་པོ་རྣམས། །བདག་ལ་བརྩེ་བས་དགོངས་སུ་གསོལ། །མགོན་པོ་རྒྱལ་བ་སྲས་མཆོད་ཅིང༌། །སློབ་མ་རྣམས་ལ་སྨན་སླད་དུ། །དཔལ་ལྡན་རྡོ་རྗེ་ཧེ་རུ་ཀའི། །ཀྱིལ་འཁོར་དམ་པ་འབྲི་འཚལ་བས། །དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །བདག་ལ་བྱིན་


TNT07_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་མཆོག་གནང་མཛོད། ཅེས་ལན་གསུམ་གསོལ་བ་གདབ། ཡོ་ག་ཤུདྡྷོ་སོགས་རང་ལ་སྟིམ། ཡང་ན། བཛྲ་མུཿས་གཤེགས་སུ་གསོལ། བཞི་པ་ནི། ས་ནོན་གྱི་ཕྱག་རྒྱས་སོར་མོ་དབུས་མ་གསུམ་པ་ལ་རེག་སྟེ། ཊཀྐི་ནི་ཧཱུཾ་ཛཿ ལན་གསུམ། ཧཾ་གི་སྒྲ་དང་ཧཱུཾ་གི་འོད་ཀྱིས་བསྐུལ་ནས་ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་འབྱུང༌། ཚོམ་བུའི་སྟེང་དུ་བྱོན་པ་ནི་སའི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཉམས་དང་ལྡན་པ། ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་རིན་པོ་ཆེ་བུམ་པ་བསྣམས་པ་རྒྱན་དང་ན་བཟའ་དཀར་པོ་ཅན། ཀྱེ་རིག་པ་འཛིན་པ་བདག་གིས་དཀྱིལ་འཁོར་གྱི་ལས་ཅི་བགྱི་བ་བཀའ་སྩལ་དུ་གསོལ། ཞེས་གསུང་བར་གྱུར། བདག་བསྐྱེད་ལྟར་མཆོད་པ་བྱིན་གྱིས་བརླབ། ཨོཾ་པྲི་ཐཱི་ཝི་དེ་ཝཱི་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་སྔོན་དུ་འགྲོ་བའི་པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏེ། ཤཔྟ། གྷཎྜེ་སོགས་རོལ་མོ། གཏོར་མ་སུམ་བྷ་སྭབྷཱ། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཨོཾ་པྲི་ཐཱི་ཝི་དེ་ཝཱི་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ། ཨོཾ་ཚུར་བྱོན་ཚུར་བྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་


TNT07_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ། །རིན་ཆེན་ཀུན་གྱི་རབ་གང་མ། །བཟང་པོའི་རྒྱན་གྱི་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་གཏོར་འདི་དག་མཆོད་ནས་སུ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཧེ་རུ་ཀ་དཔལ་དཔའ་བོ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། ལན་གསུམ། སའི་ལྷ་མོའི་འཁོར་དང་བཅས་པ་རྣམས་མཆོད་གཏོར་དམ་པ་འདིས་ཚིམ་པར་མཛད་པ། བདག་གི་བསྙེན་པ་རྫོགས་པའི་དཔང་པོ་ཡང་མཛད་ཅིང༌། དཀྱིལ་འཁོར་འབྲི་བའི་དོན་དུ་སའི་ཕྱོགས་འདི་བདག་ལ་གནང་བར་མཛད་དུ་གསོལ། ཀྱེ་རིག་པ་འཛིན་པ་ས་གཞི་སེམས་མེད་ཅིང་དག་པར་འཚལ་བའི་ལས་ཅི་བདེ་བར་མཛོད་ཅིག ཨོཾ་པྲ་ཐཱི་དེ་ཝཱི་བྷྱཿཨརྒྷཾ་པྲ་ཏིཙྪ་སྭཱཧཱ། ཨོཾ་བཛྲ་ཨུ་ཏི་ལ་སའི་ལྷ་མོ། ནམ་མཁར་བཞུགས་པར་གྱུར། རྒྱ་བོད་ཁ་ཅིག་ས་ལྷ་ལས་སླངས་པ་མི་བྱེད་པའང་ཡོད་དེ་བྱེད་པ་ལེགས་སོ། །གསུམ་པ་སྦྱངས་པ་ལ་གསུམ་གྱི། མེས་སྦྱངས་པ་ནི། ཞི་བ་དང་དྲག་པོའི་སྦྱིན་བསྲེག་གི་བགེགས་དང་མི་ཤིས་པ་སྦྱངས་པའོ། །གཉིས་པ་ཆུས་སྦྱངས་པ་ནི། ལས་ཐམས་ཅད་པ་འདས་པའི་ཆུས་གཏོར་བའོ། །གསུམ་པ་སའི་


TNT07_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སྦྱངས་པ་ནི། རྐོ་སྦྱངས་ཟུག་རྔུ་དབྱུང་བ་སོགས་ཡིན་ལ། དེ་དག་དངོས་སུ་བྱེད་པ་མེད་ན་ཏིང་ངེ་འཛིན་གྱིས་སྦྱངས་ཏེ། ཨོཾ་བྷུ་ཁཾ་ནམ་མཁའི་རང་བཞིན་དུ་གྱུར། ཧཱུཾ་ལཾ་ཧཱུཾ་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་མེ་དྷི། ནས་བནྡྷ་ཧཱུཾ། ཞེས་སོ། །རྒྱ་བོད་ཁ་ཅིག་སྒྲུབ་ཐབས་ལྟར། སྐྱབས་འགྲོ་ནས་ཚོགས་ཞིང་སོགས་མཚམས་སུ་འདི་བྱེད་ཅིང༌། དེ་རྣམས་ཀྱིས་ས་བྱིན་གྱིས་རླབས་པར་བསམ་ལ་ཡིག་བརྒྱ་བརྗོད་པ་སོགས་བྱེད་དེ་འགལ་བ་མེད་ལ་ངེས་པར་དགོས་པ་ནི་མ་ཡིན་ནོ། །བཞི་པ་བཟུང་བ་ལ། བྱིན་གྱིས་རླབས་པ་དང་སྲུང་བ་གཉིས་ཀྱི། དང་པོ་ལ་གསུམ། ལྷའི་རྣལ་འབྱོར་གྱིས་བྱིན་གྱིས་རླབས་པ། དྲག་པོའི་འཕྲིན་ལས་ཀྱི་བྱིན་གྱིས་རླབས་པ། སྟང་སྟབས་ཀྱི་བྱིན་གྱིས་རླབས་པའོ། །དང་པོ་ནི་དཀྱིལ་འཁོར་གྱི་ས་གཞིར་འདུག་ལ། སྐྱབས་འགྲོ་ནས་བཟླས་པ་རྫོགས་ཀྱི་བར། སྒྲུབ་ཐབས་ལས་འབྱུང་བ་ལྟར་ཉམས་སུ་ལེན་པའོ། །གཉིས་པ་ནི། ཕྱོགས་བཞི་སློབ་དཔོན་སོ་སོའི། ཐོག་མར་ཤར་ནས་མཆོད་པ་བྱིན་རླབས་བདག་བསྐྱེད་ལྟར་བྱ། ཨརྒྷཾ་སོགས་དང་རྐང་བརྒྱད་ཀྱིས་བསྟོད། མཎྜལ་ཕུལ། རྡོ་རྗེ་སློབ་དཔོན་ཆེན་པོ་ལ་དཀྱིལ་འཁོར་གྱི་སློབ་དཔོན་མཛད་པའི་དོན་དུ་དབུལ་བར། སོགས་བྱ། ལྷོ་མས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ཤར་མས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ཏུ་


TNT07_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། བྱང་མས། ཞི་བའི་མཆོག་ནི་ཆོས་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ནུབ་མས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཨོཾ་བཛྲ་ཨུ་ཏིཥྛ། སྡོམ་པའི་དཀྱིལ་འཁོར་ནམ་མཁར་བཞུགས་པར་གྱུར། རང་གཙོ་བོའི་ཐུགས་ཀ་ནས་གཙོ་བོ་གཉིས་པར་ཆད། སྐབས་འདིར་རྒྱ་བོད་ཀྱི་སློབ་དཔོན་སྤྲོས་པ་ལ་དགྱེས་པ་རྣམས། རང་ཉིད་ཁྲོ་བོ་ཧཱུཾ་མཛད་ཁམས་གསུམ་རྣམ་རྒྱལ་ཞལ་གསུམ་ཕྱག་དྲུག་པར་བསྐྱེད་པར་འདུག་ནའང་བསྡུས་པ་ལ་གཙོ་བོའི་ང་རྒྱལ་གྱིས་ཆོག་གོ །མིག་གཡས་གཡོན་མ་དང་ཊ་ལས་ཉི་མ་དང་ཟླ་བར་མིག་འབྲས་ཧཱུཾ་ལས་རྡོ་རྗེ་ནག་པོ་ཁྲོ་བོའི་ཚོགས་ཀྱི་འོད་ཟེར་འཕྲོ་བ་དང༌། རྐང་མཐིལ་གཉིས་སུ་ཨཱཿལས་སྣ་ཚོགས་རྡོ་རྗེ་འོད་ཟེར་འཕྲོ་བ། ཨོཾ་པྲ་ཎ་མི་སརྦ་ཏ་ཐཱ་ག་ཏཾ་བཛྲ་དྲིཥྟ་མ་ཊ། རྡོ་རྗེ་ལྟ་བས་གཡས་གཡོན་དུ་བསྐོར་ཏེ། ལྟ་བས་བགེགས་བསྐྲད། ས་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་སྲིན་པོ་དང་སྲིན་མོ་ལ་སོགས་པ། གང་དག་གནས་པའི་སའི་བདག་པོ་མྱུར་དུ་སོངས་ཤིག །འདིར་དཔལ་ཧེ་རུ་ཀའི་བཀའ་ནོས་ལ་མྱུར་བ་ཉིད་དུ་སོངས་ཤིག །གང་དག་མི་འགྲོ་བ་དེ་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང་ཁ་ཊྭཾ་ག་འདིས་སྤྱི་བོ་ནས་


TNT07_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བརྒྱད་དགས་པར་བྱའོ། །ལན་གསུམ། རེ་རེའི་མཐར་སུམ་བྷ་བཟླས་ཤིང་འབུད་དཀྲོལ་བྱ། ཡུངས་དཀར་གྱིས་ས་གཞི་ལ་གཏོར་རོ། །གསུམ་པ་ནི། ཧཱུཾ་གླུར་ལེན་ཅིང་དབང་ལྡན་དུ་སོང་ལ། རྡོ་རྗེ་རྩེ་གཅིག་པ་དང༌། རྩེ་གསུམ་པ་དང༌། རྩེ་ལྔ་པའི་འགྲོས་ཀྱིས་བསྐོར་བ་དང༌། ཤར་དུ་གཡོན་བརྐྱང༌། བྱང་དུ་ས་ག ནུབ་ཏུ་ཟླུམ་པོ། ལྷོར་གཡས་བརྐྱང་རྣམས་ཐབས་ཤེས་ཀྱི་དབྱེ་བས་བརྒྱད་དུ་འགྱུར་བ་རྣམས་དང༌། གཞན་ཡང་དབུས་སུ་སྣ་ཚོགས་རྡོ་རྗེ་འབྲི་ཞིང་མཉམ་པའི་རྐང་སྟབས་དང་ཇི་ལྟར་རིག་པར་གྱེན་དུ་འདེགས་པ། ཐུར་དུ་བསྐྱོད་པ་དང༌། ཐད་ཀར་བསྐྱོད་པ་དང༌། གཡས་དང་གཡོན་དུ་བསྐོར་བ་དང༌། འབྱེད་འཁྱུད་དང་ཀུ་ཙ་ཉེད་པ་དང༌། ནག་ག་ཧ་ད་ན་ད་ཀ། ཙུ་ན་ཤ་དང་སྐྲ་གྲོལ་བ། ཞེས་བརྒྱད་དང༌། རྐང་པ་བསྐྱོད་དང་ལག་པ་བསྐྱོད། །སྨིན་མ་འདེགས་དང་རབ་རྒྱས་གྲང༌། །ཅུང་ཟད་ངོ་ཚའི་ཟུར་མིག་དང༌། །བརླ་རྒྱས་ལྟ་ན་སྡུག་པ་དང༌། །མིག་ཡངས་གར་ནི་བྱེད་འགྱུར་ཞིང༌། ཁ་ཡི་པདྨ་འཛུམ་པ་དང༌། །ཅུང་ཟད་དམར་བའི་མཆེ་བ་འཕྱང༌། །ཀུན་ད་ལྟར་དཀར་སོ་ཡི་འཕྲེང༌། །ཞེས་པ་ལྟར་གར་གྱི་རྣམ་པར་རོལ་པ་རྣམས་བྱ་ཞིང༌། སྟང་སྟབས་ཀྱི་སྤྲོས་པ་ལ་མི་དགའ་ན། ཇི་ལྟར་རིགས་པའི་བསྐོར་བ་གསུམ་བྱའོ། །གཉིས་པ་བསྲུང་བ་ལ་གཉིས་ཀྱི། དང་པོ་ས་གཞི་བསྲུང་བ་ནི། ཕུར་བུ་བཅུའམ་གཅིག་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་བཅུ་ལས་བྱུང་བའི་སྟེང་དང་ཤར་གྱི་ཕུར་བུ་ཁ་གདོང་མ་ནག་མོ། །སོགས་སྒོ་མཚམས་མ་བརྒྱད་མངོན་རྟོག་བཞིན་ནམ། གཅིག་ལས་མེད་ན། བདུད་རྩི་འཁྱིལ་པ་སྐུ་མདོག་ནག་པོ་རྡོ་རྗེ་འཕྱར་ཞིང༌། སྡིགས་མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་གཏོད་པ་སྟེ། གང་ལྟར་ཡང་ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན་དུ་ནས་རང་འདྲའི་


TNT07_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སེམས་དཔའ་ཕཻཾ། ཛཿཧཱུཾ་བཾ་ཧོཿ སུམྦྷ༴ མང་དུ་བཟླས། འདིར་ཡང་རྒྱ་བོད་སྤྲོས་པ་ལ་དགྱེས་པ་རྣམས་མངོན་བརྗོད་ལས་འབྱུང་བའི་ཁྲོ་བོ་བཅུར་བསྐྱེད་པ་བཞེད་དོ། །དེ་ནས། ཨོཾ་སུམྦྷ༴ ཞེས་པ་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་བཅིངས་པར་གྱུར། གྱིས་བར་བསྲུང་འཁོར་བཞིན། ཕུར་བུ་བསྲུང་བའི་ཁྲོ་མོ་རྣམས་སྤྲུལ་ཕུར་བུ་བསྲུང་བའི་དོན་དུ་ཕྱོགས་བཅུར་བཞུགས་པར་གྱུར། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། དེ་བཞིན་དུ། པུཥྤེ། བསྟྲ། སརྒ་པ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ་ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཐམས་ཅད་བཟློག་པའི་འཕྲིན་ལས་མཛོད་ཅིག གཉིས་པ་བདག་ཉིད་བསྲུང་བ་ནི། རང་གི་སྙིང་གར་ཨོཾ་ཨཾ་ཧེ་ནས་སུམྦྷ༴ ལན་གཉིས་ཀྱིས་ཕྱོགས་བཅིངས་པའི་བར། མཉམ་ལངས་བསྲུང་བའི་རྣལ་འབྱོར་གྱི་སྐབས་དང་འདྲ། སྨོན་ལམ་དང་བཀྲ་ཤིས་ཅི་ལྟར་འོས་པར་བྱ་ཞིང་རས་བྲིས་ཀྱི་ཕྱོགས་ལ་ནི་སའི་ཆོ་ག་འདི་མི་དགོས་སོ། །ཉི་མ་དང་པོའི་ཆོ་གའོ། །བཞི་པ་སྟ་གོན་དུ་གནས་པ་ལ། སྟ་གོན་གྱི་སྔ་རོལ་དུ་སྒྲུབ་དགོས་པའི་ཆོ་ག་དང༌། སྟ་གོན་དངོས་སོ། །དང་པོ་ནི། སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་གྱིས་རླབས། ཞུ་འབུལ། དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་རྣམས་སོ། །དེ་ཡང་སྔོན་འགྲོ་གཏོར་མ་ལ་སུམྦྷས་བསངས། སྭ་བྷ་ཝས་སྦྱངས། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་རླབས། ཕཻཾ་ཞེས་མགྲོན་རྣམས་སྤྱན་དྲངས། ཨོཾ་ཁ་ཁ་ཁཱ་ཧྀ་ཁཱ་ཧི་ནས་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ལྷའི་ཚོགས་རྣམས།


TNT07_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདོད་པ་ཀུན་འགྲུབ་ཤོག །དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པའི་ཕྱིར་དང༌། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ཏེ། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཕྱོགས་སྐྱོང་བའི་བསྲུང་མ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བགེགས་རྣམས་བཟློག་ཅིང་འདོད་པའི་དོན་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛོད། གང་དག་ནག་པའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་ལྟ་བར་མི་དབང་བ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག །སུམྦྷ་བཟླས་དྲག་རོལ་བྱ་གཏོར་མ་ཕྱིར་དོར་རོ། །དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་རླབས་པ་ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། གནས་ཁང་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་ནང་དུ། བྷཱུཾ་ལས་བྱུང་བའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ། རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི། ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་


