Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོའི་སྤྱི་གཏོར་རྒྱས་པ།
   
   
   


 
previousམཁའ་འགྲོའི་སྤྱི་གཏོར་རྒྱས་པ། next

མཁའ་འགྲོའི་སྤྱི་གཏོར་རྒྱས་པ།


TNT07_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་སྤྱི་གཏོར་རྒྱས་པ་བཞུགས།


TNT07_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་བརྩོན་པ་རྣམས་ཀྱིས་མཁའ་འགྲོ་ཐམས་ཅད་པའི་གཏོར་མ་ཆེན་པོ་བྱེད་པར་འདོད་པས། རྩ་རྒྱུད་ཀྱི་དཀྱིལ་འཁོར་དང་འབྲེལ་ན། དཔལ་རྡོ་རྗེ་མཁའ་འགྲོ་ལས་འབྱུང་བའི་ལུགས་འདི་བྱ་སྟེ། ལཱུ་དྲིལ་ནག་གསུམ་སོགས་ཀུན་དང༌། ཁྱད་པར་དུ་ཡང་ནག་པོ་སྤྱོད་པ་པའི་ལུགས་དང་ཤིན་ཏུ་འབྲེལ་བ་ཡིན་ནོ། །དེ་ཡང་རས་བྲིས་ཀྱི་དཀྱིལ་འཁོར་བྱ་བའམ་རྡུལ་ཚོན་ནམ་ཆུ་ཚོན་གྱིས་ཆོས་འབྱུང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་རིམ་པ་གསུམ། ཟླུམ་སྐོར་རིམ་པ་གསུམ་ལེ་ཚེ་ཉི་ཤུ་རྩ་བཞི་པ་བྱས་ཀྱང་རུང༌། ཟླུམ་སྐོར་ནང་མའི་དབུས་སུ་རེ་མིག་དགུར་བྱ། དབུས་སུ་དྲི་བཟང་དང་ཁྲག་གིས་ཟླུམ་པོར་བྱ། རེ་མིག་བརྒྱད་ལ་ལྷའི་མདོག་དང་མཐུན་པའམ། སྔོན་པོ་ལྟ་བུ་ཇི་ལྟར་འོས་པའི་ཚོམ་བུ་ལྔ་ལྔ་བཀོད། རེ་མིག་ཉི་ཤུ་རྩ་བཞི་ལ་ཡང་ཚོམ་བུ་གཉིས་


TNT07_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འགོད་དོ། །རྡུལ་མཚོན་གྱིས་བྲི་བ་མ་ལྕོགས་ན་ཁྲག་གམ་ཙནྡན་དམར་པོའི་མཎྜལ་ལམ། ཆོས་འབྱུང་གི་དབུས་སུ་མཎྜལ་ཕལ་པ་ཚོམ་བུ་ཙམ་བཀོད་པས་ཀྱང་རུང་ངོ༌། །རྒྱུན་གྱི་ཉམས་ལེན་ལ་ཤིན་ཏུ་བསྡུ་ན་ཏིང་ངེ་འཛིན་ཁོ་ནས་ཀྱང་རུང་བས། གཏོར་མའི་དཀྱིལ་འཁོར་ཀྱི་ཕྱི་རུ་འདུས་བྱས་པ་མེད་ཀྱང་ཆོག་གོ །གཏོར་མ་གཅིག་ཁོ་ན་ཡིན་ན་མཎྜལ་གྱི་མདུན་དང༌། གཉིས་ཡོད་ན་འདས་གཏོར་མཎྜལ་གྱི་བྱང་ཤར་དང༌། འཇིག་རྟེན་པའི་གཏོར་མ་ཤར་ལྷོར་འགོད། བཞི་ཡོད་ན་ཕྱོགས་བཞི་དང༌། བརྒྱད་ཡོད་ན་ཕྱོགས་མཚམས་དང༌། ལྷ་གྲངས་དང་མཉམ་པ་ཡོད་ན་དེའི་རིམ་པས་འགོད་དོ། །མཆོད་ཡོན་མདུན་དང་མཆོད་པ་གཞན་རྣམས་གཡས་གཡོན་དུ་བཤམས། སྒྲུབ་ཐབས་ལས་འབྱུང་བའི་མཆོད་པ་བྱིན་རླབས་དང༌། གཏོར་མ་བྱིན་རླབས་དང༌། དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་འདྲེན་པ་