TNT07_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམས། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་བྱུང་བ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ཡུལ་ནམ་མཁའི་མཐས་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པདྱཾ། དེ་བཞིན་དུ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ་གནྡྷེ། ནཻ་ཝི་ཏེ། ཤཔྟ། ཨཱཿཧཱུཾ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་བརྟ་ཡ། ཨ་བརྟ་ཡ་ཧོ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་གྷནྡཻ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ་ན་ད་སམྦྷ་ཝེ། བཛྲ་དྷརྨ་ཧྲི་ད་ཡ་ནི་སོནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཱཾ་སྭཱཧཱ། ཞེས་རོལ་མོ་བྱིན་འབེབ་ཀྱི་སྔགས་དང༌། གཞན་ཡང་མཆོད་པའི་སྤྲིན་གྱི་གཟུངས་ལ་སོགས་པ་ཅི་རིགས་པ་བཟླས་ཤིང་བྱིན་དབབ་བོ། །ཞུ་འབུལ་ནི། ཚོགས་པ་ཡོད་ན་ཚོགས་ཀྱི་གཙོ་བོ་ལ་གསོལ་གདབ་པའི་དོན་ཡིན་པས་བྱས་ན་ལེགས་པར་འགྱུར་ཏེ། བྱེད་ཚུལ་སྤྱི་དང་འདྲའོ། །དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་ནི། སྐྱབས་འགྲོ་ནས་བརྩམས་ཏེ། མཉམ་ལངས། བསྲུང་བའི་རྣལ་འབྱོར་རྫོགས་ཀྱི་བར་རམ། ཞིང་སྐྱོང་དག་པ་གསུམ་གྱི་བར་དུ་བྱས་ཀྱང་རུང་སྟེ། བདག་བསྐྱེད་ཀྱི་རྣལ་འབྱོར་རྒྱས་པ་ཉིད་རྫོགས་པར་བསྒོམ་པ་ཡིན་ནོ། །གཉིས་པ་སྟ་གོན་དུ་གནས་པ་དངོས་ལ། སའི་ལྷ་མོ་སྟ་གོན་དུ་གནས་པ་དང༌། ལྷ་སྟ་གོན་དུ་གནས་པ་དང༌། བུམ་པ་སྟ་གོན་དུ་གནས་པ་དང༌། སློབ་མ་སྟ་གོན་དུ་གནས་


TNT07_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ནི་དཀྱིལ་འཁོར་གྱི་ས་བཞིར་ས་བླའི་ཚོམ་བུ་བཀོད་མཆོད་གཏོར་བཤམས། ནམ་མཁར་བཞུགས་པའི་སའི་ལྷ་མོ་འཁོར་དང་བཅས་པ་ཚོམ་བུའི་སྟེང་དུ་བྱོན་པ་ནི། ཞེས་པ་ནས། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འབྲིའི་བར་གོང་བཞིན། ཀྱེ་རིག་པ་འཛིན་པ་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་མཛོད་ཅིག ཨོཾ་པྲི་ཐཱི་ཝི་དེ་ཝཱི་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། སའི་ལྷ་མོ་སླར་ཡང་ས་གཞི་དེ་ཉིད་ལ་ཐིམ་བར་གྱུར། རས་བྲིས་ཀྱི་ཆོ་ག་ལ་ནི་སྔར་ནམ་མཁར་བཞུགས་པའི་བཏེག་པ་མེད་པས། ས་གནོན་གྱི་ཕྱག་རྒྱ་ས་ལ་རེག་པ་ནས་གཟུང༌། དཀྱིལ་འཁོར་འབྲི་ཞེས་པའི་བར་ས་ཆོག་གི་སྐབས་བཞིན་བྱ་བ་ནི་ཁྱད་པར་རོ། །གཉིས་པ་ནི། ཤར་དང་སྟེང་གི་ཕུར་བུ་ཁྭ་གདོང་མ་ནག་པོ་སོགས་ནས། ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན་དུ་གྱུར། བཛྲ་གནྡྷ྄ེ་ནས བཟློག་པའི་འཕྲིན་ལས་མཛོད་ཅིག་བར་གོང་བཞིན་ནོ། །དེ་ནས་ད་ལྟའི་ལག་ལེན་ལྟར་ན། ཐིག་བཏབ་ལ། གཙོ་བོའི་གནས་སུ་དྲི་བཟང་གིས་ཐིག་ལེ་གྲུ་བཞི་པ་དང༌། ལྷ་གནས་གཞན་རྣམས་སུ་ཟླུམ་པོར་བྱེད། དེ་རྣམས་སུ་མེ་ཏོག་གི་ཚོམ་བུ་རེ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། སུམ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར། བསྲུང་བའི་འཁོར་ལོའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་ནས་མཆོད་པ་སྣ་ཚོགས་པས་གང་བའོ། །ཨོཾ་ཨཱཿཧཱུཾ། ལན་བཞི་བཅུ་ཞེ་གཅིག་བརྗོད་དེ། དྲི་བཟང་ཚོམ་བུ་ཐིག་ལེ་དང་བཅས་པ་གདན་དུ་བྱིན་གྱིས་རློབས་པའོ། །དེ་ནས་ལྷ་ཐམས་ཅད་ཀྱི་སྙིང་པོ་


TNT07_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཆོད་བཞིན་ལས་སོ་སོར་ལན་གསུམ་གསུམ་བརྗོད། བདེ་ཆེན་འཁོར་ལོའི་དབུས་ཀྱི་ལྟེ་བར་ནས། མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་ལ་ནས། རྡོ་རྗེའི་འཕྲེང་བའི་མཚན་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་ནས་དབང་གི་ལྷ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ་གྱིས་བར་ཡང་སྒྲུབ་ཐབས་བཞིན་ནོ། །ས་ཆོག་གི་སྐབས་ནམ་མཁའ་བསྐྱེད་པའི་དཀྱིལ་འཁོར་ནི། ཡེ་ཤེས་པའི་ཞོར་ལ་སྤྱན་དྲངས་པ་ཡིན་པས། སྒོས་སུ་སྤྱན་འདྲེན་མི་བྱེད་པའི་ལུགས་ཡིན་ལ། དཀྱིལ་འཁོར་གྱི་ཆོ་ག་གཞན་མང་པོ་དག་ལའང་འདི་ལྟ་བུ་ཡོད་དོ། །དེ་ནས་མཆོད་པ་ནི། རྒྱས་བསྡུས་ཇི་ལྟར་འོས་པ་བྱ། འཇིག་རྟེན་འདས་གཏོར་སྐབས་འདིར་ཕུལ་ཀྱང་ཆོག་སྟེ་མཆོད་པར་འགྲེལ་བའི་ཕྱིར་རོ། །དེ་ནས་སྙན་གསན་དབབ་པ་ནི་བདུད་རྩི་ལྔ་དང་ཤ་ཆེན་སྦྱར་བའི་སྤོས་སྣོད་ཐོགས་ཏེ། གཉིས་མེད་ཡེ་ཤེས་ལས་བྱུང་བ། ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་ལྷན་ཅིག་ཡང་དག་ལྡན། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང༌། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་སྩོལ། །སློབ་མ་ལ་ནི་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་འབྲི་བར་བགྱི། །


TNT07_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱི་བྱིན་གྱིས་རླབས་ཏུ་གསོལ། ཞེས་ལན་གསུམ་མོ། །ཡང་ན་གསང་བ་སྤྱི་རྒྱུད་ནས་འབྱུང་བ་ལྟར་ལ། ཧེ་རུ་ཀ་དཔལ་བཅོམ་ལྡན་འདས་ནས་ཞེས་དང༌། ཧེ་རུ་ཀ་འབྱུང་དཀྱིལ་འཁོར་འདི། །ཞེས་འདོན་པ་སྤོས་ཏེ་བརྗོད་ཀྱང་རུང་ངོ༌། །ཉི་མ་དེ་ཉིད་ལ་དཀྱིལ་འཁོར་ནམ་མཁར་མི་འདེགས་ན། རྡོ་རྗེའི་ས་གཞི་ལ་སོགས་པའི་སྔགས་ཚན་དྲུག་བསྲུང་འཁོར་ནས་འབྱུང་བ་ལྟར་བརྗོད་ལ། མཚམས་བཅིང་པ་ཡིན་ཀྱང་ལག་ལེན་མི་བདེའོ། །དེ་ནས་གཏོར་མ་འབུལ་བར་བྱ་སྟེ། སུམ་བྷའི་བསངས་བ་ནས། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱི་བར། ས་མ་ཡ་སྟཾ་ནས་རྗེས་བརྩེར་མཛད་དུ་གསོལ། །སུམ་བྷའི་མཐར། ཨ་ཀཱ་རོ། །བཏགས་པ་ཕུར་བུ་རྣམས་ལ་ཡང་ཕུལ། བར་འདིར་ནག་པོ་ཆེན་པོ་ལ་སོགས་པ་སྒོས་ཀྱི་ཆོས་སྐྱོང་ལ་གཏོར་མ་འབུལ་བར་སྤྲོ་ན་འབུལ། དེ་ནས་ཨོཾ་ཁ་ཁ་༣ ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་གྱིས་འཇིག་རྟེན་པའི་གཏོར་མ་ཕུལ། རྗེས་ཀྱི་བྱ་བ་ནི། མཚམས་འདི་ནས་ཡིག་བརྒྱས་ཁ་བསྐང་བ་མན་ཆད་བྱས་ཀྱང་ཆོག་ལ། དེང་སང་གི་ལག་ལེན་ལྟར་ན་བུམ་པ་སྒྲུབ་པའི་རྗེས་སུ་བྱེད་དོ། །གསུམ་པ་ནི་རྟག་པའི་རྡོ་རྗེ་ཞེས་བྱ་བའི་ལུགས་ལ། ལྷ་སུམ་ཅུ་སོ་བདུན་ལ་བུམ་པ་རེ་རེ། རྣམ་རྒྱལ་དང་ལས་བུམ་སྟེ་ཞེ་དགུར་འདོད་ཅིང༌། བདེ་ཆེན་འཁོར་ལོའི་ལྔ་དང་སྒོ་མ་བཞིའི་རེ་རེ་སྟེ་དགུར་ཡང་འཆད་དོ། །འོན་ཀྱང་འདིའི་གཙོ་བུམ་དང་རྣམ་རྒྱལ་ཐ་དད་དུ་བྱས་པ་ནི་ཧ་ཅང་ལེགས་པ་མ་ཡིན་ནོ། །འཇིགས་མེད་འབྱུང་གནས་ཀྱི་ཞལ་སྔ་ནས། བདེ་ཆེན་འཁོར་ལོའི་ལྔ། སྒོ་མཚམས་མ་བརྒྱད། འཁོར་ལོ་


TNT07_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཕྱོགས་མཚམས་ཕྱེ་བས་དྲུག་སྟེ། ལས་བུམ་གཅིགཉི་ཤུ་འམ། འཁོར་ལོ་ལྔ་ལ་བུམ་པ་རེ་རེ་དང༌། གཙོ་བུམ་ལས་བུམ་སྟེ། བདུན་ནམ། འཁོར་ལོ་ལྔ་དང་ལས་བུམ་སྟེ་དྲུག་ཀྱང་བཞེད་ལ། བདེ་ཆེན་འཁོར་ལོའི་ལྔ་དང༌། འཁོར་ལོ་ལྷག་མ་བཞི་ལ་རེ་རེ་སྟེ་དགུར་ཡང་མཛད་དོ། །བྷུ་བ་བློ་ལྡན་གྱིས་ནི། གཙོ་བོ་ཡབ་ཡུམ་དང༌། རྣལ་འབྱོར་མ་བཞི་དང༌། མཚམས་ཀྱི་བུམ་པ་བཞི་སྟེ་དགུ་ཞེས་དང༌། དགེ་སློང་དཱ་རི་ཀ་པས་བཀྲ་ཤིས་ཁྲུས་ཀྱི་བུམ་པ་བརྒྱད་དང༌། དབང་བསྐུར་རྒྱལ་བའི་བུམ་པ། དུང་ཆོས་རྣམ་རྒྱལ་ཞེས་འདོད་པས་རྒྱལ་བ་རྣམ་རྒྱལ་གྱི་ངོས་འཛིན་དུས་འཁོར་དང་བསྟུན་པར་སྣང་ལ། ལྷག་མ་གྲུབ་ཆེན་ནག་པོ་སྤྱོད་པའི་དགོངས་པ་ཡང་འདི་ཉིད་ཡིན་ནོ། །འདོད་ཚུལ་ཐ་དད་པ་དེ་དག་ལས། བུམ་པ་དགུར་བྱེད་པ་རྣམས་ཀྱི་ལུགས་ཐམས་ཅད་དང་མཐུན་པར། བཅུ་པ་ནི་ལས་བུམ་མོ། །བསྡུ་ན་གཉིས་སུ་བྱེད་པ་ཡང་ཐམས་ཅད་དགོངས་པ་མཐུན་པས། སྐབས་འདིར་འདི་ལྟར་བྱ། བུམ་པ་མང་ན་ལྷ་གྲངས་དང་མཉམ་པ་ཡིན་ཡང༌། ད་ལྟར་ལག་ལེན་བྱེད་པ་ཉུང་ལ། འབྲིང་དུ་ན་བུམ་པ་བཅུ་སྟེ། རྣམ་རྒྱལ་བུམ་པ་དང༌། ཁྲུས་ཀྱི་བུམ་པ་བརྒྱད་དང་ལས་བུམ་མོ། །ཉུང་བ་ལ་གཉིས་ཏེ་རྣམ་རྒྱལ་བུམ་པ་དང་ལས་བུམ་མོ། །དེ་ལ་རྣམ་རྒྱལ་བུམ་པར་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་བསྐྱེད་དགོས་ཤིང༌། ལས་བུམ་དུ་ནི་ཧཱུཾ་མཛད་འཇིག་རྟེན་གསུམ་རྒྱལ་བསྐྱེད་པ་དང༌། ཧེ་རུ་ཀ་ཡབ་རྐྱང༌། ཤིན་ཏུ་ཁྲོས་པ་ཞིག་བསྐྱེད་པ་དང༌། དུམ་སྐྱེས་མ་བསྐྱེད་པ་དང་བདུད་རྩི་འཁྱིལ་པ་བསྐྱེད་པ་རྣམས་ལ་དཀྱིལ་འཁོར་ཆོག་སོ་སོའི་ཁུངས་རེ་ཐམས་


TNT07_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཡོད་ཀྱང༌། ལག་ལེན་དུ་དུམ་སྐྱེས་མ་བསྐྱེད་པར་མཛད་དོ། །བུམ་པའི་མཚན་མ་ཡང༌། བུམ་པ་མང་བའི་ཕྱོགས་ལ་ལྷ་སོ་སོའི་ཕྱག་མཚན་གདན་དང་བཅས་པ་འགོད་ཅིང༌། ཡབ་ཡུམ་གཉིས་གཉིས་བཞུགས་པ་ལའང་ཕྱག་མཚན་གཉིས་ཀར་འགོད་པ་དང༌། ཡབ་ཀྱི་ཕྱག་མཚན་ཁོ་ན་འགོད་པའི་ལུགས་གཉིས་ཡོད་ཅིང༌། དགུའི་ཕྱོགས་ལ་འདོད་ཚུལ་སྣ་ཚོགས་ཡོད་ཀྱང༌། སྐབས་འདིར་རྣམ་རྒྱལ་བུམ་པ་ལ་རིགས་ལྔའི་ཕྱག་མཚན། བཀྲ་ཤིས་ཁྲུས་ཀྱི་བུམ་པ་བརྒྱད་ལ་གྲི་གུག །ལས་བུམ་ལའང་རང་ལྷའི་ཕྱག་མཚན་འགོད་དགོས་པས་དུམ་སྐྱེས་མའི་གྲི་གུག་གོ །མཚན་མ་རྣམས་ཀྱང་ལྟོ་བའམ་ཁའི་གཡེལ་ཁའམ། མཆུ་འཕྱང་གང་ལ་བཀོད་ཀྱང་འདྲ་སྟེ་དགོས་དོན་མཚུངས་པའི་ཕྱིར་རོ། །བུམ་པ་རྣམས་གོས་ཟུང་གིས་གཡོགས། མགྲིན་པར་སྲད་བུ་དཀར་པོས་ལན་བདུན་དུ་དཀྲིས། འབྲས་སོ་བ་དང༌། མོན་སྲན་དང༌། ནས་དང༌། གྲོ་དང༌། ཏིལ་ཏེ་འབྲུ་ལྔ་དང༌། མུ་ཏིག གསེར་མུ་མིན། བྱུ་རུ་དངུལ་ཏེ་རིན་པོ་ཆེ་ལྔ་དང༌། ཀནྡྷ་ཀ་རི་དང༌། སླེ་ཏྲེ་དང༌། རྒྱ་མཚོའི་སྦུ་བ་དང༌། ཆུ་སྲིན་སྡེར་མོ་དང༌། ཤུ་ཐག་དཀར་པོ་སྟེ་སྨན་ལྔ་དང༌། གུར་གུམ། ག་བུར་ཙནྡན་དཀར་དམར་གླ་རྩི་སྟེ་དྲི་ལྔ་དང༌། མེ་ཏོག་ཁ་དོག་སྣ་ལྔ་སྟེ་ཉི་ཤུ་རྩ་ལྔ་པོའམ། མེ་ཏོག་གི་དོད་དུ། འོ་མ། མར། སྦྲང་རྩི། བུ་རམ། ལན་ཚྭ་སྟེ། སྙིང་པོ་ལྔ་བྱེད་པའང་ཡོད་པ། སྤྱིར་གཉིས་ཀར་རུང་ཡང་སྐབས་འདིར་མེ་ཏོག་རིགས་ལྔ་གཙོ་བོར་བྱ་སྟེ། དེ་རྣམས། ཨོཾ་ཨཱཿཧཱུཾ། བཟླ་བཞིན་དུ་བུམ་པར་གཞུག་གོ ཁ་རྒྱན། ཡལ་འདབ། མེ་ཏོག །འབྲས་བུ་སོགས་ལྡན་


TNT07_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤིང་དགེ་མཚན་ཅན་གྱི་ལྕུགས་མས་བྱ། གུ་གུལ་གྱིས་བདུགས། ཞལ་བཞི་པས་སྔགས་བཟླས་པའི་ཡུངས་དཀར་གྱིས་བགེགས་བསྐྲད། དྲི་བཟང་གི་ཆུས་དགང་ངོ༌། །དུང་ཆོས་སམ་ཐོད་པ་དྲི་བཟང་གི་ཆུས་གང་བའི་སྟེང་དུ་གཟུངས་ཐག་རྡོ་རྗེ་དང་བཅས་པ་ཡང་སྟེང་དུ་བཞག །དེ་ནས་མཐའ་མཆོད་གཏོར་གྱིས་བསྐོར་ལ། མཆོད་པ་བྱིན་རླབས་བྱ། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས། སྣ་ཚོགས་པདྨ་བཅུའི་སྟེང༌། ཨ་རྣམས་ལས་ཟླ་བའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་བྷྲུཾ་རྣམས་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་ཞིང༌། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་བཅིང་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་ཀྱི་བུམ་པའི་ནང་དུ་འཁོར་ལོ་བདེ་མཆོག༴ ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་ཤར་དུ་མཁའ་འགྲོ༴ ནས་རྡོ་རྗེའི་འཕྲེང་བས་མཚན་པའོ། །རྣམ་རྒྱལ་བུམ་པའི་སྟེང་གི་མཚན་མ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ། ཤར་གྱི་མཚན་མ་བྲུཾ་ལས་རྣམ་སྣང་དཀར་པོ། ལྷོའི་མཚན་མ་ཨཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ། ནུབ་ཀྱི་མཚན་མ་ཛྲིཾ་ལས་འོད་དཔག་མེད་དམར་པོ། བྱང་གི་མཚན་མ་ཁཾ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རྣམས་རང་སྣང་བའི་ཡུམ་དང་བཅས་པར་གྱུར་པ་བཀྲ་ཤིས་ཁྲུས་ཀྱི་བུམ་པ་བརྒྱད་པོ་ན། ཁྲུས་ཀྱི་བུམ་པ་བརྒྱད་ཀྱི་ནང་དང་ལྷ་མཚན་གྱིས་གནས་སུ་སྒོ་མཚམས་མ་བརྒྱད་གྲུབ་པ་ནི། ཤར་ཁྭ་གདོང་མ་ནས་


TNT07_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ལྗང་གཡོན་སྔོ་བ། ལས་བུམ་གྱི་ནང་དང་མཚན་མའི་དབུས་སུ། ཁཎྜ་རོ་ཧ་སྐུ་མདོག་དམར་པོ་སྟེ། དེ་ཐམས་ཅད་ཀྱང་དྲག་མོ་ཆེ་མོ་ཆེར་ཁྲོས་པ༴ ནས་དབུས་ན་བཞུགས་པའོའི་བར། ཁྲུས་བུམ་མེད་ན། བུམ་པ་བརྒྱད་དུ་སྒོ་མཚམས་མ་བརྒྱད་བསྐྱེད་པའི་ཚིགས་རྣམས་དང༌། དེ་ཐམས་ཅད་ཀྱི་ཞེས་པའི་ཚིགས་བོར་བས་འགྲུབ་བོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ༴ ནས། ལྷ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ། གྱི་བར། ལྷ་སྟ་གོན་གྱི་སྐབས་བཞིན་ལས། རྒྱས་བྱེད་ཀྱི་གཞུག་ཏུ་ལས་བུམ་གྱི་ཁཎྜ་རོ་ཧ་ལ་འོད་དཔག་ཏུ་མེད་པས་དབུ་རྒྱན་ཞེས་ལྷག་པོར་བརྗོད། ཕྱི་མཆོད། ནང་མཆོད། གསང་མཆོད། རྐང་བརྒྱད་ཀྱི་བསྟོད་པ་རྣམས་སྒྲུབ་ཐབས་ལས་མཆོད་པའི་རྣལ་འབྱོར་གྱི་སྐབས་སུ་བཤད་པ་བཞིན་ཏེ། འོན་ཀྱང་ནང་མཆོད་བྱིན་རླབས་དང༌། བླ་མ་རྣམས་ཀྱི་མཚན་སྨོས་པ་དག་མི་དགོས་སོ། །རྡོ་རྗེ་དང་འབྲེལ་བའི་མེ་ཏོག་འཕྲེང་བ་ནས་བཟུང་སྟེ། བཟླས་པ་བྱ་ལ། དེ་ཡང་རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་རྣམས། ཁ་དོག་དམར་པོའི་ཚུལ་གྱིས་སྤྲོས་པ་གཟུངས་ཐག་ལ་འཁྲིལ་ནས་སོང་བ། ལྷ་རྣམས་ཐུགས་ཀར་རེག་པས་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཞེས་བརྗོད་ལ། གཙོ་བོ་ཡབ་ཡུམ་གྱི་སྔགས་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་བཟླ། འཁོར་རྣམས་ལ་བདུན་ལས་མི་ཉུང་བ་བཟླ་བ་དང༌། ལས་བུམ་ལ་ཁཎྜ་རོ་ཧའི་སྔགས་དང༌། ཡི་གེ་བདུན་པ་རྣམས་ཀྱང་ཅི་རིགས་པར་བཟླ་ཞིང༌། ཁྱད་པར་སུམ་བྷ་ལན་ཉི་ཤུ་རྩ་གཅིག་ལས་མི་ཉུང་བ་བཟླའོ། །


TNT07_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པའང་ཅི་རིགས་པ་བཟླས། དུང་ཆོས་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། ཞེས་པ་ཉེར་གཅིག་ཙམ་བཟླས་ལྷ་སྟ་གོན་གྱི་སྐབས་ལྟར་འཇིག་རྟེན་འདས་པའི་ལྷ་ལ་གཏོར་མ་འབུལ། གོང་བཞིན་མཆོད་བསྟོད་བྱ། ཡིག་བརྒྱ་ཚར་གསུམ། མ་འབྱོར་པ་དང༌། ཞེས་སོགས་ནས། བཟོད་པར་གསོལ། ཨོཾ་ཨཱཿཧཱུཾ། ཞེས་པས་མཆོད་ཡོན་ཕུལ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། ཞེས་བརྗོད་ཅིང་བསམ། དགེ་སློང་དཱ་རི་ཀ་པས་ལྷ་གཞན་རྣམས་ཞུ་ཞིང༌། ལས་བུམ་གྱི་ལྷ་མི་ཞུ་བར་འདོད་ཀྱང་མཐའ་གཅིག་ཏུ་དེ་ལྟར་མི་དགོས་སོ། །ཡལ་འདབ་ཀྱིས་ལས་བུམ་གྱི་ཆུ་བླངས་ལ། ཐམས་ཅད་ལ་བསངས་ཤིང༌། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བགེགས་ཐམས་ཅད་བསྲུང་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་དོ། །ཆོ་ག་ཅུང་ཟད་བསྡུས་པ་བྱེད་ན། བུམ་པའི་མཚན་མ་རྣམས་ལྷར་བསྐྱེད་མི་དགོས། གཏོར་མ་འབུལ་བ་དང༌། བཟླས་པའི་རྗེས་ཀྱི་མཆོད་བསྟོད་ཀྱང་བོར་བས་རུང་ངོ༌། །ད་ལྟར་གྱི་ལག་ལེན་དང་བསྟུན་ནས་སྐབས་འདིར་རྗེས་ཆོག་བྱེད་ན། མཆོད་པ་གསར་དུའང་བཤམ། རྙིང་པ་གསོས་མཆོད་འཕྲེང་བཞིན་བྱིན་གྱིས་རླབས། ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་ཚིགས་བཅད་དང་བཅས་པའམ། བསྡུ་ན་སྔགས་ཙམ་གྱིས་ཕུལ། རྐང་བརྒྱད་གཉིས་ཀྱིས་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མ་འབྱོར་པ་དང༌།


TNT07_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། བཟོད་པར་གསོལ། བདག་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་བཛྲ་ཨུ་དྷིཥྛ། ཞེས་པ་དང་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ནམ་མཁར་བཞུགས་པར་བསམ། ཆུ་གཉིས་ཉེར་སྤྱོད་རོལ་མོ་རྐང་བརྒྱད་རྣམས་ཀྱིས་མཆོད་བསྟོད་བྱ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྤྱན་མ་དྲངས་ཀྱི་བར་དུ། སྟེང་གི་ནམ་མཁར་བཞུགས་ལ། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོ་མཛད་དེ། ནངས་པར་དཀྱིལ་འཁོར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་བརྗོད། དེ་ནས་བདག་ཉིད་བསྲུང་བ་དང་སྨོན་ལམ་དང་བཀྲ་ཤིས་སོགས་བྱའོ། །བཞི་པ་ནི། ཞི་བས་སྦྱང་བ་དང་ཞི་དྲག་ཕྱེད་མས་སྦྱང་བ་དང༌། དྲག་པོའི་སྦྱང་བ་སྟེ་བགེགས་སྦྱང་བ་དང༌། ཏིལ་སྦྱང་གི་སྡིག་པ་སྦྱང་བ་རྣམས་སྔོན་དུ་འགྲོ་བའི་སྒོ་ནས་སྟ་གོན་གྱི་ཆོས་བཅུ་གསུམ་བྱ་སྟེ། བསམ་པ་བརྟན་དང་བུ་རུ་སྒྲུབ། །གསོལ་བཏབ་སྔགས་ཀྱི་ཆེ་བ་བརྗོད། །སྡོམ་བཟུང་ལྷར་བསྐྱེད་མཆོད་པ་འབུལ། །བསྲུང་སྐུད་ཁྱོར་ཆུ་སོ་ཤིང་དང༌། །ཀུ་ཤ་ཟབ་མོའི་ཆོས་བཤད་ཅིང༌། །རྨི་ལམ་བརྟག་སྟེ་ངན་ན་བསྲུང༌། ཞེས་བྱ་སྟེ། དེ་ཡང་སློབ་མ་རྣམས་འདུས་པ་ལ། སེམས་བསྐྱེད་གསལ་བཏབ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། དེ་ནས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་པ། སློབ་མ་བུར་སྒྲུབ་པ། གསོལ་བ་བཏབ་པ། གསང་སྔགས་ལ་སྤྲོ་བ་བསྐྱེད་པ། སྡོམ་པ་བཟུང་བ། ལྷར་བསྐྱེད་པ།


TNT07_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ་བ། བསྲུང་སྐུད་བཅིང་བ། ཁྱོར་ཆུ། སོ་ཤིང༌། ཀུ་ཤ་སྦྱིན་པ། ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་སྟེ། ཆོས་བཅུ་གསུམ་ལས། དང་པོ་ནི་སློབ་དཔོན་གྱིས་འདི་སྐད་ཅེས། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེན། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། ཅེས་བརྗོད་ལ་དོན་ཡང་བཤད་དོ། །གཉིས་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་འོད་ཀྱི་གོང་བུར་གྱུར། སློབ་དཔོན་གྱི་ཞལ་དུ་བཅུག །སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་དུ་གནས་པ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ། རྡོ་རྗེ་ལམ་ནས་བྱུང་སྟེ་ཁྱེད་རང་རྣམས་ལ་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས་ཏེ་དག་པའི་ཤེལ་ལྟར་གྱུར་པ། མཁའ་ནང་ནས་ཕྱིར་སྤྲོས་ཏེ། པདྨའི་གདན་ལ་འཁོད་པར་གྱུར། ཞེས་བརྗོད། གསུམ་པ་ནི། རྡོ་རྗེ་ཕག་མོའི་མགྲིན་འཁྱུད་པའི། །


TNT07_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་སློབ་མས་ལན་གསུམ་གསོལ་བ་གདབ། བཞི་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་འདི། ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱས་ཕྱིར། བུ་ཡི་བློ་གྲོས་འདི་གྱིས་ཤིག ཅེས་བརྗོད་ཀྱང་དོན་བཤད། ལྔ་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་རྗེས་བཟློས་བྱར་གཞུག་སྟེ་ཐུན་མོང་གི་སྡོམ་པ་བཟུང་བའོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་


TNT07_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ནི་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་གཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། ཞེས་ལན་གསུམ་རྗེས་བཟློས་ཀྱི་ཐུན་མོངས་མ་ཡིན་པས་སྡོམ་པ་བཟུང་ངོ༌། །དྲུག་པ་ནི། སློབ་མ་ཧེ་རུ་ཀ་ཕྱག་གཉིས་པར་གསལ་བའི་གནས་གསུམ་དུ་བདུད་རྩི་ལྔ་དང་སྦྱར་བའི་དྲི་བཟང་གིས་ཐིག་ལེ་བྱ་ཞིང༌། ཨོཾ་ཨཱཿཧཱུཾ། སྙིང་གར་ཧཱུཾ་སྔོན་པོ། མགྲིན་པར་ཨཱཿདམར་པོ། དཔྲལ་པར་ཨོཾ་དཀར་པོ། ཡང་དཔྲལ་བ་ནས་མར་རེག་སྟེ། ཨོཾ་ཨཱཿཧཱུཾ། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། སློབ་མའི་གནས་གསུམ་དུ་ཐིམ་པར་མོས། བདུན་པ་ནི། ཨོཾ་བཛྲ་པུཥྤེཿཧཱུཾ། སོགས་ཉེར་སྤྱོད་ལྔས་སློབ་མ་ལ་མཆོད། བརྒྱད་པ་བསྲུང་སྐུད་བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་དམར་པོ། རྡོ་རྗེའི་མདུད་པ་གསུམ་དང་བཅས་པ། བར་ཆད་ཐམས་ཅད་བསྲུང་བའི་ནུས་པ་དང་ལྡན་པར་གྱུར། ཡེ་ཤེས་ཀྱི་སྲད་བུ་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡི་གེ་བརྒྱ་པ་དང་


TNT07_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བྷ། སྤེལ་བས་བཟླ་ཞིང༌། སྐྱེས་པའི་དཔུང་པ་གཡོན་དང༌། བུད་མེད་ཀྱི་གཡས་སུ་བཅིང་ངོ༌། །ལས་བུམ་གྱི་ཆུས་ཀྱང་གཏོར་མ་ལ། རྡོ་རྗེ་རྒྱ་གྲཾ་དུ་རེག་ལ་གོ་སྐོན་པར་མོས། དགུ་པ་ནི། ཨོཾ་ཧྲཱིཿབི་ཤུདྡྷ་སརྦྦ་དྷརྨཱ་སརྦྦ་པཱ་པཾ་ནི་ཙཱ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ནཱ་ཡ་ཧཱུཾ། ཞེས་པས་ལན་གསུམ་ཁྱོར་ཆུ་བླུད། བཅུ་པ་ནི། ཧཱུཾ་ལས་བྱུང་བའི་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོ་ཤིང་རྩེ་ལ་སྲད་བུ་དམར་པོ་དང་མེ་ཏོག་གི་འཕྲེང་བ་བཅིངས་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། སུམ་བྷ། བཟླས་བཞིན་དུ་སྦྱིན། དེས་ཀྱང༌། ཨོཾ་བཛྲ་ཧ་ས་ཧ་ཞེས་དྲང་པོར་དོར་ལ། སློབ་དཔོན་གྱི་དངོས་གྲུབ་ལུང་སྟོན་ནོ། །བཅུ་གཅིག་པ་ནི། ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ། རྨི་ལམ་མི་འཁྲུགས་པ་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ། དྷིཿ ཞེས་ཀུ་ཤ་ཆུང་བ་གཡས་དང༌། ཧཱ། ཞེས་ཆེ་བ་གཡོན་དུ་གཏད། བཅུ་གཉིས་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་ཟླ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་བསྔགས་བརྗོད་པའི། །ཚུལ་ལ་གནས་པས་


TNT07_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་བརྟན་ཞིང་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོར་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་བསྐལ་པ་ཆེན་པོ་ལ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ཅིང་དོན་བཤད། བཅུ་གསུམ་པ་ནི། རྨི་ལམ་དགེ་བའམ་མི་དགེ་བ། །ནངས་པར་ང་ལ་རབ་ཏུ་སྨོས། །དོ་ནུབ་ཀུ་ཤའི་སྔས་སྟན་ལ། །སེང་གེའི་ཉལ་སྟབས་དང་དགེ་བའི་སེམས་ཀྱི་ཉོལ་ཞིག །དེ་ལས་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་རོ། །ཞེས་བརྗོད། སློབ་མ་རྣམས་ཀྱི་ལུས་ལ་གོ་ཆ་གཉིས་དགོས་པའི་དམིགས་པ་ཙམ་བྱས་ཏེ། དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །སློབ་མའམ་སློབ་དཔོན་རྨི་ལམ་མི་དགེ་བ་དག་བྱུང་ན་བཟློག་པའི་ཐབས་ནི། ཞིང་སྐྱོང་མཁའ་འགྲོ་ཐམས་ཅད་ལ། །གཏོར་མ་ཆོ་ག་བཞིན་ཏུ་སྦྱིན། །ཡི་གེ་བརྒྱ་པས་བརྟན་བྱས་ཤིང༌། །བསྲུང་བའི་


TNT07_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཀུན་ཏུ་སྤྱད། །དཔའ་བོ་ཞལ་གྱི་སྔགས་ལ་སོགས། །ཐམས་ཅད་ཀྱང་ནི་བཟླས་པར་བྱ། །གོ་ཆས་བདག་ཉིད་སྲུང་བ་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ལ། །གསོལ་གདབ་བརྒྱན་སོགས་ང་རྒྱལ་བླངས། །མེ་ཡིས་ལས་ལ་ཀུན་བརྩོན་པས། །བགེགས་རྣམས་ཐམས་ཅད་ཞི་བར་བྱ། ཞེས་བཤད་པར་བྱའོ། །དེ་ཡང་གཏོར་མ་སྦྱིན་པ། ཡིག་བརྒྱ་བཟླ་བ། བསྲུང་འཁོར་སྒོམ་པ། ལས་ཐམས་ཅད་པ་བཟླ་བ། གོ་ཆ་གསུམ་བསྒོམ་པ། ལྷ་ལ་གསོལ་བ་གདབ་པ། རྒྱན་བྱིན་གྱིས་རླབས་པ། རང་ལྷའི་ང་རྒྱལ་བསྒོམ་པ། བདག་འཇུག་གི་དབང་བླང་བ། སྦྱིན་སྲེག་བྱེད་པ་སྟེ་བཅུ་པོ་དེ་དག་ལས་ཇི་ལྟར་འོས་པར་སྦྱར་རོ། །ལྔ་པ་ཐིག་གདབ་པ་ལ་ཐོག་མར་ཕུར་པ་བསྐྱེད་ཆོག་མཆོད་པ་གོང་བཞིན་དང༌། གཏོར་མ་བསངས་སྦྱངས་འབྲུ་གསུམ་གྱིས་བྱིན་གྱིས་རླབས་གོང་བཞིན་འབུལ། དེ་ནས་ཐིག་གི་ཆོ་ག་དངོས་ནི། དཀྱིལ་འཁོར་གྱི་ས་ལ་སུམ་བྷ་བཟླས་པའི་དྲི་བཟང་གི་ཆུའི་གཏོར། རང་དང་གྲོགས་གཙོ་བོ་ཡབ་ཡུམ་དུ་གསལ་བས། ལྔ་ལྔ་ཉི་ཤུ་རྩ་ལྔ་དང་ལྡན་པའི་ཐིག་སྐུད་འདུས་བྱས་ལ། མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་གྱིས་རླབས། ཐིག་སྐུད་བསངས་སྦྱངས། སྟོང་པའི་ངང་ལས་དབུས་སུ་ཧཱུཾ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་མཱ་མ་ཀི་ལ་འཁྱུད་པ། ཤར་དུ་བྷྲུཾ་ལས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་ལ་འཁྱུད་པ། བྱང་དུ་ཨཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་