TNT07_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱས་ལ། ཨོཾ་བཛྲ་ཌཱ་ཀ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨོཾ་ཛཿཧཱུཾ་བཾ་ཧོ་ས་མ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་ལན་ལྔ་དང༌། ཨོཾ་ཀ་ར་ཀ་ར༴ སོགས་ལན་གསུམ་གྱིས་ཕུལ། རྡོ་རྗེ་མཁའ་འགྲོའི་དངོས་བསྟན་ལ། ཀྵྨཾ་ཀྵྨཾ། དང་པོར་བྱས་པའི་སྔགས་དེ་ཡོད་ཀྱང༌། རྩ་རྒྱུད་ཀྱི་དཀྱིལ་འཁོར་ལ་སྦྱོར་བའི་ཚེ་དཀྱུས་བཞིན་མཛད་དོ། །ཨརྒྷཾ། ལ་སོགས་པ་དང༌། ནང་མཆོད་དང༌། ཨོཾ་བཱི་ནི་བཛྲ་ཎི་ཧཱུཾ་ཧཱུཾ་ཕཊ། སོགས་རིག་མ་བཅུ་དྲུག་གིས་མཆོད། རྐང་བརྒྱུད་ཀྱི་བསྟོད་པ་དང༌། སྲིད་དང་ཞི་བ། སོགས་ཀྱིས་གསོལ་བ་གདབ། མཎྜལ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ། ཧཱུཾ་རྣམས་ལས་བྱུང་བའི་འཇིག་རྟེན་སྐྱོང་བ། ཀྵེ་ཏྲ་པཱ་ལ་བརྒྱད་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་བཅས་པ་དང༌། ཀྵེཾ་རྣམས་ལས་བྱུང་བའི་གནས་བསྲུང་ཞིང་སྐྱོང་ཉི་ཤུ་རྩ་བཞི་རྣམས་འཁོར་དང་བཅས་པ་གྲུབ་པར་གྱུར། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱིས་ཞིང་སྐྱོང་འཁོར་དང་བཅས་པ་ཕེཾ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་དང་བྲག་དང་ཕུག་གི་ས། །ཡུལ་གྱི་འདབས་དང་ལམ་དང་。ཞིང༌། །ཁྱད་པར་དུ་ནི་ཁང་སྟོང་དང༌། །སྣོད་དང་ཐང་དང་ས་སྟོང་དང༌། །ཁྱད་པར་ཆུ་ལ་གནས་པ་ཡི། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷས་སྦྱིན་མཉམ་དུ་བརྟེན་པ་དང༌། །ནག་པོ་གཙིགས་དང་འཇིགས་བྱེད་དང༌། །དགའ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱད་མ་དང་དྲག་མོ་དང༌། །འཇིགས་


TNT07_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལྷ་མོ་ཨུ་མས་བསྟོད། །རྒྱལ་དང་རྣམ་པར་རྒྱལ་ཉིད་དང༌། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་སྟེ་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །བཅུ་གསུམ་དབང་ཕྱུག་མ་དང་ནི། །འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་ཅན་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཅན་མ། །ཐོད་ཕྲེང་ཕྲེང་ཅན་ཁ་ཊྭཱཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟྭ་ཅན། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །མཁའ་འགྲོ་ལྔ་ཡི་དེ་ཉིད་ཆེ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་པོ་ཆེ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི་ཡིས། །ཐམས་ཅད་ཀུན་ནས་འདིར་སྤྱོན་ཅིག །ཨོཾ་ཀཀྐ་དྷ་ན། བབྦྷནྡྷ་ན། ཁཁྑ་ད་ན། སརྦ་དུཥྟཿནཾ་ཧ་ན་ཧ་ན། གྷ་གྷ་གྷ་ཏ་ན། ཆེ་གེ་མོ། ཤིནྟཾ་ཀུ་རུ་ཧཱུཾཧཱུཾ་ཕཊ་ཕཊ་ཛཿསྭཱཧཱ། ཞེས་སྤྱན་དྲངས། སོ་སོའི་གདན་ལ་འཁོད་པ་ནི། དབང་ལྡན་དུ་ནག་པོ་དྲག་པོ་སྐུ་མདོག་དཀར་བ། རྩེ་གསུམ་དང་ཐོད་ཁྲག་འཛིན་པ། རྒན་བྱད་མ་ལ་སོགས་པ་བཞིས་བསྐོར་བ། ཤར་དུ་དྲག་པོ་ཆེན་པོ་སེར་པོ་གླང་པོ་ཆེ་ལ་ཞོན་པ། རྡོ་རྗེ་དང་གདན་ལ་གནོན་པ། རྒྱལ་མ་ལ་སོགས་པ་