TNT07_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ལ་འཁྱུད་པ། ནུབ་ཏུ་ཛྲིཾ་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་ལ་འཁྱུད་པ། ལྷོར་ཁཾ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་འཁྱུད་པ། སྣམ་སྣང་ཟླ་བ་དང་གཞན་རྣམས་ཉི་མའི་གདན་ལ་བཞུགས་པ། རིགས་ལྔ་ནི་སྟག་གི་པགས་པའི་སྨད་དཀྲིས་ཅན་རལ་པའི་ཐོར་ཚུགས་དང་ལྡན་པའོ། །ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས་ཤིང་གྲི་གུག་དང་ཐོད་པ་འཛིན་པ་དབུ་སྐྲ་གྲོལ་བའོ། །ཐམས་ཅད་ཀྱང་རུས་པའི་རྒྱན་གྱིས་བརྒྱན་པའོ། །དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་ནས། ཡེ་ཤེས་སེམས་དཔའ་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་རླབས་ནས། ཧཱུཾ་བྲུཾ་ཨཾ་ཛྲིཾ་ཁཾ། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་གཏོར་མ་ཕུལ། ཨརྒྷཾ༴ ནས་ཤཔྟའི་བར་གྱིས་མཆོད། དེ་ཉིད་ལྔ་པའམ་རིགས་ལྔའི་བསྟོད་པ་གང་ཡང་རུང་བས་བསྟོད། དེ་ལ་དེ་ཉིད་ལྔ་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་


TNT07_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། ཅེས་པའོ། །རིགས་ལྔ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་ཐིག་སྐུད་རྣམ་པ་ལྔར་གྱུར། ཨོཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿབྷྲུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཨཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཛྲིཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨཱཿཁཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་དང༌། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཅི་རིགས་པའི་བྱིན་གྱིས་རླབས། ཡང༌། ཨོཾ་ཏྲཾ་ཁཾ་ཧཱུཾ་ཞེས་པ་རྣམས་ས་བོན་དུ་བྱས་ཏེ་གཏོར་སྔགས་དང་བྱིན་རླབས་ཀྱི་སྔགས་སོགས་ལའང་དེའི་རིགས་འགྲེའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་ལྔ་ཚན་དུ་བསྒྲིལ་ལ་སྙིང་པོ་བཟླའོ། །ལས་ཐིག་ནི། བྱིན་རླབས་དེ་དང་མཚུངས་པའམ། ལས་ཐམས་ཅད་པའི་ལྷར་བསྐྱེད་ཀྱང་རུང་སྟེ། ཁྲག་ཆེན་གྱིས་སྤགས་ལ་གསུམ་སྒྲིལ་དུ་བསྒྲིལ། བདུད་རྩི་ལྔ་དང་ཙནྡན་གྱིས་བྱུགས། འབྲུ་གསུམ་དང་ཧཱུཾ་ཡིག་གཅིག་པུས་བྱིན་གྱིས་བརླབ་བོ། །ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་བཟླ་ཞིང་གྲོགས་ལ་གཏད་ལ། ཛྫཿཛྫཿཛྫཿ ཞེས་བརྗོད། འཇིག་རྟེན་གྱི་ཁམས་མ་ལུས་པ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་འགྲོ་བའི་དོན་མཛད་པའི་དུས་ནི་འདི་ཡིན་ནོ། །ཞེས་བསམ། མ་ལུས་འཇིག་རྟེན་ཁམས་བཞུགས་པའི། སངས་


TNT07_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་སོགས་ཁྱེད་རྣམས་ཀྱིས། །འགྲོ་དོན་མཛད་པའི་དུས་འདི་ནི། །ལགས་པས་དེ་ཕྱིར་འདིར་བྱོན་ཅིག །ཅེས་དང་པོར་ནམ་མཁའ་དང་དེ་ནས་ས་ལ་གདབ་བོ། །དེ་ཡང་བྱང་ལྷོ་ནུབ་ཤར་ཚངས་ཐིག་སྟེ། མེ་རླུང་སྲིན་དབང་ཟུར་ཐིག་གོ །རྩེ་མོ་ཅན་དང་འབྱུང་པོས་ཤར། །གཙུག་ཕུད་ཅན་དང་མཚན་རྒྱུས་ལྷོ། །གཡོ་བྱེད་བསྲུང་བས་ནུབ་ཀྱི་སྟེ། །རྟ་དམར་དྲགས་པོ་བྱང་དུའོ། །གཡོན་ནས་བརྩམས་པའི་བསྐོར་བ་དང༌། །སློབ་མའི་སློབ་དཔོན་རྒྱབ་མི་ཕྱོགས། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི། ཤིན་ཏུ་གོ་སྐབས་མི་བདེ་ན་མ་གཏོགས། འཇིག་རྟེན་ལྷོ་ལ་དཀྱིལ་འཁོར་གྱི་ཤར་བསྟན་པར་བྱ་ལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་ནི་ངེས་པ་མེད་དོ། །དེ་ནས་ཕྱོགས་ཐམས་ཅད་རང་བཞིན་མཉམ་པ་ཉིད་དུ་ཤེས་པར་བྱའོ། །དེ་ནས་ལས་ཐིག་གདབ་པ་ལ། དཀྱིལ་འཁོར་སྤྱིའི་མཚན་ཉིད་གཞན་དུ་རྟོགས་པར་བྱ་ལ། ནང་གི་ཆ་ནི་དགེ་སློང་དཱ་རི་ཀ་པས། ཚངས་པའི་ཐིག་གི་ངོས་རེར་ཡང་རེ་རེ་ལྔར་བྱ་ཉི་ཤུ་གདབ། ཕོ་བྲང་ལ་གཉིས་གེ་སར་གཅིག །གསུམ་གསུམ་གྱི་ནི་འཁོར་ལོ་རྣམས། །ཀ་བ་གྲི་གུག་རྡོ་རྗེའི་འཕྲེང༌། །པདྨ་འཁོར་ལོ་རེ་རེར་བྱ། །གཅིག་གི་ཕྱི་མའི་ཁྱམས་ཡིན་ཏེ། །ཅེས་པ་ལྟར་ཚངས་ཐིག་ནས་རྩ་ཐིག་གི་བར་ལ་ཆ་ཆེན་བཞི་ཡོད་པ་རེ་རེ་ཡང༌། ལྔ་ཚན་ལྔ་ཚན་དུ་བཀོད། པདྨའི་སྙིང་པོ་ལ་གཉིས། འཁོར་ལོ་བཞི་ལ་གསུམ་གསུམ། གེ་སར་དང་འཕྲེང་བ་བཞི་ལ་རེ་རེ། ལྷ་རྣམས་ལ་གཅིག་གོ །ཡང་ན་གེ་སར་གྱི་དོད་འདབ་མ་ལ་སྣོན་པར་བཤད་ཀྱང༌། དེའི་དོད་ལྷ་རྣམས་ལ་བསྣན་ན་ལེགས་ཏེ། ཡང་ན་འཇིགས་མེད་འབྱུང་གནས་ཞབས་ཀྱིས་གྲུབ་ཆེན་ལཱུ་ཡི་པའི་དགོངས་པ་བསྐང་བ་ལྟར་བཏབ་ཀྱང་རུང་ལ། རྩ་རྒྱུད་ཀྱི་


TNT07_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ལཱ་བ་པས་མཛད་པ་ནས་བཤད་པའི་ཐིག་གི་རྣམ་བཞག་ཀྱང་ལཱུ་ཡི་པའི་ལུགས་འདི་དང་འབྲེལ་ཆགས་པ་ཡིན་པས་དེ་དག་གསུམ་པོ་གང་རུང་ཞིག་དང་མཐུན་པར་གདབ་བོ། དུར་ཁྲོད་ནི་བསྲུང་འཁོར་གྱི་ཕྱི་ནང་གང་ཡང་རུང་བར་ཏེ། རྡོ་རྗེའི་ར་བའི་ནང་དུ་འབྲི་ན་ཆ་ཆེན་གཅིག་ཡིན་ལ། ཕྱི་རོལ་དུ་འབྲི་ན་ཚད་ངེས་པ་མེད་དོ། །རྟ་བབས་ཡང་སྒོའི་ཚད་གསུམ་འགྱུར་དང༌། སྒོ་ཚད་གཅིག་ལ་སོགས་པ་དང་སྣམ་བུ་ཡང་བཞི་དང་བརྒྱད་དང་བཅུ་གཅིག་ལ་སོགས་པ་ཚད་དང་ལྡན་པའི་ལུགས་གཅིག་དང་མཐུན་ན་གང་ཡང་འགལ་བ་མེད་དོ། །དེ་ནས་ཐིག་གི་ལྷ་ལ་མཆོད་བསྟོད་ཕུལ། ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སྐབས་འདིར་མིག་ཏུ་ཧཱི་བཀོད་ལ་སྒོའི་རྩ་ཐིག་ཕྱི། འོན་ཀྱང་འདི་བསྐོར་གྱི་གཞུང་ཐུན་མོང་མ་ཡིན་པ་རྣམས་ནས། སྒོའི་རྩ་ཐིག་དབྱིབས་མ་གསུངས་པས། མ་བྱས་ཀྱང་ཆོག་པར་མངོན་ནོ། །དྲུག་པ་རྡུལ་ཚོན་དབྱེ་བ་ནི། རྡུལ་མཚོན་ལྔའམ་ཉི་ཤུ་རྩ་ལྔ་འདུས་བྱས་ལ། མཆོད་གཏོར་གྱིས་བསྐོར། མཆོད་པ་བྱིན་རླབས་ནས། གཙོ་བོ་ཡབ་ཡུམ་གྱི་སྙིང་པོས་བྱིན་གྱིས་རླབས་པའི་བར། ཐིག་སྐུད་བྱིན་རླབས་དང་འདྲ་བ་ལས། རྡུལ་མཚོན་རྣམ་པ་ལྔར་གྱུར། ཞེས་འདོད་པ་སྤོ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་ལན་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་ཁ་ལྷོར་ཕྱོགས་པས་གནས་ཏེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་


TNT07_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ། །ཚོན་གྱི་ལས་ནི་ཡང་དག་བརྩམ། ཅེས་བརྗོད། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། གི་སྔགས་བཟླ་ཞིང༌། རྩིག་པ་དཀར་པོ་ནས་བརྩམས་ཏེ། བྲི་བར་བྱའོ། །ཚོན་གྱི་ཁ་དོག་ནི་ཕལ་ཆེར་དཀྱིལ་འཁོར་སྤྱིའི་མཚན་ཉིད། མཚན་རྟོགས་པས་ཤེས་པར་འགྱུར་ལ། ལྷ་རྣམས་ཀྱི་ཕྱོགས་མདོག་ཤར་དཀར་ལྷོ་སེར་སོགས་ཡིན་ལ། ཐུགས་འཁོར་གྱི་གཞི་ལྗང་ཁུ། གསུང་འཁོར་གྱི་དཀར་པོ། སྐུ་འཁོར་གྱི་དམར་པོ་བཤད་པའང་ཡོད་ལ། ཡང་དེ་གསུམ་རིམ་ཅན་དུ་སྔོ་དཀར་དམར་བར་མཛད་པའང་ཡོད་དེ། དེ་གཉིས་ཀའང་རྒྱུད་སོ་སོའི་དགོངས་པའོ། །འདོད་སྣམ་ཡང་དམར་པོ་དང་སེར་པོ་དང་དཀར་པོ་ཇི་ལྟར་བྲིས་ཀྱང་རུང༌། བདེ་ཆེན་འཁོར་ལོའི་མུ་ཁྱུད་སེར་པོ་དང༌། གྲི་གུག་གི་འཕྲེང་བ་སྔོན་པོའོ། །རྡོ་རྗེ་ར་བ་ཡང་གཞི་སྔོན་པོ་ལ་རྡོ་རྗེ་ལྗང་ཁུའི་འཕྲེང་བར་བྱའོ། །ལྷའི་མཚན་མ་ནི། གཙོ་བོའི་གནས་སུ་རྡོ་རྗེ་དང་གྲི་གུག་གམ། ཐོད་པ་ལ་གནས་པ་ཉི་མའི་དཀྱིལ་འཁོར་གྱི་གདན་ལའོ། །ཕྱོགས་ཀྱི་འདབ་མ་བཞི་དང་སྒོ་མཚམས་མ་བརྒྱད་ལ་ཡང་གྲི་གུག་སྟེ་བརྒྱད་པོ་ནི་མི་རོའི་གདན་ལའོ། །མཚམས་ཀྱི་འདབ་མ་བཞི་ལ་ནི་བུམ་ཐོད་དོ། །ཐུགས་ཀྱི་རྩིབས་བརྒྱད་ལ་རྡོ་རྗེ་གྲི་གུག་རེའོ། །གསུང་གི་བརྒྱད་ལ་པདྨ་དང་གྲི་གུག་གོ །སྐུའི་བརྒྱད་ལ་འཁོར་ལོ་དང་གྲི་གུག་གོ །ཡང་ན་གཙོ་བོའི་གནས་དང་ཐུགས་འཁོར་ལོ་རྡོ་རྗེ། གསུང་ལ་པདྨ། སྐུ་ལ་འཁོར་ལོ། རྣལ་འབྱོར་མ་བཅུ་གཉིས་ལ་གྲི་གུག་གོ །ཡང་ན་འཁོར་ལོ་གསུམ་ལ་རྡོ་རྗེ་དང་གྲི་གུག་འབའ་ཞིག་གོ །གཞན་ཡང་གཅིག་ཏུ་གཙོ་བོའི་གནས་སུ་རྡོ་རྗེ་དང༌། ལྷག་མ་རྣམས་ལ་གྲི་གུག་གོ །འགའ་ཞིག་ལས་


TNT07_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་ཕྱོགས་ཀྱི་འདབ་མ་བཞི་ལ་རིགས་བཞིའི་ཕྱག་མཚན་གྱིས་མཚན་པས་ཁ་ཊྭཾ་ག་རེ་རེའོ། །གཞན་དག་ནི་གྲི་གུག་སུམ་ཅུ་རྩ་བདུན་ཞེས་ཀྱང་འདོད་དོ། །དེ་ཐམས་ཅད་ལ་མི་རུང་བ་མེད་པར་མངོན་ནོ། །དེ་བཞིན་དུ་ས་བོན་དང་སྔགས་ཀྱི་ཡི་གེ་འབྲི་བ་དང་ལུགས་སུ་བྱས་པ་དང་རི་མོར་བྲིས་པའི་སྐུ་གཟུགས་འཇོག་པ་དང༌། རྡུལ་ཚོན་གྱི་ཚོམ་བུ་དང་གདན་གྱི་རྣམ་པར་དགོད་པ་སོགས་ཀྱང༌། ཇི་ལྟར་སྐབས་སུ་བབ་པ་དག་བྱའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ་དཀྱིལ་འཁོར་ལ་གཡོན་ནས་ལན་གསུམ་དུ་བསྐོར་ནས། ཤར་ལྷོར་ཡི་གེ་བརྒྱ་པ་དང་ཞལ་བཞི་པའི་སྔགས་བཟླས་ནས། བྲིས་ཀྱི་སྐྱོན་དག་པར་བསམ་མོ། །རྡུལ་མཚོན་གྱི་ལྷག་མ་ལ་མཆོད་བསྟོད་གཤེགས་གསོལ་བྱ། ལྷག་མའི་ཐིག་ཚོན་དེ་དག་དབེན་པའི་གནས་སུ་བཞག་གོ། བདུན་པ། རྒྱན་དང་ཡོ་བྱད་དགོད་པ་ནི། བཀྲ་ཤིས་ཀྱི་བུམ་པ་བརྒྱད། སྒོ་མཚམས་མ་བརྒྱད་དུ་དགོས་པ་ལ། དེ་དག་ཏུ་མི་བདེ་ན་རྡོ་རྗེའི་ར་བའི་ནང་གི་ཕྱོགས་མཚམས་བརྒྱད་དུའོ། །རྣམ་རྒྱལ་བུམ་པ་ལ་ནི་གཙོ་བའི་གནས་སུ་འགོད་ཅིང༌། འདིར་ཡང་དེར་མི་བདེ་ན་ཤར་གྱི་བུམ་པའི་ནང་ཚན་དུ་དགོད་པར་བྱའོ། །ལས་བུམ་ནི་འཇིག་རྟེན་གྱི་ལྷོ་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་གཡོན་ལོགས་སུ་འགོད་དོ། །བུམ་པ་རྣམས་ཀྱི་སྟེང་དུ་རིན་པོ་ཆེ་དང་བཟའ་བ་སྣ་ཚོགས་ཀྱིས་བཀང་བའི་ཐོད་པ་བཞག་གོ །གཞན་ཡང་ཇྀ་སྐད་དུ། མེ་ཏོག་སྤོས་དང་མར་མེ་དང༌། །དྲི་དང་བཟའ་བ་རོལ་མོ་དང༌། །གོས་དང་ཀུ་ཤ་རྒྱན་ལ་སོགས། །ཉེ་


TNT07_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་ནི་དགོད་པར་བྱ། །ཆང་དང་ཤ་རློན་གཏོར་མ་དང༌། །འདུ་བ་ཡི་ནི་རྫས་རྣམས་ཀུན། །དེ་ཡིས་ཕྱི་རོལ་དག་ཏུ་བཞག །དར་དང་བླ་བྲེ་གདུགས་དང་ནི། །རྒྱལ་མཚན་རྣམས་ཀྱིས་གནས་བརྒྱན་ཏེ། ཁྲག་འཐུང་ཆ་ལུགས་འཛིན་པ་ཡིས། །སྒོ་གསུམ་བཞི་ནི་བཞག་པར་བྱ། ཞེས་པ་ལྟར། བུམ་པ་འབུལ་བའི་སྐབས་རོལ་མོའི་སྒྲ་དང་བཅས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གཅིག་གམ་གསུམ་བྱས་ནས། བུམ་པ་གཞན་རྣམས་སོ་སོའི་གནས་སུ་འཇོག་རྣམ་རྒྱལ་བུམ་པ་ནི་གཙོ་འཁོར་ཐམས་ཅད་ཀྱི་སྔགས་བཟླས་བཞིན་དུ། སོ་སོའི་གནས་སུ་འཇོག་ཚུལ་ཙམ་བྱས་ནས། མཐར་དབུས་སམ་ཤར་ཕྱོགས་སུ་འཇོག་པ་ལག་ལེན་དུ་མཛད་ཀྱིན་སྣང་བས་སྤྲོས་པ་ལ་དགའ་ན་དེ་ལྟར་བྱ་ལ། འོན་ཀྱང་གཞུང་ནས་བཤད་པ་མ་མཐོང་སྟེ། མདོར་བསྡུས་པའི་ཚེ་མ་བྱས་ཀྱང་ཆོག་གོ །བརྒྱད་པ་དཀྱིལ་འཁོར་སྒྲུབ་པ་ནི། གོང་དུ་བཤད་པ་ལྟར། སྔོན་འགྲོ་གཏོར་མ་ནས་བདག་བསྐྱེད་རྫོགས་པའི་བར་བསྒོམས་ནས། དཀྱིལ་འཁོར་ལ་དམིགས་ཏེ་སྦྱང་བ་གསུམ་བྱེད་དགོས་པ་ལས། བགེགས་གཏོར་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་རླབས། གཏོར་མའམ་མཐེབ་ཀྱུ་གསུམ་པོ་རིམ་གྱིས་བསྐོར་ལ། ཨོཾ་སརྦ་བིགྷྣཱན་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞ་དམ་བ་ལིཾ་ཏེ་སྭཱཧཱ། ཞེས་ལན་གསུམ། འདིར་བགེགས་ཀྱིས་ཚོགས་གང་ཡིན་པ་ཐམས་ཅད། མཆོད་