TNT07_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་བསྐོར་བ། མེར་ལྷས་སྦྱིན་དམར་པོ་ར་སྐྱེས་ལ་ཞོན་པ། ཧོམ་གཟར་དང༌། དབྱུག་གུ་གསུམ་པ་དང༌། བ་དན་དང༌། སྤྱི་བླུགས་འཛིན་པ། ནག་མོ་བཟང་མོ་ལ་སོགས་པ་བཞིས་བསྐོར་བ། ལྷོར་ནག་པོ་སྔོན་པོ་མ་ཧེ་ལ་ཞོན་པ། དབྱུག་པ་དང་མདུང་འཛིན་པ། ཟླ་བ་མོ་ལ་སོགས་པ་བཞིས་བསྐོར་བ། ལྷོ་ནུབ་གཙིགས་བྱེད་སྔོ་ནག་མི་རོ་ལ་ཞོན་པ། རལ་གྲི་དང་ཕུབ་ཆུང་འཛིན་པ། མར་མེ་ལ་སོགས་པ་བཞིས་བསྐོར་བ། ནུབ་ཏུ་མི་སྡུག་པ་དཀར་པོ་ཆུ་སྲིན་ལ་ཞོན་པ། ཞགས་པ་ཐོགས་པ། དྲག་མོའི་གཟུགས་ལ་སོགས་པ་བཞིས་བསྐོར་བ། རླུང་དུ་དགའ་བ་ལས་འདས་པ་ནག་པོ་རི་དྭགས་ལ་ཞོན་པ། བ་དན་ཐོགས་པ། ཐོད་ཕྲེང་མ་ལ་སོགས་པ་བཞིས་བསྐོར་བ། བྱང་དུ་ལོག་འདྲེན་སེར་པོ་གནོད་སྦྱིན་མིའི་གཟུགས་ཅན་ལ་ཞོན་པ། ལྕགས་ཀྱུ་དང་རིན་པོ་ཆེའི་དབྱུག་པ་འཛིན་པ། རལ་གྲི་མ་ལ་སོགས་པ་བཞིས་བསྐོར་བ། གཙོ་བོ་བརྒྱད་པོ་རྣམས་ནི་རང་མཚུངས་ཀྱི་ཡུམ་གྱིས་འཁྱུད་པ། ཕྱག་བཞིའི་འོག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་བས་བཅོམ་ལྡན་འདས་ལ་འདུད་པ། འཁོར་རྣམས་ཐམས་ཅད་རང་རང་གི་གཙོ་བོ་དང་འདྲ་བ་ལས། རལ་གྲི་མ་ལ་སོགས་པ་བཞི་དང༌། ཁ་ཊྭཱཾ་མ་ནི་མིང་དང་མཐུན་པའི་ཕྱག་མཚན་ཅན་དང༌། གཞུ་ཅན་མ་སྙིང་གར་འཁྱུད་རྒྱ་མཛད་པའོ། །དེའི་ཕྱི་རོལ་ཡུལ་ཉི་ཤུ་རྩ་བཞིའི་ངོ་བོ་ཁོར་ཡུག་གསུམ་ལ་ཕྱོགས་གཡོན་བསྐོར་དང་


TNT07_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་གཡས་སྐོར་གྱིས་གནས་པ་ནི། དྲག་ཏུ་རྒོད་པར་ཤིང་མཆོག་ཀ་དམ་པ། ཞིང་[འགོས་འགྱུར་དུ། ཡུམ་ཞི་གདོང་དང༌། ཡབ་དྲིལ་ཆེན་དུའང་བཤད།] སྐྱོང་ཞི་གདོང་དྲིལ་བུ་ཆེན་མོར་བཅས། །རྡོ་རྗེ་འཛིན་ཞིང་འཁོར་ལོའི་གདན་ལ་གནས། །ཀོལླ་གི་རིར་རི་རྩེ་ལ་བརྟེན་པའི། །ཞིང་སྐྱོང་མེ་ཞལ་དཔལ་ཆེན་མོ་དང་བཅས། །མི་མགོ་འཛིན་ཞིང་མི་རོའི་གདན་ལ་གནས། །བྷ་ར་ཎ་ཡུལ་ཏཱ་ལའི་ཤིང་ལ་བརྟེན། གཙིགས་[བདེ་བྱེད་མ་དང་སྒྲ་བྱེན་ཟེར།]པ་ཆེན་པོ་སྐྲ་གྱེན་འབར་མར་བཅས། རྩེ་གསུམ་[གཡས་པའི་མཚོན་ཆ་ཟེར།] འཛིན་ཞིང་སིདྡྷི། སིམྦ་ཊི[དངུལ་ཆུའི་གང་བའི་སྣོད།]།དེ་ཝི་ཀོ་ཊི་ར་ཤིང་མཆོག་བཱ་ཊ་ལ། །ལུས་[རྒྱུ་ཅན་ཡང་ཟེར།]ཆེན་པོ་ནི་རྣ་བ་ཆེན་མོར་བཅས། །མདུང་ཐུང་འཛིན་ཞིང་ཡི་དྭགས་གདན་ལ་བཞུགས། །བི་ར་ཛ་ར་ནི་ཨ་མྲ་ལ་བརྟེན་པའི། །ཧ་ཧར་[སྐད་དོད་ཨ་བྷི་ཡོད་ཟེར།]བཞད་པ་ཡུམ་ནི་མེ་འབར་མ། །བ་དན་འཛིན་ཞིང་ཤིང་ལེབ་ལ་གནས་པའོ། །ཨེ་རུཾ་ཌ་རུ་ཀཾརྞྞའི་ཤིང་གི་དྲུང༌། །དྲིལ་བུའི་སྒྲ་ཅན་མེ་ཡི་གདོང་མ་གཉིས། །རྡོ་རྗེ་ཤཀ་[འཕང་མདུང་ཟེར།]ཏི་འཛིན་ཞིང་ཕག་ལ་ཞོན། །སེར་[ཏཏ་ཕུར།]སྐྱའི་གནས་སུ་ཤིང་མཆོག་ཛ་ཊི་[ཏི་ཟེར།]བྱིན་པ་ཆེན་པོ་དམར་སེར་མ་དང་བཅས། །གཏུན་ཤིང་འཛིན་ཞིང་ཡི་དྭགས་གདན་ལ་བཞུགས། །ཨེ་ལའི་གྲོང་དུ་ཨ་པ་ར་ཛི་ཏིའི་ཤིང༌། །གླང་པོའི་


TNT07_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་སྟོབས་ཆེན་མ་དང་བཅས། །ཞགས་པ་ཐོགས་པས་བོང་བུའི་སྟེང་དུ་བཞུགས། ཁ་ཆེའི་ཡུལ་དུ་རི་བོ་ལ་བརྟེན་པའི། །འཇིགས་[སྦུ་གུའི་བྱིན་པ་ཅན་ཟེར་རྩ་བའི་བྱིན་ཅན་ཡང་ཟེར།]བྱེད་ཆེན་པོ་བ་ལང་རྣ་བ་མ། །ལག་ན་ལྕགས་སྒྲོགས་ནོར་སྦྱིན་གདན་ལ་བཞུགས། །མ་རུང་མྱ་ངམ་ཐང་ལ་བརྟེན་པ་ཡི། །གཙིགས་[རིམ་པ་མོ་ཡང་ཟེར།] པའི་ཞལ་ཅན་འཇིགས་ཞལ་[སྐད་དོད་ག་ཏ་ལ་ཟེར་བ་ཡོད་ཟེར།]མ་ལྷན་ཅིགལྕགས་ཀྱུ་ཞགས་པ་ཐོགས་ཤིང་མ་ཧེ་ཞོན། །སྤ་ཤིང་ལྡུམ་ར་ལ་བརྟེན་ན་ག་རར། །མཆེ་[སྤུའི་བྱིན་པ།] གཙིགས་ཆེན་པོ་རོ་ལངས་ཅན་མར་བཅས། །ཐོང་གཤོལ་འཛིན་ཞིང་མི་མགོའི་གདན་ལ་བཞུགས། །པུཎྜ་ཝེརྡྷར་ཨ་ཤྭད་ཐ་ཡི་དྲུང༌། །བུམ་པའི་འབྲས་བུ་ཅན་དང་ཙ་[ཀུམྦྷ་ཎྜི་ཟེར།]མུཎྜཱི་ཁ་ཊྭཱཾ་ག་འཛིན་མི་རོའི་གདན་ལ་འགྱིང༌། །ཛ་ཡནྟི་རུ་ཁང་པ་བརྩེགས་པ་ལ། །རལ་[འུག་གདོང་མ་]པ་གསུམ་པ་བཞིན་མཛེས་[བཞིན་དངས་མ་ཟེར།] མ་དང་བཅས། །ལུག་རྒྱུད་འཛིན་ཞིང་ཀེང་རུས་ལ་གནས་པ། པྲེ་ཏ་པུ་པྲཥྟ་པུ་ང་ཟེར་བའང་ཡོད། རི་ར་ཨུ་དཱུཾ་བ་ར་ལ། །འཇིགས་པར་བྱེད་པ་གློག་གི་[དྲིལ་བུའི་སྒྲ་ཟེར་འུག་གདོང་ཡང་ཟེར།] གདོང་མར་བཅས། །གཞལ་ཡས་ཁང་གནས་དབྱུག་པ་མདུང་ཐུང་འཛིན། །སུ་བ་རར་ནི་ཤལ་མ་ལི་ཡི་ནགས། །ཀུན་མཛེས་དང་ནི་མེ་ལྕེའི་གདོང་མ་གཉིས། །ཤ་ཆེན་ཕུང་པོར་གྲི་གུག་མདུང་