TNT07_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་ནས། ཕན་པ་དང་བདེ་བའི་སེམས་ལྡན་པས་གཞན་དུ་དེངས་ཤིག ཞི་བས་སྦྱང་བའོ། །ཨོཾ་སུམ་བྷ་སོགས་ལན་གསུམ་བཟླས་ཤིང་རྡོ་རྗེ་གསོར་ལ། ཏིང་ལོའམ་ཆང་བུ་སྐོར། འདིར་བགེགས་ཀྱི་ཚོགས་གང་ཡིན་པ་དེ་ཐམས་ཅད། གཏོར་མ་ལམ་རྔན་ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོངས་ཤིག ཅེས་པས་ནི་ཞི་དྲག་ཕྱེད་མས་སྦྱངས་པའོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ནས་བདེན་སྟོབས་བརྗོད་ལ་མཐར་དྲག་པོའི་མཚམས་རྔམས་རོལ་ཆེན་དང་བཅས་པས་སྐྲད་པ་ནི། འདི་ལྟར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་རྒྱལ་བ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པ་དང༌། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། འདིར་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་དབང་གི་ལས་ལ་འཇུག་པ་ལ། བར་དུ་གཅོད་པར་བྱེད་པའི་འབྱུང་པོ་གདོན་


TNT07_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀྱི་རིགས་གང་ཡིན་པ་དེ་དག །དེང་དཔལ་ཧེ་རུ་ཀའི་བཀའ་ཐོས་པས་སའི་ཕྱོགས་འདིར་གནས་པར་མྱུར་བ་ཉིད་དུ་སོངས་ཤིག །གང་དག་མི་འགྲོ་བ་དེ་དག་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི། ཁྲོ་བོའི་རྡོ་རྗེ་དང་རྡོ་རྗེ་ཁ་ཊྭཾ་ག་འབར་ཞིང་རབ་ཏུ་འབར་བ་འདིས། ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་གས་པར་བྱའོ། །ཞེས་བགེགས་བསྐྲད་ཅིང་གཏོར་མ་ཕྱིར་དོར། དྲག་པོས་སྦྱངས་པའོ། །དགེ་སློང་དཱ་རི་ཀ་པས། བགེགས་ལ་གཏོར་མ་སྦྱིན་བྱས་ཏེ། །ཞལ་བཞི་པའི་སྔགས་བཟླས་ཤིང༌། ཆང་བུ་དང་ནི་མར་མེས་སྦྱངས། གུ་གུལ་ཡུང་དཀར་གྱིས་བགེགས་ལ། ཞེས་བཤད་བགེགས་སྦྱང་བ་གསུམ་མོ། །བསྡུས་པ་ལ་མོས་ན། བཀའ་བསྒོ་བ་ཡིད་ཀྱིས་བྱས་ནས་སྔགས་ཙམ་བརྗོད་དོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་བཾ་གྱི་རྣམ་པར་གནས་པ། ལྟེ་བའི་གཏུམ་མོ་འབར་བའི་འོད་ཀྱིས་དེད་དེ། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ། བསངས་སྦྱངས། འབར་བའི་མེ་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞལ་གདངས་པའོ། །ཨོཾ་བཛྲ་ཌ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱཧཱ། ལན་གསུམ་བརྗོད། ལས་ཀྱི་རྡོ་རྗེ་ཏིལ་གཡས་གཡོན་དུ་བསྐོར་ནས། གཡས་སུ་མེ་དང་གཡོན་དུ་ཆུ་དོར་བས་


TNT07_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བ་དང༌། རྒྱ་མཚོ་ཆེན་པོར་བསྒྱུར་བར་བསམ། མཐར་མེ་ཡང་ཆུ་ནང་དུ་ལུགས་སོ། །སྡིག་པ་སྤྱད་པའོ། །དེ་ནས་མེ་ལོང་བསྟན་ཏེ། ལས་བུམ་བླངས་ནས་ཁྲུས་གསོལ་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་ནས། ཤྲི་ཡེ་ཧཱུཾ། འདི་ནི་ཁྲུས་མཆོག སོགས་དང༌། དེ་བཞིན་གཤེགས་དང༌། སོགས་རོལ་ཆེན་དང༌། བཅས་པས་ཀྱང་ཁྲུས་གསོལ། དེ་དག་སྐུ་ལ་ནས། ཨོཾ་ཧཱུཾ་ཏྲཱཾ་ཧྲིཿཨཿཀཱ་ཡ་བི་ཤྭདྷ་ན་ཡེ་སྭཱཧཱ། ཞེས་སྐུ་ཕྱིས་ཕུལ། སྤྲོ་ན་དྲིའི་བྱུག་པ་དང༌། གོས་བརྒྱན་ཡང་འབུལ་ཏེ། དྲི་མ་སྦྱངས་པའོ། །དེ་ནས་བར་འདིར་ཕུར་བུ་གསལ་བཏབ་ནས་མཆོད་པ་འབུལ་བ་སྟ་གོན་གྱི་སྐབས་བཞིན། མདུན་བསྐྱེད་དཀྱིལ་འཁོར་བསངས་སྦྱངས། ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རྣམ་ཐར་སྒོ་གསུམ་གྱི་དོན་བསམ་མོ། །སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ༴ ནས། ལྕོག་བརྒྱད་དང་ལྡན་པ། དེའི་རྩེ་མོར་བསྲུང་བའི་འཁོར་ལོའི་དབུས་སུ་ནས་གང་བའོ། །བདེ་ཆེན་འཁོར་ལོའི་དབུས་ཀྱི་ལྟེ་བ་རང་ཉིད་ཧཱུཾ་ཡིག་གི་རྣམ་པར་གནས་པར་གྱུར། དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས། འཁོར་ལོས་ལྔའི༴ ཞེས་པ་ནས། རྗེས་ཆགས་ཀྱིས་ཞུ་བ་ཧཱུཾ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་ནི།


TNT07_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་འཁོར་ལོའི་དབུས་ཀྱི་ལྟེ་བར་འཁོར་ལོ་བདེ་མཆོག༴ ནས་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་ལ། ཤར་དུ་མཁའ་འགྲོ་མ༴ ནས་རྡོ་རྗེ་འཕྲེང་བའི་མཚན་པའོ། །ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ་ནས་ཉི་མའི་འོད་ཅན་ནོ། །ལྷ་ཐམས་ཅད་ཀྱི་དཔྲལ་པར་ཨོཾ་ནས་དབང་གི་ལྷ་ཐམས་ཅད་རང་ལ་གཉིས་སུ་མེད་པར་ཐིམ་གྱི་བར་ལྷ་སྟ་གོན་གྱི་སྐབས་དང་འདྲ། སླར་ཡང་རང་གི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་གྱིས། སྟ་གོན་གྱི་ལྷ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་པར་གྱུར་ཕཻཾ། སུམྦྷ། ལན་གཅིག་བཟླས་ཤིང་རྡོ་རྗེ་གསོར། ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་ཀྱིས་མཆོད། རྐང་བརྒྱད་ཀྱིས་བསྟོད། ཛཿཧཱུཾ་བཾ་ཧོཿ ལན་མང་དུ་བརྗོད། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་དོ། །སྒྲུབ་མཆོད་ཞག་སྦྲེལ་མ་བྱེད་ན། དངོས་གཞི་ཉི་མ་གཉིས་པ་ཕན་ཆད་ལ། སྟ་གོན་གྱི་ལྷ་སྤྱན་འདྲེན་འདི་མི་དགོས་སོ། །དེ་ནས་བྱིན་རླབས་དྲུག་སྐོར་དུ་གྲགས་པ། མདུན་བསྐྱེད་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་བཟླས་པ་སྟེ། ཁ་ཅིག་མཆོད་པའི་རྗེས་སུ་བཟླས་པ་བྱེད་པར་འདོད་པ་ཡང་ཡོད་དོ། །མཆོད་པ་ལན་གཅིག་ལས་མི་བྱེད་ན། མཆོད་པའི་སྔོན་དུ་བཟླས་པ་བྱ་ལ། གཉིས་བྱེད་ན་གཉིས་ཀྱི་བར་དུ་བྱས་པས་ལེགས་པར་འགྱུར་རོ། །གང་ལྟར་ཡང་དཀྱིལ་འཁོར་གྱི་གཙོ་བོ་ལས། ཧེ་རུ་ཀ་གཉིས་པ་ཞིག་ཆད་ནས། བཟླས་པ་དང་མཆོད་པ་བྱེད་ཅིང་བདག་འཇུག་ལེན་པ་ཡིན་ལ། ལས་ཀྱི་རྡོ་རྗེ་


TNT07_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་སུ་འདུག་ལ། དབྱུགས་གུའི་སྣ་ལ་རྡོ་རྗེ་བཏགས་པས། ལྷ་སོ་སོའི་གནས་སུ་གནོད་པ་མེད་པར་རེག་ཅིང༌། སྔགས་མཆོད་བཞིན་ལྷ་ཐམས་ཅད་ཀྱི་སྙིང་པོ་ཚར་གཅིག་བརྗོད། བུམ་ཐོད་ཀྱི་གནས་སུ་འབྲུ་གསུམ་བརྗོད་དེ་དང་པོའོ། །འདིར་རེ་རེ་བཞིན་མང་དུ་བཟླས་ན་ལེགས་སོ། །དེ་ནས་ལྷ་ཐམས་ཅད་ལ་ཡུམ་གྱི་ཉེ་སྙིང་བཟླ་སྟེ་གཉིས་པའོ། །ཨོཾ་ཀ་ཀ་སྱ། ཨུ་ལུ་ཀ་སྱ། ཤྭ་ན་སྱ། སུ་ཀ་རཱ་སྱ་ཧཱུཾ་ཧཱུཾ་ཕཊ། ཞེས་པའམ་སྒོ་མཚམས་མ་བརྒྱད་ཆར་གྱི་སྔགས་བཟླ་སྟེ། གསུམ་པའོ། །ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླ་སྟེ་བཞི་པའོ། །ཨོཾ་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའང་བཟླ་སྟེ་ལྔ་པའོ། །ལྷ་སོ་སོའི་མཚན་དང་སྤེལ་བའི་ཡི་གེ་བརྒྱ་པའམ། དེ་མ་ལྕོགས་ན། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཉིད། ལྷ་དྲུག་ཅུ་རྩ་གཉིས་ཀྱི་གནས་སུ་སྦྱར་བས་ཆོག་སྟེ་དྲུག་པའོ། །བྱིན་རླབས་བཟླས་པ་འདིའི་ཐོག་མཐར། ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད་པ་རེ་དང་རྐང་བརྒྱད་ཀྱི་བསྟོད་པ་རེ་བྱ། མཐར། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བདག་ལ་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་ལ་མེ་ཏོག་དོར། བུམ་པ་ལ་དམིགས་ནས། སྟ་གོན་གྱི་སྐབས་སུ་བསྟན་པ་ལྟར་སོ་སོའི་སྔགས་བརྒྱ་རྩ་ལ་སོགས་པའི་ཇི་ལྟར་འོས་པ་བཟླའོ། །གཉིས་པ་ནི། ནག་པོ་ཞབས་ལུགས་ཀྱི་དཀྱིལ་མཆོག་ཏུ་བཤད་པ་ལྟར། མཆོད་པ་བྱིན་རླབས་ནས་བརྩམ་སྟེ་


TNT07_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་མཐའ་དག་འབུལ་ཞིང༌། ཅི་སྟེ་བསྡུས་པ་ལ་མངོན་པར་དགའ་བས་ཀྱང༌། བསྟོད་པ་མ་གཏོགས་ཚིགས་བཅད་རྣམས་དོར་ཏེ། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གསུམ་འཛོམས་པའི་སྒོ་ནས། ལྷག་མ་མཐའ་དག་མ་ཚང་བ་མེད་པར་བྱའོ། །དེའི་འོག་ཏུ་གཏོར་མ་འབུལ་བ་ཡང་བྱ་སྟེ། སྟ་གོན་གྱི་སྐབས་སུ་བཤད་པ་བཞིན་ནོ། །ཕྱི་རོལ་གཏོར་མ་ཐུན་མོང་མ་ཡིན་པས་གཞུང་རྙིང་པ་རྣམས་ནས་མ་བཤད་པས། ངེས་པར་དགོས་པ་ཡང་མ་ཡིན་ལ། ལག་ལེན་ལ་ཡང་མི་མཛད་པ་ཤས་ཆེ་ཞིང༌། ཅི་སྟེ་བྱེད་པར་སྤྲོ་ན། ཕྱི་རོལ་གཏོར་མ། སྐོར་བ། མེ་ཏོག་འབུལ་བ། སྒོ་དབྱེ་བ། གསོལ་གདབ་རྣམས། རྡོ་རྗེ་འཕྲེང་བ་ནས་འབྱུང་བ་ལྟར་བྱའོ། །སྒྲུབ་མཆོད་ཞག་མང་པོར་སྦྲེལ་བའི་སྐབས། དངོས་གཞི་ཉི་མ་གཉིས་པ་ཕན་ཆད་ལ། སྐབས་འདིར་བུམ་སྒྲུབ་སྟ་གོན་གྱི་སྐབས་སུ་བཤད་པ་ལྟར། ཆོ་ག་རྒྱས་པར་བྱེད་པའི་ལག་ལེན་སྣང་བ། འདིར་བུམ་པ་སྒྲུབ་པའི་ཉི་མ་རྣམས་ལ། དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་བུམ་བཟླས་མི་དགོས་སོ། །དགུ་པ་བདག་ཉིད་འཇུག་པ་ནི། གཞུང་ཐ་དད་ནས་རྒྱས་བསྡུས་སྣ་ཚོགས་བཤད་ཀྱང༌། སློབ་མ་ཇི་ཙམ་བསྐུར་བ་དེ་ཙམ་རྫོགས་པར་ལེན་པ་ད་ལྟར་ལག་ལེན་བྱེད་དོ། །དེ་ཡང་རང་ཉིད་གཙོ་བོའི་མདུན་ཞལ་གྱི་སྒོ་དང་ཉེ་བའི་འདུག་ཅིང་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་ཧེ་རུ་ཀ་ཕྱག་གཉིས་པས་ལས་མཛད་པར་དམིགས་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་དོན་དུ་མཎྜལ་ཕུལ། བདག་ཉིད་རྣམ་པར་སྣང་མཛད་དུ་གྱུར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་


TNT07_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱི་དྲི་མེད་མཐོང་བར་ཤོག ལན་གསུམ། རྡོ་རྗེ་ཕག་མོས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སོགས་ལན་གསུམ་གྱིས་གསོལ་བ་བཏབ། ཨོཾ་ཙཀྵུར་བནྡྷ་བ་ར་མ་ན་ཡ་ཧཱུཾ། གིས་མིག་དར་བཅིང༌། ཨཱ་ཁཾ་བཱི་ར་ཧཱུཾ། གིས་མེ་ཏོག་བཟུང༌། ལས་བུམ་གྱི་ཆུས་གཏོར་ལ། སུམྦྷ་བགེགས་བསྐྲད། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ་གིས་སྲུང་བར་བྱ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲིས་པ་ལ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་ལན་བཏབ། སླར་ཡང༌། དེ་ཡིས་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པ་ལ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་བཏབ། རང་གི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་བདག་ཉིད་དོ། །ཨོཾ་བཛྲ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། རྡོ་རྗེ་སྙིང་གར་གཏད། སུ་ར་ཏ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། རྡོ་རྗེ་མགོ་བོར་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །དཀྱིལ་འཁོར་ཁང་པའམ་ཡོལ་བའི་ནང་དུ་བཅུག་པར་མོས་ལ། ཧཱུཾ་ཛ་ཧཱུཾ། ཞེས་བརྗོད། དེ་ཡན་ཆད་ནི་དཀྱིལ་ཆོག་གི་རྩ་བའི་གཞུང་ན་མི་གསལ་ཡང༌།


TNT07_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ཆོག་གི་གཞུང་ཕྱི་མ་རྣམས་ལས་འབྱུང་ཞིང༌། བླ་མ་གོང་མ་རྣམས་ཀྱི་མན་ངག་གིས་ཁ་སྐངས་པའི་ཕྱག་ལེན་ནོ། །འདི་མན་ཆད་འཇུག་པའི་ཆོས་ནི་འདི་ལྟར། །སྡོམ་པ་མདོར་བསྟན་དམ་རྫས་སྦྱིན། །སྲུང་བ་དཔའ་བོ་བསྐུལ་བ་དང༌། །གསོལ་བ་གདབ་ཅིང་གནང་བ་ཞུ། །ཕྱག་འཚལ་སྡོམ་པ་སྦྱིན་པ་དང༌། །དམ་ལ་བཞག་ཅིང་ཡེ་ཤེས་ཕབ། །ནམ་མཁའི་མདོག་དྲི་མེ་ཏོག་ཕུལ། །མིག་དར་ཕྱེ་ལ་ལྟ་བར་བསྐུལ། །ལྷ་ངོ་བསྟན་ཞིང་དེ་ཉིད་བརྗོད། །ཅེས་བྱའོ། །དེ་ལྟར་དོན་ཚན་བཅུ་དྲུག་ལས། དང་པོ་སྡོམ་པ་མདོར་བསྟན་ནི། གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བཟུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། ཞེས་སོ། གཉིས་པ་དམ་རྫས་སྦྱིན་པ་ནི། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ་སོགས་བཟླ་བཞིན་དུ། བདུད་རྩི་མྱང་ཞིང་ལུས་ལ་གཏོར། གསུམ་པ་བསྲུང་བ་སྦྱིན་པ་ནི། རང་ཉིད་འཁོར་ལོ་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པའི་སྐུར་གསལ་བའི། སྙིང་གར་ཨོཾ་ཧ་དཀར་པོ་ནས། ཉི་མའི་འོད་ཅན་ནོ། །སྤྱི་བོ་ལ་སོགས་པའི་ནས་ན་སི་མ་ཀུ། ཁམས་རྣམས་དཔའ་བོ་དང་རྩ་རྣམས་དཔའ་མོའི་བདག་ཉིད་དུ་གྱུར། བཞི་པ་དཔའ་མོ་བསྐུལ་བ་ནི། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ཧེ་རུ་ཀའི་རྣམ་པར་སྤྱན་དྲངས། རང་གི་སྙིང་གར་ཐིམ་པས་མི་ཤིགས་པ་དཔྱིད་ཀྱི་རྩ་ཐིག་དཔལ་ཧེ་རུ་ཀ་ཞལ་ཕྱག་ཡོངས་སུ་རྫོགས་པར་གྱུར། ཨོཾ་ཤྲཱི་ཧེ་རུ་ཀ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ། དྷིཿམ་ཧེ་


TNT07_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱཧཱ། ཞེས་ལན་ལྔའམ། བདུན་ནོ། །ལྔ་པ་གསོལ་བ་གདབ་པ་ནི། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །དོན་དམ་སྨྲ་བའི་སེང་གེ་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པར། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོམ་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་འགྲུབ་པར་མཛོད། ཅེས་ལན་གསུམ། དྲུག་པ་གནང་བ་ཞུ་བ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ལན་གསུམ། བདུན་པ་ཕྱག་འཚལ་བ་ནི། གནས་གསུམ་དུ་ཐལ་མོ་སྦྱོར་བཞིན་པས། ཨོཾ་ན་མ་སྟེ་ཧཱུཾ། ན་མཱ་མེ་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱཧཱ། ཞེས་ལན་གསུམ་མོ། །བརྒྱད་པ་སྡོམ་པ་སྦྱིན་པ་ལ་སྒྲགས་བཟུང་གཉིས་ལས། སྒྲགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིག་ཡིད་འོང༌། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །


TNT07_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིག་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པས་ཆོས་ནི་མ་ལུས་བཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་སོ། །གཉིས་པ་སྡོམ་པ་བཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་བཟུང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གི་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་


TNT07_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེ་རིག་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིག་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཅན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་དག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང༌། །མ་བརྒལ་བ་རྣམས་སྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་ལ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པ་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་བཟུང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། ཞེས་པ་ནས། ཉི་ཤུ་རྩ་གཉིས་ལེགས་པར་བཟུང་གི་བར་ན་གསུམ། སློབ་མ་ལྟ་གོན་གྱི་སྐབས་སུ་བཤད་པ་ལྟར་གྱི་རྒྱུད་རྒྱལ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པས་སྡོམ་པ་བཟུང་བར་བཞེད་དོ། །དེ་དག་ནི་སྡོམ་བཟུང་རྒྱས་པའི་ལུགས་ཡིན་ལ། འབྲིང་དུ་ན་ཕྱི་མ་གཅིག་པུས་ཆོག་ཅིང༌། བསྡུས་པ་ནི། གཙོ་བོའི་ཇི་ལྟར་བཀའ་


TNT07_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། །དེ་བཞིན་བདག་གིས་བགྱིད་པར་འཚལ། ལན་གསུམ། །དགུ་པ་དམ་ལ་བཞག་པ་ནི། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། །ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག རྡོ་རྗེ་སྙིང་གར་རེག་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཐོད་པ་ནས་བདུད་རྩིའི་ཆུ་བཏུང་ལ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋཿཋཿཋཿཧཱུཾ། ཞེས་དམ་ཚིག་བསྲུང་བའི་ཕན་ཡོན་དང་མ་བསྲུང་བའི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། གང་ངས་འདྀ་བྱོས་ཞེས་བསྒོ་བ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྷུང་བར་འགྱུར་ཏ་རེ། ཞེས་སློབ་དཔོན་གྱི་བཀའ། ཉན་པའི་སྒོ་ནས་དམ་ལ་བཞག བཅུ་པ་ཡེ་ཤེས་དབབ་པ་ནི།


TNT07_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིགདཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། རང་ཧེ་རུ་ཀ་ཕྱག་གཉིས་པར་གྱུར་པ། གཡས་བརྐྱང་གི་ཞབས་གཉིས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་མོ་ཟླ་གམ་གཡོ་བའི་བ་དན་དང་བཅས་པ། རྐང་མཐིལ་གཉིས་སུ་ཡི་གེ་ཛྷཻཾ་ལྗང་ཁུ། སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལ་རྡོ་རྗེ་དང་ཧཱུཾ་གིས་མཚན་པ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ལ་བུམ་པ་དང་ཨས་མཚན་པ། སྤྱི་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ནག་པོ་ལ་ཧས་མཚན་པ། རྐང་མཐིལ་གྱི་འོག་གི་ཛྷཻཾ་ཕུལ། དེས་སུམ་མདོའི་མེ་སྦར། དེས་སྙིང་གའི་ས་བསྲེགས། དེས་མགྲིན་པའི་ཆུ་སྐོལ་བ་སྙིང་གའི་ས་ལ་ཐིམ་པས་བདེ་བས་གང༌། རྐང་མཐིལ་གྱི་རླུང་དང་མེས་ནམ་མཁའ་ལ་བཏེག །སྤྱི་བོའི་རླུང་གིས་མར་ཕུལ་བས་འདར་ཡེད་ཡེད་གནས་པ་ལ། ནམ་མཁའ་ནས་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐུགས་ཀྱི་འཁོར་ལོ་པ་རྣམས་ནག་པོའི་རྣམ་པས་ཐིམ། བར་གྱི་ཆ་ལ་གསུང་གི་འཁོར་ལོ་པ་རྣམས་དམར་པོའི་རྣམ་པས་ཐིམ། སྨད་ཀྱི་ཆ་ལ་སྐུའི་འཁོར་ལོ་པ་རྣམས་དཀར་པོའི་རྣམ་པས་འཇུག་ཅིང༌། དེ་མ་ཡིན་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ཡང་བ་སྤུའི་བུ་ག་ནས་ཞུགས་ཤིང་སྙིང་གར་ཐིམ་པར་


TNT07_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཡབ་ཡུམ་གྱི་སྙིང་པོ་དང༌། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧཿཨཿཛྷཻཾ། ཅེས་པའི་དབབ་ཅིང༌། ཨོཾ་ཏིཥྛ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱཱ་རཱ་ཛ་ཡདྷི་མ་ཧེ་སྭཱཧཱ། ཞེས་པའང་བཟླ་སྟེ་རོལ་མོའི་སྒྲ་དང་བཅས་དབབ་བོ། །སྤྱིར་འཁོར་ལོ་སྡོམ་པའི་དབང་ལ། ཡེ་ཤེས་འབེབས་པའི་སྔགས་ཕྱི་མ་འདི་གཉིས་ཡིན་ཀྱང༌། འབྱུང་བཞིའི་དཀྱིལ་འཁོར་བཀོད་པ་འདི་བྱས་ཕྱིན། སྔགས་སྔ་མ་ཡང་བཟླས་ན་ལེགས་ཏེ་སྔགས་འདི་དང་འབྲེལ་བའི་དམིགས་པ་ཡིན་པས་སོ། །ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག བཅུ་གཅིག་པ་ནམ་མཁའི་ཁ་དོག་དྲི་བ་ནི་འདིར་མི་དགོས་ཀྱང༌། སློབ་མ་དབང་བསྐུར་བའི་སྐབས་ཡིན་ན་དགོས་ཏེ། སྐབས་འདིར་ནམ་མཁའི་ཁ་དོག་དྲི་ཞིམ་ལས་བཞི་ལུང་བསྟན། བཅུ་གཉིས་པ་མེ་ཏོག་དོར་བ་ནི། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་མེ་ཏོག་དོར། ཨོཾ་པྲ་ཏི་གྲྀཧྞ་དམ་ཨི་མཾ་སཏྭ་མཧཱ་པ་ལ། ཞེས་མེ་ཏོག་སྤྱི་བོར་བཅིངས། བཅུ་གསུམ་པ་མིག་དར་དབྱེ་བ་ནི། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་གྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཿ ཞེས་མིག་དར་བསལ། བཅུ་བཞི་པ་ལྟ་བར་བསྐུལ་བ་ནི། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །


TNT07_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀུན་ཁྱོད་དབང་བསྐུར་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། བཅོ་ལྔ་པ་ལྷ་ངོ་བསྟན་པ་ནི། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བར་གྱུར། ཞེས་བརྗོད་ཅིང༌། ཡིད་ཀྱིས་དཀྱིལ་འཁོར་གསལ་བཏབ། སློབ་མ་ལ་དབང་བསྐུར་བའི་དོན་དུ་ནི་སྒྲུབ་ཐབས་ལྟར་ལྷ་ངོ་རྒྱས་པ་བསྟན་དགོས་སོ། །བཅུ་དྲུག་པ་དེ་ཁོ་ན་ཉིད་བརྗོད་པ་ནི། གཞལ་མེད་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིན་ལ། ལྷ་སུམ་ཅུ་རྩ་བདུན་དེ་རྣམས་རྣམ་པར་དག་པའོ། །བཅོམ་ལྡན་འདས་ནས་དཔལ་ཧེ་རུ་ཀ་ཡབ་ཡུམ་ནི། བརྟན་གཡོ་ཐམས་ཅད་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཡིན་ལ། འཁོར་ལོ་ལྔའི་ལྷ་ཚོགས་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །ཞེས་བརྗོད་ཅིང་དོན་བསམ་པའོ། །དེ་ནས་དབང་གི་དངོས་གཞི་ལ། ཐོག་མར་རྡོ་རྗེ་སློབ་མའི་དབང་གི་དོན་དུ་མཎྜལ་ཕུལ་ནས། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབས་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་རྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག ཅེས་ལན་གསུམ་གསོལ་བ་གདབ། །དེ་ནས་དང་པོར་སྔགས་ཀྱི་དབང་བསྐུར་བ་ནི། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ། ཞེས་མེ་ཏོག་དོར། གཙོ་བོའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང་བདག་གི་སྙིང་གར་ཐིམ། གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་ཚར་གསུམ་རྗེས་བཟློས་བྱས་པར་མོས། སྤྲོ་ན་ལྷ་ཐམས་ཅད་ཀྱི་སྙིང་པོ་ཚར་གསུམ་གསུམ་དང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་


TNT07_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་བྱིན་གྱིས་རློབས། ལན་གསུམ། སྤྱི་བོར་མེ་ཏོག་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། ལན་གསུམ་མོ། །དེ་ནས་བདག་དང་དབང་རྫས་ཐམས་ཅད་ལ། ལས་བུམ་གྱི་ཆུས་བསངས་ཤིང༌། སུམ་བྷ་བརྗོད་དོ། །རིག་པའི་དབང་ལྔ་ལས་ཆུ་དབང་ནི། སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་གཉིས་ཀ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། གཉིས་ཀའང་མི་བསྐྱོད་པ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཚུགས་དང༌། ཐོད་པའི་འཕྲེང་བའི་ཅོད་པན་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཡུམ་མཱ་མ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའམ། གཡས་བརྐྱང་གི་བཞུགས་པ། དཔྲལ་པར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་མི་བསྐྱོད་པ་ཡབ་ཡུམ་སྤྱན་དྲངས་ཕཻཾ། ཛ་ཧཱུཾ་བཾ་ཧོཿ སླར་ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཕཻཾ། པུཥྤེ། སོགས་ཀྱིས་མཆོད། ཁྱེད་རྣམས་ཀྱིས་འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་ཥིཉྩ་ཧཱུཾ། ཞེས་དབང་


TNT07_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལ་དབང་བསྐུར་སྐུ་གང༌། དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའི་དབུ་རྒྱན། དེ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། དཀྱིལ་འཁོར་པ་རྣམས་དང༌། དབང་གི་ལྷ་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། དབང་གི་ལྷའི་འཁོར་གཞན་རྣམས་ཀྱིས་རོལ་མོའི་སྒྲ་སྒྲགས། མེ་ཏོག་གི་ཆར་ཕབ་སྟེ་ཤིས་པ་བརྗོད་པར་གྱུར། སྐབས་འདིར་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་དཀྱིལ་འཁོར་བཀྲ་ཤིས་བརྗོད་པའི་ཕྱག་ལེན་སྣང་ཞིང༌། བསྡུ་ན་མ་བྱས་ཀྱང་ཆོག །ཨོཾ་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། སོགས། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཚིགས་བཅད་གསུམ་དང༌། ཉིན་མོ་བདེ་ལེགས། སོགས་བརྗོད། རོལ་ཆེན་བྱ། ཁྱེད་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞཻས་གསོལ་བ་བཏབ། གཙོ་བོའི་ཐུགས་ཀ་ནས་སྒོ་མཚམས་མ་བརྒྱད་སྤྲུལ། བཀྲ་ཤིས་ཀྱི་བུམ་པའི་ཆུས་དབང་བསྐུར། ཇི་ལྟར་བལྟམས་པ་ཙམ་གྱིས༴ ནས་ཁྲུས་ཀྱི་བགྱིའོ། ཨོཾ་ཀཱ་ཀ་སྱཱ། ཨུ་ལུ་ཀཱ་སྱཱ་ཤྭ་ན་སྱཱ། སུ་ཀ་ར་སྱཱ། ཡ་མ་ཌ་ཌྷི། ཡ་མ་དཱུ་ཏི། ཡ་མ་དཥྟི་ནི། ཡ་མ་མཱ་ཐ་ནི་ཡེ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་དབང་གི་ལྷ་རྡོ་རྗེ་ཕག་མོ་སྙིང་པོའི་


TNT07_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ་བཞི་དང་བཅས་པས། ཌཱ་མ་རུ་དང་བདུད་རྩིས་གང་བའི་ཐོད་པར་རྣམ་རྒྱལ་བུམ་པའི་ཆུ་དང་བཅས་པ་ཐོགས་ནས། དབང་བསྐུར་རོལ་མོ་བདེ་ཆེན་པོ་ཞེས་པ་ནས། ས་མ་ཡ་ཤྲཱི་ཧཱུཾ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་སོགས་སྙིང་པོའི་མཐར། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་པས་དབང་བསྐུར་རོ། །བཀྲ་ཤིས་བུམ་པ་བརྒྱད་ལོགས་སུ་མེད་ན། ཆོ་གས་རིམ་པ་སྔར་ལྟར་ལས། དང་པོ་ལ་རྣམ་རྒྱལ་ནས་བུམ་ཆུ་གཏོར་བ་ཙམ་བྱ་ཞིང༌། གཉིས་པ་ལ་བུམ་པ་ཉིད་དམ་བུམ་ཆུ་ཐོད་པར་བླུག་ནས་དབང་བསྐུར་བ་གང་བདེ་བྱའོ། །དེ་ལྟར་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་རྒྱན། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི། མི་བསྐྱོད་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། བ་སྦུའི་བུ་ག་ནས་ཞུགས་པས། ལུས་ཐམས་ཅད་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱིས་གང་བར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཉེར་སྤྱོད་ལྔས་མཆོད། དེ་ལྟར་ན་ཆུས་དབང་ཐོབ། ཞེ་སྡང་དག རྣམ་ཤེས་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་བག་ཆགས་དང་ས་བོན་ནུས་པ་མཐུ་ཅན་དུ་བྱས་པ་ཡིན་ནོ། །ཅོད་པན་གྱི་དབང་ནི། སྭ་བྷཱ་ཝ། བདག་དང་དབང་རྫས་རིན་པོ་ཆེའི་དབུ་


TNT07_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གཉིས་ཀ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས། པདྨ་དང་ཉི་མའི་སྟེང་དུ་ཨཾ་ལས་རིན་པོ་ཆེ་ཨཾ༴ རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང༌། གཡོན་དེའི༴ ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག༴ དཔྲལ་པར་ཨོཾ༴ ཡེ་ཤེས་སེམས་དཔའ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྤྱན་དྲངས་ཕཻཾ། ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས། དབང་རྫས་ལ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག།ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་རྒྱན། དེ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་དབུ་རྒྱན་དུ་གྱུར། ཁྱེད་རྣམས་ཀྱིས་བདག་ནས། གསོལ་ཞེས་གསོལ་བཏབ་པས། མ་མོ་བརྒྱད་ཀྱི༴ རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དབུ་རྒྱན་དམ་པ་དང༌། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་བུདྡྷ་ཊ་ཀི་ནཱི། སོགས་ཡུམ་གྱི་སྙིང་པོའི་དབུ་རྒྱན་དང་དར་དཔྱངས་དང་བཅས་པ་བཅིངས། ཨོཾ་ཀ་ཀཱ་སྱཱ། སོགས་དང་གཙོ་བོའི་སྙིང་པོ་བརྗོད། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རིན་ཆེན་འབྱུང་ལྡན་དཔག་ཏུ་མེད་པ་སྤྱན་དྲངས། བ་སྤུའི་བུ་ག་ནས་ཞུགས་པས་ལུས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཀྱིས་གང་བར་གྱུར། མཆོད་པ་ལྔས་མཆོད། དེ་ལྟར་ནང་དབུ་རྒྱན་གྱི་དབང་ཐོབ། ང་རྒྱལ་དང་སེར་