TNT07_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་འཛིན། །ཙཱ་རི་ཏྲ་རུ་ཀ་རཉྫ་ཤིང་ལ། །དྲིལ་བུ་ཆེན་པོ་ཀ་རཉྫར་གནས་མ། །མདུང་ཐུང་འཛིན་ཞིང་འཇམ་འབྲས་སྡོང་པོར་གནས། །ཨོ་ཊྱན་[ཨོ་ཏྲེ་ཡང་ཟེར།] ཡུལ་དུ་མྱ་ངན་མེད་པའི་ཤིང༌། །ཞིང་སྐྱོང་[དྲག་པོ་སྟོབས་ཆེན།] སྒྲ་ཅན་ཡུམ་ནི་ལྷ་ཆེན་མོ། །རྡོ་རྗེ་ལྕགས་སྒྲོག་འཛིན་ཞིང་འདྲེ་བདུད་མནན། །ཛ་ལན་དྷ་རར་གསེར་ཤིང་ལ་བརྟེན་པའི། །ཞིང་སྐྱོང་བསྐྱེད་[མིག་སྐྱེས་ཡང་ཟེར།] པ་ཞེས་བྱ་གཏུམ་མོར་བཅས། །གྲི་གུག་འཛིན་ཞིང་མི་[བདུད་མནན་པར་བྱས་ཀྱང་ཆོག]རོ་ཞབས་ཀྱིས་མནན། །ཀྵི་ར་ཀ་རུ་སཱ་ལའི་ཤིང་སྡོང་ལ། །རི་རབ་ཆེན་པོ་འཇིག་རྟེན་མ་མོར་བཅས། །རལ་གྲི་འཕྱར་ཞིང་མེ་དཔུང་ལ་གནས་པ། །མཱ་ཡ་པུ་རིར་ཤཱ་ཥོ་ཊ་ཤིང་དྲུང༌། །ཞིང་སྐྱོང་འཇིགས་པ་འདོད་པ་མོ་དང་བཅས། །མི་རོའི་ཕུང་པོར་རྡོ་རྗེ་ཤཀ་ཏི་འཛིན། །ཨམྦྲཻ་ཀ་ཡུལ་དེ་བ་[དྷཱ་དྲི་ཟེར།] ད་རུ་ལ། །བརྟུལ་ཞུགས་ཆེན་པོ་སྲུལ་མོ་དང་ལྷན་ཅིག།ཐོང་གཤོལ་ག་ཡ་[ག་དའི་དབྱུག་པ་ཟེར་ཐོར་བ་དང་དབྱུག་པའང་ཟེར།] འཛིན་ཞིང་སེང་གེ་ཞོན། །རྒྱལ་པོའི་ཁབ་ཏུ་ནེ་ལི[ད་ལི་ཀ་ཟེར་ལྷ་རྟེན་གྱི་ཤིང་གཅིག་ཡིན་ཟེར་]ཀེ་ཤིང་ལ། རྒ་བ་ཆེན་པོ་མི་སྡུག་མ་དང་བཅས། །རྡོ་རྗེ་ལྕགས་ཀྱུ་འཛིན་ཞིང་འཁོར་ལོར་གནས། །བོད་ཡུལ་བྲག་གི་ཕུག་ལ་བརྟེན་པ་ཡི། །ཞིང་སྐྱོང་ལོངས་སྤྱོད་ལྷན་ཅིག་སྐྱེས་མར་བཅས། །