TNT07_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དག །ཚོར་བ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་བག་ཆགས་ས་བོན་ནུས་པ་མཐུ་ཅན་དུ་བྱས་པ་ཡིན་ནོ། །དེ་བཞིན་དུ་འོག་མ་གསུམ་ལའང་ཅོད་པན་གྱི་དབང་གིས་རིགས་འགྲེ་སྟེ། རྡོ་རྗེའི་དབང་ནི། ཛྲིཾ་ལས་པདྨ་བི་བཛྲི༴ འོད་དཔག་མེད་སྐུ་མདོག་དམར་པོ། པདྨ་དང་༴ ཡུམ་གོས་དཀར་མོ་དམར་མོ། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་སྒྲུབ་ཕྱིར་རྡོ་རྗེ་ལོང༌། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། ས་བོན་གྱི་འོད་ཟེར་གྱིས་འོད་དཔག་མེད་དཔག་ཏུ་མེད་པ། ལུས་ཐམས་ཅད་འོད་དཔག་ཏུ་མེད་པའི་རྡུལ༴ དེ་ལྟར་ན་རྡོ་རྗེའི༴ འདོད་ཆགས༴ འདུ་ཤེས༴ སོ་སོར་རྟོག་པའི་ཡེ་ཤེས༴ འོད་དཔག་མེད་པའི་ཞེས་འདོན་པ་སྤོའོ། །དྲིལ་བུའི་དབང་ནི། ཁཾ་ལས་རལ་གྲི་ཁཾ༴ དོན་ཡོད་གྲུབ་པ་ལྗང་ཁུ༴ རལ་གྲི་དང༌། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ༴ འདི་ནི་རྣལ་འབྱོར་མ་ཀུན་གྱིས། ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བཤད། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཤད། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ས་བོན་གྱི་འོད་ཟེར་གྱིས་དོན་ཡོད་གྲུབ་པ་དཔག་ཏུ་མེད་པ། དོན་ཡོད་གྲུབ་པའི་རྡུལ། དྲིལ་བུའི་དབང༌། ཕྲག་དོག༴ འདུ་བྱེད༴ བྱ་བ་སྒྲུབ་པའི་ཡེ་ཤེས༴ དོན་ཡོད་གྲུབ་པའི། ཞེས་འདོན་པ་སྤོའོ། །མིང་གི་དབང་ནི། འདི་ལ་དབང་རྫས་མེད་པས། བདག་ཉིད་མི་དམིགས་ཏེ༴ ཞེས་བྱ་ཞིང༌།


TNT07_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་ཟླ་བའི་སྟེང་དུ། བྲུཾ་ལས་འཁོར་ལོ་བྲུཾ༴ རྣམ་པར་སྣང་མཛད་དཀར་པོ༴ འཁོར་ལོ་དང༌། ཡུམ་སངས་རྒྱས་སྤྱན་མ་དཀར་མོ། དབང་རྫས་ལ་དབང་བསྐུར་བ་དང༌། དབང་རྫས་ཀྱི་ལྷ་ཞུ་བ་མི་དགོས་པས། ཛཿཧཱུཾ་བཾ་ཧོཿ ཁྱེད་རྣམས་ཀྱིས་བདག་ལ། ཞེས་སྦྲེལ་བས་ཆོག ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ། ཤྲཱི་ཧེ་རུ་ཀ ནཱ་མཿཨ་བྷི་ཥེ་ཀ་ཏ། ཀྱཻ་དཔལ་གསང་མཚན་དྲན་པར་བྱ། ཨོཾ་ཀཱ་ཀ་སྱཱ། སོགས་དང་གཙོ་བོའི་སྙིང་པོ་བརྗོད། ས་བོན་གྱི་འོད་ཟེར་གྱིས། རྣམ་པར་སྣང་མཛད་དཔག་ཏུ་མེད་པ། རྣམ་པར་སྣང་མཛད་ཀྱི་རྡུལ༴ དེ་ལྟར་ན་མིང་གི་དབང༌། གཏི་མུགགཟུགས་ཕུང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རྣམ་པར་སྣང་མཛད་ཀྱི་ཞེས་འདོན་པ་སྤོའོ། །དབང་དེ་རྣམས་ཐོབ་པས་བྱ་བ་སྤྱོད་པའི་རྒྱུད་ཉན་པ་དང་བཤད་པ་དང་སྔགས་སྒྲུབ་ལ་དབང་ངོ༌། །སྤང་བྱ་མ་རིག་པ་ལྔ་སྤོང་ཞིང༌། རིག་པ་ཡེ་ཤེས་ལྔ་སྐྱེའོ། །བརྟུལ་ཞུགས་ཀྱི་དབང་ལ་གཉིས་ལས་ཐུན་མོང་བ་རྡོ་རྗེའི་བརྟུལ་ཞུགས་ནི། སྭ་བྷ་ཝ། སྟོང་པའི་ངང་ལས་བདག་ཉིད་མི་བསྐྱོད་པ་ནས་བཞུགས་པའི་བར་གོང་བཞིན། རང་གི་སྙིང་གར་ཡང་རང་དང་འདྲ་བའི་མི་བསྐྱོད་པ། ཐུགས་རྡོ་རྗེ་ངོ་བོ་རྡོ་རྗེ། དེང་ཕྱིན་ཆད་ཐ་མལ་གྱི་སྤྱོད་པ་རྡུལ་ལ་རྡོ་རྗེ་སེམས་དཔའི་ཚུལ་ལ་ཞུགས་ཤིག་འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་


TNT07_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྟྭཾ་དྷར་ཡ་མི་ཧཱུཾ་ཧ་ཧ་ཧ་ཧ་ཧོ། ཞེས་བརྗོད་ཅིང་རྡོ་རྗེ་གནས་གསུམ་དུ་རེག་ལ་སྙིང་གར་བཞག་གོ །ཐུན་མོང་མ་ཡིན་པ་སྤྱོད་པའི་བརྟུལ་ཞུགས་ནི། རང་ཉིད་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པའི་སྐུར་གྱུར། རང་གི་སྙིང་གར་ཡང་རང་དང་འདྲ་བའི་ཧེ་རུ་ཀ་ཧཱུཾ་ལས་བྱུང་བའི་ཅང་ཏེའུ། ཐོད་པ་ཁ་ཊྭཱཾ་ག །ཚངས་སྐུད་རྣམས་སུ་གྱུར། ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། ཕྱི་དང་ནང་དུ་ཡང་དག་གནས། ཁ་ཊྭཱཾ་ཅང་ཏེའུ་ལྷུང་ཟེད་དག །སྦྱིན་པ་དཔའ་བོས་བཟུང་བར་གྱིས། ཁ་ཊྭཱཾ་ག་དང་ཌཱ་མ་རུ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཌཱ་མ་རུ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པ། ཁ་ཊྭཱཾ་ག་ནི་ཐབས་རིག་པ་བྱང་ཆུབ་ཀྱིས་སེམས་ལྷའི་སྐུ། ཐོད་པ་བདེ་བ་སྐྱོང་བ། ཚངས་པའི་སྐུད་པ་རྣམ་པར་མི་རྟོག་པའི་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིན་པས་ན། དེ་ལྟར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་གྱིས་ཤིག ཅེས་པའོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ལ། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། ལན་གསུམ། རྡོ་རྗེ་འདི་ཉིད་ཧཱུཾ་ལས་རྡོ་རྗེ་སེམས་དཔའི་ངོ་བོ་དང་པོའི་རྡོ་རྗེ། འདི་སྟེ་སངས་རྒྱས་ཐམས་ཅད་དེ། ཧེ་རུ་ཀ་དཔལ་དབང་བསྐུར་


TNT07_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བས། དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང༌། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི། ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། ལན་གསུམ་དུ་གསོར་ལ་སྙིང་གར་གཏད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །དྲིལ་བུ་འདི་ཉིད་ཨཱཿལས་སྙེམས་པའི་ངོ་བོ་དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུ། འདི་ནི་རྣལ་འབྱོར་མ་ཀུན་གྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ལན་གསུམ་མམ་བརྒྱད་དུ་དཀྲོལ་ལ། ཁ་ནང་དུ་བསྟན་ཏེ་དཀུ་གཡོན་དུ་ཕྱོགས་པར་བཞག་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་གྱུར། །རང་སྐད་ཅིག་གིས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཐོད་པའི་འཕྲེང་བའི་ཅོད་པན་ཅན། །རྡོ་རྗེ་དྲིལ་བུ་སྙིང་གར་བསྣོལ། །ཡིད་ཀྱི་ལུས་བརྟན་དེ་ཉིད་ནི། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་འདི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་སྒྲགས། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །རྡོ་རྗེ་ཆེ་དང་


TNT07_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་ཆེ། །ཟུང་ཞིག་རྡོ་རྗེ་བྱིན་གྱིས་རླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། ཨོཾ་ཀ་ཀཱ་སྱཱ། ནས་ཆུའི་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་འཆང་ཆེན་པོས་དབུ་རྒྱན་གྱི་བར་ཆད་དབང་གི་སྐབས་བཞིན། དབང་གི་ལྷ་ཐམས་ཅད་ཀྱང་རང་ལ་གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུཾ། སོགས་ཉེར་སྤྱོད་ལྔས་ཕུལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། མེ་ཏོག་སྤྱི་བོར་བཞག་སྟེ་བརྟན་བཞུགས་བྱ། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་འགྱུར་བར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱི་བཞེད་པ་ཡིན། །སེམས་ཅན་རྣམས་ནི་རྗེས་བཟུང་ཕྱིར། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་ནི། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ནས་མཐའ་རྟེན་ལ། རྗེས་སུ་གནང་བ། དམ་ཚིག་སྦྱིན་པ། གཟེངས་བསྟོད་པ། དབུགས་དབྱུང་བ་སྟེ་བཞི་ལས། དང་པོ་ལ་ལྷ་མཆོད་པའི་རྗེས་གནང༌། དེ་ཁོ་ན་ཉིད་ཀྱི་རྗེས་གནང༌། གཞན་དོན་ཆོས་བཤད་པའི་རྗེས་གནང༌། གཉིས་དོན་ལས་དང་དངོས་གྲུབ་ཀྱི་རྗེས་གནང་སྟེ་བཞི་ལས་དང་པོ་ནི། སྒེག་སོགས་བརྒྱད་ཀྱི་ཕྱག་རྒྱ་འཆའ་བཞིན་དུ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་ཚོགས་དང༌། །ཤེས་རབ་ཐབས་བཅས་སྙོམས་ཅན་གྱིས། །གར་མཆོད་བདེ་བའི་མཆོད་པ་བགྱིས། །ཨ་སྒེག་དང་བཅས་པའི་འཕྲེང་བ་འཕྱང༌། །སངས་རྒྱས་ཀུན་སོགས་རྣལ་འབྱོར་པ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ་ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱི་བླང་བར་གྱིས། །


TNT07_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་རྣལ་འབྱོར་མ་དེ་དང༌། །མྱུར་དུ་བདེ་བ་མྱོང་བར་འགྱུར། གཱི། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུལ་བའི་འཕྲིན་ལས་གྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོ། སངས་རྒྱས་ཀུན་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པའི། །མཚན་དང་དཔེ་བྱད་ལྡན་པ་ཡིན། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །བྷྲཱུཾ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་བཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་འགྱུར། །ཨ ཆོས་ཀྱི་མེ་ནི་ལེགས་སྦར་བས། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིག་ལྡོངས་རྣམས་ལ། །ཡེ་ཤེས་སྒྲོན་མེ་སྦར་བར་གྱིས། །པྲ ཁྱོད་ཀྱི་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་དགོས། །གྷཿགཉིས་པ་ནི། པྲཾ་ལས་བྱུང་བའི་མིག་ཐུར་དུ་གྱུར། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཨ་ལ་བྱུང་བའི་མེ་ལོང་དུ་གྱུར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་གསལ་བ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་


TNT07_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེས། །སྤྲོས་པ་ལ་དགའ་ན་འདིར་དྲིལ་བུ་དང་མདའ་གཞུ་དང་མེ་ལོང་གཉིས་པའི་རྗེས་གནང་ཡང་བྱ། གསུམ་པ་ནི། དུང་དང༌། འཁོར་ལོ་དང༌། པོ་ཏི་དང༌། དྲིལ་བུ་རྣམས་སྦྱིན་པར་བསམས་ལ། ཨོཾ་བཛྲ་ཧེ་རུ་ཀ་མཾ། ཨོཾ་བཛྲ་བྷ་ག་རཾ། ཨོཾ་བཛྲ་གྷཎྜེ་ཨ། ཨཿ སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། ཁྱེད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྤྲོས་པ་ལ་དགའ་ན་འདིར་རིགས་སྤྲུལ་བཤད་ཀྱང་བྱའོ། །བཞི་པ་ནི། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང༌། །བསད་དང་སྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་སྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་སྒྲུབ་པར་གྱིས། །གཉིས་པ་དམ་ཚིག་སྦྱིན་པ་ནི། ནངས་པར་སྔར་ལངས་སེམས་དག་ཉིད། །མ་ལུས་ལས་འདི་བྱས་ནས་ཀྱང༌། །བསྲུང་དང་བཟའ་བ་ལ་སོགས་པ། །སྡོམ་པའི་བདག་ཉིད་ཀུན་སྲུང་ངོ༌། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །


TNT07_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཚེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བ་ནི། །གཉིས་མེད་གཉིས་ལ་མི་གནས་པ། །ཚེས་བཅུ་ལ་ནི་བདེ་རབ་མཆོད། །བསྡུ་ན་དེ་ཙམ་གྱིས་ཆོག་ལ། སྤྲོ་ཞིང་ནུས་ན། དམ་ཚིག་གསུམ་སྦྱིན་པ་ནག་པོ་སྤྱོད་པའི་དཀྱིལ་ཆོག་བཞིན་དུ་རྫོགས་པར་འདོན་ནོ། །གསུམ་པ་གཟེངས་བསྟོད་ནི། ལུགས་འདི་ལ་ལུང་བསྟན་ཡིན་ཏེ། ལག་པ་གཡས་སྐྱབས་སྦྱིན་དང་གཡོན་བླ་གོས་ཀྱི་གྲྭ་ནས་འཛིན་པའི་ཚུལ་བྱེད་ཅིང༌། ཧེ་རུ་ཀ་དཔལ་ལུང་སྟོན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧེ་བཛྲ་ཨཾ་ཀུ་རཱི་ཤྲཱི་ཧེ་རུ་ཀ་ན་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མཱ་ཡ་བྷུར་བྷུ་བ་སྭ། གང་ལ་ཚིགས་སུ་བཅད་པ་འདི་དོན་འགྲུབ་པའི་ཕྱག་རྒྱར་གནས་པ་ལ། མཆོག་ཏུ་གྲུབ་པའི་ཚོགས་རྣམས་རྒྱལ་བ་ཐམས་ཅད་ཀྱིས་ལུང་སྟོན་པར་མཛོད་དོ། །བཞི་པ་དབུགས་དབྱུང་བ་ནི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་གནས་པ་དང༌། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེར་ནི་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་འདི་བསྐུར་བ་ཙམ་གྱིས་ཀྱང༌། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡི། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། །དེ་རྣམས་ཀྱི་ནི་དཀྱིལ་འཁོར་ལས། །རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་


TNT07_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་ཞུགས། བུམ་པའི་དབང་ཐོབ་པས། ལུས་ཀྱི་དྲི་མ་དག །དམ་ཚིག་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་བསྲུང༌། ལམ་བསྐྱེད་པའི་རིམ་པ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། གསང་དབང་གི་དོན་དུ་མཎྜལ་ཕུལ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་བའི་ཡང་དག་བྱང༌། །བདག་ཉིད་ཆེན་པོ་ཁྱོད་ཇི་བཞིན། །མངའ་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། ལན་གསུམ་གྱིས་གསོལ་བ་བཏབ་མིག་དར་བཅིངས། ཨོཾ་ཨཱཿཧཱུཾ་གིས་བདུད་རྩི་གཏོར། བླ་མེད་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་ཐུགས་ཀའི་འོད་ཟེར་གྱིས། སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཡབ་ཡུམ་གྱི་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། གསང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་པའི། ཐབས་ཀྱི་བྱང་ཆུབ་ཀྱི་སེམས་བདག་ཉིད་ལྕེ་ཐོག་ཏུ་བཞག ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། བདག་གི་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱི་དབང་བསྐུར་རོ། །ཡུམ་གྱི་བྱང་ཆུབ་ཀྱིས་སེམས་བདག་གི་ཁར་བབ། འདི་དེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་ཆེན་པོ་རྨད་བྱུང་བ། ཁམས་ལྔ་ལས་བྱུང་བཅུད་ཀྱི་ལེན། བདེ་བ་དམ་པ་མྱོང་བར་བྱོས། །ཨོཾ་ཨཱཿཧཱུཾ། དེ་ལྟར་ན་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་


TNT07_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་པས། ངག་གི་དྲི་མ་དག དམ་ཚིག་ཤ་ལྔ་བདུད་རྩི་ལྔ་བསྟེན། ལམ་རང་ལུས་ཐབས་ལྡན་གྱི་རྫོགས་རིམ་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་མངོན་དུ་འགྱུར་བའི་སོགས་བརྗོད་དོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསང་དབང་ལྟར་གསོལ་བ་བཏབ། མིག་དར་བཅིངས། ཨོཾ་ཨཱཿཧཱུཾ། བདུད་རྩི་གཏོར། མཚན་ཉིད་དང་ལྡན་པའི་རིག་མ་དངོས་གྲུབ་ཀྱི་དོན་ཏུ་ཕྱག་རྒྱར་གཏད། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཞིག་ཟུང་ཞིག་སེམས་དཔའ་ཆེ། །ཟུང་ལ་མཆོད་པ་རྟག་ཏུ་གྱིས། །རིག་མ་དེས་ཀྱང་འདི་སྐད་ཅེས། །བཤང་གཅི་དག་ནི་བཟའ་བ་དང༌། ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་ཙུམ་པ་རྣམས། །བུ་ཁྱོད་ཇི་ལྟར་དགའ་བར་སྨོས། ཞེས་དྲིས་པ་ལ། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། ཁུ་ཁྲག་ལ་སོགས་བཟའ་བ་དང༌། །བུད་མེད་རྣམས་ལ་རྟག་གུས་ཤིང༌། །པདྨའི་བྷ་ག་ཅིས་མི་ལེན། ཞེས་ལན་བཏབ། དེས་ཀྱང་སྐྱེ་གནས་མཆོག་གི་རྩ་གསལ་བར་བྱས་ནས། ཨེ་མ་བདག་གི་པདྨ་ནི། །བདེ་བ་ཐམས་ཅད་འབྱུང་བའི་གནས། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་ང་འདུག་སྟེ། །སངས་རྒྱས་བསྟན་པ་ལ་སོགས་པ། །བྱ་བ་ཐམས་ཅད་པདྨར་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་ཞུགས། །བྷཾ་ཛ་མོ་ཀྵ་ཧོ། ཞེས་དབང་དུ་བྱོན། རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པ་དང༌། རིག་མ་རྡོ་རྗེ་ཕག་མོར་གྱུར་