TNT07_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲིན་རྒྱལ་མཚན་འཛིན་ཞིང་ཡི་དྭགས་མནན། །མཱ་ལ་བར་ནི་སྦྲང་རྩིའི་ཤིང་གི་དྲུང༌། །སྣ་[སྐྱེས་པའི་ཟེར་]ཚོགས་དབང་ཕྱུག་དབང་བསྐུར་མ་དང་བཅས། །རོ་གདན་ལ་བཞུགས་རྡོ་རྗེ་ཐོ་བ་འཛིན། །ཀུན་ཀྱང་ལས་དང་མཐུན་པའི་ཉམས་འགྱུར་དང༌། །རྒྱན་དང་ན་བཟའ་ཁ་དོག་འོད་ཟེར་འབར། །ཡང་ན་ཕྱོགས་དང་མཐུན་པའི་ཁ་དོག་བཅས། །འབྱུང་པོའི་ཚོགས་རྣམས་ཀུན་གྱིས་བསྐོར་བར་འགྱུར། །ཡུལ་ཉི་ཤུ་རྩ་བཞིའི་བདག་ཉིད་འཁོར་ལོའི་རྩིབས་སམ་རེ་མིག་སོ་སོ་ལ་བཞུགས་པའོ། །ཨརྒྷཾ། ནས། ཤཔྟའི་བར་གྱིས་མཆོད། སུམྦྷའི་མཐར། ཨོཾ་སརྦ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝ་ར་ས་མ་ཡ་སྟྭཾ། ཞེས་དམ་ལ་བཞག ཞིང་སྐྱོང་ཐམས་ཅད་ལ་ལྷན་ཅིག་ཏུ་གཏོར་མ་འབུལ་ཏེ། ལག་པ་གཡོན་གཏོར་སྣོད་སྙིང་གར་འཛིན་ཚུལ་དང༌། གཡས་སྡིགས་མཛུབ་གཏོར་མ་ལ་བསྟན་ཏེ། ཨོཾ་བྷ་ཀྵ་བྷ་ཀྵ་སརྦ་ཡོ་ག་ཡོ་གི་ཤྭ་རཱི་ཧཱུཾ་ཧཱུཾ་ཛཿསྭཱཧཱ། ཞེས་པ་བདུན་ལ་སོགས་པས་འབུལ། མན་རྙེ་ལས་འདི་ཡེ་ཤེས་དབང་ཕྱུག་མ་ཁོ་ནས་གཏོར་སྔགས་སུ་བཤད་པ་ནི་སཾ་པུ་ཊ་དང་རང་རྐང་གི་དབང་དུ་བྱས་པའོ། །ཨོཾ་བཛྲ་ཏིཥྛ་བྷ་ཀྵ་བྷ་ཀྵ་ཛཿསྭཱཧཱ། ཞེས་པས་ཀྱང་ལྷ་གྲངས་དང་མཉམ་པ་སོགས་ལན་མང་དུ་འབུལ་ཞིང༌། མཐར། ཨོཾ་ཁ་ཁ། ནས། ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱའི་བར་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ལན་གསུམ་ནས་བདུན་གྱི་བར་དུ་ཕུལ། ཨརྒྷཾ། ནས། ཤཔྟའི་བར་གྱིས་ཕྱི་མཆོད་དང་འབྲུ་གསུམ་གྱི་ནང་མཆོད་ཕུལ། སྤྲོ་ན་ཞབས་བསིལ་ཕྱག་ཕྱིས་སོ་རྩི་སོགས་མཆོད་པ་གཞན་


TNT07_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མང་དུ་བསྟབས། གང་ལྟར་ཡང་མཐར་རོལ་མོའི་སྒྲ་དང་བཅས་ཏེ། ཨོཾ་ཤིང་གཅིག་དང་ནི། ནས། གོས་མེད་སྦྱོར་བ་སྐྱེད་བྱེད་མ། །རྡོ་རྗེ་དབང་མོ་འཁོར་དང་བཅས། །ཉི་ཤུ་རྩ་བཞིའི་ཞིང་རྣམས་ལ། །རབ་དགས་ཞིང་སྐྱོང་རིག་མར་བཅས། །བཞི་བཅུ་རྩ་བརྒྱད་འབྱུང་པོ་ཡི། །ཚོགས་དང་བཅས་པ་ཐམས་ཅད་དང༌། །ལྷའི་ཚོགས་རྣམས་མ་ལུས་དང་ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།ཅེས་པའི་བར་བརྗོད། ལས་སོ་སོའི་དམིགས་བསལ་ཡོད་ན་ལས་ལ་བསྐུལ་བ་ཡང་བྱས་ཏེ་གཏོར་མ་ཕྱིར་བཏང་ངོ༌། །ཡིག་བརྒྱ་བཟླས། མ་འབྱོར་པ་དང༌། སོགས་བཟོད་པར་གསོལ། ཨོཾ་ཁྱོད་ཀྱིས་སེམས་ཅན། སོགས་ཀྱི་མཐར། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་བཞགགཡས་ས་ལ་རེག་སྟེ། ཨོཾ་ཨཏྨ་ཏིཥྛ་ཧཱུཾ་སྭཱཧཱ། ཞེས་བརྗོད། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཿཡོ་ག་ཤུདྡྷོ་྅ཧཾ། རྣམ་ལྔ་འདོད་སྐོར་བྱ། ཨོཾ་སརྦ་དུཥྟ་གྲྀཧྞ་གྲྀཧྣ་གཙྪ་ཧཱུཾ་ཕཊ། བཛྲ་མུཿ ཞེས་འཇིག་རྟེན་པ་རྣམས་གཤེགས། དཀྱིལ་འཁོར་པ་བདག་ལ་བསྡུའོ། །དེ་ནས་བདག་བསྲུང་བ་དང༌། མཚམས་རྔམ་དང་བསྟོད་པ་རྣམས་བྱ་ཞིང༌། སྨོན་ལམ་གདབ། བཀྲ་ཤིས་ཀྱང་བྱའོ། །ཡང་ནག་པོ་དྲག་པོ་ལ་སོགས་པ་ཁོ་ན་བཀོད་ན། འཇིག་རྟེན་སྐྱོང་བའི་གཏོར་མ་ཞེས་བྱ་ཞིང༌། ཞིང་སྐྱོང་ཉེར་བཞི་ཁོ་ན་བཀོད་ན་གནས་སྲུང་གིས་གཏོར་མ་ཞེས་བྱ་ལ། དེ་གཉིས་སྡོམ་པ་ནི། མཁའ་འགྲོ་སྤྱི་གཏོར་རྒྱས་པའམ། ཞིང་སྐྱོང་གི་གཏོར་ཆོག་ཆེན་མོ་ཞེས་བྱའོ། །ཡང་ཧཱུཾ་མཛད་འབྱུང་པོ་འདུལ་བ་གཙོ་བོར་


TNT07_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་གཏོར་མའི་དཀྱིལ་འཁོར་རྒྱས་པ་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་ཆེན་པོར་གྲགས་པ་གཞན་ཡང་ཡོད་པ། རེ་ཞིག་འདིར་མ་བྲིས་ཏེ་ལོགས་སུ་འབྲི་བར་བྱའོ། །ཞེས་པ་དཔལ་འཁོར་ལོ་སྡོམ་པའི་ཆོ་གའི་ཡན་ལག་ཏུ་མཁོ་བ་འདི་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་འབྱུང་བ་ལྟར། གཏོར་ཆོག་མདོ་ཙམ་སྨོས་པ་སྟེ། འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་བརྗོད་པའོ།། །།འདིར་སྔར་གྱི་གཏོར་དཔེ་དང་ངག་སྒྲོས་ཙམ་ལ་མ་བཞག་པར། རྡོ་རྗེ་མཁའ་འགྲོ་རྩ་འགྲེལ་འགྱུར་མི་གཅིག་པ་གསུམ་དང༌། མཁའ་འགྲོ་རྒྱ་མཚོའི་འདི་སྐོར་གྱི་རྩ་འགྲེལ་དང༌། མན་རྙེ་སོགས་ལ་ཞིབ་ཏུ་བརྟགས་ཏེ་ཞུས་དག་ཀྱང་བྱས་པའོ། །བཀྲ་ཤིས། དགེའོ། དགེའོ། དགེའོ།། །།


previousམཁའ་འགྲོའི་སྤྱི་གཏོར་རྒྱས་པ། next