TNT07_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཀྱི་གསང་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུཾ་དཀར་པོར་ནས རྒྱས་ཤིང་བརྟན་པར་གྱུར། གྱི་བར་སྒྲུབ་ཐབས་བཞིན། ཨོཾ་ཨཱཿཧཱུཾ་གིས་གདོང་གཡོགས་དཀྲོལ། དེ་ལྟར་ན་བྷ་གའི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་སེམས་ཀྱི་དྲི་མ་དག དམ་ཚིག་ཏུ་ཤེས་རབ་མའི་རིགས་ལ་སྨད་པར་མི་བྱ། ལམ་དངོས་དང་ཡེ་ཤེས་ཀྱི་རིག་མ་བསྟེན་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པའི་དོན་དུ་མཎྜལ་ཕུལ་ལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་སྐྱབས་དུ་གསོལ། །ལན་གསུམ་གྱི་གསོལ་བ་གདབ། དེ་ལྟར་ཡང་སྡོམ་པ་འབྱུང་བ་ལས། །རྣམ་པ་སྣ་ཚོགས་དྲི་མེད་པའི། །དཀྱིལ་འཁོར་དག་ནི་སྤྲོ་བར་གནང༌། །ལྷན་ཅིག་སྐྱེས་པ་བཞི་པའི་མིང༌། །བདེ་བ་ཀུན་གྱི་གནས་དེ་བཞིན།ཞེས་དང༌། ལྷན་ཅིག་སྐྱེས་པའི་སྣང་བརྙན་ཙམ། །རང་བཞིན་གྱིས་ནི་འོད་གསལ་བའོ། །ཞེས་དང༌། ཡུལ་དང་ཡུལ་ཅན་སྦྱོར་བ་ཡིས། །རྟོག་པ་མེད་པའི་གོ་འཕང་འགྱུར། །ཞེས་པའི་དོན་ལ་མཉམ་པར་བཞག །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག དམ་ཚིག་ཏུ་དགོངས་ཏེ་གསུངས་པ་བཞིའི་དོན་སྒྲུབ། ལམ་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཙོ་བོས་


TNT07_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། ལན་གསུམ། བཀའ་དྲིན་གཏང་རག་གི་དོན་དུ་མཎྜལ་ཕུལ། དེང་ནས་བརྩམ་སྟེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་སྤྱད་དུ་གསོལ། ལན་གསུམ། དགེ་བ་བསྔོ། སྤྲོས་པ་ལ་དགའ་ན། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། ཞེས་སོགས་དམ་ཚིག་གསུམ་གྱི་གླུ་བླང་ངོ༌། །བཅུ་པ་སློབ་མ་བཟུང་བ་ནི། བདག་འཇུག་ལས་དཔག་ཏེ་ཤེས་པར་འགྱུར་ལ། ལག་ལེན་གྱི་ཁྱད་པར་ཕྲ་མོ་རྣམས་སློབ་དཔོན་གྱི་གསུང་དང༌། མཐོང་བ་རྒྱུད་པ་ལས་ཤེས་པར་འགྱུར་ཞིང༌། སློབ་མ་ལ་བགེགས་སྦྱངས་དང༌། སྡིག་པ་སྦྱངས་པ་གཉིས་ལས་སམ། དྲི་མ་སྦྱངས་པ་སྟེ། སྦྱང་བ་གསུམ་ཆར་ཡང་བྱེད་པའི་སྲོལ་ཡོད་པ། འཇུག་པའི་སྐབས་ཀྱི་གནས་སྐབས་སྔ་ཕྱི་མ་ངེས་པ་ཞིག་ལག་ལེན་སོ་སོ་ལ་སྣང་ཡང༌། འཇུག་པའི་གསོལ་གདབ་གྲུབ་མ་ཐག་ཏུ་བྱས་ན་ལེགས་པར་མངོན་ལ། ཡེ་ཤེས་འབེབས་པའི་རྫས་ནི་མི་རོའི་ཁར་བཅུག་པའི་གུ་གུལ་དང་བྱི་ལ་ནག་པོའི་བྲུན། གཞོན་ནུ་མའི་རྔུལ་གྱིས་གོས་པའི་རས། བདུད་རྩི་ལྔ་རྣམས་བསྲེས་པ་ཐོད་པའི་ནང་དུ་དུར་ཁྲོད་ཀྱི་མེ་ལ་བསྲེག་པར་བཤད་ལ། གཞན་མི་འདྲ་བའང་ཅི་རིགས་པར་སྣང་ངོ༌། ཁྱད་པར་ཕྲ་མོ་འགའ་རེ་བདག་འཇུག་གི་ཞོར་ལའང་བཤད་ཟིན་ལ། གོ་དོན་རྒྱས་པ་ནི་གཞན་དུ་ཤེས་པར་བྱའོ། །བཅུ་གཅིག་པ་རྗེས་ཀྱི་བྱ་བ་ནི། སློབ་མ་ལ་དབང་བསྐུར་བ་ཡིན་ན། སློབ་མ་རྣམས་དཀྱིལ་འཁོར་ཁང་པར་བཞག་སློབ་དཔོན་བདག་ཉིད་དཀྱིལ་འཁོར་ཁང་པའི་ཕྱི་རོལ་ཏུ་སོང་ནས། འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་རྒྱ་ཆེར་བཏང་ནང་དུ་ཞུགས་ནས་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕྱག་བྱའོ། །སྦྱིན་སྲེག་དང༌། ཚོགས་ཀྱི་འཁོར་ལོས་ཀྱང་ལྷ་རྣམས་མཉེས་པར་བྱའོ། །


TNT07_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ནི་དངོས་གཞིའི་དཀྱིལ་འཁོར་མཆོད་པའི་དུས་དང༌། སློབ་མ་དབང་བསྐུར་ཟིན་པའི་དུས་དང༌། དཀྱིལ་འཁོར་གཤེགས་ཟིན་པའི་ཤུལ་དུ་ཡང་མེའི་ལས་དང་འཁོར་ལོའི་མཆོད་པའི་ལྷ་མཉེས་པར་བྱ་སྟེ། རང་ཉིད་ཁོ་ནས་དོན་གྱི་མཆོད་པ་ལ་ཡང༌། གནས་སྐབས་གཉིས་པོ་དེར་སྒྲུབ་བོ། །དེ་ནས་རྗེས་ཆོག་དངོས་ནི། མཆོད་པ་རྒྱ་ཆེར་བཤམས། བྱིན་གྱིས་རླབས། མཆོད་ཡོན་སོགས་དང༌། རིག་མ་བཅུ་དྲུག་དང༌། ནང་མཆོད་གསང་མཆོད། རྐང་བརྒྱད་ཀྱི་བསྟོད་པ་རྣམས་བྱས་ལ། དཀྱིལ་འཁོར་མཆོད་པ་བྱས་པའི་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས། དཀྱིལ་འཁོར་དུ་ལན་གསུམ་བསྐོར་བ་བྱ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ཅག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེས། མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང༌། བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་ཤིང༌། ཞལ་བཞུགས་པ་རྣམས་སྐུ་ཁམས་བཟང་བ་དང༌། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་དང་བཅས་པས་ཐོག་དྲངས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་སྒྲིབ་པ་དག་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ལྷོ་ཕྱོགས་ནས་ཡིག་བརྒྱ་བཟླ། མ་འབྱོར་པ་དང༌། སོགས་སམ། མ་རྙེད་ཡོངས་སུ་མ་ཤེས་དང༌། ཞེས་སོགས་ཀྱི། བཟོད་པར་གསོལ། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། སེམས་སྒྲིབ་པ་དང་ལྡན་པ་དང༌། ཡོ་བྱད་མ་ཚང་བ་དང༌། ཏིང་ངེ་


TNT07_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མི་གསལ་བ་དང༌། སྔགས་མ་དག་པ་དང༌། ཆོ་ག་ལྷག་པ་དང་ཆད་པ་ཐམས་ཅད་ལྷག་ཆད་ཁ་བསྐོང་ཞིང༌། བདག་ཅག་གི་ལམ་དང་དངོས་གྲུབ་ཀྱི་བར་ཆད་དུ་མི་འགྱུར་བར་མཛད་དུ་གསོལ། བདག་གི་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛད་དུ་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ནམ། མ་ཡིན་ཀྱང་རྟེན་གཞན་ཡོད་ན་བརྟན་བཞུགས་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང༌། སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་ཞེས་སམ། རས་བྲིས་ཀྱི་དཀྱིལ་འཁོར་ལ་ཞེས་སམ། སྐུ་གཟུགས་ཀྱི་རྟེན་འདི་རྣམས་དང་རས་བྲིས་ཀྱི་དཀྱིལ་འཁོར་ལ། ཞེས་པ་གང་འོས་སྐབས་དང་སྦྱར་ཏེ། བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད། ཇི་སྲིད་འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་གི་གནོད་སའི་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཞེས་མེ་ཏོག་དོར། རྡུལ་ཚོན་གྱིས་དཀྱིལ་འཁོར་ཡིན་ལ། གཞན་རྟེན་སྐུ་སོགས་མེད་ཅིང་སྒྲུབ་མཆོད་ཞག་སྤྲེལ་བྱེད་པའི་སྐབས། ཉི་མ་སྔ་མ་རྣམས་


TNT07_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་གཤེགས་སུ་མ་གསོལ་བར་གྱིས་བརྟན་བཞུགས་ཀྱི་རྡུལ་ཚོན་གཤེགས་གསོལ་གྱི་ཉིན་མོ་དེ་ཡང་མི་དགོས་སོ། །དེ་ནས་གཤེགས་གསོལ་ནི། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུཾ་བཛྲ་མུཿ ཞེས་ཏེ་ཞག་སྦྲེལ་མར་བྱེད་པའི་ཉི་མ་སྔ་མ་རྣམས་ལ་ནི། རྟེན་ལ་མ་བརྟེན་པའི་མགྲོན་ཁོ་ན་གཤེགས་སུ་གསོལ་བ་ཡིན་ཞིང༌། རས་བྲིས་ཀྱི་དཀྱིལ་འཁོར་བསྡུ་པའི་སྐབས་ཡིན་ན། དེའི་སྟེང་དུ་བུམ་བསྐྱེད་ཀྱང་གཤེགས་དགོས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་བསྡུ་བའི་དུས་ནི་དཀྱིལ་འཁོར་བ་ཡང་གཤེགས་པ་ཡིན་ཏེ། དེ་ཡང་བཛྲ་མུཿ ཡན་གྱིས་མགྲོན་རྣམས་གཤེགས། བུམ་བསྐྱེད་དང་དཀྱིལ་འཁོར་གྱི་ལྷ་ཉིད་བསྟན་ལས་འཕགས་ཏེ་ནམ་མཁར་བཞུགས་པ་ལ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅་ཧཾ། ཞེས་རྣམ་ལྔ་འདོད་བསྐོར་དང་འཁྱུད་རྒྱ་བྱས་པས། དེ་རྣམས་རང་ཉིད་ལ་ཐིམ་པར་མོས་སོ། །གནས་སྐབས་འདི་ལྟ་བུ་ཐམས་ཅད་ལ། སློབ་དཔོན་ཕལ་ཆེར་དམ་ཚིག་པ་རང་ལ་བསྡུ། ཡེ་ཤེས་པ་གཤེགས་པར་མཛད། བོད་ཀྱི་ཆེན་པོ་ཁ་ཅིགདེ་གོ་བཟློག་པར་བཞེད། འགའ་ཞིག་དམ་ཡེ་མ་ཕྱེ་བར་རང་ལ་སྟྀམ་པར་བཞེད་དེ། སོ་སོར་རྒྱུ་མཚན་དང་བཅས་ཏེ་གསུངས་པ། སྤྱིར་ཐམས་ཅད་རུང་བ་ཡིན་ཀྱང༌། ཕྱི་མ་བཟང་བར་མཐོང་བས་འདིར་དེ་ལྟར་བྱའོ། །རྡུལ་ཚོན་གཤེགས་སུ་གསོལ་བའི་ཚེ། དེ་ལྟར་ལན་གསུམ་དུ་བྱས་ནས། རྡོ་རྗེའི་རྩེ་མོའམ། བྱང་ཆུབ་ཤིང་གི་ལོ་མའམ། མེ་ཏོག་པདྨ་ལ་སོགས་པས་


TNT07_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་དང་ཐིག་གི་ལམ་ནས་བརྩམ་སྟེ། དབྱེ་ཞིང༌། ལྷ་མཚན་རྣམས་ལོགས་སུ་བསྡུ། དོན་དུ་གཉེར་བ་ཉིད་ལ་རྡུལ་ཚོན་ནས་ཅུང་ཟད་སྦྱིན། བཀུར་བསྟི་དང་བཅས་པས་ཆུ་བོར་སྤྱན་འདྲེན། རྡུལ་ཚོན་ཀླུ་ལ་གཏད། བུམ་པར་ཆུ་བོ་དེ་ནས་ཆུ་བླངས་ཏེ། ཐིག་རྣམས་སུབས་ཕུར་བུ་དབྱུང་ངོ༌། །དེ་དག་གི་ཆོ་ག་ནི་སྤྱི་དང་མཐུན་ལ། ཕུར་བུ་ནི་རང་རང་གི་སྔགས་ཀྱིས་བཏོན་ལ། ཤུལ་དུ་མར་དང་སྦྲང་རྩིས་བྱུག་གོ །མཐར་སྨོན་ལམ་མང་དུ་གདབ། བཀྲ་ཤིས་རྒྱ་ཆེར་བྱ་སྟེ། རས་བྲིས་ཀྱི་ཕྱོགས་ལ་ནི། བརྟན་བཞུགས་བྱས་མ་ཐག་ཏུ་སྨོན་ལམ་དང་བཀྲ་ཤིས་བྱའོ། །འདིར་སྨྲས་པ། གྲུབ་པའི་དབང་ཕྱུག་བྱེ་བས་ཉེར་བསྒྲོད་པའི་འཇུག་ངོགས་དེ་ནི་དཔལ་ལྡན་འཁོར་ལོ་སྡོམ། །བགྲང་ལས་དངོས་གྲུབ་སྒྲུབ་པའི་ལམ་གྱི་གཞི། །རྡོ་རྗེ་ཐེག་པའི་དམ་ཚིག་སྡོམ་པ་ཡིན། །དེ་ཡང་མཚན་ཉིད་ལྡན་པའི་ཆོ་ག་ཡིས། །དབང་བསྐུར་བ་ལ་ངེས་པར་རག་ལས་པས། གསང་སྔགས་དོན་གཉེར་རྣམས་ཀྱིས་དབང་བསྐུར་དང༌། །དཀྱིལ་འཁོར་ཆོ་གའི་གནས་ལ་མཁས་པར་མཛོད། །འདི་བྲིས་པ་ལས་དགེ་བ་ནི། །ཅུང་ཟད་ཐོབ་པར་གང་གྱུར་པ། །དེ་ཡིས་སྐྱེ་བོ་མ་ལུས་ཀུན། །ཧེ་རུ་ཀ་དཔལ་གནས་ཐོབ་ཤོག།དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་འདི་ཡང་མཁན་པོ་བློ་གྲོས་རྒྱལ་མཚན་ལ་སོགས་པ་དོན་གཉེར་མང་པོས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་བཞི་བཅུ་པ་ལ་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ། །ལཱུ་ཡི་པའི་ཕྱོགས་སུ་གཏོགས་པ་ལ་དཀྱིལ་ཆོག་རྒྱ་གཞུང་མང་དུ་ཡོད་ཀྱང༌། ཕལ་ཆེར་པཎྜི་ཏ་ཕལ་པས་བརྩམས་པ་དང་འགའ་ཞིག་ལ་དེ་ནས་བརྒྱུད་པའི་མན་ངག་མེད་པ་དང༌། ཇོ་བོ་ནཱ་རོ་པ་ལ་སོགས་པའི་བཞེད་པས་


TNT07_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། ནག་པོ་པའི་དཀྱིལ་འཁོར་ཆོ་ག་དང་སྦྱོར་བར་མཛད་ཅིང༌། དེའི་མན་ངག་འཛིན་པའི་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལ། བླ་མའི་མན་ངག་གི་དཀྱིལ་ཆོག་གི་གོང་འོག་སྒྱུར་བ་ཅི་རིགས་པ་དང༌། དཀྱིལ་འཁོར་གྱི་ཆོ་ག་སྤྱི་དང་མཐུན་པའི་དབྱེ་བ་ཅུང་ཟད་ཙམ་བྱས་ནས། ཕལ་ཆེར་ནག་པོ་པའི་དཀྱིལ་འཁོར་ཆོ་ག་བཞིན་ཏུ་མཛད་པའི་ལུགས་འདི་ལེགས་པར་མཐོང་ནས། འདིར་དེ་ལྟར་སྦྱར་བ་ཡིན་པས། རྣམ་གྲངས་མི་འདྲ་བས་མགོ་འཛིངས་པར་འགྱུར་ན། ནག་པོ་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ལ་ཡང་ཆོ་ག་འདི་ཉིད་སྦྱར་བས་འགྲུབ་བོ། །འོན་ཀྱང་ནག་པོ་སྤྱོད་པའི་ལུགས་ཆོ་ག་མ་འདྲེས་པ་ཞིག་ལོགས་སུ་འཆད་པར་ཡང་འགྱུར་རོ། མངྒ་ལཾ། ཞུ་དག བདག་དང་འགྲོ་བ་སེམས་ཅན་རྣམས་དཔལ་འཁོར་ལོ་སྡོམ་པའི་རྗེས་སུ་བཟུང་དུ་གསོལ།། །།གཤེགས་སྙིང་རིགས་འདུས་སྒྱུ་འཕྲུལ་དྲ་བ་ཆེ། །རྡོར་དབྱིངས་གནས་ལུགས་ཡེ་ཤེས་རྣམ་ལྔའི་བདག དགོངས་ཡིད་རོ་མཉམ་ངང་ནས་སྐྱབས་སུ་བསྟེན། གློ་བུར་སྒྲིབ་ཀུན་མྱུར་ནས་དག་གྱུར་ཅིག འདི་འབུམ་ཕྲག་དད་མོས་ཀྱིས་བཏོན་ན་གནས་ལུགས་ལ་རང་འཚང་གྱི་བག་ཆགས་ཉམས་མྱོང་རེ་ཡོད་སྣང་བས་མ་ཏིས་སོ།།


previousདཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་བདེ་ཆེན་འཇུག་ངོགས།next